Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀམ་བཀའ་བཅུ་ལ་གདམས་པའོ། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀམ་བཀའ་བཅུ་ལ་གདམས་པའོ། །next

ཀམ་བཀའ་བཅུ་ལ་གདམས་པའོ། །


TNT01_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ངེས་མེད་རིག་སྟོང་སྣ་ཚོགས་འདི། །ཉམས་འདི་འཆར་མེད་པའི་གནད་ཀ་དེས། །མི་གཞན་དང་བློ་སྣ་མཐུན་དཀའ་ཡང༌། །ཆོས་ཟབ་དོན་ཅི་རིགས་སྟོན་ཞིང་མཆིས། །དྲང་དོན་དང་ངེས་དོན་ཞེས་བྱ་བ། །གནས་ལུགས་ཀྱི་སྟེང་ན་ཐ་དད་མེད། །རྩལ་ངེས་མེད་འཆར་བའི་རང་སེམས་འདི། །མིང་ཀུན་རྫོབ་སྐད་དུ་བཏགས་པ་ཡིན། །འདི་བརྟགས་ན་བརྗོད་བྲལ་གང་དུའང་མེད། །དེ་ངེས་དོན་སྐད་དུ་མཁས་རྣམས་འདོགས། །ལར་གང་ཡང་མིན་པ་ཞིག་ཅིར་ཡང་སྣང༌། །ཟུང་འཇུག་སྒྱུ་མའི་རྣལ་འབྱོར་འདི་སྒོམ་པ་ཞུ། །སྙིགས་དུས་ཀྱི་སྐྱེ་བོའི་ངན་སྨྲས་འདི། །སྔར་བྱས་ཀྱི་སྡིག་སྒྲིབ་འདག་ལ་ཕན། །འོ་སྐོལ་ནི་སྡིག་སྒྲིབ་སྦྱོང་མཁན་ཞིག་ལགས། །ཕན་འདོགས་ལ་མི་དགེས་མི་འཚལ་ལོ། །ལས་འབྲས་དགེ་སྡིག་གི་སྣང་བ་ཡང༌། །རང་སེམས་འཁྲུལ་པའི་སྣང་


TNT01_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཞིག་ལགས། །ལས་སེམས་ཀྱི་ནང་བཞིན་བྱར་མེད་དུ། །བརྩིས་གདབ་མེད་པར་སྒོམ་པར་ཞུ། །རྣམ་སྨིན་ཀུན་དབྱིངས་སུ་བདག་ཏེ་མཆིས། །རང་སེམས་ནི་ཆོས་སྐུ་སྐྱེ་མེད་ཀྱི་ངང༌། །བླ་མ་ནི་ཆོས་སྐུའི་ངོ་བོ་ལགས། །རང་སེམས་དང་དབྱེར་མེད་དུ་ཤེས་ཙ་ན། སྐྱབས་གནས་ལ་འབྲལ་བ་མི་གདའོ། ཁ་གང་རིག་པའི་སྐྱོང་ཚུལ་འདི། །ཤི་གསོན་ལ་ཁྱད་པར་མི་གདོག་པས། །སྒོམ་པ་ལྷོངས་སུ་འཁྱུར་ཙ་ན། །བར་དོ་ཟེར་ཡང་གྲགས་སྟོང་ཡིན། །ཡེངས་མེད་དཔེན་གནས་ཀྱི་རི་ཁྲོད་དུ། །རྩོལ་གྲུབ་མེད་པའི་དབྱིངས་དེ་ལ། །ལེ་ལོ་མེད་པར་སྒོམ་པ་ཞུ། །ད་རེས་ལམ་སྣ་ཞིག་མི་ཟིན། །སེམས་གང་ཤར་ལྷུག་པ་མ་ལགས་པའི། །གཉེན་པོ་མ་རྙེད་པ་ལགས་མོད་ཀྱང༌། །ཐེ་ཚོམ་དང་བཟང་འཛིན་མི་འཚལ་ལོ། །གོ་ཆོད་པོའི་ཉམས་ལེན་ཤར་བ་ལ། །ཡིད་མི་ཆེས་བྱེད་ན་རང་ལ་སྡིག །བཟང་འཛིན་བྱེད་ན་ནི་གཡང་སར་ལྷུང༌། །ལོ་ཟླར་དཀར་བས་བརྩིགས་པའི་ཁང་པ་དེ། །ཉིན་གཅིག་ལ་བཤིག་ན་ལས་རོ་ཡིན། །མི་ཚེ་ཧྲིལ་པོར་བསྐྱལ་བའི་སྒོམ་དེ་ཡང༌། །རློམ་སེམས་ཀྱིས་ཁྱེར་ན་བྱུར་དུ་ཆེ། །སྣང་བ་དང་རྣམ་རྟོག་ཅི་ཤར་ལ། །སེམས་ཡེངས་མེད་ལྷུག་པ་བསྟེན་དགོས་ན། །དེ་ཕྱོགས་རེ་ཡིན་གྱི་མཐར་ཐུག་མིན། །


TNT01_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ད་དུང་ཡང་རང་ཤར་ལ་ལྟ་བ་ཞུ། །སེམས་ཁོ་རང་གཉེན་པོ་ཡིན་སྙམ་སྟེ། ཁོ་གཉེན་པོར་འདུག་ན་འཁྲུལ་པ་ཡིན། །རྣམ་རྟོག་དང་སྣང་བ་རྟོག་མེད་གསུམ། །མིང་ཐ་དད་དོན་ལ་ཁྱད་པར་མེད། །སྤང་གཉེན་དང་སྨྲ་བརྗོད་ཟད་འདུག་ན། །གདམས་ངག་གི་རྒྱལ་པོས་སླེབ་པ་ཡིན། །དཀའ་སྤྱད་དང་ཞེ་རུས་འཛོམ་པ་ཡིས། །ཡུན་རིང་འབད་རྩོལ་མ་བྱས་པས། །མི་ཁོ་བོས་ཁྱེད་ལ་ཇི་ལྟར་འདོམ། །དོན་ཉམས་ལེན་གྱིས་རང་རྒྱུད་མ་གྲོལ་བ། །གཞན་གྲོལ་བར་འདོད་པ་འདི་ཨ་རེ་རེ། །རང་འགྱུར་མེད་ཀྱི་བརྟན་ས་མ་ཟིན་པར། །གཞན་འདྲེན་པར་བྱེད་ཟེར་ཨ་ཙ་མ། །སྔོན་ཉམས་མྱོང་དང་ལས་རྒྱུས་མེད་པ་ཡིས། །སྐྱེས་གཞན་གྱི་ལམ་སྣ་ཇི་ཚུག་ཡོང༌། །འོན་ཀྱང་བླ་མ་རྗེ་བཙུན་གྱི། །ཐུགས་རྗེ་དང་རང་གི་མོས་མཐུ་ཡིས། །རང་སེམས་ཀྱི་འཚང་ཀུན་བཏིང་ཁ་དེས། །ཅུང་ཟད་སྨྲ་བར་སྤོབས་ནས་བྲིས།། །།མངྒལཾ། དགེའོ།


previousཀམ་བཀའ་བཅུ་ལ་གདམས་པའོ། །next