Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དད་ལྡན་བདེ་སྐྱིད་དཔལ་འཛོམ་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདད་ལྡན་བདེ་སྐྱིད་དཔལ་འཛོམ་ལ་གདམས་པ།next

དད་ལྡན་བདེ་སྐྱིད་དཔལ་འཛོམ་ལ་གདམས་པ།


TNT01_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། མཚན་ལྡན་བླ་མ་རྗེ་ལ་འདུད། །དད་ལྡན་མོས་པའི་སློབ་མ་ལ། །དོན་ལྡན་གདམས་པ་ཅུང་ཟད་


TNT01_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །ཆོས་ལྡན་བྱ་བའི་ངང་ནས་བསྲིངས། །ངེས་མེད་འཇིག་རྟེན་གྱི་བྱ་བཞག་འདི། །རྨི་ལམ་དུས་ཀྱི་ལོངས་སྤྱོད་བཞིན། །བདེན་བདེན་འདྲ་ཡང་སྙིང་པོ་མེད། །བདེན་འཛིན་གྱི་ཞེན་པ་མི་འཚལ་ལོ། །རྙེད་དཀའ་མི་ལུས་ཀྱི་རིན་ཆེན་ལ། །དགེ་ལེགས་ཀྱི་ཁྱེ་ཕོགས་མ་ཐོན་ན། །དུད་འགྲོའི་འགྲོ་བ་དང་ཁྱད་མ་མཆིས། །སྒོ་གསུམ་དགེ་ཕྱོགས་ལ་འབུང་བ་ཞུ། །མངའ་ཐང་དང་ལོངས་སྤྱོད་ཆེར་མཆིས་ཀྱང༌། །ཚེ་ཕྱི་མར་ཕན་པ་མི་གདོག་ཅིང༌། །འཆི་བ་ཡང་ནམ་ཡོང་ཆ་མེད་པས། །འཕྲལ་འཕྲལ་དུ་དཀར་ཕྱོགས་ལ་འབད་པ་ཞུ། །རང་གཞན་གྱིས་གཅེས་པར་བཟུང་པ་ཡི། །ལུས་འདི་ཡང་ནམ་ཞིག་ངེས་པར་འཇིག །གཉེན་བུ་རྟ་སོགས་ལྟ་སྨོས་ཅི་དགོས། །ཚེ་འདི་ལ་མ་ཆགས་ཟབ་དོན་བསྒོམས། །འཁོར་བའི་སྡུག་བསྔལ་ནི་ཕ་མཐའ་མེད། །གར་སྐྱེལ་རང་དབང་མ་མཆིས་ཤིང༌། །ཕྱི་མའི་བདེ་སྡུག་ནི་ལས་ལ་རག །སྡིག་ལས་ལ་ཅིས་ཀྱང་འཇོམ་པར་ཞུ། །གཞན་གང་གི་ཕྱིར་དུ་སྡིག་བསགས་ཀྱང༌། །ངན་སོང་ལ་བགོ་བཤའ་བྱེད་ཐབས་མེད། །རྣམ་སྨིན་རང་ཉིད་ཀྱིས་འཁུར་དགོས་པས། །གཞན་ཕྱིར་དུ་སྡིག་གསོག་མི་འཚལ་ལོ། །སྣང་ཚད་རང་སེམས་ཀྱི་སྣང་བ་ཡིན། །


TNT01_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤར་ལ་དྲན་པའི་སོ་བས་ཟུང༌། །བྱར་མེད་ཀྱི་ངང་དུ་ལྷོད་ཀྱི་ཀློང༌། །རང་གྲོལ་གྱི་རྟོགས་པ་ནང་ནས་འཆར། །འགྲོ་དྲུག་དྲིན་ཅན་གྱི་ཕ་མ་ལ། །བྱམས་སྙིང་རྗེ་ཕྱོགས་དུས་མེད་པར་བསྒོམ། །རང་འདོད་ཀྱི་ངན་སེམས་ཤིག་གིས་བཤིག །ཕན་སེམས་བདེ་འབྱམ་གྱི་ངང་ལ་བཞག །མཛའ་བཤེས་ཀྱི་ཕྱི་རྗེས་མཐར་ཐུག་ཀྱང༌། །ཕྱི་ནས་དགེ་བ་ལ་འབད་པ་དཀོན། །གཞན་བྱས་ཀྱི་དགེ་བས་ཀྱང་མི་ཕན་པས། །དགེ་བ་བདག་ཉིད་ཀྱིས་སྒྲུབ་པར་ཞུ། །འཕྲལ་དཀོན་མཆོག་གསུམ་ལ་མཆོད་པ་དང༌། །ལུས་ཡི་དམ་ལྷ་སྐུར་བསྒོམ་པ་དང༌། །ངག་འཁྱལ་པས་མི་འདའ་གཟུངས་སྔགས་བགྲང༌། །ཡིད་ཕྱག་ཆེན་དང་སྙིང་རྗེ་ཟུང་འཇུག་སྒོམ། །འཕྲལ་ལོ་དུས་སུ་སྦྱིན་པ་རྒྱ་ཆེན་གཏོང༌། །དུས་ཟླ་རེར་བསྙེན་གནས་ཡང་ཡང་ལེན། །གཞན་ཉིན་ཞག་སོ་སོར་ཕྱག་མཆོད་བརྩོན། །ཚེ་འདི་ཕྱི་གཉིས་ཀར་བདེ་བ་ལགས། །དེ་ཀུན་གྱི་རྩ་བ་མོས་གུས་ཡིན། །མཚན་ལྡན་བླ་མ་རིན་ཆེན་ལ། །བློ་ལིངས་ཀྱི་བཀལ་ལ་གསོལ་བ་ཐོབ། །ཐེ་ཚོམ་གྱི་རྟོག་དཔྱོད་མི་འཚལ་ལོ། །ཆོས་ཐམས་ཅད་རང་གི་བློས་བྱས་ཡིན། །མོས་གུས་ཀྱི་སྣང་བ་དང་མ་བྲལ་ན། །རྟག་ཏུ་བླ་མ་དང་འགྲོགས་པ་ལགས། །ཉེ་རིང་གི་དཔྱད་པ་མི་འཚལ་ལོ། །ཐུགས་ཡིད་


TNT01_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དུ་གསོལ་བ་བཏབ། །རང་སེམས་དང་བླ་མ་དབྱེར་མེད་པ། །འདུ་འབྲལ་མེད་པར་རྟོགས་ཙ་ན། །མཐར་ཐུག་གི་རྟོགས་པ་ངང་གིས་འཆར།། །།ཞེས་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས། །དད་ལྡན་བདེ་སྐྱིད་དཔལ་འཛོམ་ལ་གདམས་པའོ། །དགེའོ། །


previousདད་ལྡན་བདེ་སྐྱིད་དཔལ་འཛོམ་ལ་གདམས་པ།next