Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
ཟླ་རི་བ་གྲགས་བཟང་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟླ་རི་བ་གྲགས་བཟང་ལ་གདམས་པ།next

ཟླ་རི་བ་གྲགས་བཟང་ལ་གདམས་པ།


TNT01_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། བླ་མ་རིན་ཆེན་ཞབས་ལ་འདུད། །བུ་ཁྱོད་མངའ་རིས་སྟོད་ཕྱོགས་སུ། །འགྲོ་བར་བཞེད་ན་དམ་ཆོས་ཀྱི། །རིན་ཆེན་ཕྲེང་འདི་རྫོངས་སུ་འབུལ། །རྙེད་དཀའ་དལ་འབྱོར་མི་ལུས་འདི། །རང་ཡང་ལོ་བརྒྱ་མི་འདའ་ཞིང༌། །དོ་ནུབ་རང་ཡང་གདེངས་མེད་པས། །ཚེ་འདིའི་ལས་ཐབས་མ་ཚར་བར། །འཆིའོ་སྙམ་དུ་སྐྱོ་ཤས་བསྐྱེད། །ངན་སོང་གསུམ་ན་སྐྱིད་མེད་ཅིང༌། །ལྷ་མིར་སྐྱེས་ཀྱང་སྡུག་བསྔལ་དང༌། །གང་དུ་བསྡད་ཀྱང་བཙོན་ར་འདྲ། །སུ་དང་འགྲོགས་ཀྱང་བཙོན་རྫི་འདྲ། །ལོངས་སྤྱོད་ཐམས་ཅད་བཙོན་ཆོས་འདྲ། །འདི་ལས་ནམ་ཞིག་ཐར་ཞེས་སོམས། །མར་གྱུར་འགྲོ་བ་འདི་ཐམས་ཅད། །འཁོར་བར་འཁྱམས་པ་སྙིང་རེ་རྗེ། །རང་ཉིད་ཞུ་བདེས་མི་ཆོག་པས། །ད་ལྟ་སངས་རྒྱས་ཐོབ་བྱ་ཞེས། །སེམས་བསྐྱེད་དྲག་པོ་བསྒྲུབ་པར་བྱ། །དམྱལ་བར་བདག་ཉིད་འགྲོ་དགོས་ཀྱང༌། །གཞན་ལ་གནོད་པ་མི་བྱའོ། །རྒྱལ་སྲིད་རྔན་པར་སྟེར་ན་ཡང༌། །བྱང་ཆུབ་སེམས་མཆོག་མི་འདོར་ཞིང༌། །དོ་གལ་ཆེ་བ་ཅི་བྱུང་ཡང༌། །གཞན་ཕན་སེམས་མཆོག་རྗེད་མི་བྱ། །འཕེན་པ་མདའ་འཕངས་ལྟ་བུ་དང༌། །


TNT01_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་བྲག་རི་ལྟ་བུ་དང༌། །སེང་གེ་ལྟ་བུར་སྙིང་སྟོབས་དགོས། །གདུང་སེམས་ཆེན་པོས་བླ་མ་དང༌། །ཡི་དམ་ཐུགས་རྗེ་བྱིན་རླབས་ཅན། །ཀུན་ལ་གུས་པས་གསོལ་བ་གདབ། །ནད་པ་རྣམས་ལ་སྨན་པ་དང༌། །ལམ་སྟོར་ལོང་བའི་དམིགས་བུ་དང༌། །མཉམ་པ་ལྟ་བུའི་བློ་བཞག་གོ །སྐྱོ་ཤས་སྙིང་རྗེ་མོས་གུས་གསུམ། །སྔོན་འགྲོའི་མན་ངག་མཐར་ཐུག་ལགས། །གནས་ལུགས་ཉམས་སུ་ལེན་པ་ལ། །ལུང་རིག་གི་མཐའ་རྒྱ་ཆོད་ན་ཡང༌། །མན་ངག་མེད་ན་ཐོག་མི་ཁེལ། །ལུས་ནི་བསམ་གཏན་ཕྱག་རྒྱ་བཅའ། །ངག་ཀྱང་མི་སྨྲ་རང་སོར་བཞག །སེམས་ནི་མ་བཅོས་རང་ཐད་ལ། །མ་ཡེངས་གྲིམ་ལྷོད་རན་པར་བྱ། །གང་ཤར་དྲན་པའི་སོ་པས་བཟུང༌། །རྣམ་པ་མ་འགགས་གང་དུའང་འཆར། །རང་བཞིན་མ་གྲུབ་ཅི་ཡང་མིན། །སངས་རྒྱས་ཀུན་གྱི་དགོངས་པ་ཡང༌། །འདི་ཉིད་ཁོ་ན་ལགས་པར་ངེས། །རང་སེམས་ཆོས་སྐུ་ལམ་ཁྱེར་ཡིན། །སྟོང་པའི་སྣང་བ་མ་འགགས་པ། །ཕྱི་རུ་སྣོད་བཅུད་ལྷ་རུ་བསྒྱུར། །གྲགས་ཚད་སྔགས་སུ་ཤེས་པར་བྱ། །ནང་དུ་རང་ལུས་ཡི་དམ་ལྷ། །སྨྲས་ཚད་སྔགས་སུ་ཤེས་པ་དང༌། །དྲན་ཚད་སྒྱུ་མ་ལྟ་བུར་བསྒོམ། །བཟའ་བཏུང་བདུད་རྩི་གོས་ལྷ་རྫས། །ཅི་བྱེད་ཆོས་སུ་བསྒྱུར་བར་བྱ། །སྣང་བ་


TNT01_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་ལམ་ཁྱེར་ཡིན། །སྐྱིད་ན་སེམས་ཅན་སྐྱིད་པར་སྨོན། །སྡུག་ན་ཀུན་གྱི་སྡུག་བསྔལ་བླང༌། །དགེ་བ་བྱས་ཚད་གཞན་དོན་བསྔོ། །བྱེད་སྤྱོད་སྤྲུལ་སྐུ་ལམ་ཁྱེར་ཡིན། །དངོས་གཞི་སྐུ་གསུམ་ལམ་ཁྱེར་རོ། །དེ་ནས་སངས་རྒྱས་མ་ཐོབ་བར། །དགོས་སུ་ཚེ་འདི་ཡང་དགོས་སུ། །གནས་སྐབས་ཀུན་ཏུ་དམ་ཆོས་དང༌། །མི་འབྲལ་འདུན་པ་དྲག་ཏུ་སྦྱང༌། །སྤྱོད་ལམ་ཀུན་དུ་དྲན་པ་ཡི། །ལྕགས་ཀྱུས་བཟུང་ལ་ཉམས་ལེན་དང༌། །རྟག་ཏུ་འབྲལ་མེད་བསྒྲུབ་པར་བྱ། །དགེ་རྩ་ཆོས་སྤྱོད་ཉམས་ལེན་ནི། །ཅི་བྱས་སངས་རྒྱས་རྒྱུར་བསྔོ་ཞིང༌། །སངས་རྒྱས་ནས་ཀྱང་སེམས་ཅན་རྣམས། །བླ་མེད་མཆོག་ལ་འགོད་པ་ཡི། །སྨོན་ལམ་ནན་ཏན་ཆེན་པོས་འདེབས། །འཕེན་པ་དྲན་པ་བསྔོ་བ་གསུམ། །རྗེས་ཀྱི་ཉམས་ལེན་མཐར་ཐུག་ཡིན། །སྤྲོས་བྲལ་ངང་ནས་སྤྲོས་བཅས་ཀུན། །རྩེ་གཅིག་ཉམས་སུ་ལེན་པར་ཞུ། །གང་ལའང་འཛིན་པ་མི་བྱེད་པར། །སོ་མའི་ཚུལ་གྱིས་ཉམས་ལེན་མཛོད། །སྔོན་ཆད་མང་དུ་བཤད་པ་ཡི། །སྙིང་པོ་འདིས་ཀྱང་དགའ་བ་སྐྱེ།། །།ཞེས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒལཾ། ཟླ་རི་བ་གྲགས་བཟང་ལ་གདམས་པའོ། །


previousཟླ་རི་བ་གྲགས་བཟང་ལ་གདམས་པ།next