Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་རྗེ་ཀརྨ་བསྟན་འཛིན་ལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་རྗེ་ཀརྨ་བསྟན་འཛིན་ལ། next

ཆོས་རྗེ་ཀརྨ་བསྟན་འཛིན་ལ།


TNT01_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བླ་མ་མཆོག་གི་ཞབས་པད་ལ་བཏུད་ནས། །མདོར་བསྡུས་སྙན་བསྐུལ་བགྱིད་པར་འཚལ་བ་ལ། །ཤིན་ཏུ་རྙེད་དཀའ་བསྙེན་པར་དཀའ་བ་ཡི། །བཤེས་གཉེན་དམ་པ་འབད་པས་བསྟེན་པར་ཞུ། །འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་ཀུན། །བླ་མ་དམ་པ་བསྟེན་ལས་འབྱུང་ཞེས་གསུངས། །འཁོར་བའི་རྒྱ་མཚོའི་འཇིགས་པ་ལས་སྒྲོལ་བའི། །གྲུ་ཆེན་འདི་ནི་ཕྱི་ནས་ཐོབ་དཀའ་བས། །ད་ལྟ་རྩེ་གཅིག་འབད་པར་མ་བྱས་ན། །འབད་པར་བྱ་བའི་དུས་ནི་ནམ་ཞིག་ཡིན། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །དམ་ཆོས་མ་གཏོགས་གཞན་གྱིས་མི་གྲོལ་བས། །ཉིན་མཚན་ཚད་མེད་དམ་པའི་ཆོས་ལ་འབད། །འདུན་མ་ཐམས་ཅད་རྩེ་ལ་ཕྱིན་པར་གདའ། །སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་མཎྜལ་འབུལ། །དངོས་གཞི་ཉམས་ལེན་གནད་ཀྱི་སྙིང་པོར་བསྒྲིལ། །ཐུན་འཇུག་བསྔོ་བས་རྒྱས་འདེབས་རྒྱ་ཆེར་སྤེལ། །ཐུན་མཚམས་ཀུན་ཏུ་སྙིང་རྗེའི་འཁོར་ལོ་བསྐོར། །ལམ་གྱི་ངོ་བོ་གནད་གསུམ་རིག་པར་བྱ། །གང་སྣང་དག་པའི་འཁོར་ལོར་སྤྱོད་པ་དང༌། རང་བཞིན་རྩ་བྲལ་ལྷུན་གྲུབ་མཉམ་བཞག་དང༌། །རྫོགས་རིམ་ཟབ་མོའི་གནད་དང་ལྡན་པའོ། །དགེ་སྦྱོར་ཀུན་ལ་གཅིག་ཏུ་གལ་ཆེ་བ། །བླ་མའི་མོས་གུས་ལགས་པས་


TNT01_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

འབད་དེ་སྒོམས། །མཁའ་ལྡིང་རྒྱལ་པོའི་འདབ་གཤོག་ཇི་བཞིན་དུ། །གང་ལའང་ཞེན་པ་མེད་དང་སྙིང་རྗེ་གཉིས། །བརྩོན་འགྲུས་དག་སྣང་སྙིང་སྟོབས་བརྟན་པ་གསུམ། །འཇིག་རྟེན་གསུམ་ན་རིན་ཆེན་གསུམ་དང་མཚུངས། །དད་པ་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། དགེ་སྡིག་བླང་དོར་གནས་ལ་གཟབ་པ་ནི། །ཉམས་ལེན་རྒྱལ་པོའི་དཔུང་ཚོགས་ཡན་ལག་བཞི། །མི་མཐུན་དགྲ་འཇོམས་དཔའ་བོ་མཚུངས་པ་མེད། །དྲང་པོའི་ཡིད་དད་བདེན་པར་སྨྲ་བའི་ངག །ཆོག་ཤེས་དང་ནི་ཆགས་མེད་དམ་ཆོས་མཉན། །ལྔ་པོ་འདི་དག་ཡོན་ཏན་ས་གཞི་ལགས། །མཐའ་བཞི་ལས་རྒྱལ་དབུས་སུ་བརྟན་པར་བྱེད། །ཕྱོགས་ཀུན་བདེ་བར་སྐྱོང་བའི་དཔལ་ལྡན་པ། །རྒྱལ་པོའི་བུ་འཛོམ་ཕ་རོལ་ཕྱིན་པ་དྲུག །རིན་ཆེན་བདུན་མཚུངས་འཕགས་པའི་ནོར་བདུན་ཏེ། །ཡན་ལག་བརྒྱད་ལྡན་འཕགས་པའི་ལམ་ཀུན་ལས། །གསུང་རབ་དགུ་ཡི་འཁོར་ཚོགས་བདེ་བར་རྒྱུ། །དགེ་བཅུའི་ཁྲིམས་ཀྱི་བདེ་བར་འཚོ་བ་ནི། །དམ་ཆོས་འཁོར་ལོས་བསྒྱུར་བའི་དཔལ་འབྱོར་ལགས། །དེ་སྐད་སྨྲ་བའང་ཏཱ་ར་ནཱ་ཐ་ཡིན། །མི་མཆོག་ཐུགས་མཚོ་རྣམ་པར་གང་ཏེ་འོང༌། །ཐུབ་གསུང་སྤྲིན་ལས་དམ་ཆོས་ཆུ་ཆར་འདི། །སྐལ་ལྡན་རེ་བའི་ཞིང་སར་འབབ་མིན་ནམ།


TNT01_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་ཆོས་རྗེ་ཀརྨ་བསྟན་འཛིན་ལ་དགེ་བར་གདམས་པ། དགེ་ལེགས་འཕེལ། །ཤུ་བྷམ་སྟུ་སརྦ་ཛཱ་ག་ཏཾ།། །།


previousཆོས་རྗེ་ཀརྨ་བསྟན་འཛིན་ལ། next