Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིམ་གཉིས་ལྟ་སྤྱོད་སྒོམ་པ་ཀུན་མ་ཚང་བ་མེད་པའི་གནད་བསྡུས་བཞུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིམ་གཉིས་ལྟ་སྤྱོད་སྒོམ་པ་ཀུན་མ་ཚང་བ་མེད་པའི་གནད་བསྡུས་བཞུགས། next

རིམ་གཉིས་ལྟ་སྤྱོད་སྒོམ་པ་ཀུན་མ་ཚང་བ་མེད་པའི་གནད་བསྡུས་བཞུགས།


TNT01_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་གི་ཡེ་ཤེས་འོད་བརྒྱའི་དོ་ཤལ་ནི། །སྨོན་ལམ་ཤར་རིའི་ཕྲག་པར་ལེགས་བཀོད་ནས། །འགྲོ་བའི་མུན་སེལ་རྗེ་བཙུན་འོད་སྟོང་ཅན། ཁྱབ་བདག་ཁྱོད་ཀྱིས་མ་ལུས་འགྲོ་འདི་སྐྱོངས། །དེ་ལ་དམ་པའི་ཆོས་རིན་པོ་ཆེ་རྟོག་གེའི་ལམ་ལས་འདས་པ། བླ་མ་དམ་པའི་མན་ངག་གིས་གསལ་བར་གྱུར་པའི་ཡེ་ཤེས། དད་པའི་རྩ་བ་ཉིད་


TNT01_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མངོན་པར་གྲུབ་པ། གང་གི་ལམ། ཐ་སྙད་སྤྲོས་པའི་ཚིག་ལ་མ་ཡིན་པར་སྒྲུབ་པ་སྙིང་པོར་བྱེད་པ་ལ་གནད་རྣམས་ལེགས་པར་ཤེས་པ་གལ་ཆེ། ཐམས་ཅད་ཀྱི་ཐམས་ཅད་དུ། བླ་མ་དམ་པ་ལུས་ལོངས་སྤྱོད་སྒྲུབ་པ་སོགས་ཐམས་ཅད་ཀྱིས་མཉེས་པར་བྱས་ནས། མན་ངག་མ་ནོར་བ་དག་ཞལ་ལས་མནོས་ཏེ། མདོ་རྒྱུད་ཟབ་མོ་རྣམས་ལ་ཐོས་པ་དཔྱིས་ཕྱིན་པས་སྒྲུབ་པ་བྱས་ན་ནི་ཆེས་མཆོག་གོ །བླ་མ་སངས་རྒྱས་ཀུན་ལས་ལྷག་པའི་མོས་གུས་ཀྱིས་རྩེ་གཅིག་ཏུ་གསོལ་བ་འདེབས་པ་རང་གནད་དུ་ཆེ་བར་གདའ། ༡༽ མཐའ་བྲལ་དུ་མཉམ་པར་འཇོག་པ་ལ། གསལ་རིག་ཙམ་ལ་རང་སོ་འཇུག་པ་ཡང་ཐབས་ཙམ་ཡིན་མོད། ངོ་བོ་རིག་སྟོང་དུ་འཇོག་པ་གནད། ༢༽ མང་དུ་སྒོམས་ཀྱང་ཉོན་མོངས་ཐ་མལ་པར་འཆོར་ན། སྒོམ་གནད་དུ་མ་སོང་བ་ཡིན་དེ་ལ་ཡིད་ལ་བྱེད་པ་རྣམས་དང༌། བདེན་མེད་ཀྱི་འདུན་པ། བླ་མའི་མོས་གུས་ངོ་བོ་ལ་ཅེར་ཕོག་ཏུ་སྒོམ་པ་རྣམ་གཟེར་བུས་འདེབས་པ་གནད། ༣༽ སྤྱོད་ལམ་ཐམས་ཅད་དུ་སྒོ་གསུམ་སྐད་ཅིག་ཀྱང་ཆོས་ལས་མི་འདའ་ཞིང༌། ལས་འབྲས་ཀྱི་བླང་དོར་ལ་རྡུལ་ཙམ་ཡང་མི་བརྙས་ཤིང༌། བསླབ་པ་ལ་གུས་པས་ཚུལ་བཞིན་བསྲུང་བ་གནད། ༤༽ སྒྲུབ་པ་བྱེད་པ་ཀུན་ཐོག་མར་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། འཁོར་བའི་སྡུག་བསྔལ་ལས་འབྲས་མི་བསླུ་


TNT01_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསམ་པ་སོགས་བློ་ཆོས་སུ་འགྲོ་བའི་ཐབས་འདི་དག་བཅོས་མིན་རང་རྒྱུད་ལ་སྐྱེས་སྐྱེས་འབད་རྩོལ་དུ་བྱེད་པ་གནད། ༥༽ གསང་སྔགས་སྒོམ་འདོད་ཀུན་ཡེ་སྟོང་དང་རང་ངོ་ཤེས་ན་སྣང་ཚད་བདེ་སྟོང་རང་ཡིན་པས། གཞན་གང་ཡང་མི་དགོས་ཟེར་བའི་འུད་བཤད་ལ་ཀློག་ཉན་པ་མི་བྱེད་པར། བླ་མ་མཚན་ལྡན་ལ་བསྟེན་ནས་ཕྱི་ནང་གི་དཀྱིལ་འཁོར་རྣམས་སུ་ཆོ་ག་མཚན་ཉིད་དང་ལྡན་པས་དབང་བསྐུར་ཐོབ་པར་བྱེད་པ་གནད། ༦༽ །བསྐྱེད་རིམ་གྱི་རྣལ་འབྱོར་སྦྱང་གཞི་སྦྱོང་བྱེད་ཁྱད་པར་ཅན་གྱི་ཉམས་ལེན་རང་གལ་ཆེ་བ། ལྷའི་རྣལ་འབྱོར་ལ་གསལ་ཆ་ཚོལ་བ་གནད། ༧༽ གསལ་སྣང་གི་ངོ་བོ་རྡུལ་ཆོས་ལས་འདས་པའི་འཇའ་ཚོན་ལྟ་བུ་གནད། ༨༽ བཟླས་པ་དམིགས་མེད་ངང་ནས་བྱེད་པ་ཤིན་ཏུ་ཟབ་ཅིང༌། དམིགས་བཅས་ལ་ཡང་དམིགས་པ་རྩེ་གཅིག་པ་གནད། ༩༽ བཟླས་པའི་གཙོ་བོ་རྡོ་རྗེའི་བཟླས་པ་ཡིན་པ་དོན་དམ་རྡོར་བཟླས་ངག་རླུང་གི་དྭངས་མ་མི་ཤིགས་པའི་ནཱ་དར་དངོས་སུ་ངོ་སྤྲོད་པའི་ཟབ་གནད་ཕུལ་ཕྱིན་དང༌། སྤྲོས་བཅས་དམིགས་པ་རྡོར་བཟླས་སོགས་ཀྱང་ཤིན་ཏུ་ཟབ་པའི་གནད་ཡོད་པས་ནན་ཏན་བྱེད་པ་བཟླས་པའི་གནད། ༡༠༽ སེམས་འཛིན་ཐམས་ཅད་ཀྱི་ནང་ནས་སྙིང་གི་ཐིག་ལེ་སོགས་ཨ་བ་དྷཱུ་ཏཱི་ལ་གནད་དུ་བསྣུན་པ་རང་གནད། མན་ངག་ལུགས་ཀྱི་སྦྱོར་བ་ཧ་ཅང་དྲག་པས་གེགས་བྱུང་ན། ཕྱིས་ཐབས་


TNT01_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་ཀྱིས་སེལ་བ་ལས་ཀྱང༌། གེགས་ཆུང་ལ་གཏིང་ཆོད་ཆེ་བ། ཚད་ལྡན་གྱི་གསུང་བཞིན་སྟོན་ན་ལེགས། རླུང་སྦྱོར་གྱི་གཙོ་བོ་རླུང་འགོག་པ་སྟེ། དབུ་མར་ཐིམ་པ་ཡིན། དེ་ལ་བུམ་ཅན་གནད་དུ་ཆེ་བ་ལས་སྔོན་དུ་རྩ་ལམ་སྦྱོང་བ་གནད། ༡༡༽ རླུང་དབུ་མར་ཐིམ་པས་སྟོང་ཉིད་ཙམ་རྟོགས་ལ་ཐིམ་པ་དེས་གཏུམ་མོ་འབར་བས་བདེ་བ་དྲངས་ཏེ། བདེ་སྟོང་ཟུང་དུ་སྦྱོར་བ་ཡིན་ཏེ། རླུང་དང་གཏུམ་མོའི་འབྲས་བུ་དྲོད་སོགས་ཙམ་ལ་དམིགས་ན་མི་རུང་པས། འདི་གནད་དུ་སོང་མ་སོང་ལྟ་བ་རང་གི་ཉམས་མྱོང་དང༌། བླ་མའི་མན་ངག་གི་དངོས་སྦྱོར་བ་གནད། ༡༢༽ ཡེ་ཤེས་ལྷན་ཅིག་སྐྱེས་པ་ངོ་སྤྲོད་པ་ཡེ་རྒྱ་སོགས་གསུངས་པའི་ནང་ནས། སྟོང་ཉིད་ལ་སྦྱོང་བ་ཁོ་ན་གནད་དོ། ༡༣༽ བསྟན་པ་རྫོགས་ལྡན་དུས་ལྟ་བུར་གང་ཟག་མཆོག་ལ་དོན་དུ་འགྱུར་ངེས་ན། ལས་རྒྱ་གནང་བ་སོགས་ཤིན་ཏུ་གསང་བའི་ཟབ་མོ་ཡིན་མོད། དེང་སང་དེ་ལ་སྙད་ནས་སྤྱོད་པ་འཆོལ་བར་སྤྱོད་པ་དག་དམྱལ་བའི་རྒྱུ་ཡིན་པས། རབ་བྱུང་སྔགས་སྤྱོད་པ་ཕལ་ཆེར་དམ་ཆོས་འདུལ་བ་རང་དབང་བཞག་ལ་བརྟེན་དགོས་པ་གནད། ༡༤༽ ས་རྡུལ་ཆུས་སྦྱངས་ནས་གསེར་ལེན་པ་ལྟར། དགའ་བཞི་སྐད་ཅིག་སོ་སོར་ཤར་པ་ངོས་ཟིན་པའི་སྒོ་ནས། ངོ་བོ་རང་བཞིན་སྟོང་པ་ལ་མཉམ་


TNT01_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇོག་པ་གནད། ༡༥༽ འདིས་རྣམ་ཤེས་གསུམ་དང་རང་བཞིན་བརྒྱད་ཅུའི་རྣམ་རྟོག་ཐམས་ཅད་སྦྱོང༌། མ་དག་ཐ་མལ་པའི་སྣང་བ་སྟོང་པར་སྦྱངས་པ་ལས། བག་ཆགས་ཀྱི་རང་གདངས་ལྷ་སྐུ་འཆར་བ་བདག་མེད་དུ་སྦྱོང་བ་ཆགས་གྲོལ་གང་ལ་བརྟེན་ཀྱང་བདེ་སྟོང་སྦྱོར་བ་གནད། ༡༦༽ དེས་ཕྱག་རྒྱ་ཆེན་པོ་ལྷ་སྐུ་མངོན་དུ་འགྱུར། འཁྲུལ་སྣང་ཐམས་ཅད་སྡུད་རིམ་ཁྱད་པར་ཅན་གྱི་སྟོང་པར་འདུས་པས་བདེ་སྟོང་ཡེ་ཤེས་མངོན་དུ་གྱུར་པའི་རང་བཞིན་འོད་གསལ་མངོན་གྱུར་གྱི་ཡེ་ཤེས་ཏེ། ཕྱག་ཆེན་དང་ཟུང་འཇུག་ཡིན་ལ་རང་བཞིན་རྣམ་དག་གི་རང་ངོའི་འཆར་སྒོ་རྐྱང་འདོད་ཙམ་ནི་ལྟ་བའི་ཉམས་ལེན་ཡིན་པས་ལྟ་སྒོམ་ཤན་ཕྱེད་པར་བྱ་བ་གནད་དེ་བཅུ་བདུན་ནོ། །སྤྱིར་བཏང་དུ་ཉམས་ཐམས་ཅད་ལ་བྱུང་རྒྱལ་གནད། སྤྲོས་བཅས་ཐམས་ཅད་མི་རྟོག་པས་ཟིན་པ་གནད། སྤྲོས་མེད་ཇི་ལྟ་བ་མངོན་དུ་གྱུར་ན། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་ལ་འཇུག་པ་གནད། ལས་དང་པོ་བས་ཐུན་འཇུག་ཏུ་བསྔོ་བ་རྣམ་དག་གིས་རྒྱས་ཐེབས་པ་གནད་དེ་བཞིའོ། །བཅུ་བདུན་དང་བཞི་སྟེ། ཉེར་གཅིག་པོ་འདི་རྣལ་འབྱོར་བླ་མེད་ཀྱི་རིམ་གཉིས་ལྟ་སྤྱོད་སྒོམ་པ་ཀུན་མ་ཚང་བ་མེད་པའི་གནད་བསྡུས་ལགས་པས། ཐུགས་ལ་ངེས་པས་ཉམས་ལེན་དུ་མཛོད། །འདི་རུ་བདག་གིས་གང་སྨྲས་པ། །ལེགས་པ་


TNT01_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་བླ་མ་དང༌། །ཉེས་པ་གང་ཡིན་བདག་གིས་བཟུང༌། །ལོག་སྨྲས་དུས་གསུམ་མགོན་ལ་བཤགས། །འདིའི་དགེ་བས་བདག་གཞན་ཐམས་ཅད་རྟག་བརྟན་ཞི་བ་གཡུང་དྲུང་གི་དཔལ་ལ་འབྱོར་བར་གྱུར་ཅིག །ཅེས་པ་འདི་སྟག་ལུང་ལོ་ཙཱ་བ་ཤཱཀྱ་བཟང་པོའི་སྐུའི་རིགས་དང་གདན་སར་གྱུར་པ་གང་གི་ངོར། །ཕྱོགས་བྲལ་གྱི་རྣལ་འབྱོར་པ་ཏཱ་ར་ནཱ་ཐས་སྟག་ལུང་གི་ཆོས་གྲྭར་རོ། རང་ལོ་ཉི་ཤུ་པ་ལའོ།། །།


previousརིམ་གཉིས་ལྟ་སྤྱོད་སྒོམ་པ་ཀུན་མ་ཚང་བ་མེད་པའི་གནད་བསྡུས་བཞུགས། next