Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉམས་ལེན་གནད་བསྐུལ་གྱི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉམས་ལེན་གནད་བསྐུལ་གྱི་རིམ་པ། next

ཉམས་ལེན་གནད་བསྐུལ་གྱི་རིམ་པ།


TNT01_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་མཚན་ལྡན་བླ་མ་ལ་ཕྱག་འཚལ་ལོ། །འདིར་བུའི་དོན་པོ་དགེ་བའི་བཤེས་གཉེན་བློ་གྲོས་དཔལ་བཟང་བ་ལ། ཉམས་ལེན་གནད་བསྐུལ་གྱི་རིམ་པ་ཅུང་ཟད་བྲི་བར་བྱ་སྟེ། སྤྱིར་ཆོས་ཐམས་ཅད་ཀྱི་འཇུག་སྒོ་ངེས་འབྱུང་དང་སེམས་བསྐྱེད་གཉིས་ཡིན། དངོས་གཞི་ཏིང་ངེ་འཛིན་དང་ཤེས་རབ་གཉིས་ཡིན། མཐར་ཕྱིན་བྱེད་རང་དོན་དང་གཞན་དོན་གྱི་སྤྱོད་པ་ཕུན་སུམ་ཚོགས་པ་ཡིན། འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཡིན། དེ་ལྟར་དོན་བརྒྱད་ཀྱི་ཆོས་སྤྱིའི་ཉམས་ལེན་འབྲས་བུ་དང་བཅས་པ་བསྡུས་པ་ལགས་སོ། །དེ་ཡང་འཁོར་བ་མཐའ་དག་དོན་དམ་པར་མེད་བཞིན་དུ་སྣང་བ་ཡིན་པས་ཞེན་པའི་ཡུལ་སྟོངས། གནས་སྐབས་ཀུན་རྫོབ་ཏུ་ཡང་མི་རྟག་པའི་རང་བཞིན་ཡིན་པས་ཞེན་རིན་ཡང་མི་ཆོག ཅི་བྱས་སྡུག་བསྔལ་གྱི་གཡོས་ལས་མ་འདས་པས་ཞེན་པའི་རྒྱུ་མེད། གལ་ཏེ་ཞེན་ན་སྡུག་བསྔལ་ལས་ཐར་དུས་མེད་པ་ཞིག་ཡོང་བས་ནམ་ཡང་ཞེན་དུ་མི་རུང༌། རྒྱུ་མཚན་བཞི་པོ་འདི་ཤེས་ན་ངེས་འབྱུང་སྙིང་ཐག་པ་ནས་སྐྱེ་བ་ཡིན།


TNT01_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་རང་བཞིན་མེད་པར་ཤེས་པས། །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད། དོན་དམ་དེ་བཞིན་གཤེགས་པའི་ཁམས་འགྲོ་བ་ཐམས་ཅད་ལ་ཁྱབ་པར་མཐོང་བས། སངས་རྒྱས་ཀྱི་གོ་འཕང་ལ་སྐྱེ་འགྲོ་ཀུན་འགོད་པའི་སྙིང་སྟོབས་རྒྱས་པ། འཁྲུལ་སྣང་གི་སྡུག་བསྔལ་སྣ་ཚོགས་པས་གཅེས་པའི་སེམས་ཅན་རྣམས་སྒྲོལ་བའི་དོ་གལ་རང་ལ་བབ་བར་ཤེས་པའི་ལྷག་བསམ་དང༌། ཕྱོགས་ཆ་ཉེ་རིང་སྤངས་བའི་བཏང་སྙོམས་ཆེན་པོ་སྟེ། བཞི་པོ་དེ་འཛོམ་ན་སེམས་བསྐྱེད་རྣམ་དག་མི་ཡོང་བའི་ཐབས་མེད་དོ། །བྱིང་རྒོད་དང་བྲལ་བའི་སེམས་དང་བ་དང༌། དམིགས་མེད་དུ་ཅི་འདོད་བཞག་ཆོག་པའི་དབང་སྒྱུར་པ་དང༌། གྲིམ་ལྷོད་རན་པས་ལུས་སེམས་མི་བདེ་བ་མེད་པ་དང༌། དམིགས་མེད་དུ་ཤེས་པས་ཏིང་འཛིན་ཉིད་ལ་ཡང་མ་ཆགས་པ་སྟེ། ཏིང་ངེ་འཛིན་རྣམ་དག་ཏུ་འགྲོ་བ་ལ་བཞི་པོ་དེ་ཚང་དགོས། རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བར་ཤེས་པ་དང༌། འཁོར་འདས་ཀྱི་གཉིས་སྣང་ཐམས་ཅད་གདོད་མ་ནས་སྟོང་པར་ཤེས་པ་དང༌། ཆོས་ཀྱི་དབྱིངས་གང་དུ་ཡང་དམིགས་སུ་མེད་པ་ལ་སེམས་རོ་གཅིག་ཏུ་ཐིམ་པའི་ཉམས་མྱོང་དང༌། ཉམས་མྱོང་དེའི་རྩལ་ཅིར་ཡང་འཆར་ཐུབ་པའི་གསལ་སྟོང་ཟུང་འཇུག་སྟེ། བཞི་པོ་འདི་དང་ལྡན་ན། ཐེག་ཆེན་གྱི་ལྟ་བ་རྣམ་པར་དག་པའི་ལྷག་མཐོང་དེ་ཡོད་པ་ལགས། སྤྱིར་བྱང་ཆུབ་སེམས་


TNT01_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྤྱོད་པ་ཐམས་ཅད་གཞན་དོན་ཡིན་ཀྱང༌། ཞོར་ལ་རང་དོན་རྒྱ་ཆེན་པོ་གཙོ་བོར་འགྲུབ་པའི་སྤྱོད་པ་རྣམས་ལ་རང་དོན་གྱི་སྤྱོད་པ་ཞེས་བྱ་སྟེ། དེ་ཡང་བདག་གཞན་མཉམ་པ་ཉིད་དུ་ཤེས་པ་དང༌། མཐར་ཐུག་སེམས་ཅན་སྒྲོལ་བར་འདོད་པས། གནས་སྐབས་བདག་ཉིད་བྱང་ཆུབ་ལ་འདུན་པ་དྲག་པོ་དང༌། མངོན་ཤེས་རྫུ་འཕྲུལ་སོགས་ཡོན་ཏན་གྱི་ཁྱད་པར་མང་པོ་སྒྲུབ་པ་ལ་བརྩོན་པ་དང༌། རྟག་ཏུ་མཉམ་པར་བཞག་པ་དང་འབྲེལ་བ་སྟེ། བཞི་པོ་དེས་ཕྱིན་དྲུག་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཅི་སྤྱད་ཀྱང། རང་དོན་རླབས་པོ་ཆེ་ཡིན་ལ། བདག་པས་གཞན་གཅེས་ཀྱི་བསམ་པ་དང༌། ཡི་རང་དང་བསྔོ་བའི་སྦྱོར་བ་དང༌། ཆོས་དང་ཟང་ཟིང་དང༌། ལུས་དང༌། བྱ་རྩོལ་གྱི་སྒོ་ནས་དངོས་སུ་སེམས་ཅན་ལ་ཕན་འདོགས་པ་དང༌། ཇི་ལྟར་སྒོམ་པ་ཐམས་ཅད་གཞན་དོན་དུ་དམིགས་ཤིང༌། ཏིང་ངེ་འཛིན་གྱིས་ཞིང་སྦྱོང་བ་དང༌། སེམས་ཅན་སྨིན་པར་བྱེད་པ་དང༌། བརྒྱུད་ནས་སེམས་ཅན་ལ་ཕན་འདོགས་པ་སྟེ། བཞི་པོ་འདི་དང་འབྲེལ་བའི་སྤྱོད་པ་ཐམས་ཅད་གཞན་དོན་ལགས། རང་དོན་གཞན་དོན་ལ་ལྡོག་ཆས་ཕྱེ་བ་མང་ངོ༌། །ངེས་འབྱུང་དང༌། ཤེས་རབ་དང༌། རང་དོན་གྱི་སྤྱོད་པ་རྣམས་ཀྱི་རང་འབྲས་ཆོས་སྐུ་སྟེ། དེ་ཡང་སྤྲོས་བྲལ་མཁྱེན་པ་དང༌། རྟེན་འབྲེལ་མཁྱེན་པ་དང༌། རང་བཞིན་


TNT01_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་ཡེ་ཤེས་ཟུང་འཇུག་དང༌། འཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བའི་ཐུགས་རྗེ་དམིགས་པ་མེད་པའི་ངོ་བོར་གནས་པ་སྟེ། མཚན་ཉིད་བཞི་ལྡན་ཡིན་ནོ། །སེམས་བསྐྱེད་དང་ཏིང་ངེ་འཛིན་དང་གཞན་དོན་གྱི་སྤྱོད་པའི་རང་འབྲས་ནི། གཟུགས་སྐུ་ཡིན་ཏེ། མཛད་པ་ལྷུན་གྱིས་གྲུབ་པ་དང༌། ཡེ་ཤེས་དང་སྨོན་ལམ་གྱི་སྟོབས་ལས་བྱུང་བ་དང༌། གང་ལ་གང་འདུལ་དུ་སྣང་བས་གར་ཡང་ཕྱིན་པ་དང༌། ཡུལ་དུས་ཐམས་ཅད་དུ་མཛད་པ་མ་འཁྲུགས་ཤིང་དོན་མེད་དུ་མི་འགྱུར་བ་སྟེ། མཚན་ཉིད་བཞི་ལྡན་ཡིན་ནོ། །ལམ་དེས་འབྲས་བུ་དེ་འགྲུབ་པའི་རྒྱུ་མཚན་ནི། སེམས་ཉིད་གདོད་མ་ནས་སྤྲོས་པ་ཐམས་ཅད་བྲལ་བ། ཀུན་རྫོབ་ཆོས་ཅན་འཁྲུལ་པའི་སྣང་བ་ཐམས་ཅད་དང༌། །དོན་དམ་ཆོས་ཉིད་མ་འཁྲུལ་པའི་ཡེ་ཤེས་ཐམས་ཅད་འཆར་བའི་ནུས་པ་ཅན་ཡིན་པའི་ཕྱིར། དེ་ལྟར་འགྲུབ་པ་ཡིན་ནོ། །དེ་རྣམས་བློ་ཡུལ་དུ་ངེས་ནས། སྐབས་ཀྱི་དོན་ཅུང་ཟད་བརྗོད་པ་ལ། བདག་ཉིད་ཀྱི་བསྟན་པའི་བྱ་བ་རང་གཞན་ཚུལ་ཁྲིམས་རྣམ་དག་ལ་འགོད་པ་དང༌། ཉན་བཤད་ལ་བརྟེན་ནས་གདུལ་བྱ་སྤྱོད་པ་ཕུན་སུམ་ཚོགས་པ་དང༌། བློ་གྲོས་ཀྱི་སྣང་བ་ཅི་རིགས་པ་བསྐྱེད་པ་རྣམས་ཀྱང། བསམ་པ་ཟང་ཟིང་མེད་ཅིང་བྱང་ཆུབ་སེམས་ཀྱིས་ཟིན་ན་གཞན་དོན་རླབས་པོ་ཆེ་ཡིན། གཞན་གཞི་ཚུལ་ཁྲིམས་ལ་གནས་པའི་སྒོ་ནས། ཏིང་ངེ་


TNT01_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་ཤེས་རབ་དང་སྒོམ་བྱུང་རྣམ་པར་དག་པ་ལ་འགོད་ཐུབ་ན། གང་དག་གཅིག་ལ་སྟོང་ཉིད་ཀྱི་ལྟ་བ་རྣམ་པར་དག་པ་སྐྱེས་པས་ཀྱང་ཐོས་བསམ་ཁོ་ན་ཅན་གྱི་སྡེ་སྣོད་འཛིན་པར་གྲགས་པ་བརྒྱ་སྟོང་ཐོན་པ་ལས་གཞན་དོན་རླབས་ཆེ་བ་ཡིན། ཏིང་ངེ་འཛིན་ལྟར་སྣང་སྐྱེས་པ་ལས་ནི། རྒྱལ་བའི་གསུང་རབ་རྣམ་པར་དག་པ་ལ་ཐོས་བསམ་བྱུང་ན་བརྒྱ་སྟོང་འགྱུར་གྱི་དེ་རང་དགའ། ཕུགས་ཀྱི་གཞན་དོན་དེ་རང་ཆེ། བརྫུན་ཁོ་ནས་བཟང་པོར་འཆོས་པའི་སྒོམ་ཆེན་དང༌། ལས་འབྲས་ཁྱད་དུ་གསོད་པའི་སྟོང་ཉིད་དང༌། བླུན་སྒོམ་བྱིང་བ་བསགས་པའི་ཞི་གནས་ཏེ། འདི་གསུམ་དམ་ཆོས་འཇིག་པའི་རྒྱུ་ཆེན་ཡིན་ལགས་སོ། །ཡང་གནས་སྐབས་སུ་བདག་ཉིད་ལ་སྒོམ་བྱུང་གི་མངོན་པར་རྟོགས་པའི་ཡོན་ཏན་མེད་བཞིན་དུ་གཞན་གྱི་བླ་མ་ལྟར་བརྫུ་བ་ནི་ཤིན་ཏུ་ཉེས་པ་ཆེའམ་སྙམ་ན། འདི་ལ་གཉིས་ཡོད་དེ། རང་གི་རྙེད་བཀུར་གྲགས་པ་འདོད་པ་དང༌། རང་གཞན་ལ་ཆགས་སྡང་གི་དབང་དུ་སོང་བ་ཡིན་ན། ངན་འགྲོའི་གཏིང་རྡོ་ཡིན། གཅིག་ཏུ་བསྟན་པ་དང་དགེ་འདུན་ལ་ཕན་པའི་བསམ་པ་སྙིང་ཐག་པ་ནས་གཞན་དོན་སྐྱོང༌། དངོས་སུ་ཡང་ཕན་ཐོགས་ངེས་པ་རྣམས་བྱ། དད་རྫས་ལ་སོགས་པ་ལོངས་སྤྱོད་པར་མི་འོས་པ་རྣམས་ལ་ཅི་ནུས་ཀྱིས་འཛེམ་ཞིང༌། ཡོ་བྱད་ཐམས་


TNT01_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དགེ་བར་བསྒྱུར་བ་དང༌། འཕྲན་བུ་མི་སྤྱོད་ཀ་མེད་རྣམས་གཞན་ལ་ཕན་ན་བདག་ཉིད་ཉེས་པར་གྱུར་ཀྱང་སླ་སྙམ་པའི་བདག་གཞན་བརྗེ་བ་དང༌། འདི་ནི་མི་འོས་པའི་བྱ་བ་ཞིག་གོ་སྙམ་པས་བཤགས་པ་དང་སྒྲིབ་སྦྱོང་ལ་འབད་པར་བྱས་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་ཅན་དུ་འགྲོ་བ་ཡིན། སོ་སོ་སྐྱེ་བོའི་གཞན་དོན་ཕལ་ཆེར་དོན་མེད་དུ་འགྲོ་བ་མ་ཡིན་ནམ་སྙམ་ན། དངོས་སུ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་ཐུབ་པ་ཉུང་བ་ལ་དགོངས་པ་ཡིན་གྱི། དེ་མིན་ཆོས་ཀྱི་འབྲེལ་བ་ཐོགས་ཕྱིན། ཕུགས་དོན་མེད་དུ་འགྲོ་བ་མི་སྲིད། ཡང་གཞན་དོན་གྱི་གནས་སྐབས་སུ་རང་ལ་བཟང་འཛིན་གྱུར་ན། ཏིང་ངེ་འཛིན་མཐོ་རབ་ཡོད་ཀྱང་ཕུང་འགྲོ་ན། གཞན་ལྟ་ཅི་སྨོས། དེ་འཇོམས་པ་ལ་འདི་ལྟར་བསམ་དགོས། ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་མེད་བཞིན་དུ་སྣང་བ་ལ། ང་རྒྱལ་དང་བཟང་འཛིན་སྐྱེ་བ་ལས་གཡས་ཆུང་བ་ཅི་ཡོད། རྨི་ལམ་དུ་རྒྱལ་སྲིད་ཐོབ་པ་ལ་རྒྱལ་པོར་རློམ་པ་དང་འདྲ། གལ་ཏེ་བདེན་པར་ཡོད་དུ་ཆུག་ཀྱང༌། སངས་རྒྱས་བྱང་ཆུབ་སེམས་དཔའི་མཛད་པ་སོགས་ལ་བརྟགས་ན། ཁྱོད་ཀྱི་འདི་ཙམ་གྱི་ཅིར་ཡང་མི་ཕྱིན། གཞན་དོན་ཡིན་པའི་རྒྱུ་མཚན་ཡང་མི་གདའ། འཕྲལ་གྱི་ཕུན་ཚོགས་དང་ལང་ལོང་ནི། མི་སྡིག་ཅན་དམྱལ་བར་འགྲོ་ཁ་མ་འདྲ་ལའང་གདའ་འོ། །


TNT01_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རང་གི་རང་ལ་བརྡ་སྦྱོར་དགོས། ཡང་ཉམས་ལེན་དང་གཞན་དོན་སྤྱོད་པས་ངལ་བ་དང༌། སྒྱིད་ལུག་པར་གྱུར་ན་འདི་ལྟར་བསམ་སྟེ། རྒྱལ་བ་སྲས་བཅས་རྣམས་ཀྱི། གཞན་དོན་དུ་སྐུ་དང༌། རྒྱལ་སྲིད་སྦྱིན་པར་བཏང་བ་ལ་ཡང་གྲངས་མེད། ཏིང་ངེ་འཛིན་གྱི་དོན་དུ་ཞབས་ཡ་གཅིག་བཙུགས་ཏེ། ལོ་བརྒྱད་ཁྲིར་བཞུགས་པ་སོགས་མཛད་སྣང༌། ཁྱོད་ཀྱིས་འཁོས་འདིས་བྱང་ཆུབ་ཏ་ག་ལ་ཐོབ། ལྟོ་གོས་དང་ནོར་དང་གཏམ་གྱི་ཕྱིར་དུ་ཅི་ཡང་ཞིག་བྱེད་ནུས་པ་ལ། ཆོས་ཕྱིར་དཀའ་བ་ཅུང་ཟད་ཞིག་ཀྱང་སྤྱོད་མི་ནུས་པ་འཁོས་འདི་འདྲའམ། ཞེས་དྲན་པར་བྱའོ། །འདིར་སྨྲས་པ། ཧ་ཅང་སྐྱོ་ཤས་ཆེ་ན་ཡི་མུག་ཡིན། །དེས་ཀྱང་མི་ཕན་སྤྲོ་བ་སྐྱེད་པ་གཅེས། །མི་ལུས་ཐོབ་ཅིང་དམ་པའི་ཆོས་དང་མཇལ། །བླ་མས་རྗེས་བཟུང་འདི་ལས་སྐྱིད་པ་ཅི། །ཧ་ཅང་སྤྲོ་ན་རྣམ་གཡེང་རྒོད་བག་ཡིན། །ངེས་འབྱུང་སྒོམ་པས་དེ་ལ་གཉའ་གནོན་མཛོད། །ཞུམ་པར་གྱུར་ན་གཟེངས་བསྟོད་འདི་ལྟར་བསམ། །ཚུལ་བཞིན་བསྒྲུབས་ན་དུད་འགྲོའི་ལུས་ཀྱིས་ཀྱང༌། །བྱང་ཆུབ་མཆོག་གི་ལམ་དུ་ངེས་འཇུག་ན། །བདག་གིས་ཅི་ཕྱིར་མི་ནུས་ཞེས་སུ་བསམ། དྲེགས་པ་སྐྱེས་ན་རང་གི་གནས་ཚུལ་ལ། །དྲང་པོར་བསམས་པ་ཉིད་ཀྱིས་ཞི་བར་འགྱུར། །ཀུན་ཀྱང་ཐམས་ཅད་སྟོང་


TNT01_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་ལ། །བཟང་ངན་མཐོ་དམན་བདེ་སྡུག་ཡོད་མེད་པས། །སྤྲོས་བྲལ་དབྱིངས་ལ་མཉམ་པར་བཞག་གྱུར་ན། །གེགས་དང་གོལ་ས་ཐམས་ཅད་རང་གྲོལ་ཡིན། །ཞེས་པ་འདི་ནི་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཉེ་བར་གདམས་ཏེ། ངོ་མཚར་ཅན་གྱི་དམ་ཆོས་འདི། ཁྱོད་ཀྱི་ཐུགས་སུ་སོན་པ་དང༌། །ཤཱཀྱའི་མཚན་འཆང་རྒྱལ་དཻས་ཀྱང༌། །ངེས་པར་བྱིན་གྱི་རློབས་པར་འགྱུར། །ཤར་ཕྱོགས་ཡངས་པའི་རྒྱལ་ཁམས་སུ། །དོན་གཉིས་རླབས་ཆེན་འགྲུབ་པ་དང༌། །མྱུར་དུ་བླ་མའི་ཞབས་བསྟེན་ནས། །བསྟན་ལ་བྱ་བ་བྱེད་པར་ཤོག །མངྒ་ལཾ།། །།


previousཉམས་ལེན་གནད་བསྐུལ་གྱི་རིམ་པ། next