Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉམས་ལེན་སྒྲུབ་པའི་མན་ངག་མདོ་ཙམ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉམས་ལེན་སྒྲུབ་པའི་མན་ངག་མདོ་ཙམ་བཀོད་པ།next

ཉམས་ལེན་སྒྲུབ་པའི་མན་ངག་མདོ་ཙམ་བཀོད་པ།


TNT01_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དགོས་འདོད་ཀུན་འབྱུང་བླ་མ་ལ། །ལུས་ངག་ཡིད་གསུམ་ཕྱག་འཚལ་ནས། །ཉམས་ལེན་སྒྲུབ་པའི་མན་ངག་ཅིག །མདོ་ཙམ་བདག་གིས་གསོལ་བར་བགྱིད། །དེ་ལ་འཁོར་བ་ཐམས་ཅད་སྡུག་བསྔལ་ཡིན་པས། སེམས་རྒྱུད་ཆོས་སུ་སོང་བ་ཞིག་མ་བྱུང་ན། གཞན་འཁོར་བའི་ཕུན་ཚོགས་གང་གིས་ཀྱང་ཕན་མེད། ནམ་འཆི་ཆ་མེད་མི་ལུས་རྙེད་དཀའ་བས་ཆོས་ཉམས་ལེན་ལ་ཕྱི་ཤོལ་བྱེད་མི་ཉན། རྒྱལ་སྲིད་ཀྱི་འབྱོར་པ་ཕུན་ཚོགས་ཅི་དགར་བོར་བ་ནི་སྙིང་སྟོབས་མཆོག་ཏུ་གྱུར་པ་ལགས་མོད། དེ་ཉིད་ལ་དགོས་པ་བླ་ན་མེད་པའི་བྱང་ཆུབ་རང་དོན། ཆོས་ཀྱི་སྐུ་སྤྲོས་བྲལ་གྱི་དབྱིངས་རྟོགས་པ་དང༌། གཞན་དོན་འཁོར་བ་མ་སྟོངས་ཀྱི་


TNT01_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ནམ་མཁའི་མཐས་གཏུགས་ཀྱི་འགྲོ་བ་ཐར་པར་འདྲེན་པ་ཡིན་པས། དེ་གཉིས་ལ་ཐུགས་གཅིག་ཏུ་བརྣགས་པར་འཚལ། སྲིད་པ་སྙིང་པོ་མེད་པ་ལ་སྙིང་པོའི་དོན་བླང་པའི་ཕྱིར། རྩེ་གཅིག་ཏུ་སྒྲུབ་ཏུ་ཡོང་ཞེས་སྐལ་པ་བཟང༌། དེ་ཡང་ཚེ་འདི་ཕྱིའི་འཁོར་བ་ལ་ཞེན་པ་ཡོད་ན་ཆོས་རྣམ་དག་ཏུ་མི་འགྱུར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མ་འབྱོངས་ན་ཐེག་དམན་དུ་གོལ། ཕྱོགས་འཛིན་དང་ཆགས་སྡང་གི་དབང་ལས། རང་རྒྱུད་མ་དུལ་ན་ཆོས་ཀྱི་དགོས་པ་སྟོར། སྣང་གྲགས་ལ་བདེན་པར་འཛིན་ན་གནས་ལུགས་ཀྱི་དོན་མི་རྟོགས། དེས་ན་ཅིས་ཀྱང་དགོས་མེད་ཀྱི་ངེས་འབྱུང་དང་གཅིག བཟོད་མེད་ཀྱི་སྙིང་རྗེ་ཤུགས་དྲག་དང་གཉིས། དག་སྣང་གི་འཁོར་ལོ་བསྐོར་བ་དང་གསུམ། ཨ་འཐས་ཀྱི་འཁྲུལ་པ་བཤིག་པ་དང་བཞི། ཆོས་བཟང་པོ་འོང་མི་འོང་བཞི་པོ་འདི་ཡོད་མེད་ལ་རག་ལས། ཁྱད་པར་དངོས་གྲུབ་ཀྱི་རྩ་བ་བླ་མ་དམ་པ་ཡིན། བློ་རྩེ་གཉིས་ལ་བྱིན་རླབས་མི་འབྱུང་བས། རྩ་བའི་བླ་མ་གཅིག་ཁོ་ན་ལ་གསོལ་བ་བཏབ་པས། རྩ་བརྒྱུད་ཀྱི་བླ་མ་ཡིན་ཚད་ཀྱི་བྱིན་རླབས་འཇུག མོས་གུས་དེ་ཡང་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཤེས་པའི་ལྟག་ཚན་ཆེ་བ། གདུང་ཤུགས་དྲག་པོས་ངར་རྣོ་བ། ཅི་མཛད་གཞན་དོན་དུ་མཐོང་བའི་ངོས་རྒྱས་པ། གང་ལ་ཡང་དཔྱད་པ་མི་བྱེད་པའི་


TNT01_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཆོད་པ་སྟེ། བཞི་པོ་དེ་ཚང་ན། རྟོགས་པ་མི་སྐྱེ་བའི་ཐབས་མེད། རྩ་བ་མོས་གུས་རང་ལ་འདུས། གཞན་ཡང་དེང་སང་གི་སྒོམ་ཆེན་པ་ཕལ་ཆེར། བསྐྱེད་རིམ་བཟླས་སྒོམ་ལ་གཡས་ཆུང་ངུ་བྱེད། ཡང་སྟོང་ཉིད་ཁོ་ན་ལ་གདེང་ཡོད་དམ་སྙམ་ན། བསྲུང་པ་དང་འདྲེ་འདུལ་སོགས་སྔགས་ཐུ་ཐུ་དང༌། གདམས་ངག་སད་སུད་ཅིག་ལ་ཀ་རེ་སྟེ། དེ་གཉིས་འགལ་བ་ཡིན། རྡོ་རྗེ་འཆང་གིས་རྒྱུད་ཐམས་ཅད་དུ་བསྐྱེད་རིམ་གལ་པོ་ཆེར་གསུངས། དག་སྣང་གི་འཁོར་ལོ་བསྐོར་བ་ལ་ཤིན་ཏུ་ཟབ། དེས་ན་ལུས་ལ་བྱིན་རླབས་འཇུག་པའི་དོན་དུ་བསྐྱེད་རིམ། ངག་ལ་ནུས་པ་རྙེད་པའི་དོན་དུ་བཟླས་བརྗོད་ལ་ནན་ཏན་དུ་ཞུ། བསྐྱེད་རིམ་རྒྱས་འབྲིང་བསྡུས་གསུམ་རང་གི་བློ་དང་འཚམ་པར་སྒོམ་པ་ལས། ཁབ་མིག་ཏུ་མཛུག་གུ་འཇུག་པ་བཞིན་མི་དགོས། རླུང་སེམས་ཀྱི་འཇུག་པ་མ་དག་ན་སེམས་ཀྱི་འཁྲུལ་པ་མི་ཞིག དེས་ན་རྫོགས་པའི་རིམ་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་མན་ངག་ཞལ་ཤེས་དང་བྱིན་རླབས་ཀྱི་བཀའ་བབས་སུ་ལྡན་པ་ལ་ནན་ཏན་དུ་སྒྲུབས་པས། རླུང་སེམས་ལ་འཇུར་བ་ཞིག་དགོས། རི་ཁྲོད་དུ་རྫོགས་རིམ་སྒོམ་པ་ལ། ལུས་སྦྱོང་ཀྱང་གེགས་སེལ་དང་བོགས་འདོན་དུ་གལ་ཆེ་བ་ཞིག་འདུག དེ་ཐམས་ཅད་ཀྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་གནས་ལུགས་ཀྱི་དོན་རྟོགས་པ་ལ་འགྲིལ་བ་


TNT01_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། འདིའི་མན་ངག་ནི་སེམས་མ་བཅོས་སོ་མར་འཇོག་པ་ཁོ་ནར་འདུག རང་རིག་རང་གསལ་རྗེན་ནེ་བ་ལ་གནས་པ་འདི་ཞི་གནས་སྐྱོན་མེད་པ་ཡིན། དེ་ལ་བརྟེན་ཏེ་རང་སེམས་ཀྱི་གནས་ལུགས་རྟོགས་པའི་ཐབས་ལ་འབད་དགོས་པ་ཡིན་ལ། སེམས་ཀྱི་གནས་ལུགས་དེ་ནི་གཞི་གདོད་མ་ནས་ཅིར་ཡང་མ་གྲུབ་ཀྱང་འདུག་པ་དེའི་རང་ཞལ་ལྟ་ཤེས་ན་སྒོམ་ཆེན་དུ་སླེབ་པ་ཡིན། དེ་ཉིད་རྟག་ཏུ་འཁྱོངས་ན་སྒོམ་ལམ་དུ་ལོངས་པ་ཡིན། སྒོམ་ཡང་མ་དགོས་ན་གནས་ལུགས་ལྷོད་དུ་གྱུར་པ་ཡིན་པས། དེ་སྲིད་དུ་ནན་ཏན་འཚལ། དེས་ན་ད་ལྟར་ཐུན་གྱི་གནས་སྐབས་སུ་བླ་མའི་མོས་གུས་ལ་གཞི་བྱས། ཕྱག་རྒྱ་ཆེན་པོ་ལ་མཐིལ་དུ་བྱས། བསྐྱེད་རྫོགས་གཞན་རྣམས་ལ་བོགས་འབྱིན་དུ་བྱས་ཉམས་སུ་བཞེས་པ་དང༌། ཐུན་མཚམས་སུ་ཕྱག་དང་མཆོད་པ་སྨོན་ལམ་ཀློག་པ་སོགས་ཆོས་སྤྱོད་ཀྱི་རིམ་པ་ལ་ཡང་གང་འགྲུས་སུ་འཚལ་ཞིང༌། དགེ་སྦྱོར་ཐམས་ཅད་བཟང་འཛིན་དང་ཞེན་པས་མ་བཅིངས་པའི་ངང་ནས་སྤྱོད་པ་ཞུ། དམ་པ་རྣམས་ཀྱིས་གཅིག་ནས་གཅིག །འབད་པས་གདམས་པའི་སྙིང་གཏམ་ཡང༌། །འདི་ལས་གཞན་ན་ཡོད་མིན་པས། །ཐུགས་ལ་ཆོངས་ཤིག་སྐལ་ལྡན་མཆོག། །།ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་གདམས་པའོ། །མངྒལཾ། །


previousཉམས་ལེན་སྒྲུབ་པའི་མན་ངག་མདོ་ཙམ་བཀོད་པ།next