Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལས་སྟོད་སྤ་ལུང་གི་རྣལ་འབྱོར་པ་འགའ་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་སྟོད་སྤ་ལུང་གི་རྣལ་འབྱོར་པ་འགའ་ལ་གདམས་པ།next

ལས་སྟོད་སྤ་ལུང་གི་རྣལ་འབྱོར་པ་འགའ་ལ་གདམས་པ།


TNT01_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཕ་གཅིག་ཆོག་རྒྱལ་པོ་བླ་མ་ལ། །དུས་རྒྱུན་ཆད་མེད་པར་གསོལ་བ་འདེབས། །བདག་བུ་སློབ་ཀྱི་བློ་སྣ་ཆོས་ལ་བསྒྱུར། །སེམས་མཁའ་ཁྱབ་རྟོགས་པར་བྱིན་གྱིས་རློབས། །དུས་ད་རེས་མཐུན་


TNT01_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཀུན་འཛོམ་ཞིང༌། །མཚན་ལྡན་རྗེ་དང་མཇལ་བ་དང༌། གདམས་ངག་ཟབ་དགུ་ཐོབ་དུས་འདིར། །དོན་མེད་དུ་མ་ལུས་པ་ཅིས་ཀྱང་འཚལ། །ལུས་ཤ་ཁྲག་འདུས་པའི་ཕུང་པོ་ལ། །རྟག་འཛིན་གྱི་ཡིད་བརྟན་མི་རུང་བས། །དགེ་སྦྱོར་ཕྱི་ཤོལ་མ་བྱེད་པར། །འཕྲལ་འཕྲལ་དུ་ལག་ལེན་ལ་ཐེབས་པར་མཛོད། །ཉམས་སུ་མ་མྱོང་བའི་སྟོང་ཤོབ་ཅན། །སྟོང་ཉིད་ཀྱི་རྦད་གོག་ཁར་ཁྱེར་ནས། །ནག་པོ་ཁ་འབྱམས་སུ་སོང་ཉེན་གདོག །ལས་འབྲས་ལ་ཞིབ་ཏིག་གལ་རེ་ཆེ། །མོས་གུས་གདུང་བ་རྒྱུན་ཆད་མེད། །བླ་མའི་གསོལ་འདེབས་ལ་ནན་ཏན་མཛོད། །དེ་ལའང་བདེན་ཞེན་མི་འཚལ་ཏེ། །བླ་མའང་རང་སེམས་ལས་ལོགས་ན་མེད། །རང་ངོ་མ་ཤེས་པས་འཁོར་བར་འཁྱམས། །ཚུགས་མེད་ཀྱི་སྙིང་རྗེ་གལ་རེ་ཆེ། །བདེན་མེད་ཀྱི་འཁྲུལ་པས་བསླུས་པ་ཡི། །བདེ་སྡུག་ཀུན་རྨི་ལམ་ལྟ་བུར་ལྟོས། །རང་སེམས་ཐ་མལ་གྱི་ཤེས་པ་འདི། །བཅས་བཅོས་མི་དགོས་ཆོས་སྐུ་ཡིན། །རྣམ་རྟོག་གི་འཆར་སྒོ་ཅི་ཤར་ཡང༌། ཆུ་དང་རླབས་བཞིན་གོ་བར་གྱིས། །སྤྱོད་པ་ཞིབ་རྩིང་ཇི་ལྟར་ཡང༌། །ངོ་ལྐོག་གི་རྫུན་རིབ་མི་འཚལ་ཏེ། །དེ་ཡང་ཆོས་དང་མཐུན་པ་གཅེས། །ཆོས་འགལ་གྱི་སྒོམ་ཆེན་ཕཊ་ཚར་རེ། །སྒོམ་པ་འཁོར་


TNT01_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ཡུག་རྒྱུན་ཆགས་ཏེ། །བྱར་མེད་ལས་མེད་གལ་རེ་ཆེ། །དེ་ཡང་རྩོལ་མེད་ཀྱི་དྲན་པས་བཟུང༌། །མུན་ཐོམ་དུ་ལུས་ན་ཐེ་ལེ་ལེ། །འབྲས་བུ་རང་སེམས་སངས་རྒྱས་འདི། །གཞི་ཐོག་ཏུ་ཟོབ་སྟོང་ལམ་ལས་ཤིང༌། །རེ་དོགས་ཀྱི་གཡང་སར་མ་ལྷུང་པ། །ཐག་ཆོད་ཀྱི་ཤེས་པའི་ངེས་ཤེས་དགོས། །གང་སྣང་ཐམས་ཅད་ཆོས་སྐུ་ལ། །ཕྱོགས་འཛིན་གྱི་དབྱེ་བ་མེད་ལགས་མོད། །གཅམ་བུའི་དག་སྣང་འདིས་རང་ཚུགས་སྐྱེལ། །བླ་མའི་བརྒྱུད་པ་ཟིན་པར་མཛོད།། །།ཅེས་པ་འདི་ནི་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པ་སྟེ། ལས་སྟོད་སྤ་ལུང་གི་རྣལ་འབྱོར་པ་འགའ་ལ་གདམས་པའོ།། །།


previousལས་སྟོད་སྤ་ལུང་གི་རྣལ་འབྱོར་པ་འགའ་ལ་གདམས་པ།next