Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
སཱུཪྱ་བི་ཛ་ཡ་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསཱུཪྱ་བི་ཛ་ཡ་ལ་གདམས་པ།next

སཱུཪྱ་བི་ཛ་ཡ་ལ་གདམས་པ།


TNT01_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྗེ་རྡོ་རྗེ་འཆང་ཆེན་གྲུབ་ཐོབ་ཚུལ། །མཚན་ཐོས་པ་ཙམ་གྱིས་དོན་ཆེན་ལྡན། །བདག་བུ་སློབ་ཀྱི་བློ་སྣ་ཆོས་ལ་སྒྱུར། ཁྱེད་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །དུས་ད་རེས་མི་ལུས་ཐོབ་པ་དང༌། །མཚན་ལྡན་གྱི་རྗེ་དང་མཇལ་སྐབས་འདིར། །ཉམས་ལེན་ལ་འབད་འབུང་མ་བཏོན་ན། །མི་ཚེ་དོན་མེད་དུ་འགྲོ་ཉེན་གདའ། །ཉམས་ལེན་གྱི་རྒྱལ་པོ་མོས་གུས་ཡིན། །མཐུན་རྐྱེན་གྱི་རྒྱལ་པོ་ངེས་འབྱུང་ཡིན། །བྱ་བྱེད་ཀྱི་རྒྱལ་པོ་བྱར་མེད་ཡིན། །མཉམ་བཞག་གི་རྒྱལ་པོ་རང་ཤར་ཡིན། །རྒྱལ་པོ་བཞི་ལྡན་གྱི་གདམས་ངག་འདི། །མཚན་ལྡན་བླ་མའི་གསུང་ངག་ཡིན། །གྲུབ་ཐོབ་ཡོངས་ཀྱི་ཐུགས་བཅུད་ཡིན། །ང་ཏཱ་ར་ནཱ་ཐའི་ཉམས་མྱོང་ཡིན། །མཚན་བཅས་ཀྱི་ཉམས་ལེན་ཕྱོགས་རེ་བ། །སྡུག་དུས་མི་ཕན་པའི་སྐྱིད་ཆོས་དེ། །ཐབས་མཁས་ཀྱི་བཀྲི་ཚུལ་ཡིན་མོད་ཀྱང༌། །སངས་རྒྱས་ལག་བཅངས་སུ་གཏོད་མི་ཐུབ། །རང་ཞལ་རྗེན་པར་ལྟ་བ་ལ། །མཚན་ལྡན་རྗེ་ལ་མོས་གུས་དགོས། །བླ་མ་སངས་རྒྱས་སྐད་པའི་ཁ་སྙན་དང༌། །ཅི་མཛད་ལེགས་པར་ལྟ་


TNT01_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཀྱི་སྡུག་ཞེན་ཅན། །མ་བྱས་པས་མ་བྱུང་ཙམ་གྱི་མོས་གུས་དེ། ཁོ་གཞི་ནས་ལྟེམ་འགྱང་ལོག་གེ་བ། །ཆོས་རང་གིས་བྱེད་པ་སྙམ་ཚུགས་བཟང་ཡང༌། །དེ་སྒྲ་སྐད་ཙམ་ལས་དོན་མི་མཐོང༌། །སངས་རྒྱས་དང་སེམས་ཅན་གྱི་འཐེན་ཕྱོགས་མེད། །ཐུགས་ཆོས་སྐུ་སྐྱེ་མེད་ཉག་གཅིག་ལ། །མཛད་སྤྱོད་ཉེས་ནའང་ཉེས་གོ་ཆོད། །ཕྱོགས་མེད་ཀྱི་འགྲོ་དོན་རྒྱ་རེ་ཆེ། །བྱིན་རླབས་ཞུགས་རུང་མ་ཞུགས་རུང༌། །དངོས་གྲུབ་ཐོབ་རུང་མ་ཐོབ་རུང༌། སྐྱབས་གནས་གཞན་ན་མེད་དོ་ཞེས། །བློ་ཐག་ཆོད་ལ་གསོལ་བ་ཐོབ། །ཐུགས་ཡིད་དབྱེར་མེད་དུ་མཉམ་པར་ཞོག །སྒོམ་མི་སྐྱེ་བའི་རང་དབང་ག་ལ་ཡོད། །ཟས་གོས་འཛོམ་པའི་སྐྱིད་འདོད་དེ། །དགེ་སྦྱོར་འཆག་ལ་གཡེང་བ་ཆེ། །མཐུན་རྐྱེན་དུ་མིང་བཏགས་རྣམ་གཡེང་དེ། །རྣལ་འབྱོར་པ་ལ་དགོས་པ་མེད། །ཡིད་ངེས་འབྱུང་སྐྱོ་ཤས་དྲག་པོ་དེ། །རང་གཅིག་པུར་སྡོད་ན་སྐྱོ་རོགས་ཡིན། །ལུས་ན་ཚ་བྱུང་ན་ནད་གཡོག་ཡིན། །ཟས་གོས་དྲན་པའི་རྣམ་གཡེང་ལ། །གདོང་ཟློག་བྱེད་པའི་མཐུན་རྐྱེན་ཡིན། །སྔར་མ་བྱས་པ་ཅིག་མེད་པ་ལ། །བྱས་ཚད་འཁོར་བའི་གཡོས་སུ་སོང༌། །ད་བྱར་མེད་ཀྱི་ངང་དུ་ལྷོད་དེ་ཞོག །གཏན་གྱི་བཙན་ས་ཟིན་ཏེ་མཆིས། །བློས་བྱས་ཀྱི་དགེ་སྦྱོར་བརྩོན་ན་ཡང༌། །འགྱུར་མེད་ཀྱི་གཏན་ས་ཟིན་པ་མེད། །དབྱིངས་འཕོ་འགྱུར་


TNT01_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གནད་ཀ་དེས། །རང་བབས་སུ་བཞག་ན་འགྱུར་མེད་ཐོབ། །རང་ཤར་ལ་བཟོ་བཅོས་མི་འཚལ་ཏེ། །བཅོས་མིན་ལ་ངོ་ཤེས་གལ་རེ་ཆེ། །སེམས་རྣམ་རྟོག་མེད་པར་རང་གསལ་ན། །གསལ་བ་གསལ་ཞིང་སྟོང་པ་དེ། །རང་ངོ་ཤེས་ན་ཆོས་སྐུར་འདུག །རང་གིས་རང་ངོ་ཤེས་དུས་ན། །རྟོག་པའི་ཆོ་འཕྲུལ་ཅི་ཆེ་ཡང༌། །བདེ་སྡུག་གི་འཆར་སྒོ་གང་མང་ཀྱང༌། །ཐམས་ཅད་ཆོས་སྐུའི་ཡོ་ལངས་ཡིན། །རྟོག་པ་དང་མི་རྟོག་ཁྱད་པར་མེད། །གནས་པ་དང་འགྱ྄ུ་བའི་རང་འཚང་ཞིག །ཆབ་རོམ་ཆུ་རུ་ཞུ་བ་ལྟར། །གང་སྣང་རང་སེམས་སུ་ལྷང་ངེ་བ། །སྣང་དུས་ནས་རྗེས་མེད་ཡུལ་ཡུལ་པོ། །སྟོང་ཙམ་གྱི་འཆར་སྒོ་མ་འགགས་པ། །ཡ་གི་སངས་རྒྱས་ཀྱི་སྐུ་གསུམ་ནས། །མ་གི་དམྱལ་ཁམས་ཡན་ཆད་ཀུན། །ཐམས་ཅད་མི་འཆར་བྱ་བ་མེད། །ཇི་ལྟར་ཤར་ཡང་སྤྲོས་དང་བྲལ། །ངག་བརྗོད་པ་ཀུན་གྱི་ཡུལ་ལས་འདས། །སེམས་རང་རིག་བདེ་བ་ཆེན་པོར་མྱོང༌། །སླར་སྤྲོས་བཅས་ཀྱི་དགེ་བ་གོང་འཕེལ་བྱ། །ཐམས་ཅད་ཕྱག་ཆེན་གྱི་ཡོ་ལངས་ཡིན། །ཐབས་ཤེས་རབ་ཚོགས་གཉིས་རྫོགས་པ་ལས། །སངས་རྒྱས་ཀྱི་དགོངས་པ་རྟོགས་པ་ཡིན། །དེ་ཉམས་སུ་བླངས་ན་བདུད་རྩི་འདྲ། ཁ་ལྟར་ཤོར་ན་སྟོང་ཤོབ་ཡིན། །རྒྱུད་ཐོག་ཏུ་ཉམས་སུ་ཡོངས་བ་


TNT01_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འཚལ། །ཉམས་ལེན་ལ་རང་བྱན་ཆུད་པ་ཞིག་ཞུ།། །།ཞེས་པའང་ཏཱ་ར་ནཱ་ཐས་སཱུཪྱ་བི་ཛ་ཡ་ལ་གདམས་པའོ། །མངྒལཾ། །


previousསཱུཪྱ་བི་ཛ་ཡ་ལ་གདམས་པ།next