Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིན་པོ་ཆེ་བཀྲ་ཤིས་རིན་ཆེན་ལ་གསུངས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིན་པོ་ཆེ་བཀྲ་ཤིས་རིན་ཆེན་ལ་གསུངས་པ།next

རིན་པོ་ཆེ་བཀྲ་ཤིས་རིན་ཆེན་ལ་གསུངས་པ།


TNT01_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿ སློབ་དཔོན་རྡོ་རྗེ་འཛིན་པ་ནི། །རིན་ཆེན་གསུམ་བཅས་ལ་ཕྱག་འཚལ། །ཕན་བདེ་མ་ལུས་ཀུན་གྱི་གཏེར། །ཆོས་ཀྱི་སྙིང་པོ་ཡང་འདི་རྙེད། །རྙེད་དཀའི་དལ་འབྱོར་དོན་མཆོག་ལ། སྦྱོར་ཞིང་ནམ་འཆི་ཆ་མེད་བསམ། །འཁོར་བའི་སྡུག་བསྔལ་ངེས་ཤེས་ནས། །བསམ་པ་དག་པས་སྐྱབས་འགྲོ་བྱ། །ལས་འབྲས་ཡིད་ཆེས་བླང་དོར་བྱ། །མཉམ་དང་བརྗེ་བའི་བྱང་སེམས་བསྒོམ། །ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །ཆོས་སྤྱོད་བཅུ་པོ་ཉམས་སུ་བླང༌། །བརྒྱད་པོ་དེ་དང་ལྡན་གྱུར་ན། །དམ་ཆོས་མ་ལུས་བསྒྲུབ་པ་ཡི། །རྣལ་འབྱོར་ཅན་ཞེས་བྱ་བ་སྟེ། །གཞན་དུ་བསྒྲུབ་པའི་གཟུགས་བརྙན་ཙམ། ཁྱད་པར་ཉེས་པ་ལྔ་སྤངས་པའི། །ཞི་གནས་སྒོམ་གྱི་རྨང་གཞི་ཡིན། །


TNT01_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟའི་གནས་ལ་མཐའ་བྲལ་ཚུལ། །རྗེས་སུ་དཔག་པས་ངེས་རྙེད་པའི། །ཤེས་རབ་གནས་ཆ་དང་བསྲེས་པ། །ལྷག་མཐོང་ལམ་གྱི་གཙོ་བོར་སྣང༌། །གསལ་ཞིང་ངར་བའི་མདངས་ལྡན་པ། །གཡོ་མེད་ལྷན་ནེར་གནས་པ་ན། །བྱིང་རྒོད་ཕྲ་ཞིང་ཕྲ་བ་ཡང༌། །བྲལ་ཕྱིར་སྐྱོན་རྣམས་སྤངས་ཞེས་བྱ། །རྡོ་ལ་བརྡར་བའི་གསེར་རིས་བཞིན། །ཞི་ལྷག་ཟུང་དུ་འཇུག་པར་མཛོད། །ད་ལྟར་སྣང་བ་འདི་དག་ཀུན། །སྣང་དུས་ཉིད་ནས་རང་བཞིན་མེད། །སྟོང་བཞིན་དུ་ཡང་བྱ་བ་དང༌། །རྟེན་འབྲེལ་འགག་པ་མེད་པ་ཡི། །སྟོང་པ་ཉིད་ལ་ཀུན་རུང་བ། །ཉིད་ཀྱི་ཐུགས་ལ་སྔར་ཆུད་ཀྱང༌། །ད་དུང་གཡོ་བར་མ་མཛད་ཅེས། །བདག་ནི་རིང་དུ་སྒྲོག་པར་བྱེད། །ད་ནི་ཤིན་ཏུ་གསང་བ་ཡི། །ཐེག་པ་མཆོག་གི་མན་ངག་ནི། །རྒྱུད་བཞི་བླ་མའི་མན་ངག་བཞིན། །ཅུང་ཟད་ཙམ་ཞིག་ཞུ་བགྱིད་ན། །དབང་བསྐུར་དམ་ཚིག་མ་ཉམས་པས། །བསྐྱེད་རིམ་ཡན་ལག་ཚང་བར་བསྒོམ། །འདི་ལ་ཞུ་བདེར་གྱུར་པའི་སེམས། །ཟབ་གསལ་གཉིས་མེད་བསྒོམ་པ་བསྔགས། །དེ་ནས་རྫོགས་པའི་རིམ་པ་ནི། །ཀུན་ཀྱང་ཀུན་འདར་ནང་དུ་བསྒོམ། །ལུས་གནད་བུམ་ཅན་རླུང་སྦྱོར་བཅས། །སོར་གཅིག་ཡང་ན་སོར་བཞི་པ། །མར་མེ་ཁོ་ན་རྟག་ཏུ་བསྒོམ། །ནོར་བུ་


TNT01_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་འོད་གསལ་དང༌། །གསང་བ་མགྲིན་པར་རྨི་ལམ་བཟུང༌། །སྤྱི་བོ་ལྟེ་འོག་སྒྱུ་མའི་ལུས། །ལྟེ་བར་གཏུམ་མོ་སྦར་བར་བྱ། །དེ་དག་རྟག་ཏུ་བསྒོམ་པ་ལས། །སེམས་དམིགས་བདེན་གཉིས་ཟུང་འཇུག་སོགས། །བསྐྱེད་ཚུལ་སྤྱི་དང་མཐུན་པ་ཡིན། །སྐབས་འགར་ཤིན་ཏུ་དཔྱད་ཅིང་བསྒོམ། གཞན་དུ་རྩེ་གཅིག་སྒྲིམས་ལ་བཟུང༌། །ལ་ལར་ཀློད་ལ་ངལ་ཡང་གསོ། །རྟག་ཏུ་བླ་མར་གསོལ་བ་འདེབས། །གེགས་དང་བར་ཆད་མི་འབྱུང་ཞིང༌། །ཡོན་ཏན་གོང་དུ་འཕེལ་ཞེས་གསུངས། །རླུང་སྦྱོར་བཅུ་ལེན་ལ་སོགས་པ། །ལག་ལེན་འགའ་ཞིག་འདིར་མ་བཀོད། །དེ་དག་རྣམས་ཀྱི་རྒྱུ་མཚན་སོགས། །རླུང་རྣམས་བསྡུད་དང་གནས་དང་ཐིམ། །ཐིམ་པའི་ཞུ་བདེ་འདྲེན་ཚུལ་སོགས། །སྡེ་སྣོད་འཛིན་པ་ཁྱེད་ཀྱི་ནི། །ཐུགས་ལ་སྔོན་ནས་གསལ་བ་ལགས། །འོན་ཀྱང་ཐུན་མོང་མ་ཡིན་པའི། །ཞིབ་ཆའི་ཁྱད་པར་འགའ་ཞིག་ནི། །མཇལ་དུས་གླེང་བའི་ལེགས་སྨོན་ཞུ། །དགེ་བས་སངས་རྒྱས་ཐོབ་པར་ཤོག །བརྒྱུད་པ་མི་ལྡན་དག་མི་འགྱུར། །དེ་ལ་བརྒྱུད་པ་འདི་དག་ཡིན། །དྲིལ་བུ་པ་དང་ལྭ་བ་པ། །ཞིང་པ་རྡོ་རྗེ་ཆོས་མྱུག་དང༌། །ར་ཧུ་ལ་དང་ཨ་ཏི་ཤ །ཌེཾ་གི་བྷི་ཀྵའི་ཞལ་སྔ་ནས། །


TNT01_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྔོན་པ་དང་དཀར་མིན་སྤྲིན། །ཡེ་ཤེས་བཤེས་གཉེན་དེ་བཞིན་དུ། །གྲུབ་ཐོབ་ཤཱནྟི་གུཔྟ་ལས། །སངས་རྒྱས་སྦས་པའི་མགོན་པོ་ཡིས། །ལེགས་གསན་དེ་ལ་བདག་གིས་ཐོབ། །ཅེས་པ་ཀུན་དགའ་སྙིང་པོས་སྨྲས། །བཤེས་གཉེན་ཆེན་པོ་རྒྱང་རོ་གསེར་སྡིངས་ཀྱི་གདན་ས་ཡུན་རིང་དུ་མཛད་པ་རིན་པོ་ཆེ་བཀྲ་ཤིས་རིན་ཆེན་པས། མདོ་རྒྱུད་ཀུན་གྱི་ཡང་སྙིང་ཡིན་པ། ཚིག་ཉུང་བའི་ཆོས་འབྲེལ་ཞིག་བསྐུར་གསུང་པའི་དོན་ལ་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་པ་ལའོ།། །།


previousརིན་པོ་ཆེ་བཀྲ་ཤིས་རིན་ཆེན་ལ་གསུངས་པ།next