Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་དགའ་བདེ་ལེགས་འཛོམ་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་དགའ་བདེ་ལེགས་འཛོམ་ལ་གདམས་པ། next

ཀུན་དགའ་བདེ་ལེགས་འཛོམ་ལ་གདམས་པ།


TNT01_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། ཕ་བླ་མ་མཆོག་ལ་གསོལ་བ་འདེབས། ཁྱེད་མོས་ལྡན་གྱི་བློ་སྣ་ཆོས་ལ་བསྒྱུར། །དུས་ད་རེས་དལ་འབྱོར་ཐོབ་དུས་འདིར། །ཆོས་ཉམས་ལེན་བྱེད་པའི་དུས་ལ་བབ། །ལས་བྱས་ཀྱིན་སླར་ཡང་བྱེད་དགོས་མང༌། །དོན་ཆུང་གི་བྱ་བ་ཕྱི་ལ་སྐྱུར། །དགྲ་བཏུལ་ཀྱིན་རྟིང་ལ་འདུལ་དགོས་མང༌། །སླར་ཡང་སེམས་འདུལ་བའི་དུས་ལ་བབ། །གཉེན་མགུ་པ་ལས་ཀྱང་འཁང་བ་མང༌། །འཇིག་རྟེན་གྱི་གཉེན་ཀུན་སྡུག་བསྔལ་གྱི་རྒྱུ། །ནོར་གསོགས་པ་ལས་ཀྱང་བསག་དགོས་མང༌། །ཞེན་པ་གཏིང་ནས་ལོག་པའི་དུས་ལ་བབ། །སེམས་ཟིན་པ་ལས་ཀྱང་བཟུང་དགོས་མང༌། །ངོ་སྲུངས་བཤོལ་བ་ཀུན་བློ་རེ་བདེ། །ཆོས་བསླབས་པ་ལས་ཀྱང་སློབ་དགོས་མང༌། །དོན་ཉམས་ལེན་བྱེད་པ་ཁྱེ་རེ་ཆེ། །དོན་སྤྱད་པ་ལས་ཀྱང་སྤྱོད་དགོས་མང༌། །དལ་འབྱོར་དོན་མེད་དུ་འཆོར་ཉེན་གདའ། །འཇིག་རྟེན་གྱི་བློ་གཏད་མཐོང་ཙ་ན། །ལྷ་ཆོས་ཀྱི་སྐྱབས་གནས་བཀའ་དྲིན་རེ་ཆེ། །མཁར་


TNT01_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞིག་པ་མཐོང་ཙ་ན། །ལུས་གནད་ཀྱི་མཁར་འདི་དོན་རེ་ཆེ། །གང་སྨྲས་མདོ་མེད་འདི་མཐོང་ཙ་ན། །ངག་བཟླས་བརྗོད་བྱེད་པ་དོན་རེ་ཆེ། །ཅི་བསམ་སེམས་ཀྱི་ཚེར་མ་ལ། །འཛིན་མེད་དུ་འཇོག་པ་གནད་རེ་ཟབ། །ཚེ་འདིའི་གཏན་གྲོགས་འབོར་ཙ་ན། །ཉམས་རྟོགས་ཀྱི་གྲོགས་འདི་བརྟན་རེ་ཐུབ། །ནམ་ཡང་རྒས་པ་འདིས་མི་བསླུ་བས། །དེ་ཚུན་ཆད་ཆོས་ལ་བསྒྱུར་ན་བཟང༌། །ནམ་ཡང་སྡུག་བསྔལ་འདིས་མི་སླུ་བས། །ཆོས་ཕྱིར་དཀའ་བ་སྤྱད་ན་བཟང༌། །ནམ་ཡང་ན་བ་འདིས་མི་སླུ་བས། །ན་ཚ་ལམ་དུ་ཁྱེར་ན་བཟང༌། །ནམ་ཡང་འཆི་བ་འདིས་མི་སླུ་བས། །ཆོས་ཕྱིར་དུ་ནོངས་ན་གོ་ཡང་ཆོད། །ནམ་ཡང་དམ་ཆོས་འདིས་མི་སླུ་བས། །བློ་གཏད་བཅས་ན་དོན་རེ་ཆེ། །ཚེ་འདི་ལས་ཕྱི་མ་དོན་ཆེ་བས། །ཕྱི་མའི་གྲབས་ཤོམ་སེམས་ལ་དྲིས། །ཚིག་སློབ་པ་ལས་ཀྱང་སྒོམས་ན་ལེགས། །སྒོམ་ཚུལ་བླ་མའི་ཞལ་ནས་དྲིས། །དོན་མང་བ་ལས་ཀྱང་འདྲིལ་བ་བཟང༌། །དོན་སྙིང་པོར་འདྲིལ་བ་ཞིག་ཅིས་ཀྱང་འཚལ།། །།ཞེས་པའང་ཀུན་དགའ་བདེ་ལེགས་འཛོམ་ལ་གདམས་པ་ཏཱ་ར་ནཱ་ཐས་སོ། །དགེའོ། །


previousཀུན་དགའ་བདེ་ལེགས་འཛོམ་ལ་གདམས་པ། next