Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
སྒོམ་ཆེན་རྣམས་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒོམ་ཆེན་རྣམས་ལ་གདམས་པ།next

སྒོམ་ཆེན་རྣམས་ལ་གདམས་པ།


TNT01_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ལོངས་སྤྱོད་ཀྱི་ཁེ་སྤོགས་བྱེད་པ་སྟེ། །ངེད་རང་ཆོས་པ་ལ་རུང་མ་ཡིན། །དུས་ནམ་ཞིག་བླ་མ་སངས་རྒྱས་དུས། །མ་དག་པའི་འཁོར་དུ་འོང་ཞེས་གསུངས། །ད་དགེ་སྦྱོར་གང་ཡོང་མ་གཏོགས་པ། །འབྲུ་ཚོང་གི་འཕེལ་འགྱེད་མི་མཛད་པ་ཞུ། །འཕྲལ་འདོད་པ་ཆུང་ཞིང་ཆོག་ཤེས་པ། །ནམ་ཞིག་དག་པའི་འཁོར་དུ་འོང༌། །དེ་ལྟ་འདམ་ཁ་ཡོད་ཕྱིར་ལ། །དག་པའི་


TNT01_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་མཛད་པ་ཞུ། །དམ་པའི་ཆོས་ལ་གེགས་བྱེད་ན། །ཕ་མ་དང་མཆེད་གྲོགས་ཡོན་མཆོད་སོགས། །སུ་ཡིན་ཀྱང་བདུད་དུ་འབབ་པར་གདའ། །མི་ཆོས་ཀྱི་འབྲེལ་འདི་སྤོང་བར་ཞུ། །སྙིང་རྗེ་དང་ཞེན་ཆགས་ངོ་བོ་གཅིག །འཁོར་འདས་ཀྱི་ལམ་ལ་ནོར་སོ་ཡོད། །ཆོས་དང་ཅི་མཐུན་མ་གཏོགས་པ། །མི་ཡི་ངོ་བསྲུང་ལ་མ་དགའ་མཛོད། །རང་ཆོས་ལྡན་དུ་སྡད་ནས་འདུག་ཙ་ན། །མི་ཀུན་གྱིས་གུས་པ་བྱེད་པར་འདུག །ཆོས་འགལ་གྱི་སྤྱོད་པ་སྤོང་བར་ཞུ། །ཡང་ཡང་སྐྱེ་བ་འདི་སྡུག་རེ་བསྔལ། །སྐྱེ་མེད་མངོན་སུམ་དུ་མ་གྱུར་པར། །རྩེ་གཅིག་ཏུ་སྒོམ་པ་འདི་གལ་རེ་ཆེ། །སེམས་ཀྱི་གཞི་རྩ་ཆོད་པ་ཞིག་འཚལ། །དགེ་སྦྱོར་གྱི་སྒང་ལ་འབུང་དུས་སུ། ཁ་ཧེ་ཧེ་ཟེར་བའི་ལོང་གཏམ་མཁན། །དགེ་སྦྱོར་གཅོག་པའི་ཕུང་འདྲེ་ཡིན། །གྲོགས་དང་འབྲེལ་བ་མི་མཛད་ཞུ། །རང་སྒྲུབ་པ་ཉམས་སུ་ལེན་ཙ་ན། །ཇ་ཆང་གི་ཟས་བསྐོར་བྱེད་པ་སྟེ། །གཡན་པ་ཕྲུག་པའི་བདེ་བ་འདྲ། །བདུད་ཀྱི་མགོ་བསྐོར་ཞིག་མ་ལགས་སམ། །ཡོང་ངེས་ཤེས་པའི་འཆི་བ་ལ། །མེད་ཐབས་མེད་པ་དམ་ཆོས་ཡིན། །ཚེ་འདིའི་བྱ་བ་དོན་མེད་དུ་འདུག །ཕྱི་མའི་བསོད་ནམས་གལ་རེ་ཆེ། །རང་སེམས་ཆོས་སྐུར་མ་རྟོགས་ན། །དངོས་གྲུབ་ཆེན་པོ་བརྒྱད་པོ་ཡང༌། །


TNT01_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བཅས་ཀྱི་མགོ་བསྐོར་ཙམ་དུ་གདའ། །དབང་སྡུད་དང་དྲག་པོའི་འཕྲིན་ལས་དང༌། །མིག་མཐོང་དང་རྣ་སྙན་ཁྲུས་ཆོག་སོགས། །ཉམས་ལེན་པ་ལ་བདུད་དུ་འབབ། །འགྲོ་བ་ལ་ཕན་ངེས་མ་གཏོགས་པ། །གྲོང་ཆོག་ལ་དགའ་བ་མི་མཛད་ཞུ། །བདེ་སྡུག་དང་སེམས་སྣང་གང་བྱུང་ཡང༌། །ཉམས་ལ་མ་ཞེན་སྒོམ་པར་ཞུ། །མཛའ་མཛའ་འདུས་པའི་ཕོ་ཁྲོམ་ལ། །ཆགས་སྡང་གི་ལོང་གཏམ་འཐག་པ་སྟེ། །དྲིན་ཅན་གྱི་བླ་མའི་ཐུགས་དཀྲུགས་ཤིང༌། །རང་གཞན་གྱི་དགེ་སྦྱོར་གཅོག་པས་ན། །མཆུ་བསྡུར་ལ་དགའ་བ་མི་མཛད་ཞུ། །ཉམས་ལེན་བྱེད་པའི་ཆོས་པ་ལ། །དགྲ་གཉེན་ཉེ་རིང་མི་ཡོང་བས། །མཐུན་མཐུན་གྲ་སྡེབས་ཀྱི་དཔུང་གཞིབས་ཏེ། །བསྟན་པ་བཤིག་པའི་དད་མ་ཡིན། །དབེན་དང་སྡེབས་དཀྲུགས་མི་འཚལ་ལོ། །བླ་མ་དང་དགེ་འདུན་གྱི་སྐྱོན་གླེང་སྟེ། །རང་ཟོང་རང་གིས་འཚོང་བ་ཞིག་ལགས། །ཡོན་བདག་གཤེ་སྐུར་བྱེད་པ་སྟེ། །རྒྱལ་ཁམས་ཀུན་དད་པ་ཟློག་པ་ཞིག་འོང༌། །མི་ནག་ལ་ཁ་སྤྱད་ཐལ་བ་སྟེ། །རང་ཚུགས་མི་ཟིན་གཞན་དབང་དུ་ཐལ། །ཆོས་ཚུགས་དང་ལྟག་ཚུགས་མ་ཤོར་བར། །འཛིན་ཚུགས་འཚམ་པོ་མཛད་པ་ཞུ། །དངོས་གྲུབ་ཀྱི་རྩ་བ་ཡིན་པས་ན། །བླ་མ་ལ་མོས་གུས་འབྲལ་མེད་འཚལ། །བྱིན་རླབས་ཀྱི་སྣ་ཁ་རྣོ་བའི་ཕྱིར། །ཡི་དམ་བསྒོམ་


TNT01_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ལ་རེམ་པར་འཚལ། །བསྟན་པ་བསྲུང་དུས་དགོས་པས་ན། །ཆོས་སྐྱོང་གི་བཟླས་བརྗོད་བརྩོན་པར་ཞུ། །འཕྲལ་དུ་སྤྱོད་པ་གཙང་བ་དང༌། །ཕུགས་སུ་དག་སྣང་ཆེ་བ་དང༌། །མཆེད་གྲོགས་ནང་ཁ་གཤིན་པ་དང༌། །མགོ་ཡང་བློ་མངས་མི་བྱེད་པ། །སྒོམ་ཆེན་ཀུན་ལ་གནད་དུ་ཆེ།། །།མངྒལཾ། །


previousསྒོམ་ཆེན་རྣམས་ལ་གདམས་པ།next