Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།next

ཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།


TNT01_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་པྲ་ཛཱ་བྷྱཿ རྒྱལ་བ་རྡོ་རྗེ་འཆང་དངོས་བླ་མ་ལ། །ནམ་ཡང་འབྲལ་བ་མེད་པའི་གདུང་ཤུགས་ཀྱི། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བུ་སློབ་བློ་སྣ་ཆོས་ལ་སྒྱུར་དུ་གསོལ། །ངེས་མེད་སྤྱོད་པའི་རྣལ་འབྱོར་རྒྱལ་ཁམས་པས། །སྙན་བསྐུལ་གཏན་གྱི་


TNT01_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྲོལ་འབུལ་བ་ནི། །དམ་ཆོས་ལས་གཞན་མདུན་མའི་རྒྱལ་པོ་ནི། །གཞན་ཞིག་ཡོད་མེད་དཔྱོད་ལྡན་རྣམས་ཀྱིས་དཔྱོད། །ཚེ་འདིའི་བདེ་སྐྱིད་ཐམས་ཅད་བསླུ་བའི་ཆོས། །ད་ལྟ་འདི་ཉིད་དགའ་སྙམ་སེམས་འབྲིད་ཀྱང༌། །རིང་པོར་མི་ཐོགས་རང་གི་གནས་ཚུལ་སྟོན། །འདོད་ཡོན་ལོངས་སྤྱོད་དག་ལ་ཆགས་པ་འདི། །ཐོག་མེད་དུས་ནས་ངན་གོམས་ལ་སོང་ཞིང༌། །ད་རེས་རྒྱུན་དུ་འདྲིས་པས་དབྲལ་བར་དཀའ། །རིག་པ་སྤྲེའུ་ལྟར་བཅོལ་ཆུང་རྣམ་གཡེང་ཆེ། །ལས་ངན་ཐག་པས་བཏགས་པ་མ་ཚོར་རམ། །ད་རེས་ཐར་པའི་གདོག་སྣ་མ་ཚུགས་ན། །ངེས་པར་ངན་འགྲོའི་གཡང་དུ་འདྲེད་ཉེན་གདའ། །རྐྱེན་ངན་བདོའ་དུས་ཉམས་ལེན་མེད་པའི་ཆོས། །བཤད་མཁས་ལག་རྡུམ་གཡུལ་དུ་ཞུགས་པ་འདྲ། །ཚིག་ལ་མི་དགྱེས་དོན་ལ་ཉམས་ལེན་འཚལ། །སྦྲང་མ་སྦྲང་རྩི་སོགས་དང་བྱི་བའི་དཔེ། །རང་གིས་བསགས་པའི་ལོངས་སྤྱོད་གཞན་གྱིས་ཟ། །སྙིང་པོ་མེད་ལ་ཤིན་ཏུ་ཐུགས་འབྱུང་བས། །གསག་ལ་མ་དགྱེས་དགེ་བའི་ཕྱོགས་སུ་ཐོང༌། །ཟླ་དྲུག་དཀའ་ལས་ཁུར་བའི་ཞིང་པ་ཡང༌། །སྟོན་ཐོག་མ་ཟོས་ཤི་བ་མཐོང་བའི་ཚེ། །ལས་ཀུན་དཀའ་ལ་དོན་རེ་ཆུང་བར་ཤེས། །ལས་ལ་མ་དགྱེས་ཅི་མཛད་ཆོས་ལ་བསྒྱུར། །ཕ་མ་སྤུན་ཟླ་འཁོར་གཡོག་ལ་ལྟས་ན། །འགའ་ཞིག་སྔར་འདས་ལ་ལ་ད་བཟོད་


TNT01_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། །མི་སྡོད་འབྲལ་བ་མཐོང་ཚེ་ཡིད་རེ་སྐྱོ། །རང་ཡང་དེ་ལྟར་ཡིན་མིན་བསམ་པ་ཞུ། །མཛའ་བའི་གྲོགས་ཀྱང་རྨི་ལམ་མགྲོན་པོ་འདྲ། །ཡོད་པའི་འཕྲོ་ལ་གར་སོང་ཆ་མེད་འགྲོ། །དཔལ་འབྱོར་འདི་ཡང་སྟོན་ཀའི་ན་བུན་འདྲ། །ཡུན་རིང་སྡོད་སྡོད་འདྲ་ཡང་འཕྲལ་དུ་འཇིག །དབང་ཐང་ལོངས་སྤྱོད་སོས་ཀའི་འཇའ་ཚོན་འདྲ། །མིག་སྔར་མཛེས་ཀྱང་ཡིད་བརྟན་རྟག་མི་ཐུབ། །དེ་ལ་གཡོ་རྒྱུ་བརྫུན་ཟོབ་ལྷུར་བླངས་པའི། ཁེ་བོགས་ཉེས་པ་ཆེ་བས་རིགས་མ་ཡིན། །ད་ལྟ་བློ་གཏད་འཆའ་བའི་གྲོགས་པོ་ཡང༌། །འཕྲལ་དུ་དགྲ་ཡི་དང་མར་འགྱུར་གྱིན་སྣང༌། དགྲ་གཉེན་མི་རྟག་ཕྱོགས་ཞེན་མི་འཚལ་བས། །གཏན་གྱི་དགྲ་བོ་ཡིན་ངེས་ཉོན་མོངས་ཐུལ། །བསྐྱངས་པའི་བུ་ཚ་རང་སྟོབས་རྒྱས་པའི་ཚེ། །དྲིན་དང་ལྡན་པའི་ཕ་མར་མ་གུས་ཤིང༌། །ཅིར་ཡང་མི་སེམས་མང་དུ་མཐོང་བས་ན། །དགོས་དུས་ཕན་ངེས་རིག་པའི་ཁྱེའུ་སྐྱོངས། །མིར་སྐྱེས་རྩ་ན་སྡིག་པ་ལ་དགའ་བ། །ཤི་ནས་གཤིན་རྗེའི་སྐྱེས་བུས་ཁྲིད་གྱུར་ཏེ། །བཟོད་ཐབས་མེད་པའི་སྡུག་བསྔལ་བསྐལ་པར་མྱོང༌། །དམྱལ་བར་སྐྱེས་ཚེ་འགྱོད་ཀྱང་ཅི་ལ་ཕན། །ནམ་ཞིག་ཤ་རུས་ཕུང་པོ་འཇིག་པ་དང༌། །འགྱུ་བའི་དབུགས་འཆད་གཉེན་གྱི་གདུང་སེམས་འཇིག །འཁོར་གཡོག་རྗེས་སུ་མི་འབྲང་


TNT01_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་འབྲལ། །ཟས་ནོར་ཀུན་བོར་རོགས་མེད་གཅིག་པུར་འགྲོ། །ལང་ཚོའི་མེ་ཏོག་རྒས་པའི་བ་མོས་གདུངས། །མདངས་ཉམས་སྟོབས་ཤོར་ཡི་མུག་སེམས་མི་བདེ། །འདོད་ལ་དགའ་ཡང་སྤྱོད་པའི་ནུས་པ་མེད། །ཕ་རོལ་འགྲོ་བ་མཐོང་ཚེ་ཡིད་རབ་འབྱུང༌། །ཕྱི་ནས་དམ་པའི་ཆོས་དང་མཇལ་བའང་དཀོན། །མི་ལུས་རིན་ཆེན་ཐོབ་པ་དཀའ་བས་ན། །ད་ལྟ་དམ་པའི་ཆོས་ལ་མ་འབད་ན། །གཏན་གྱི་མདུན་མ་ཤིན་ཏུ་ཉམས་པར་འགྱུར། །བསགས་པའི་ལོངས་སྤྱོད་གཞན་གྱིས་བགོ་བཤར་བྱེད། །གཅེས་པའི་ལུས་སྲོག་བཞག་ནས་འགྲོ་བའི་ཚེ། །གཡོག་དང་བུ་རྟ་རྗེས་སུ་མི་འབྲང་ཞིང༌། །ཆེ་གེ་ཤི་ཞེས་མིང་རྐྱང་ཙམ་གཅིག་ལུས། །སླན་ཆད་གཉེན་དང་མཁར་གཞིས་མངའ་ཞབས་ནོར། །ནམ་ཡང་གཟིགས་པའི་སྐབས་ཀྱང་མེད་པ་དང༌། །ངན་སོང་གསུམ་གྱི་བརྩོན་རར་འཁྱམས་པའི་ཚེ། །དཀོན་མཆོག་གསུམ་ལས་སྐྱབས་གཞན་མ་མཆིས་ལ། །སྤུ་གྲི་གཏམས་པའི་ཐང་ནི་རྒྱ་རེ་ཆེ། །རལ་གྲིའི་ནགས་ཚལ་ཐིབས་པོ་ཕ་མཐའ་མེད། །རི་ཀླུང་ཐམས་ཅད་མེ་ལྕེར་འབར་བའམ། །གྲང་བས་ཉེན་ནས་བརྒྱ་ཚལ་སྟོང་ཚལ་དུ། །རང་ལུས་གས་ཚེ་འཇིགས་པ་ཅིས་མི་སྐྱེ། །ཐོས་ཀྱང་འཇིགས་ལ་བསམས་ན་ཚུགས་ཐབས་མེད། །ལོ་བརྒྱའི་བར་དུ་ཟས་སྐོམ་མིང་ཡང་མེད། །ཟོས་ན་མེ་རུ་འབར་


TNT01_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཁོར་ལུས་སྲེག །གནས་ཚུལ་བསམས་ན་སྐྲག་པས་ཤ་རུས་འགྱེས། །གཅིག་ལ་གཅིག་ཟ་གསོད་དང་འཆིང་དང་བརྡེག །བཀོལ་ཞིང་དབང་མེད་དུད་འགྲོའི་སྡུག་བསྔལ་ཡང༌། །ཐོག་ཏུ་བབས་ན་བཟོད་པའི་ཐབས་མཆིས་སམ། །ད་ལྟ་བཅོས་ཐབས་ཡོད་དུས་འབད་འབུངས་འཚལ། །ནམ་ཞིག་ཐོག་ཏུ་བབས་ན་གཞན་དག་ལ། །གྱོད་ཁ་རྡལ་བའི་ཁག་ངན་སུ་ལ་བགོ །རང་ཉེས་རང་གིས་འཁྱེར་ལས་འོས་ཅི་ཡོད། །སྡིག་པའི་གྲོགས་པོ་ངན་འགྲོའི་བསུ་མ་རུ། །མ་ཤེས་བདེ་སྐྱིད་དགའ་བའི་གྲོགས་སུ་འཁྲུལ། །དགེ་ལ་སྦྱོར་ན་དགྲ་ཡང་བླ་མ་ཡིན། །སྡིག་ལ་སྦྱོར་ན་བདུད་ཀྱི་ཕོ་ཉར་དགོངས། །ཆོས་མ་སྒོམས་ན་མི་རྟག་སྡུག་བསྔལ་གྱི། །ཡི་མུག་སྒོམས་ཀྱང་ཕན་པ་མི་གདའ་བས། །ཆོས་ལ་འཇུག་པའི་གེགས་ཀྱང་འདི་ལྟར་གདའ། །མི་ནུས་སྙམ་དང་ད་རེས་མི་ཁོམ་སྙམ། །གཞན་དབང་སོང་དང་ཕྱི་ཤོལ་ངང་ལ་ལུས། །རང་མཐོང་ཆེ་བའམ་ཐང་ཆད་བགྱིད་ལུག་དང༌། །མི་བདེན་སྙམ་དང་ལོང་ཡོད་བྱེད་པ་སྟེ། །དེ་དག་སྤངས་ནས་འཕྲལ་དུ་ཉམས་ལེན་འཚལ། །དཀར་ནག་ལས་ལ་བསླུ་བ་མ་མཆིས་པས། །འདི་ལ་སྤང་བླང་ནན་ཏན་སྐྱེད་ནས་འཚལ། །གཡོག་དང་ཁྱིམ་ཐབ་གཉེན་དང་སྲིད་ཀྱི་ཕྱིར། །སྡིག་ལས་མཛད་ཀྱང་རྣམ་སྨིན་རང་ཉིད་ལས། །


TNT01_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་ཆ་ཤས་ཙམ་ཡང་ནོད་པ་མེད། །དེ་བས་གཞན་ཕྱིར་སྡིག་ལ་དགེས་མི་འཚལ། །རང་ལ་གནོད་པ་ཆུང་ཡང་མི་བཟོད་པར། །གཞན་ལུས་དུམ་བུར་གཏུམ་པའི་ཕོད་ཁམས་ཅན། །བཟའ་བཏུང་ཙམ་གྱི་ཕྱིར་དུ་སྲོག་ཀྱང་གཅོད། །རང་འདོད་ཅན་གྱི་སྤྱོད་ངན་རྣམ་སྤངས་ཏེ། །མཛད་པ་བཟང་པོས་རང་གཞན་ཕྱོགས་ཀུན་གྱི། །ཡུལ་ཁམས་ཐམས་ཅད་བདེ་བའི་ཐབས་སྒྲུབ་འཚལ། །འགྲོ་དྲུག་དྲིན་ཅན་ཕ་མ་ལགས་པས་ན། །ཀུན་ལ་འབད་ནས་ཕན་སེམས་བསྐྱེད་པར་འཚལ། །འགྲོ་ལ་བྱམས་དང་སྙིང་རྗེ་བསྐྱེད་པ་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ལགས་པས་ན། །གལ་པོ་ཆེ་འདི་ནན་ཏན་ལྡན་པས་སྒོམ། །གནོད་སེམས་འཁོན་འཛིན་མི་བྱ་འཕྲལ་འཕྲལ་ཡང༌། །ཕན་པ་ཅི་ཐོགས་དོན་མེད་གནོད་མི་བགྱིད། །སྨོན་པ་ལྟ་བུར་སེམས་ལ་རང་དབང་མེད། །བདག་གི་ལས་ཀྱིས་བསྐུལ་ནས་དགྲ་ཟླར་སོང༌། །རང་ལ་བརྟེན་ནས་དགྲ་ལ་སྡིག་པས་གོས། །ཕ་མ་དམྱལ་བར་འགྲོ་བ་སྙིང་རེ་རྗེ། །དེ་ལྟར་བསམ་པས་གདུག་སེམས་ཞི་བར་འགྱུར། །ལམ་གྱི་རྩ་བ་བླ་མའི་རྣལ་འབྱོར་ཏེ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་གདབ། །བར་ཆད་ཐམས་ཅད་འདི་ཉིད་ཁོ་ནས་སེལ། །དངོས་གྲུབ་ཐམས་ཅད་འདི་ཉིད་ཁོ་ནས་ཐོབ། །མཚན་ལྡན་བླ་མའི་དགོངས་པ་ཀུན་


TNT01_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཅིང༌། །ཡིད་ཀྱི་མོས་གུས་ངག་གི་སྙན་པར་བརྗོད། །ཡོན་དབུལ་ལུས་ཀྱི་བྱ་བ་ཐམས་ཅད་ཀྱིས། །སློབ་དཔོན་གང་དགེས་དེ་ལ་འབད་པར་བྱ། །འཇིག་རྟེན་རྗེ་བོ་ཇི་ལྟར་བཟང་ཡང་འབྲལ། །བླ་མ་དམ་པའི་ཐུགས་རྗེས་འདོར་མི་སྲིད། །བླ་མའི་བྱིན་རླབས་ཤུགས་ལས་རྟོགས་པ་སྐྱེ། །ཕྱག་རྒྱ་ཆེན་པོ་བྱིན་རླབས་ལམ་བྱེད་ཡིན། །གསལ་ལ་འཛིན་མེད་ལྷོད་དེ་ཤིགས་སེ་བ། །གང་སྣང་སྟེང་དུ་སྐྱོང་བའི་ཞི་གནས་དང༌། །རང་ངོ་རྗེན་པར་མཐོང་བ་ལྷག་མཐོང་གཉིས། །སྒོམ་གྱི་འཇུག་སྒོ་ལགས་པས་ནན་ཏན་འཚལ། །གང་ཤར་དེ་ལ་བཅས་བཅོས་མེད་པར་ཞོག །འགྱུར་བ་གང་བྱུང་སོ་མ་དེ་ལ་བསྐྱང༌། །གནས་སམ་འགྱུ་ཡང་བཟོ་བཅོས་མི་འཚལ་བས། །ཡེངས་མེད་ཁ་གང་རིག་པའི་སྐྱོང་དར་ཞུ། །ཟབ་དོན་ཉམས་ལེན་ཀུན་གྱི་སྙིང་པོ་ནི། །རང་གི་སེམས་ལ་ལྟ་ཞིང་ཚོལ་བ་ཡིན། །སྐྱེས་ཙམ་ཉིད་ནས་གདོད་ནས་གྲོལ་གྲོལ་བ། །ངོ་མ་ཤེས་པའི་བརྫུན་ཕུགས་བཏིབ་པར་འཚལ། །རླུང་སེམས་རྩ་ཐིག་བཙུན་པ་ཐབས་ཀྱི་ལམ། །ལྷ་སྐུ་སྣང་སྟོང་ཞེན་མེད་སྒྱུ་མའི་སྐུ། །ཉིན་མཚན་གཅིག་གིས་གཅིག་ལ་བོགས་འདོན་ཞིང༌། །གཉིད་ཀྱི་གཏི་མུག་གསལ་སྟོང་བདེ་བར་གྱུར། །གང་སྣང་བླ་མ་ཡི་དམ་དབྱེར་མེད་ལ། །མ་ཞེན་དག་སྣང་འཁོར་ལོ་


TNT01_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མེད་བསྒྱུར། །ཇི་ཙམ་དམིགས་པ་སྒོམ་པ་ཐམས་ཅད་ཀྱང༌། །རང་ངོ་ཤེས་པའི་དྲན་པས་ཟིན་པ་གནད། །སྡིག་པ་བཤགས་དང་དགེ་བ་གསོག་པ་དང༌། །རྗེས་སུ་ཡི་རང་བསྔོ་བས་རྒྱས་ཐེབས་པ། །འདི་བཞི་མཐོ་རིས་ཐར་པའི་རྩ་བ་ཡིན། །སྔར་བྱས་སྡིག་ལ་ཤིན་ཏུ་འགྱོད་པ་དང༌། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་སེམས་དང༌། །སྐྱབས་འགྲོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང༌། །དེ་ལྟར་བཤགས་ན་སྡིག་པ་བྱང་བར་འགྱུར། །གླེགས་བམ་སྐུ་གཟུགས་བྱེད་ཅིང་གཟུངས་སྔགས་བཟླས། །སྟོང་པ་ཉིད་བསྒོམ་སྡིག་པ་ཐམས་ཅད་འདག །ཕ་མ་ནད་པ་མང་ཐོས་ཏིང་འཛིན་ཅན། །ཆོས་སྨྲ་ཡེ་ཤེས་ལྡན་དང་དབུལ་པོ་དང༌། །ཚུལ་ཁྲིམས་ལྡན་དང་བླ་མ་དམ་པ་སྟེ། །འདི་དགུ་ཞིང་གི་དམ་པར་གསུངས་པ་ཡིན། །ཆོས་བཤད་པ་དང་བསམ་གཏན་སྒོམ་པའི་གྲྭ། །གཟུགས་དང་ལྷ་ཁང་བྱས་ན་གཞི་དེ་ལས། །བསོད་ནམས་མང་དུ་འཕེལ་བར་འགྱུར་ཞེས་གསུངས། །རྒྱལ་བའི་བསྟན་ལ་མཆོད་པ་རྒྱ་ཆེར་མཛོད། །ལྷ་སྒོམ་སྔགས་བཟླས་དག་ལའང་བརྩོན་པ་དང༌། །དགེ་འདུན་ལ་ཡང་གུས་པ་རྒྱ་ཆེར་མཛོད། །བསྟན་པ་རིན་ཆེན་འགྲོ་བའི་གཉེན་གཅིག་པུ། །དགེ་སློང་དགེ་འདུན་ཡོད་དེར་ཡུན་རིང་གནས། །འཕགས་པའི་གང་ཟག་གར་ཡོད་མི་འཚལ་བས། །གང་ལའང་བརྙས་སེམས་


TNT01_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བ་གདབ་མི་འཚལ། །དོན་མེད་ཚེ་འདིའི་བྱ་བ་ལ་འདས་ནས། །དོན་ཆེན་ཤུལ་དུ་ལུས་པ་མང་བར་གདའ། །དམ་ཆོས་བྱ་སྙམ་ཡོད་པ་མང་ན་ཡང༌། །ལག་ཏུ་ལོངས་པའི་མི་ནི་རྒྱ་ལམ་ན། །དེ་སྐད་ཀུན་དགའ་སྙིང་པོ་ཞེས་བྱ་བས། །ནོར་འཛིན་བདག་མོ་ངག་དབང་དོན་ཡོད་མཚན། །དགེ་ལེགས་དཔྱིད་ཀྱི་དཔལ་མོར་གདམས་པ་འདི། །གོང་དཀར་ཞེས་བྱ་རྒྱལ་པོའི་ཁབ་ཏུའོ། །རིན་ཆེན་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །སྲིད་འདིར་ཕུན་སུམ་ཚོགས་པ་ཉིད་གྱུར་ནས། །བླ་མེད་བྱང་ཆུབ་རྒྱལ་བའི་རྒྱལ་སྲིད་ལ། །རྟག་པར་བཞུགས་པའི་དགེ་མཚན་རྒྱས་པར་ཤོག །རང་ལོ་ཉེར་ལྔ་པ་ལ་དགེ། །།མངྒ་ལཾ་བིསྟཱ་ར་ཀུ་རུ། །


previousཉམས་ལེན་གྱི་གནད་སྙན་བསྐུལ་གཏན་གྱི་མདུན་གྲོལ།next