Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔོན་མོ་ནམ་མཁའ་རྒྱལ་མོ་ལ་ཆོས་ཀྱི་འཕྲིན་དུ་བསྐུར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔོན་མོ་ནམ་མཁའ་རྒྱལ་མོ་ལ་ཆོས་ཀྱི་འཕྲིན་དུ་བསྐུར་བ།next

དཔོན་མོ་ནམ་མཁའ་རྒྱལ་མོ་ལ་ཆོས་ཀྱི་འཕྲིན་དུ་བསྐུར་བ།


TNT01_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །གང་ལ་བདུད་བཞི་བཅོམ་པའི་དཔལ། །ཟས་གཙང་སྲས་ཀྱིས་འདི་སྐད་ཅེས། །བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །དྲེགས་ལྡན་དབང་གིས་ཕྱུག་པ་ཡང༌། །མི་རྟག་གདོན་གྱིས་ཟིན་པ་ན། །མགོན་མེད་གྱུར་པའི་གནས་སྐབས་ལ། །ཆོས་ལས་གཞན་པའི་སྐྱབས་མ་མཆིས། །གང་ཞིག་འབྱོར་པར་ལྡན་པ་ལ། །ནོར་དང་དབྱིག་གིས་ཅི་ཞིག་འཚལ། །ལེགས་པར་བཤད་པའི་ཚིག་གཅིག་ལའང༌། ཁམས་གསུམ་ནོར་གྱིས་


TNT01_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་མི་ཕོད། །ཆོས་མེད་དབང་ཕྱུག་ཕུན་ཚོགས་ཀྱང༌། །དུག་ཅན་ཁ་ཟས་བཟང་པོ་བཞིན། །འབྱོར་པ་ཉམས་པ་ཆོས་ལྡན་ཡང༌། །ཤུན་པར་བཅས་པའི་ནོར་བུ་བཞིན། །གང་ལ་གཉིས་ཀ་ལྡན་གྱུར་པ། །དེས་ནི་དོན་ཀུན་འགྲུབ་པར་མཐོང༌། །ཀུན་སྤངས་ཀྱིས་ནི་འབྱོར་ལྡན་ཀུན། །ཟིལ་གྱིས་གནོན་པ་རབ་བྱུང་ཡིན། །མི་ཡི་མཆོག་གྱུར་འབྲས་ཡོད་དང༌། །དཔལ་དང་ལྡན་པ་དོན་ཡོད་ཕྱིར། །སྐུ་ཚེ་འདི་དང་ཕ་རོལ་ཀུན། །བདེ་འགྱུར་ཆོས་ལ་འབད་པར་འཚལ། །ཉི་ཟླ་ལྷུན་པོ་རྒྱ་མཚོ་སོགས། །ནམ་ཞིག་གཞན་དུ་འགྱུར་བ་ན། །འཚེ་བ་རླུང་ལྟར་གཡོ་བ་ཡི། །མིར་གྱུར་པ་ལྟ་སྨོས་ཅི་དགོས། །ངན་སོང་གསུམ་གྱི་སྡུག་བསྔལ་འདིའི། །ཆ་ལའང་བཟོད་པར་དཀའ་བ་དང༌། །མཐོ་རིས་གནས་ཀྱི་འབྱོར་པ་ཡང༌། །ཆུ་བུར་བཞིན་དུ་གཡོ་བར་འགྱུར། །སྐྱེ་རྒ་ན་འཆི་འཇིགས་དང་དབུལ། །སྡུག་བསྔལ་མང་པོས་ཉེ་བར་གཅེས། །སྲིད་གསུམ་འགྲོ་བ་འདི་ཀུན་ནི། །འདུ་བྱེད་ཀྱིས་ནི་རྣམ་པར་འཁྱམས། །ཉོན་མོངས་ལྡན་པའི་དགེ་བ་ཡང༌། །འཁོར་བར་མཐོ་རིས་འགྲུབ་འགྱུར་བས། །ཉོན་མོངས་ལས་དང་སྡུག་བསྔལ་གྱི། །འཁོར་ལོ་འདི་ནི་ཟློག་པར་འཚལ། །ཕན་བདེ་འདི་ནི་དཀོན་མཆོག་མཐུ། །གནས་སྐབས་ཡབ་ཡུམ་སོགས་ཀྱི་དྲིན། །ཡབ་


TNT01_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

མེས་སོགས་ཀྱི་དྲིན་བསབ་ལའང༌། །དགེ་བ་རྒྱ་ཆེན་སྒྲུབ་པར་འཚལ། །བཀུར་འོས་བཀུར་བས་བདག་ཉིད་ལ། །བཀུར་བསྟི་རྒྱ་ཆེན་ཐོབ་པར་འགྱུར། །མཆོད་འོས་མཆོད་ཅིང་བསྟོད་འོས་བསྟོད། །གུས་དང་དྲིན་དུ་བཟོ་བའང་མཚུངས། །ཀུན་ལའང་བརྩེ་བར་རིགས་ལགས་ན། །རང་ལ་བརྟེན་པ་ལྟ་ཅི་སྨོས། །བདེ་འདོད་སྡུག་བསྔལ་སྤོང་འདོད་པར། །རང་གཞན་ཐམས་ཅད་མཚུངས་པར་གཟིགས། །གཞན་གྱི་སྲོག་དང་ནོར་ཕྲོགས་ནས། །གཞན་དག་ཚིམ་བྱེད་ལུགས་བཟང་མིན། །ལྷ་ཁང་གི་ནི་རྫས་ལ་སོགས། །གཞན་ལ་སྩལ་བ་ལྟ་ཅི་སྨོས། །ལྷ་ཁང་མཆོད་པ་དགེ་འདུན་དང༌། །དགེ་འདུན་མཆོད་པ་ལྷ་ཁང་ལ། །སྒྱུར་བའང་ཉེས་པ་ཆེར་གསུངས་ལ། །དཀོན་མཆོག་གསུམ་ལ་ཡོངས་དམིགས་པའི། །མར་མེའི་འོད་ལ་འདུག་པ་ཡང༌། །སྲོག་ཆགས་ཕལ་པ་བཀུམ་པ་བས། །ལས་དེ་སྦྱང་དཀའ་ཡིན་ཞེས་གསུངས། །རང་གི་ནོངས་ལ་གཞན་དག་གིས། །སྨད་ཀྱང་ཁྲོ་བར་མི་འཚལ་ཏེ། །དེ་ཡང་རང་གི་སྐྱོན་ལགས་པས། །སྐྱོན་ནི་འབད་པས་སྤང་བར་འཚལ། །ང་རྒྱལ་མི་བྱ་རང་མི་བསྟོད། །ཚེ་དང་དཔལ་དང་ཆོས་འཕེལ་ན། །དཀའ་བའང་དང་དུ་ལེན་པར་མཛོད། །ལན་འགའ་གྲུབ་པར་མ་གྱུར་ཀྱང༌། །དོན་


TNT01_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྒྲུབ་ལ་ཐུགས་མི་ཟློག །ཞིང་པ་ཚོང་པ་ལ་སོགས་བཞིན། །དུས་གཞན་ཞིག་ན་ལན་མང་དང༌། །འགྲུབ་པར་འགྱུར་བ་མ་ཡིན་ནམ། །འགལ་བགྱིད་གཅིག་ཀྱང་མངས་བའི་སྐྱོན། །ཕན་བགྱིད་བྱེད་པའང་མི་སྤང་ངོ༌། །བྲམ་པའི་རྡོ་བཞིན་འབད་པ་ཡིས། །བསལ་ཡང་གནོད་བྱེད་འཕེལ་བར་འགྱུར། །རིགས་དང་མི་རིགས་ཚར་བཅད་དང༌། །རྗེས་བཟུང་ནད་དང་ཟུངས་བཞིན་འཚལ། །གཟི་ལུམ་སྤྱད་པར་མི་བགྱིད་ཅིང༌། །གཞན་གྱི་སྲོག་ལའང་འཚེ་མི་བགྱིད། །དྲི་མ་བཀྲུས་པ་རབ་མཛེས་ཀྱི། །གོས་དག་སྲེག་པ་ག་ལ་འཛངས། །ཆོས་དོན་ཕྱིན་ཅི་ལོག་བཟུང་ན། །སྨན་མ་ཞུ་བའི་ནད་དང་མཚུངས། །ལོངས་སྤྱོད་འགའ་ཞིག་དགྲ་དང་གཉེན། །དོན་མེད་དོན་ལྡན་རྣམས་སུ་དགོངས། །གལ་ཏེ་གཏམ་དེ་དག་ལ་ནི། །དགྱེས་ན་སླར་ཡང་གསོལ་བར་བགྱིད། །འོན་ཏེ་ཐུགས་ཀྱིས་བས་གྱུར་ན། །མཆིད་འདི་བཏང་པས་བདེ་བར་འགྱུར།། །།དགེའོ། །དཔོན་མོ་ནམ་མཁའ་རྒྱལ་མོ་ལ་ཆོས་ཀྱི་འཕྲིན་དུ་བསྐུར་བའོ། །


previousདཔོན་མོ་ནམ་མཁའ་རྒྱལ་མོ་ལ་ཆོས་ཀྱི་འཕྲིན་དུ་བསྐུར་བ།next