Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ཟླ་བ་རི་པ་གྲགས་པ་བཟང་པོ་ལ་ཉེ་བར་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟླ་བ་རི་པ་གྲགས་པ་བཟང་པོ་ལ་ཉེ་བར་གདམས་པ།next

ཟླ་བ་རི་པ་གྲགས་པ་བཟང་པོ་ལ་ཉེ་བར་གདམས་པ།


TNT01_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། བདག་འཆོལ་བའི་རྣལ་འབྱོར་རྒྱལ་ཁམས་པས། །ཉམས་མྱོང་ཀུན་སྨྲ་རུ་ཅུང་མ་བཏུབ། །ཚིག་ཅུང་ཟད་བརྗོད་ན་ཇི་ཙུག་འོང༌། །ཐུགས་ལ་མི་འཕྲོད་ན་ཞོག་ལ་ཐོང༌། །བླ་མཆོད་དུ་མིང་བཏགས་ཀྱི་ལྟོ་ཟན་འདི། །རང་ཚུགས་འཇིག་པའི་རྒྱུ་གཅིག་གདའ། །དབེན་པར་བསྡད་ན་མི་ལེགས་སམ། །མཐའ་རྒྱ་མ་ཆོད་པའི་དགེ་སྦྱོར་འདི། །ཟོམ་ཟོམ་གྱི་བཟང་རྫུ་ལས་མ་འདས་པས། །བརྡར་ཤ་བཅད་ན་མི་ལེགས་སམ། །བརྒྱུད་པ་ཁུངས་མེད་ཀྱི་ཆོས་ཐོབ་ཀྱང༌། །བྱིན་རླབས་དང་དངོས་གྲུབ་མི་འབྱུང་བས། །ཐུག་སར་ཐུག་ན་མི་ལེགས་སམ། །ཤེས་རབ་ཆུང་ལ་དོགས་པར་ཆེ། །འདི་མོས་གུས་མི་སྐྱེ་བའི་སྔ་ལྟས་ལགས། །ཐེ་ཚོམ་སྤངས་ན་མི་ལེགས་སམ། །གཞོག་ཐབས་མེད་པའི་བྱ་གཞག་འདི། །ཚེ་སྟོང་ཟད་རུ་གཏོང་བའི་བདུད་ཅིག་ལགས། །ལིངས་ཀྱིས་སྐྱུར་ན་མི་ལེགས་སམ། །གྲོང་ཆོག་རྒྱུག་པའི་དགོན་པ་དེ། །མིང་ཆོས་པར་བཏགས་པའི་ཁྱིམ་པ་ཡིན། །ལུང་སྟོང་འགྲིམས་ན་མི་ལེགས་སམ། །རི་ཁྲོད་དུ་ཟང་ཟིང་གི་འབྱོར་པ་དེ། །དགོན་པར་བསྡད་པ་དོན་མེད་དུ་གཏོང༌། །རྩེ་གཅིག་ཏུ་སྒྲུབ་ན་མི་ལེགས་སམ། །ལར་དྲན་ཚད་ལག་ཏུ་བླངས་པ་ལ། །ལྷ་འདྲེ་མི་གསུམ་ཞེ་ཁྲེལ་འདོད། །མདུན་མ་རྩེ་གཅིག་དྲིལ་ན་མི་ལེགས་སམ། །ཚིག་བརྗོད་པ་ཙམ་ལ་ཞེན་པ་དེ། །དོན་སྤྱིར་ལས་པའི་བཟང་འཛིན་ཡིན། །ཚིག་བརྗོད་པ་སྤངས་ན་མི་ལེགས་སམ། །སྤྲོས་བྲལ་དང་སྨྲ་བསམ་བརྗོད་མེད་སོགས། །ལེགས་ལེགས་དང་ཟབ་ཟབ་ཅི་སྨྲས་ཀྱང༌། །དོན་གྱིས་ཐོག་ཏུ་ཕེབས་དུས་མེད། །བརྟགས་པའི་


TNT01_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལ་ཐུག་དུས་མེད། །སེམས་ལས་ཆེ་བ་ཁོ་ནར་ཟད། །མ་བརྟགས་བར་ཀློད་ན་མི་ལེགས་སམ། །བསྐྱེད་རིམ་མི་གསལ་བའི་མོག་མོག་འདི། །བོགས་སུ་མི་ཐོན་ཞེ་རེ་སུན། །ཅི་གསལ་བྱས་ན་མི་ལེགས་སམ། །ཉལ་བར་འདོད་དང་འཕྲེད་སྙེས་འདོད། །ཉི་མ་ལ་སྡོད་འདོད་ཀྱི་ངན་ལང་འདི། །ཉམས་ལེན་བྱེད་སྐད་བྱས་ཀྱང་བྱེད་དུས་མེད། །སྡུག་སྲན་སྐྱེད་ན་མི་ལེགས་སམ། །བསམ་མནོ་གཏོང་དགོས་ཀྱི་གལ་པོ་ཆེ། །དགོས་ངེས་ཀྱི་ཉམས་ལེན་རླུང་ལ་བསྐུར། །རྟོག་མེད་ལ་ཞེ་བཅད་མི་ལེགས་སམ། །མ་ནུས་པ་སངས་ནས་བྱེད་སྙམ་སྟེ། །སྙོམ་ལས་ཀྱི་བདུད་ལ་འབྱམས་ཀྱིན་གདའ། །འཕྲལ་དེ་འགྲོག་འབུངས་ན་མི་ལེགས་སམ། །རྒྱུ་མེད་ལ་འབྲས་བུ་ཡོང་ལ་རེ། །འཕྲལ་འཕྲལ་དུ་རྟགས་གཅིག་ཡོང་ལ་རེ། །མཁས་བཙུན་དང་གྲུབ་ཐོབ་ཀྱི་སྙན་གྲགས་འདོད། །ལྐོག་མི་ཐུབ་པའི་ཚུལ་ཆོས་ལ་བསྙེན་པ་སྐྱེལ། །བརྫུན་པོ་ཆེ་སྤངས་ན་མི་ལེགས་སམ། །བླ་མའི་བཀའ་ལ་ངེས་ཤེས་ཤིག་བསྐྱེད། །གྲུབ་ཐོབ་གོང་མའི་རྣམ་ཐར་ཞིག་སོམས། །རང་མཐོང་གང་སྐྱེས་དེ་སུབས་ལ་ཞོག །ལར་ལ་ཚད་མེད་པས་ཙོག་གེ་སྡོད། །དེ་བདེན་སྙམ་འདུག་ན་ཐུགས་ལ་ཞོག །མ་འཐད་ན་རྣ་བའི་གོང་ག་ལ་ཐོང༌། །ཉན་ཀྱང་ང་ལ་དགའ་ཞེན་


TNT01_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །མ་ཉན་ཀྱང་ང་ལ་ཞེ་སྡང་མེད།། །།ཅེས་པའང་ཟླ་བ་རི་པ་གྲགས་པ་བཟང་པོ་ལ་ཉེ་བར་གདམས་པ་ཏཱ་ར་ནཱ་ཐས་སོ། །དགེའོ། མངྒལཾ། །


previousཟླ་བ་རི་པ་གྲགས་པ་བཟང་པོ་ལ་ཉེ་བར་གདམས་པ།next