Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀོན་མཆོག་རིན་ཆེན་ལ་གདམས་པའོ། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀོན་མཆོག་རིན་ཆེན་ལ་གདམས་པའོ། །next

དཀོན་མཆོག་རིན་ཆེན་ལ་གདམས་པའོ། །


TNT01_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཕ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བུ་དཀོན་མཆོག་རིན་ཆེན་སྙན་གསོན་དང༌། །མི་ང་ལ་སྙིང་གཏམ་ཚིག་གསུམ་ཡོད། །ཉམས་ལེན་གྱི་རྒྱལ་པོ་མོས་གུས་ཡིན། །ད་རེས་བླ་མ་དང་མཇལ་བ་ལ། །མོས་གུས་ཀྱིས་གསོལ་བ་འདེབས་པ་ཞུ། །འཆི་བ་འདི་ནམ་ཡོང་ཆ་མེད་པས། །ཆོས་དྲན་མ་ཐག་ཏུ་ལག་ཏུ་ལོང༌། །མི་རྟག་འཕྲལ་འཕྲལ་དུ་འགྱུར་ལུགས་ལ། །ཡིད་འབྱུང་སྐྱོ་ཤས་ཀྱིས་རྒྱུད་གཅིག་བསྐུལ། །འདིར་ལྟས་འདོད་ཡོན་གྱི་གདུང་སེམས་འདི། །ལས་སླ་མོར་ཆོད་པ་དཀའ་བས་ན། །སྙིང་རུས་དང་ཞེ་བཅད་དྲག་པོ་ཡིས། །ཚེ་འདིའི་ལེགས་ཉེས་ཅི་དགར་བསྒྱུར། །ཞེན་མེད་དུ་འཕང་པ་གདམས་ངག་ཡིན། །ཚེ་འདི་ལ་སྐྱབ་ཀྱི་མི་རྣམས་དང༌། །བློ་སྣ་མང་དུ་བསྟུན་དགོས་ན། །བྱ་བྱེད་མི་ཤེས་ཆོས་དང་འགལ། །མི་ངན་དང་བློ་སྣ་བསྟུན་པ་བས། །དམ་ཆོས་དང་བློ་སྣ་བསྟུན་


TNT01_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེགས། །ཡོངས་རང་ཤར་རང་གི་རང་ངོ་ལ། །བཟོ་བཅོས་མེད་པར་ལྷོད་ཀྱིས་ཀློད། །ཆེད་དུ་བཅོས་པའི་གྲིམ་ལྷོད་ཀུན། །བློས་བྱས་ཡིན་པས་སྙིང་པོ་མེད། །སོ་མའི་ངང་ནས་རྒྱ་ཡན་འདི། །ཅི་བྱས་སྒོམ་དུ་འགྲོ་བ་ལགས། །རྣམ་རྟོག་སྐྱེས་དང་མ་སྐྱེས་འདྲ། །དྲན་པ་ངོ་ཤེས་འདི་གལ་རེ་ཆེ། །ཡོ་བྱད་དགེ་བའི་ཕྱོགས་སུ་བསྒྱུར། །བྱ་བྱེད་ཆོས་ཀྱི་ཕྱོགས་སུ་བསྒྱུར། །རིག་པའི་མདའ་རྩེ་ནང་དུ་བསྒྱུར། །འཁྲུལ་སྣང་དག་པའི་སྣང་བར་བསྒྱུར། །བསྒྱུར་བ་རྣམ་བཞི་ཉམས་སུ་ལོང༌། །དེ་ཀུན་ཡང་གཞན་ཕན་དུ་བསྒྱུར་བར་བྱ། །ལག་ཏུ་ཐེབས་ན་གདམས་ངག་ཡིན། །ཡི་གེ་ཙམ་ལ་མ་ལུས་པ་འཚལ། །ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པ་སྟེ། སྟག་ལུང་ཐང་དུའོ།། །།དགེ་ལེགས་འཕེལ། །


previousདཀོན་མཆོག་རིན་ཆེན་ལ་གདམས་པའོ། །next