Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སློབ་བུ་དགེ་འདུན་དཔལ་འཕེལ་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསློབ་བུ་དགེ་འདུན་དཔལ་འཕེལ་ལ་གདམས་པ།next

སློབ་བུ་དགེ་འདུན་དཔལ་འཕེལ་ལ་གདམས་པ།


TNT01_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་རྣམས་ལ་གུས་བཏུད་ནས། །ཉམས་ལེན་གདམས་པ་མདོ་ཙམ་ཞིག །བུ་ཡི་དོན་པོ་ཁྱོད་ལ་གདམས། ཁྱོད་ཀྱི་ཐུགས་དང་འཕྲོད་པར་སྨོན། །ད་རེས་རྟེན་མི་ལུས་ཁྱད་པར་ཅན་ཐོབ་པ་ལ་ཉམས་ལེན་སྒྲུབ་པ་སྙིང་པོར་བྱེད་པ་གལ་ཆེ་ཞིང༌། དེ་ཡང་གང་སྣེ་ཟིན་ཟིན་ནས་སྒོམ་པས་ཀྱང༌། དོན་ཆེན་པོ་འགྲུབ་པ་སྲིན་མོད་ཀྱི། འོན་ཀྱང་ཉམས་ལེན་ལ་རྐང་སྒྲིལ་རྒྱུ་ཡོད་པ་གལ་ཆེ། དེས་ན་རེ་ཞིག་རྒྱུད་སྡེ་ནས་བཤད་པའི་དྲོད་མ་ཐོབ་ཀྱི་བར་དུ་ཉམས་ལེན་ཁྲིགས་ཆགས་ལམ་གྱི་ལུས་ཚང་བ་ཞིག་ངེས་པར་དགོས། དྲོད་ཐོབ་པ་ཡན་ཆད་ཉམས་ལེན་ལ་རྐང་གྲངས་མེད། ཁྲིགས་ཆགས་ཐམས་ཅད་ཞིག་པ་ཡིན་མོད་ཀྱི། གྲུབ་པའི་སྤྱོད་པ་ཡིན་པས། རང་ཅག་ལས་དང་པོ་པས་དེ་མི་འཆུན། འདིར་ལམ་ཆ་ཚང་བའི་ཚད་ཀྱང་གང་ཡིན་སྙམ་ན། ཚེ་འདི་ལྟ་ཅི་སྨོས། འཁོར་བ་མཐའ་དག་ལ་བློ་གཏིང་ནས་ལོག་པའི་ངེས་འབྱུང༌། ཅི་བྱེད་གཞན་དོན་དུ་འགྱུར་བའི་བྱང་སེམས་དང༌། བླང་དོར་འགལ་འཁྲུལ་མེད་པའི་སྤྱོད་པ་རྣམས་ལམ་གྱི་གཞི་རྟེན་ཤིན་ཏུ་གལ་ཆེ། ལམ་གྱི་དངོས་གཞི་དབང་གིས་རྒྱུད་སྨིན་པ་དང༌། བསྐྱེད་རིམ་ལྷ་སྒོམ་སྔགས་བཟླས་ཀྱི་བྱིན་རླབས་ཞུགས་པ་དང༌། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་བདེ་གསལ་གྱི་ཉམས་ཤར་བ་དང༌། དེ་ཐམས་ཅད་འཛིན་ཞེན་དང་བྲལ་


TNT01_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྟ་བས་རྒྱས་ཐེབས་པ་སྟེ་བཞི་པོ་དེ་རྣམས་ཚང་དགོས། དེ་ཀུན་ཡང་ཆོས་རྒྱུད་ཐ་དད་པ་སྣ་ཚོགས་ཀྱི་འཁོ་འཁོ་བསྡུས་པ་ཙམ་མ་ཡིན་པ། བཀའ་བབས་ཀྱི་ཆུ་བོ་གཅིག་ལས་བྱུང་བ་གལ་ཆེ། སྙིང་པོ་ལག་ལེན་དུ་དྲིལ་བ་ལ་ཐུན་བཞིར་དགེ་སྦྱོར་གང་བྱེད་ཀྱང་ཐོག་མར་ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་ཡིད་འགྱུར་བ་ཐོན་ངེས་པ་དང༌། བར་བར་ཐམས་ཅད་དུ་ངེས་འབྱུང་དང་སྙིང་རྗེས་བསྐུལ་མ་འདེབས་པ་གལ་ཆེ། ཐུན་བཞིར་བསྐྱེད་རྫོགས་ཀྱི་ཉམས་ལེན་ཆ་ཚང་བར་སྒོམ་ཞིང༌། གཏུམ་མོ་སོགས་རྫོགས་རིམ་ལ་གནད་དུ་བསྣུན་པ་སྟེ། ལམ་མྱུར་ཁྱད་ཟབ་ཅིང་གལ་ཆེ་བ་ཞིག་ལགས་ནའང༌། རང་རེ་ན་ཚོད་བག་ཙམ་ཀྱང་སོང༌། ཉམས་མྱོང་ཅན་གྱི་བླ་མ་དང་ཡང་ཐག་རིང་པས། གེགས་སེལ་བོགས་འདོན་སོགས་ཇི་བཞིན་ཡོང་བ་དཀའ་བའི་ཕྱིར། རྫོགས་རིམ་ཐུན་མ་ཆག་ཙམ་ལ་ཆོག་ཤེས་བྱ་ཞིང༌། བཅུར་བཅུར་མ་ཡིན་པའི་ངོས་ནས། ལྷ་སྒོམ་སྔགས་བཟླས་གང་འགྲུབ་དང༌། ཐུན་མཚམས་སུ་ཆོས་སྤྱོད་དགེ་སྦྱོར་ཡང་མ་སུན་པའི་ངོས་ནས་ཅི་འགྲུབ་བྱ། ཐུན་ཐུན་མཚམས་དགེ་སྦྱོར་སྤྱོད་ལམ་ཐམས་ཅད་དུ་གང་ཤར་ངོས་གཟུང་ཐམས་ཅད་བྲལ་བ་ལ་མ་བཅོས་སོ་མ་ཀློང་ཡངས་སུ་སྐྱོང་བ་གལ་ཆེ། རྣམ་པར་མི་རྟོག་པའི་མཉམ་བཞག་སྐྱོང་ཐུབ་ན་རྟག་འགྲུས་སུ་འཚལ་ཞིང༌། ཁྱད་པར་བླ་མའི་


TNT01_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་དྲག་པོ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་རྣམ་པ་ཀུན་གལ་ཆེ། མདོ་འདོན་པ་དང༌། གཏོར་མ་གཏོང་བ་དང༌། ཕྱག་མཆོད་སཱཙྪ་གདབ་པ་སོགས་ཀྱང་ནུས་ན་གང་འགྲུབ་བྱ་ཞིང༌། དགེ་བ་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་བསྔོ་བས་རྒྱས་ཐེབས་པ་ལ་གཅིག་ཏུ་ནན་ཏན་འཚལ། ཚེ་སྤེལ་བ་སོགས་འདོད་ལྷ་འཕྲན་བུའི་བསྙེན་བསྒྲུབ། བསྐྱེད་རྫོགས་དངོས་གཞི་ཚར་རེ་སོང་བའི་གཞུག་ཏུ། སྔར་གྱི་དེ་ཁའི་རྩིས་ཟིན་པའི་ཁོག་ནས་བྱེད་པ་གལ་ཆེ། རང་གི་དགེ་སྦྱོར་མ་ཆགས་པའི་ངོས་ནས་གཞན་ཕན་ཅུང་ཟད་འགྲུབ་ནའང་འགལ་བ་མེད་པས་འཚམས་པར་རེ་མཛད་པར་ཞུ། སྙིང་པོ་རང་རེའི་མི་ཚེ་འཕྲོ་ཅི་ཡོད་དམ་པའི་ཆོས་ལ་ཆིག་འགྲིལ་དུ་འཁྱོལ་པ་ཞིག་མ་བྱུང་ན། ཅིས་ཀྱང་མི་ཕན་པ་ལ་བློ་ཆེ་གཏོད་དགོས་པ་ལགས་སོ། ཁྱེད་ལ་གདམས་པ་ཇི་བཞིན་དུ། ཁོ་བོའང་དེ་ལྟར་སྨོན་པ་ལགས། །འོ་སྐོལ་སྤྱོད་ཚུལ་གཅིག་གྱུར་པས། །སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་དོན་ལྡན་གྱི་སློབ་བུ་དགེ་འདུན་དཔལ་འཕེལ་ལ་གདམས་པའོ།། །།བཀྲ་ཤིས། །


previousསློབ་བུ་དགེ་འདུན་དཔལ་འཕེལ་ལ་གདམས་པ།next