Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རབ་འབྱམས་སྨྲ་བ་སྦྱིན་པ་རིན་ཆེན་དང༌དཔལ་འབྱོར་རྣམ་རྒྱལ་གཉིས་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརབ་འབྱམས་སྨྲ་བ་སྦྱིན་པ་རིན་ཆེན་དང༌དཔལ་འབྱོར་རྣམ་རྒྱལ་གཉིས་གདམས་པ།next

རབ་འབྱམས་སྨྲ་བ་སྦྱིན་པ་རིན་ཆེན་དང༌དཔལ་འབྱོར་རྣམ་རྒྱལ་གཉིས་གདམས་པ།


TNT01_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཞལ་གདམས་གཅིག་ལ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉམས་ལེན་སྙིང་པོར་དྲིལ་བ་ནི། །ཀུན་རྫོབ་སྙིང་རྗེ་ཆེན་པོ་དང༌། །དོན་དམ་སྤྲོས་དང་བྲལ་བ་ཡིན། །དག་སྣང་ལྷ་སྐུའི་ལམ་ཁྱེར་ནི། །སྔགས་ཀྱི་སྙིང་པོའི་ཉམས་ལེན་ཡིན། །བདེ་སྡུག་འཕྲལ་རྐྱེན་ཞིག་བྱུང་ཡང༌། །གང་བྱུང་ལམ་དུ་འཁྱེར་བ་ལས། །ཟབ་པའི་ཉམས་


TNT01_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ཅི་ཞིག་ཡོད། །རབ་གསལ་རྒྱལ་པོའི་རྣམ་འཕྲུལ་གྱིས། །གནད་འདི་གཟིགས་ནས་ཐུགས་ཀྱི་སྲས། །བྱམས་པའི་དཔལ་ལ་གདམས་པ་ཡིན། །བདག་ཉིད་བདེ་ཞིང་སྐྱིད་པ་ན། །མར་གྱུར་འགྲོ་བ་ཐམས་ཅད་ཀྱང༌། །སྐྱིད་པར་འདོད་པ་ཁོ་ན་ཡིན། །བདག་བདེ་གཅིག་པུས་མི་ཕན་གྱི། །འདི་ཀུན་བདེ་བ་ཐོབ་ན་སྙམ། །ཡང་ཡང་ཡིད་ལ་བསམ་པར་ཞུ། །སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །ཅེས་པ་ངག་ཏུ་ཡང་ཡང་བརྗོད། །གལ་ཏེ་བདེ་བ་འདོད་ན་ནི། །དགེ་བའི་ལས་ལ་བརྩོན་དགོས་པས། །དགེ་ལ་འབད་པར་བྱ་སྙམ་དང༌། ཁམས་གསུམ་འགྲོ་བ་འདི་ཀུན་ཡང༌། །དགེ་ལ་འཁོད་པར་གྱུར་ཅིག་ཅེས། །སྨོན་སེམས་ཡང་ཡང་གཏོང་བར་ཞུ། །རང་གཞན་དགེ་ལ་འཇུག་པའི་ཐབས། །ནན་ཏན་སྒྲུབ་པ་གལ་རེ་ཆེ། །སྐྱིད་པ་ཀུན་རྫོབ་ལམ་ཁྱེར་ཡིན། །མི་འདོད་སྡུག་བསྔལ་བྱུང་བའི་ཚེ། །སྡུག་བསྔལ་ཅན་ལ་སྙིང་རྗེ་སྒོམ། །སྡིག་པའི་ལས་ལམ་ཟློག་པར་བྱ། །སྐྱིད་ན་བྱམས་པའི་ལམ་འཁྱེར་དང༌། །སྡུག་ན་སྙིང་རྗེ་ལམ་དུ་འཁྱེར། །སྐྱིད་དང་སྡུག་པར་སྣང་བ་ཡང༌། །འཁྲུལ་ངོ་ཙམ་ཞིག་མ་གཏོགས་པ། ཡང་དག་དོན་ལ་གྲུབ་པ་མེད། །ལུས་ནི་བེམ་པོ་རོ་དང་འདྲ། །འདོད་ཡོན་ཇི་སྙེད་སྟབས་གྱུར་ཀྱང༌། །སྐྱིད་པའི་ཚོར་བ་མི་འབྱུང་ཞིང༌། །


TNT01_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་བུར་གཏུབས་སམ་མེས་བསྲེགས་ཀྱང༌། །དེ་ལ་སྡུག་བསྔལ་ཅི་ཡང་མེད། །ལུས་མེད་ན་ནི་སེམས་དེ་ཡང༌། །བསྟན་དུ་མེད་ཅིང་ཐོགས་མེད་ཕྱིར། །ཡུལ་དང་འབྲེལ་བའི་བདེ་སྡུག་མེད། །ལུས་དང་སེམས་ལས་གཞན་པ་ཞིག །སྡུག་བསྔལ་མྱོང་བ་མེད་པས་ན། །སྐྱིད་བྱ་སྐྱིད་བྱེད་འཁྲུལ་པ་སྟེ། །སྡུག་བྱ་སྡུག་བྱེད་ཡོད་མ་ཡིན། །མེད་པའི་ངང་ལ་མཉམ་པར་ཞོག །སྣང་ངོར་བདེ་སྡུག་མ་འགགས་ཀྱང༌། །དེ་ལ་འཛིན་ཞེན་ཟློག་པ་ཡིན། །འཛིན་ཞེན་མེད་ན་འཕྲལ་རྐྱེན་ནི། །ཇི་ཙམ་མང་ཞིང་བོགས་ཀྱང་ཆེ། །ནགས་ཀྱི་མེ་ལ་རླུང་བྱུང་ན། །མེ་ཡི་གྲོགས་སུ་འགྱུར་བ་ཡིན། །འཛིན་ཞེན་ཅན་གྱི་གང་ཟག་དེ། །སྐྱིད་ན་ཆགས་ཞེན་དབང་སོང་ནས། ཆོས་མིན་སྤྱོད་པ་སྣ་ཚོགས་འོང། །སྡུག་ན་ཉམས་ཐག་སེམས་འཕྱོ་ཞིང༌། །ཉམས་ལེན་ཆོས་ལ་ཡི་ཆད་བྱེད། །ཉིན་གཅིག་ན་བ་ཙམ་ལ་ཡང༌། །ཐེ་ཚོམ་རྣམ་རྟོག་བརྒྱ་ཕྲག་ལྡང༌། །ནས་བྲེ་གང་གི་ཕྱོགས་སུ་ཡང༌། གཡོ་སྒྱུ་མགོ་སྐོར་སྣ་ཚོགས་བྱེད། །ཉིན་གཅིག་སྐྱིད་པ་བྱུང་བ་ལའང༌། །ཆོས་མིན་སྣ་དགུ་སེམས་ལ་འགྱུ། །བདེ་སྡུག་ཕྲ་མོ་ཙམ་ལ་ཡང༌། །ཉམས་ལེན་དཔྱད་ཐག་ཡན་ནས་མཆི། །ཞེན་མེད་ལམ་འཁྱེར་ཤེས་ཙ་ན། །རྐྱེན་ངན་མེ་ལྟར་འབར་ན་ཡང༌། །ཉམས་རྟོགས་དབྱར་གྱི་མཚོ་ལྟར་འཕེལ། །བདེ་སྡུག་སྣང་བའི་སེམས་འདི་ཡང༌། །སྣང་བ་


TNT01_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་མ་གཏོགས་པ། །སྐྱེ་འགག་གནས་གསུམ་བྲལ་བ་ཡིན། །འདས་པ་དང་ནི་མ་འོངས་པ། །རི་བོང་རྭ་ལྟར་ཅང་མེད་ཡིན། །ད་ལྟར་ན་ཡང་མ་དམིགས་པས། །འཁྲུལ་ངོ་མ་གཏོགས་དོན་ལ་མེད། །དེ་ལྟར་རིག་པས་དཔྱོད་པ་འཚལ། །དཔྱད་པ་ཙམ་ལ་མ་བཞག་པར། །རང་བཞིན་ངང་དེར་མཉམ་པར་ཞོག །རང་ངོ་ཤེས་པས་ཚིར་གྱི་ཟུང༌། །བདེ་སྡུག་སྣང་བའི་སེམས་དེ་ཡང༌། །ལྷ་སྐུར་ལམ་གྱིས་གསལ་བཏབ་ནས། །འགྲོ་བ་ཀུན་ལ་སྙིང་རྗེ་དང༌། །གང་སྣང་སྤྱན་རས་གཟིགས་སུ་སྒོམ། །ཡི་གེ་དྲུག་པའི་གསང་སྔགས་བཟླ། །སྟོང་པ་ལྷ་སྐུ་སྙིང་རྗེ་གསུམ། །སྐུ་གསུམ་ལམ་འཁྱེར་ངོ་སྤྲོད་ཡིན། །བབ་ལ་འདུས་པའི་གདམས་ངག་འདི། །ཉམས་ལེན་མཛོད་ཅིག་སྟན་གཅིག་པ། །ཞེས་པའང་སྟན་གཅིག་པ་རབ་འབྱམས་སྨྲ་བ་སྦྱིན་པ་རིན་ཆེན་དང༌། །དཔལ་འབྱོར་རྣམ་རྒྱལ་ཞེས་པ་གཉིས་ཀྱི་བསྐུལ་ནས་ཏཱ་ར་ནཱ་ཐས་གོང་དཀར་དུ་སྨྲས་པའོ།། །།དགེ་ལེགས་འཕེལ། །


previousརབ་འབྱམས་སྨྲ་བ་སྦྱིན་པ་རིན་ཆེན་དང༌དཔལ་འབྱོར་རྣམ་རྒྱལ་གཉིས་གདམས་པ།next