Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྕམ་ཀུན་དགའ་འཕྲིན་ལས་དབང་མོ་ལ་གདམས་པའོ། །
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྕམ་ཀུན་དགའ་འཕྲིན་ལས་དབང་མོ་ལ་གདམས་པའོ། །next

ལྕམ་ཀུན་དགའ་འཕྲིན་ལས་དབང་མོ་ལ་གདམས་པའོ། །


TNT01_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་བླ་མ་དམ་པའི་ཐུགས་རྗེ་ཡིས། །ཕྱི་བདེ་སྡུག་ཆགས་སྡང་མཐོ་དམན་ཀུན། ནང་ཆོས་ཀྱི་དབྱིངས་སུ་རོ་མཉམ་ཙམ། །ཡིད་ངལ་གསོའི་བློ་གཏད་འཆའ་བ་ལས། །ལར་གཡའ་གོང་གངས་ཁྲོད་ཀྱི་དབེན་གནས་སུ། །ལུས་སེམས་གཉིས་རྡུལ་དུ་བརླགས་བརླགས་པར། །སེམས་ཉམས་ལེན་གྱི་འདུན་པ་ཡོད་མོད་ཀྱི། །སྔར་ཕན་ཆད་གཡེང་བའི་བདུད་ཀྱིས་ཁྱེར། །སྔོན་བསགས་པའི་ལས་ཀྱི་རང་གཟུགས་ལས། །ཚེ་ཕྱི་མ་བློས་བཏང་གི་འགོ་དཔོན་བབ། །འཕྲལ་ཆགས་སྡང་ཟུར་མགོ་སུ་བས་རགས། །ལས་སྡིག་དང་འདྲེས་པའི་འཆོལ་བར་ཤོར། །ད་སྔར་བྱས་ཀྱི་ལས་ལ་ཁག་མི་གཏོང༌། །མི་


TNT01_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

དད་ལྡན་ཀུན་གཡང་ལ་མི་འབོར་བ། །ཚེ་སྒྲུབ་པ་སྙོམས་པའི་ཉམས་ལེན་ཞིག །དུས་མྱུར་དུ་འགྲུབ་པར་སྨོན་པ་ལགས། །རང་ཁ་བཤད་ལག་ལེན་འཛོལ་པ་ཡི། །མི་གཞན་ལ་ཞལ་ཏ་ཇི་ལྟར་འཇུག །ཁྱེད་ལྷག་བསམ་ཤིན་ཏུ་དག་པས་ན། །གཏམ་ནང་མའི་ཚུལ་དུ་གླེང་བ་ནི། །གནས་ཕ་ཡུལ་སྤངས་པའི་རི་ཁྲོད་དང༌། །ཟས་དཀོར་དང་མ་འདྲེས་ལོངས་སྤྱོད་དང༌། །ཆོས་སྡིག་དང་མ་འདྲེས་པའི་ཉམས་ལེན་གསུམ། །ལར་ཤིན་ཏུ་དཀོན་ཏེ་ད་རེས་འཛོམ། །སྤང་དཀའ་བའི་འཇིག་རྟེན་ཁྱིམ་སོ་དང༌། །བརྒལ་དཀའ་བའི་ནོར་རྫས་ཡུལ་ཕྱོགས་དང༌། །བཅད་དཀའ་བའི་དགྲ་གཉེན་འབྲེལ་བ་གསུམ། །དབྱིངས་ཐར་པའི་ལམ་འགེགས་ཀྱི་ཆུ་བོ་ལགས། །དེ་རང་སར་གྲོལ་པ་དཀོན་མཆོག་དང༌། །ཕ་བླ་མའི་ཐུགས་རྗེ་མ་ལགས་སམ། །ད་བསམས་ན་གཏན་གྱི་བདེ་བའི་ཕུལ། །འགོ་ཚུགས་པ་འདུན་མའི་ཡང་རྩེ་ཡིན། །སྔོན་འཁོར་བ་ཐོག་མ་མེད་པ་ནས། །ཉིན་དེ་རིང་ཡན་ཆད་ནོར་བསགས་སམ། །དགྲ་བཏུལ་ཞིང་གཉེན་སྐྱོང་ལ་འབད་ཀྱང༌། །རང་ངལ་བ་ཙམ་ཞིག་མ་གཏོགས་པ། །ལས་བྱས་པ་ཐམས་ཅད་མདོ་དོན་སྟོར། །མི་དགྲ་གཉེན་མི་རྟག་ཚོང་འདུས་མགྲོན། །དོན་གནས་སྐབས་ཀྱི་འབྲེལ་བ་ཡད་ཡུད་ལ། །ལས་ཆགས་སྡང་གི་འཁོར་ལོ་སྐོར་བས་ཅི། །


TNT01_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡིད་འོང་བསམ་གཏན་ཁང་བུ་རུ། །ལུས་གཡོ་མེད་དལ་བའི་བདེ་སྐྱིད་དང༌། །ཡིད་སེམས་ཁྲལ་མེད་པའི་ངལ་གསོ་འདི། ཁོང་བརྒྱ་བྱིན་ལ་ཡང་ཡོད་རེ་ཀན། །ཡོངས་འཇིག་རྟེན་འགྲོ་བའི་སྣང་ཚུལ་འདི། །མར་ངན་སོང་གསུམ་གྱི་སྡུག་བསྔལ་དང༌། །གནས་མཐོ་རིས་འབྱོར་རྒུད་འགྱུར་ལུགས་ལ། །དུས་ཅུང་ཟད་བདེ་བའི་གོ་སྐབས་མེད། ཁོང་དབང་ཆེན་དུ་བཏགས་པའི་ང་རྒྱལ་ཅན། །ཉིན་མཚན་མེད་ལས་ཀྱིས་བྲེལ་བ་ལ། །སེམས་བདེ་སྐབས་མེད་ཅིང་གཞན་གྱིས་འཕྱ། །དེ་འདུན་མ་ལེགས་སྙམ་འཁྲུལ་ཚབས་ལ། །སེམས་སྟོང་ཉིད་སྙིང་རྗེའི་གནད་སྦྱོར་དང༌། །རྐྱེན་མོས་གུས་གསོལ་འདེབས་ཀྱི་ནན་ཏན་དང༌། །འཕྲལ་དགེ་སྦྱོར་འཕེལ་བའི་དོན་ཅན་འདི། །ཐུགས་ཡེངས་མེད་ལམ་དུ་སྒྲུབ་པ་ཞུ།། །།བཀྲ་ཤིས། །


previousལྕམ་ཀུན་དགའ་འཕྲིན་ལས་དབང་མོ་ལ་གདམས་པའོ། །next