Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་དགའ་གྲགས་པ་ལ་ཏཱ་ར་ནཱ་ཐས་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་དགའ་གྲགས་པ་ལ་ཏཱ་ར་ནཱ་ཐས་གདམས་པ།next

ཀུན་དགའ་གྲགས་པ་ལ་ཏཱ་ར་ནཱ་ཐས་གདམས་པ།


TNT01_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། མཛུ་གུ་གཏད་ས་མེད་པའི་ཆོས་དབྱིངས་ལ། །ཅི་ཡིན་མེད་པའི་བླ་མ་བཞུགས། །ཏི་གཏད་མེད་པའི་མོས་གུས་སྒོམས། །ངོས་གཟུང་མེད་པའི་བྱིན་རླབས་ཞུ། །ནམ་ཞིག་རྒྱུན་དུ་མོས་གུས་སྒོམས། །ཐུན་འགོར་སྐྱབས་འགྲོ་སེམས་བསྐྱེད་དང༌། །ཐུན་གཞུག་ཏུ་བསྔོ་བས་རྒྱས་འདེབས་སྒོམས། །རྟག་ཏུ་བསམ་པ་བཟང་པོ་བྱ། །སྡིག་པ་ལ་ཤི་འཛེམ་རོ་འཛེམ་གྱིས། །ཡོང་ན་དགེ་བ་ཅི་འགྲུབ་གྱིས། །ལྷ་ཁང་དང་དགེ་འདུན་བླ་མའི་རྫས། །དུག་ནག་པོ་ཧ་ལ་ཧ་ལ་ཡིན། །འབྲུ་གཅིག་ཀྱང་ཁ་ལ་མ་འཁྱེར་ཞིག །སྐུད་གཅིག་ཀྱང་ཨཾ་ཕྲག་ཏུ་མ་འཇུག་ཅིག །འཇིག་རྟེན་གྱི་ཁ་དྲག་དཔུང་འཛོམ་ལ། །ཡིད་སྨོན་གྱི་རེ་བ་མ་གཏོད་ཅིག །དགོན་པ་སྡེ་གོག་གི་འགོ་མི་དང༌། །སྡིག་ཅན་གྱི་དཔོན་པོའི་ཐུགས་ཟིན་དང༌། །ཆོས་ལ་སྡིག་གསོག་གི་བཙུན་པ་གསུམ། །དམྱལ་བའི་གཏིང་རྡོ་ཞིག་ལགས་པས་སྤོང་བ་ཞུ། །རང་རྒྱུད་སེ་རེངས་ཡེ་རེངས་འདི་དང་གཅིག །ཆོས་ལ་ཉ་དྲེད་ཆུ་དྲེད་འདི་དང་གཉིས། །ཉོན་མོངས་མེ་དར་ཆུ་དར་འདི་དང་གསུམ། །བསླབ་སྡོམ་ཁ་རལ་སྣ་རལ་འདི་དང་བཞི། །འཕྲལ་


TNT01_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་མི་རྩིང་དགུ་རྩིང་འདི་དང་ལྔ། །དམ་ཚིག་གར་ཉམས་འདིར་ཉམས་མེད་དང་དྲུག །དགེ་སྦྱོར་རྒྱ་ཡེངས་དགུ་ཡེངས་འདི་དང་བདུན། །འདི་བདུན་རང་སྐྱོན་ལགས་པས་མཚང་ནས་བྲུས། །ལར་ལ་ཐང་མེད་པས་ཅ་རེ་སྡོད། །ཧམ་པ་མ་ཆེ་ཅུམ་མེ་གྱིས། །འགྲོ་ལུགས་ཝ་ལྟར་འཛེམ་པ་ཅིག །སྡོད་ལུགས་རི་བོང་ལྟར་བཟོ་བ་ཅིག །ལབ་ལུགས་ཞུམ་བུ་ལྟར་སྙམ་པ་ཅིག །རང་སེམས་བུ་ཆུང་ལྟར་བཟོ་མོད་ཅིག །ལག་ལེན་རྩི་ལྟར་ཞིབ་པ་ཅིག །འདི་ལྔ་ལག་ཐོག་ལ་ལོངས་པ་ཅིག་གྱིས། །ལུས་ངག་གི་སྤྱོད་པ་རྩིང་པ་འདི། །དམ་ཆོས་འདུལ་བ་དང་རྒྱབ་འགལ་ཡིན། །བསམ་ངན་སྦྱོར་རྩུབ་ཀྱི་གདུག་སེམས་འདིས། །ཐེག་ཆེན་གྱི་ཁྱུ་ནས་འབུད་པ་ལགས། །ཉམས་ལེན་མེད་པའི་ཐ་མལ་པ། །དག་སྣང་ཆུང་ལ་རང་འདོད་ཆེ། །རྡོ་རྗེ་ཐེག་པའི་བསྟན་བཤིག་ཡིན། །འོ་སྐོལ་ཆོས་གཟུགས་སུ་སྒྱུར་ཕྱིན་ཆད། །ཆོས་ཀུན་དང་མཐུན་པ་ཞིག་མ་བྱུང་ཀྱང༌། །སྣ་གཅིག་དང་མ་མཐུན་ན་ཅི་རང་བཏུབ། །འདི་སྙིང་གཏམ་གྱི་ནང་ནས་ཉིང་ཁུ་ཡིན། །སྙིང་དམར་པོར་བཏོན་ཀྱང་འདི་ལས་མེད། །ཆོས་གཟུགས་ཀྱི་དཀོར་ཟན་བསྟན་པའི་དགྲ། །ཚིག་འདི་ལ་མ་མགུ་ཡང་བྱ་ཐབས་མེད། །ཨ་ལ་ལ་མདོ་རྒྱུད་ཐང་མར་བརྡལ་ན་ཡང༌། །འགག་དྲིལ་རྒྱུ་འདི་ལས་འདུག་རི་ཤི །


TNT01_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་རྟོགས་ལྡན་གྱི་ཁ་ནས་དེ་ལྟར་ཐལ། །བུ་སེམས་ལ་ཕན་ན་སེམས་ལ་ཞོག །སེམས་ཚིག་པ་ཟ་ན་ཆུ་ལ་སྐྱུར། །བསྟོད་ར་ལ་དགའ་ན་བསྟོད་པས་ཆོག །ཅེས་ཀུན་དགའ་གྲགས་པ་ལ་ཏཱ་ར་ནཱ་ཐས་གདམས་པའོ།། །།


previousཀུན་དགའ་གྲགས་པ་ལ་ཏཱ་ར་ནཱ་ཐས་གདམས་པ།next