Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞལ་གདམས་དཔེ་རྒྱན་གསལ་བ་བཞུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞལ་གདམས་དཔེ་རྒྱན་གསལ་བ་བཞུགས། next

ཞལ་གདམས་དཔེ་རྒྱན་གསལ་བ་བཞུགས།


TNT01_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བདག་ལྟ་སོ་ལྡན་དྲེགས་པའི་དགྲ། །རྒྱལ་བ་རི་དྭགས་དབང་པོ་གང༌། །དཔག་ཡས་ཡོན་ཏན་འབྱོར་པ་ཡིས། ཁེངས་པས་སེངྒེའི་སྒྲ་བསྒྲགས་བཞིན། །གཉིས་མེད་གསུང་བའི་བསྟན་པ་ལ། །གུས་པས་བློ་ལྡན་ཕྱག་འཚལ་ཏེ། །གདམས་པའི་སྒྲོན་མེ་རབ་སྦར་བས། །སྙན་ཚིག་རི་མོའང་གསལ་བར་བྱ། །འབྱོར་པ་བཅུ་དང་ལྡན་པའི་ལུས། །ཡིད་བཞིན་ནོར་བུ་ལྟ་བུར་དཀོན། །མི་ཟད་གཏེར་ཆེན་དམ་པ་ལྟར། །ཕུན་ཚོགས་ཐམས་ཅད་འདི་ལས་ཐོབ། །ཅེས་པ་འདི་ནི་ཆོས་ཀྱི་དཔེ། །ལུས་འདི་ཆུ་ཡི་སྦུ་བ་འདྲ། །དབུགས་ཀྱང་སྟོན་ཀའི་ན་བུན་བཞིན། །མཐོ་རིས་འབྱོར་པའི་དཔལ་འདི་ཡང༌། །རྨི་ལམ་ལྟད་མོ་ཇི་བཞིན་ནོ། །ཞེས་པ་འདི་


TNT01_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དངོས་པོའི་དཔེ། །ཞུན་མར་ཟད་པའི་སྒྲོན་མེ་འདི། །འཆི་བདག་གནས་སུ་ཆས་པ་ཡི། །སྐྱེས་བུའི་སྲོག་ལྟར་རྐྱེན་གཞན་ལ། །ལྟོས་པ་མེད་པར་འཇིག་པ་ཉིད། །ཅེས་པ་འདི་ནི་བཟློག་པའི་དཔེ། །ལང་ཚོ་དར་བའི་ལུས་འདི་ནི། །མཛེས་ཀྱང་མི་བརྟན་འཇའ་ཚོན་བཞིན། །འཇའ་ཚོན་འདི་ཡང་ལུས་བཞིན་དུ། །འདུས་བྱས་རྣམས་ཀྱི་ངང་ཚུལ་སྟོན། །ཞེས་པ་འདི་ནི་ཕན་ཚུན་དཔེ། །འདོད་ཡོན་རི་མོ་རབ་བཀྲ་བར། །སེམས་འདི་རྣམ་པར་གཡོ་བ་ནི། །བུང་བ་དུག་གི་མེ་ཏོག་ལ། །རྒྱུག་པར་མཚུངས་ཀྱི་གཞན་དང་མིན། །ཞེས་པ་འདི་ནི་ངེས་པའི་དཔེ། །རྩྭ་ལྟར་གཡོ་བའི་སེམས་པ་གང༌། །གློག་ལྟར་བཟུང་དུ་མེད་པ་སྟེ། འབབ་ཆུ་ལ་སོགས་རབ་གཡོ་བ། །གཞན་ཡང་ཡོད་ན་འདི་དང་མཚུངས། །ཞེས་པ་འདི་ནི་ངེས་མེད་དཔེ། །ངན་འགྲོའི་ཚོར་བ་མི་བཟད་པ། །རྣོ་བ་ཁོ་ནས་སྤུ་གྲི་དང༌། །མཚུངས་པ་མ་ཡིན་འགྲོ་སེམས་ལ། །འཇིགས་པ་སྐྱེད་བྱེད་ཀྱིས་ཀྱང་ངོ༌། །ཞེས་པ་འདི་ནི་བསྡུས་པའི་དཔེ། །དམྱལ་བའི་སྡུག་བསྔལ་མྱོང་བ་པོ། །ཀུན་གྱིས་སྡུག་བསྔལ་དྲག་པོར་ཤེས། །མཐོ་རིས་འབྱོར་པ་སྡུག་བསྔལ་དུ། །འཕགས་པས་མཁྱེན་པ་འདི་གཉིས་ཁྱད། །ཅེས་པ་འདི་ནི་ཁྱད་པར་དཔེ། །མཐོ་རིས་སྒེག་མོའི་


TNT01_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་དཔལ། །ཡོད་ཅེས་པད་དཀར་སྙེམས་མི་འཚལ། །རབ་འབར་ཤལྨ་ལི་ནགས་ཀྱི། །སྲིང་མོ་ལ་ཡང་དེ་ཡོད་ཕྱིར། །ཞེས་པ་འདི་ནི་རབ་བཏགས་དཔེ། །ཚངས་གནས་བསམ་གཏན་བདེ་བ་འདི། །རྟག་བརྟན་གཡུང་དྲུང་དཔལ་འཛིན་ན། །ཟག་མེད་བདེ་བས་མངོན་མཐོ་བའི། །ཐར་པའི་གནས་དང་མཚུངས་པ་ཉིད། །ཅེས་པ་འདི་ནི་རྨད་བྱུང་དཔེ། །ཡིད་ནི་རབ་ཏུ་ཆགས་བྲལ་བས། །ལང་ཚོ་རྒྱས་པའི་གཟུགས་སྡུག་དང༌། །དུར་ཁྲོད་བོར་བའི་རུས་གོང་ནི། ཁྱད་པར་འབྱེད་ལ་རྨོངས་པར་གྱུར། །ཞེས་པ་འདི་ནི་རྨོངས་པའི་དཔེ། །ཅི་འདི་ཤིང་ལོའི་རྩེར་ཆགས་པའི། །ཆུ་ཐིགས་རབ་ཏུ་གཡོ་བའམ། །རབ་ཏུ་སྲེད་པའི་དབང་གྱུར་པའི། །མི་ལུས་ཡིན་ཞེས་ཐེ་ཚོམ་སྐྱེད། །ཅེས་པ་འདི་ནི་ཐེ་ཚོམ་དཔེ། །འཇོ་སྒེག་ཚུལ་གྱིས་འགྲོ་བ་དང༌། །སྲེད་ལྡན་མགུ་བ་བསྐྱེད་པའི་ཕྱིར། །ངན་སྐྱུགས་ཕུང་བོ་མ་ཡིན་གྱི། །རི་དྭགས་མིག་ཅན་ཡིན་པར་ཤེས། །ཞེས་པ་འདི་ནི་རྟོགས་པའི་དཔེ། །རྟག་ཏུ་རབ་འབར་སེམས་གདུངས་ཤིང༌། །འཁོར་བར་སྤྱོད་པ་རྣམས་ཀྱི་གནས། །ཉོན་མོངས་འཕེལ་བའི་ཁྱིམ་འདི་ནི། །ལོ་མ་རལ་གྲིའི་ཚལ་དང་མཚུངས། །ཞེས་པ་འདི་ནི་སྦྱར་བའི་དཔེ། །ང་རྒྱལ་སྤངས་པའི་དགེ་སྒྲུབ་དང༌། །སྦྱིན་ལ་དགའ་བའི་མཁས་རྣམས་ནི། །


TNT01_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གྱི་བདག་པོ་ཇི་བཞིན་དུ། །སུ་ཝརྞ་ཡི་དཔལ་གྱིས་ཕྱུག །ཅེས་པ་འདི་ནི་མཉམ་ཉིད་དཔེ། །རབ་ཏུ་དབེན་པའི་བསམ་གཏན་འདི། །འཁོར་ལོས་སྒྱུར་བའི་བཀའ་ཁྲིམས་དང༌། །དགེ་ཆོས་སྤེལ་བར་མཚུངས་མོད་ཀྱི། །རྣམ་གཡེང་ཡིད་དང་བྲལ་བས་འཕགས། །ཞེས་པ་འདི་ནི་སྨད་པའི་དཔེ། །མ་ལཱ་ཡ་ཡི་ནགས་ཀླུང་གི །སེར་བུ་འདི་ཡིས་བདེ་བསྐྱེད་པ། །བསོད་ནམས་ཡོངས་སུ་སྨིན་གྱུར་པས། །ཆོས་ཐོས་པ་ཡང་དེ་དང་མཚུངས། །ཞེས་པ་འདི་ནི་བསྟོད་པའི་དཔེ། །བདེ་བའམ་སྡུག་བསྔལ་འདི་བསྐྱེད་ཅེས། །སོ་སོར་ངེས་པར་བརྗོད་མི་བྱེད། །འདོད་པ་ལྔ་ཡི་ལོངས་སྤྱོད་འདི། །སྤུ་གྲིའི་སོ་འདྲ་ཞེས་རྟོག་གོ །ཞེས་པ་འདི་ནི་རྟོག་པའི་དཔེ། །དྲི་མེད་ལྷག་བསམ་དག་པ་དང༌། །ཚུལ་ཁྲིམས་ཡོན་ཏན་བཞི་ལྡན་འདི། །དམ་པའི་ལམ་དུ་མཚུངས་མོད་ཀྱི། །ཕན་ཚུན་འགྲན་པའི་འགལ་ཟླ་ཉིད། །ཅེས་པ་འདི་ནི་འགལ་བའི་དཔེ། །རང་བཞིན་སྤྲོས་བྲལ་ཡེ་ཤེས་གང༌། །ཡོན་ཏན་ལྡན་ཡང་འབད་རྩོལ་ཅན། །འཁྲུལ་པས་བསླད་པའི་བསོད་ནམས་ཚོགས། །ཚེ་གང་འབད་པས་ག་ལ་འགྲན། །ཞེས་པ་འདི་ནི་དགག་པའི་དཔེ། །ལྷུན་པོ་ནོར་བུའི་འོད་ཀྱིས་མཛེས། །ཚངས་སྤྱོད་དུལ་བའི་དཔལ་གྱིས་ཕྱུག །གཟི་བརྗིད་ལྡན་པར་མཚུངས་


TNT01_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

མོད་ཀྱང༌། །རི་བོ་དེ་ལྟར་ལྷག་པ་མིན། །ཞེས་འདི་མཛེས་པའམ་ངོ་བསྟོད་དཔེ། །བློ་གྲོས་རྣམ་པར་འཕེལ་བྱེད་འདི། །དབྱངས་ཅན་མ་ཡིན་ཐོས་པ་ཉིད། །ལུས་ལ་སིམ་པ་བསྐྱེད་འདི་ཡང༌། །རེག་མིན་ཤིན་ཏུ་སྦྱངས་པ་ཉིད། །ཅེས་འདི་དེ་ཉིད་བརྗོད་པའི་དཔེ། །གཟུགས་མཛེས་སོགས་དང་བསམ་གཏན་ལས། །སྐྱེས་པའི་བདེ་བ་དེ་ཀུན་གྱིས། །ཞི་བའི་བདེ་ལ་སྐྲུན་ཏུ་མེད། །དེ་ཕྱིར་མྱ་ངན་འདས་ཉིད་དཔེ། །ཞེས་འདི་ཐུན་མོང་མིན་པའི་དཔེ། །སྲིད་ཞིའི་ལེགས་ལམ་མ་ལུས་པ། །བྱེད་པོས་གཅིག་ཏུ་བསྡུས་འདྲ་བའི། །དགེ་བའི་བཤེས་གཉེན་མཆོག་དེ་དག །བློ་ལྡན་ཀུན་གྱིས་བརྟེན་པར་བྱེད། །ཅེས་པ་འདི་ནི་འབྱུང་མིན་དཔེ། །རྩོད་པའི་དུས་འདིར་མང་ཐོས་འགའ། །ངུར་སྨྲིག་འཛིན་ཡང་གཡོ་སྒྱུ་དང༌། །གདུག་སེམས་རྟག་ཏུ་འཆང་བ་འདི། །བདུད་རྩིའི་འོད་ལས་ཚ་གདུང་བཞིན། །ཞེས་པ་འདི་ནི་སྲིད་མིན་དཔེ། །བདུད་རྩིའི་བུམ་པ་དེ་བཞིན་དུ། །གྲུབ་པའི་བཅུད་ལེན་ནོར་བུ་དང༌། །དཔག་བསམ་ཤིང་ལྟར་དགེ་བ་ནི། །བསྟེན་པ་ཙམ་གྱིས་འབྲས་རབ་སྟེར། །ཞེས་པ་འདི་ནི་མང་པོའི་དཔེ། །དགེ་བས་འཚོ་བའི་ལོངས་སྤྱོད་འདི། །ཡོངས་འདུའི་ཚལ་ཏུ་རྣམ་རོལ་པའི། །མཐོ་རིས་དབང་པོའི་འབྱོར་པ་ལ། །ཡང་ཡང་ལོངས་སྤྱོད་བྱེད་པ་བཞིན། །ཞེས་པ་


TNT01_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྣམ་འགྱུར་དཔེ། །ཉིན་བྱེད་འོད་ཀྱིས་མཚན་མོ་དང༌། །སྨན་གྱི་དབང་པོས་ཚ་གདུང་དང༌། །དབང་པོས་ད་ནུའི་བུ་བཞིན་དུ། །ཆོས་ཀྱིས་སྡིག་པ་འཇོམས་པར་བྱེད། །ཅེས་པ་འདི་ནི་ཕྲེང་བའི་དཔེ། །ཆོས་དང་འཁོར་བ་དེ་ནས་གཞན། །སྐྱེ་བོ་སྡིག་པ་མྱང་འདས་རྣམས། །བདུད་རྩིའི་འཁོར་ལོ་སྤྲེའུ་དང༌། །དུག་དང་དགའ་ཚལ་དག་ཏུ་མཚུངས། །ཞེས་འདི་དག་དོན་གསལ་བྱེད་ཀྱི། །དཔེ་རྒྱན་གསལ་བྱེད་སྒྲ་གཅིག་པའོ། །རྒྱ་མཚོ་བཞིན་དུ་སྲིད་པ་དང༌། །འཛིན་ཁྲི་བཞིན་དུ་ཉོན་མོངས་ཏེ། །གྲུ་བོ་ཆེ་བཞིན་ཆོས་ཀྱི་ལམ། །དེད་དཔོན་མཁས་ལྟར་སྟོན་པའོ། །ཞེས་འདི་གསལ་བྱེད་དུ་མ་ཅན། །ཆུ་ཀླུང་བྱེ་བ་ཕྲག་བརྒྱ་ཡང༌། །ཆུ་ཡི་གཏེར་དུ་གཞོལ་ཞིང་འབབ། །ཐེག་པ་སྣ་ཚོགས་ཐ་དད་དོན། །ཀུན་ཀྱང་ཆོས་ཀྱི་དབྱིངས་སུ་གཞོལ། །ཞེས་འདི་ཟླ་བོའི་དངོས་པོའི་དཔེ། །བྱང་ཆུབ་སེམས་ལས་སངས་རྒྱས་དང༌། །སྒོ་ངའི་སྦུབས་ལས་བྱེད་པོ་སྐྲུན། །རྒྱལ་བ་ཡང་དག་ལམ་སྟོན་ཞིང༌། །གཞན་གྱིས་ལྟ་བའི་ཐིབས་པོར་ཁྲིད། །ཅེས་པ་འདི་ནི་མཚུངས་སྦྱོར་དཔེ། །འདྲེན་པ་བཅོམ་ལྡན་དེ་བཞིན་གཤེགས། །རྣམ་མི་རྟོག་ལ་སེམས་ཅན་དོན། །ལྷུན་གྲུབ་སྤྱོད་ཕྱིར་ཡིད་བཞིན་གྱི། །ནོར་བུ་རིན་ཆེན་མཆོག་དང་མཚུངས། །


TNT01_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་ནི་རྒྱུ་ཡི་དཔེ། །དེ་ལྟར་དཔེ་རྒྱན་སོ་གཉིས་སོ། །དཔེ་རྒྱན་གྱི་ནི་སྐྱོན་རྣམ་གསུམ། །ཕོ་མོ་མ་ནིང་རྟགས་འདྲེས་དང༌། །དཔེ་དོན་མཆོག་དམན་ཆེས་པ་དང༌། །མང་ཉུང་ཚིག་ཚོགས་འཁྲུགས་པའོ། །དེ་དག་རྣམས་ལ་རིམ་པ་བཞིན། །མེས་པོ་དྲན་པ་དྲང་སྲོང་གཙོ། །བུད་མེད་གཡོ་སྒྱུ་འཛིན་མ་བཞིན། །གཅམ་བུའི་ཚིག་གི་རྗེས་འཇུག་སྟེ། །ལྕགས་ཕྱེ་གསེར་ལྡན་མ་བཞིན་ནོ། །བདེ་སོགས་བདག་པོའི་ཁང་བཟང་ཡང༌། །མེ་ཏོག་བཀྲམ་པའི་ཕྱུགས་ལྷས་བཞིན། །མགོ་བྲེགས་དལ་བུས་གོམ་པ་འགོད། །འདི་དག་བདེ་གཤེགས་ཇི་བཞིན་ནོ། །གྲོགས་མེད་རྒྱུ་བའི་རྣམ་ཤེས་འདི། །ཚོང་པ་རྣམས་ཀྱི་དེད་དཔོན་མཚུངས། །འདུ་བྱེད་རྣམས་ནི་བསེ་རུ་ལྟར། །གཅིག་ཏུ་སྡུག་བསྔལ་གཅིག་པུ་བསྐྱེད། །དེ་དག་སྐྱོན་མེད་དམིགས་གསལ་དཔེ། །ཆོས་བཞིན་སྤྱོད་ན་བུད་མེད་ཀྱང༌། །སྐྱེས་བུ་སྙིང་སྟོབས་མཆོག་ལྡན་ལྟར། །ངེས་པར་བྱང་ཆུབ་བགྲོད་པ་ཉིད། །འདི་ལ་དཔྱད་པ་ཡོངས་མེད་དོ། །གཡུལ་ལས་རྒྱལ་བའི་དཔའ་བོ་ལྟར། །མཁས་པ་དགེ་སྦྱོང་མཆོག་ཏུ་བདེ། །རིམས་ནད་ཤིན་ཏུ་བྱང་བ་ལྟར། །སྤངས་པ་སླར་ཡང་བཟློག་པ་མེད། །ཇི་ཙམ་སྲིད་པར་གྱུར་པའི་ཚོགས། །མེ་ཡི་རང་བཞིན་ཚ་བ་ལྟར། །སྡུག་བསྔལ་ཁོ་ནར་ཟད་པ་སྟེ། །


TNT01_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡན་ཐར་ཕྱིར་འབད་པར་བྱོས། །དེ་ལྟར་རྗེས་གདམས་ཅུང་ཟད་ཙམ། །དཔེ་རྒྱན་ཚུལ་གྱིས་བརྗོད་པ་སྟེ། །ངོ་མཚར་བསྐྱེད་པའི་ཚིག་དང་དོན། །འགའ་ཡང་བདག་གིས་བརྗོད་མ་ནུས། །འོན་ཀྱང་ཆོས་ཀྱི་ཚུལ་བཞིན་ཏེ། །མི་བདག་ཁྱོད་ཀྱིས་བརྟག་པའི་འོས། །ཞེས་པ་ཏཱ་ར་ནཱ་ཐས་སྨྲས་པ་སྟེ། ནོར་གྱི་སྡེ་དང་འདོད་པའི་སྡེ་སྙིང་པོས་དབེན་པར་ཤེས་ནས། ཆོས་ཀྱི་སྡེ་དང་ཐར་པའི་སྡེ་ཁོ་ནའི་དབང་དུ་བྱས་ཏེ་སྙན་ཚིག་ཅུང་ཟད་སྤེལ་བ་ངམ་རིངས་སུའོ།། །། བཀྲ་ཤིས།


previousཞལ་གདམས་དཔེ་རྒྱན་གསལ་བ་བཞུགས། next