Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདོ་ཁམས་པ་ནང་སོ་ཀུན་དགའ་རིན་ཆེན་ལ་གདམས་པ་ཕྱག་ཆེན་ངོ་སྤྲོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོ་ཁམས་པ་ནང་སོ་ཀུན་དགའ་རིན་ཆེན་ལ་གདམས་པ་ཕྱག་ཆེན་ངོ་སྤྲོད། next

མདོ་ཁམས་པ་ནང་སོ་ཀུན་དགའ་རིན་ཆེན་ལ་གདམས་པ་ཕྱག་ཆེན་ངོ་སྤྲོད།


TNT01_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་གུ་རུ། འགྲན་ཟླ་དང་བྲལ་བའི་རིན་པོ་ཆེ། །དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཅན། །ཕྱི་ནང་གི་འཁྲུལ་པ་རང་སར་ཞིག །སྙིང་རྗེ་ཆེན་པོས་ཁྱབ་པའི་ཐུགས། །གཅམ་བུའི་མཛེས་ཆོས་སྤངས་ནས་ནི། །མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས་པས། །ལྷ་འདྲེ་མི་གསུམ་གྱི་འགྲོ་དོན་མཛད། །དྲིན་ཅན་གྱི་བླ་མ་བྱིན་རླབས་ཅན། །ལྷ་དབང་གྲགས་པའི་ཞབས་ལ་འདུད། །མགོན་དེས་ཅུང་ཟད་བྱིན་བརླབས་པ། །མི་ངས་ཀྱང་གནས་ལུགས་ཚིག་གསུམ་འདི། །བུ་ཁྱོད་ལ་འདི་ལྟར་སྙིང་གཏམ་དུ་གདམས། །ངེས་འབྱུང་གི་དད་པ་སོ་མ་སྟེ། །ཆོས་བརྒྱད་ཀྱི་རླུང་གིས་མ་ཁྱེར་བར་འཚལ། །བྱིན་རླབས་ཀྱི་རྩ་བ་མོས་གུས་ལ། །གོམ་འདྲིས་དང་ལོག་ལྟས་མ་ཁྱེར་བར་འཚལ། །འདུས་བྱས་སྐད་ཅིག་གི་རང་བཞིན་ལ། །རྟག་འཛིན་གྱི་ལེ་ལོ་མི་འཚལ་ལོ། །སྡུག་བསྔལ་ཅན་འཁོར་བའི་གནས་ལུགས་ལ། །སྐྱིད་འདོད་ཀྱི་ཞེན་པ་ལོག་པ་ཞིག་འཚལ། །འགྲོ་


TNT01_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དྲིན་ཅན་གྱི་ཕ་མ་ལ། །བྱམས་པ་དང་སྙིང་རྗེ་སྦྱོངས་དུས་འདིར། །གནོད་སེམས་དང་འགྲན་འདོད་མི་འཚལ་ལོ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །སྣང་སྟོང་ལྷ་སྐུར་རང་ཤར་གྱི། །དག་སྣང་གི་འཁོར་ལོ་སྐོར་རྒྱུ་ལ། །བརྡོས་བཅས་ཀྱི་ཞེན་པ་མི་འཚལ་ལོ། །གྲགས་སྟོང་ངག་གི་རང་བཞིན་དེ། །བྲག་ཅ་ལྟ་བུར་སྒོམ་རྒྱུ་ལ། །ཐ་མལ་གྱི་ལོང་གཏམ་སྣ་ཚོགས་ཀྱིས། །ཆགས་སྡང་གི་བཀྱེད་བེད་མི་འཚལ་ལོ། །སེམས་གང་ཤར་ཆོས་སྐུའི་ཡོ་ལངས་ལ། །ངོ་ཤེས་བྱར་མེད་ཀྱིས་སྒོམ་རྒྱུ་ལ། །རྣམ་གཡེང་ཕྱི་ལྟའི་རྣམ་རྟོག་གིས། །འཁོར་བའི་འཁོར་ལོ་མ་སྐོར་ཞིག །ཐ་མལ་རླུང་སེམས་ཀྱི་འཇུག་པ་འདི། །འཁོར་འདས་འབྱེད་པའི་ས་མཚམས་ཞིག་ལགས། །ལེ་ལོ་དང་བྱ་བ་ལ་མ་ཡེངས་པར། །རླུང་སེམས་དྲག་ཏུ་བཅུན་པ་ཞུ། །སེམས་ཀྱི་རྩ་བ་མ་ཆོད་ན། །གཏིང་སྐྱོན་མཐོན་པའི་གནད་ཀ་དེས། །གཉེན་པོ་མང་ཡང་མི་ཕན་པས། །རྩ་བྲལ་ཐོབ་ཕྱིར་དུ་འབད་པ་འཚལ། །ཡེངས་མེད་དུ་བསམ་གཏན་སྒོམ་དུས་སུ། །ལོངས་སྤྱོད་དང་བསོད་ནམས་ཐན་ཐུན་དེ། །བདུད་ཀྱི་ཕོ་ཉར་ཡོང་ལགས་པས། །ཅི་དགར་བོར་ལ་སྦྱིན་པར་ཐོང༌། །བར་ཆད་དངོས་གྲུབ་ཏུ་འཁྱར་བ་ལགས། །ནམ་ཞིག་སྒོམ་ཉམས་བཟང་བདེ་ན། །ཟང་འཛིན་དང་དགའ་


TNT01_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

བྲོད་བདུད་དུ་འོང༌། །ཉམས་ལེན་གྱི་རྒྱལ་པོ་ཞེན་མེད་ཡིན། །བྱར་མེད་དུ་ཞོག་ཅིག་གེགས་ལས་གྲོལ། །སེམས་རིག་པའི་འཆར་སྒོ་མ་འགགས་པ། །ཐམས་ཅད་ཆོས་སྐུའི་རྩལ་ཡིན་ཡང༌། །གང་ཤར་རྩ་བ་མ་ཆད་པར། །འོག་འགྱུར་འགྲོ་བའི་ཉེན་གདོག་པས། །རྩེ་གཅིག་དམིགས་པ་ལ་སྒྲིམ་པར་འཚལ། །ཞི་གནས་ཙམ་བརྟན་བརྟན་འདྲ་ན་ཡང༌། །མ་རིག་གཏི་མུག་ཏུ་བྱིངས་དོགས་ཡོད། །གང་ཤར་ངོ་ལྟའི་འུད་བཤད་ཀྱིས། །འཁྲུལ་པ་རྒྱ་འབྱམས་སུ་ཤོར་གྱིས་དོགས། །སྟོང་ཉམས་ཙམ་ཤར་བའི་ལྟ་སྐད་ཀྱིས། །ལས་འབྲས་ལ་ཆུད་ཟོས་མི་འཚལ་ལོ། །ལར་ཀུན་ལ་མོས་གུས་གནད་དུ་ཆེ། །དེ་དངོས་གྲུབ་ཀྱི་རྩ་བར་ངེས་ལགས་ཀྱང༌། །ཐོབ་འདོད་ཀྱི་རེ་དོགས་མི་འཚལ་ལོ། །ཞེན་མེད་ཀྱི་སྒོ་ནས་དགེ་སྦྱོར་ཀུན། ཁ་སྔོ་བས་རྒྱས་ཐེབས་ཀྱང་གལ་རེ་ཆེ། །ཡང་བླ་མ་ལ་གསོལ་བ་འདེབས་ན། མདུན་དུ་རྩ་བའི་བླ་མ་བཀྲག་མདངས་གཟི་བརྗིད་ལྡན་པ་བརྒྱུད་པའི་བླ་མ་ཡི་དམ་ཆོས་སྐྱོངས་མཁའ་འགྲོ་ཐམས་ཅད་ཀྱི་བསྐོར་བ། སྤྲུལ་པའི་ཕོ་ཉ་མང་པོ་སྤྲོ་བ་རང་ལ་དགྱེས་བཞིན་པ་བྱིན་གྱིས་རློབ་རློབ་ལྟར་བཞུགས་པ་ལ་མོས་གུས་དུང་བ་བྱས་ཏེ། དྲིན་ཅན་བླ་མ་རིན་པོ་ཆེ། །ཆོས་སྐུའི་ཐུགས་ལ་ལོངས་སྐུའི་གསུང༌། །སྤྲུལ་སྐུའི་


TNT01_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་འགྲོ་དོན་མཛད། །མཚན་དཔེའི་གཟི་བརྗིད་འབར་བ་ལ། །གསུང་དབྱངས་ཡན་ལག་རྒྱ་མཚོའི་བཀའ། །ཐུགས་ནི་བདེ་གསལ་རྒྱ་མཚོ་འདྲ། །བརྒྱུད་ལྡན་བླ་མའི་ཚོགས་ཀྱིས་བསྐོར། །ཡི་དམ་ལྷ་ཚོགས་སྤྲིན་ལྟར་འཐིབས། །མཁའ་འགྲོ་མང་པོའི་ཚོགས་དང་བཅས། །ཆོས་སྐྱོང་བསྲུང་མ་ཁྲོམ་ལྟར་ཚོགས། །སྤྲུལ་པ་བུ་ཡུག་བཞིན་དུ་འཚུབས། །ཕོ་ཉ་མང་པོ་གློག་ལྟར་འཁྱུག །རིག་འཛིན་གྲུབ་པའི་ཚོགས་ཀྱིས་བསྐོར། །མཆོད་སྤྲིན་རྒྱ་མཚོའི་ཚོགས་དང་བཅས། །ཐུགས་རྗེའི་དབང་གིས་འདིར་བྱོན་ལ། །ད་ལྟ་བདག་ལ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །གདན་ཐོག་འདི་རུ་བྱིན་གྱིས་རློབས། །ལུས་ལ་བདེ་ཆེན་བསྐྱེད་དུ་གསོལ། །ངག་ལ་ནུས་པ་བསྐྱེད་དུ་གསོལ། །སེམས་ལ་ཡེ་ཤེས་དབབ་དུ་གསོལ། །དབང་བཞི་ད་ལྟ་བསྐུར་དུ་གསོལ། ཉམས་དང་རྟོགས་པ་བསྐྱེད་དུ་གསོལ། །འར་མ་འུར་མར་བྱིན་གྱིས་རློབས། །བན་མ་བུན་མར་བྱིན་གྱིས་རློབས། །ཆལ་མ་ཆིལ་མར་བྱིན་གྱིས་རློབས། །རྩ་བ་བརྒྱུད་པའི་བླ་མས་བྱིན་གྱིས་རློབས། །ཡི་དམ་ལྷ་ཚོགས་ཀྱིས་བྱིན་གྱིས་རློབས། །དཔའ་བོ་མཁའ་འགྲོས་བྱིན་གྱིས་རློབས། །ཆོས་སྐྱོང་བསྲུངས་མས་བྱིན་གྱིས་རློབས། ཀུན་འདུས་བླ་མས་བྱིན་གྱིས་རློབས། །རྗེ་བཙུན་བླ་མས་བྱིན་གྱིས་རློབས། །དེ་ནས་བླ་མའི་སྐུ་ལས་དབང་བཞི་བླངས། བླ་


TNT01_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

མ་རང་ལ་ཐིམ། རང་ཤར་ངོས་བཟུང་ངོ༌། །ཞེས་པ་འདི་ཡང་མདོ་ཁམས་པ་ནང་སོ་ཀུན་དཀའ་རིན་ཆེན་ལ། ཏཱ་ར་ནཱ་ཐས་གདམས་པ་སྟེ། །རྗེ་བཙུན་ལྷ་དབང་གྲགས་པའི་ཞལ་གྱི་གདམས་པ་ལ་བརྟེན་ནས་ཕྱག་ཆེན་ངོ་སྤྲོད་བྱས་པའི་རྗེད་ཐོར་བྱས་པའོ།། །།མངྒལཾ། །


previousམདོ་ཁམས་པ་ནང་སོ་ཀུན་དགའ་རིན་ཆེན་ལ་གདམས་པ་ཕྱག་ཆེན་ངོ་སྤྲོད། next