Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ལ། next

བླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ལ།


TNT01_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་མཆོག་དང་དུས་གསུམ་རྒྱལ་བ་ཡི། །ཞབས་པད་དམ་པ་སྤྱི་བོས་བཏུད་བྱས་ཏེ། །དམ་ཆོས་བདུད་རྩིའི་རྒྱ་མཚོ་ལས་བརྩམས་ནས། །ཟབ་མོའི་བཀའ་མཆིད་ཅུང་ཟད་བགྱིད་ལ་སྤྲོ། །དེ་ལ་སྟོན་པ་དེ་བཞིན་གཤེགས་པས། །དམ་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་ཞིག་བཀའ་སྩལ་པ་ནི། གཞན་གྱི་ཚིག་སྣ་བསྟུང་བ་དང༌། །ཕ་རོལ་ཟིལ་གྱིས་གནོན་པ་དང༌།


TNT01_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་སྒྲོག་པ་དང༌། རང་གི་ཕྱོགས་ཡོངས་སུ་སྤེལ་བའི་ཕྱིར་གསུངས་པ་མ་ཡིན་ཏེ། །དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ལས། འགྲོ་བ་ཐམས་ཅད་ལ་མཉམ་པར་བརྩེ་བས། དེ་རྣམས་རང་གིས་བརྙེས་པའི་བྱང་ཆུབ་དམ་པ་དེ་ལ་དགོད་པའི་ཕྱིར་གསུངས་པ་ཡིན་ནོ། །དེའི་ཕྱིར་ཆོས་བྱེད་པར་འདོད་པ་རྣམས་ཀྱང་རང་དང་གཞན་བླ་ན་མེད་པའི་བྱང་ཆུབ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བའི་ཐབས་ཁོ་ན་ལ་གཙོ་བོར་དམིགས་པ་ཞིག་ངེས་པར་དགོས་པ་ཡིན་ནོ། དེ་ཡང་དང་པོར་ཆོས་སྒྲུབ་ཅིང་ཉམས་སུ་བླང་བའི་གཞི་གང་ལ་དམིགས་ཏེ་བསྒོམ་པར་བྱ་བ་ནི། གནས་ལུགས་ཀྱི་དེ་ཁོ་ན་ཉིད་ཡིན་ལ། དེ་ཡང་འདི་ལྟར་ངེས་དགོས་ཏེ། སེམས་མ་རིག་པའི་འཁྲུལ་པས་ཡོངས་སུ་བསྐྱེད་དེ། རྨི་ལམ་བཞིན་དུ་སྣང་བའི་ཀུན་རྫོབ་ཁམས་གསུམ་གྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད། དངོས་པོའི་གནས་ཚུལ་ལ་གདོད་ནས་ཡོད་མ་མྱོང་ཞིང༌། འཁྲུལ་པའི་སེམས་ཀྱི་སྣང་བ་ལ་ནི། རང་རང་གི་རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་བསླུ་བ་མེད་པར་འབྱུང་སྟེ། ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པའི་ཆོས་རྣམས་འཁྲུལ་སྣང་ཙམ་མ་གཏོགས། གདོད་མ་ནས་ཡོད་མ་མྱོང་བ་ཡིན་ལ། དེ་ལྟར་མེད་ཀྱང༌། ཇི་སྲིད་འཁྲུལ་པའི་སྣང་བ་མ་དག་གི་བར་དུ། འཁྲུལ་ངོ་ཉིད་དུ་རྒྱུ་འབྲས་ཕྲ་


TNT01_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཕྲ་བ་རྣམས་ཀྱང་མ་འཁྲུགས་པར་འབྱུང་བ་འདི་ནི། དང་པོ་ཉིད་དུ་ཡང་དག་པའི་ལྟ་བ་བསྐྱེད་པའི་དམིགས་པ་ཡིན་ཏེ། རྒྱུ་འབྲས་བསླུ་བ་མེད་པ་ལ་ངེས་ཤེས་སྐྱེས་ནས། སྤངས་བླང་ཇི་ལྟ་བ་བཞིན་དུ་སྤྱད་པས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གནས། ངན་སོང་གི་སྒོ་ཁེགས། མཐོ་རིས་ཀྱི་སྒོ་ཕྱེད་པར་འགྱུར་ཞིང༌། སྣང་བ་འདི་དག་འཁྲུལ་པ་ཙམ་མ་གཏོགས། གདོད་མ་ནས་ཡོད་མ་མྱོང་པར་རྟོགས་པས། དངོས་པོར་འཛིན་པ་དང༌། མཚན་མར་འཛིན་པའི་རྟོག་པ་དབྱིངས་སུ་དག་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡང་དག་པར་སྐྱེ་བར་འགྱུར་ཞིང༌། ཉོན་མོངས་པའི་ས་བོན་རྣམས་ཀྱང་སྤོང་བར་བྱེད་དོ། །དེ་ལྟར་ན། ཀུན་རྫོབ་གཟུང་འཛིན་གྱི་ཆོས་ཐམས་ཅད་གདོད་མ་ནས་མ་གྲུབ་ཀྱང༌། དོན་དམ་ཡང་དག་པའི་དབྱིངས་ཆོས་ཉིད་རང་རིག་རང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འདི་ནི། ཡང་དག་པའི་སྟོང་པ་ཉིད་དང༌། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་དང༌། རང་བཞིན་གྱིས་འོད་གསལ་བ་དང༌། བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཡིན་ཏེ། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་གདོད་མ་ནས་གྲུབ་ཅིང༌། འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱ་ཡིན་པའི་ཕྱིར། བདེན་པ་ཡིན་ལ། འགྱུར་བ་མེད་པའི་


TNT01_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྟག་ཅིང་བརྟན་པ་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དོ། །དེ་ལྟར་གནས་ལུགས་ད་ནི། བདེན་གྲུབ་དང༌། རྟག་བརྟན་གཡུང་དྲུང་ཡིན་ཀྱང། སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ཞིང༌། ཚིག་གིས་བརྗོད་དུ་མེད། བློས་བཟུང་དུ་མེད་པ་ཡིན་པས། མཉམ་བཞག་གི་ཚེ། འདི་བདེན་པ་ཡིན་ནོ་རྟག་པ་ཡིན་ནོ་ཞེས་བློས་བརྟགས་ནས་ནི་མི་སྒོམ་སྟེ། མཉམ་བཞག་རྣམ་པར་མི་རྟོག་པ་གང་དུ་ཡང་འཛིན་པ་མེད་པ། བཟོ་བཅོས་མེད་པའི་ཚུལ་གྱིས་འཇོག་དགོས་པས་སོ། །གཞི་ཤེས་བྱའི་གནས་ལུགས་དེ་ལྟར་ཆོས་ཉིད་ཡོངས་གྲུབ་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་གནས་ཤིང༌། དེ་ཉིད་སེམས་ཀྱིས་རང་བཞིན་ཡིན་ལ། དེ་ཁོ་ན་དངོས་པོའི་གནས་ཚུལ་ལ་ཞུགས་ཤིང་ཡོད་པ་ཡིན། དེ་ལས་གཞན་འཁོར་བ་པ་ལ་ཇི་ལྟར་སྣང་ཞིང༌། གྲགས་པ་འདི་དག་ཐམས་ཅད་དང༌། ལམ་གྱི་ཆོས་ཐམས་ཅད་དངོས་པོའི་གནས་ཚུལ་ལ་མ་གྲུབ་པ་གློ་བུར་བ་ཡིན་ནོ། །གཞི་དེ་ལྟར་ཡིན་པའི་གནད་ཀྱིས། ལམ་ཉམས་སུ་ལེན་པའི་ཚེ། རེ་ཞིག་འཁྲུལ་ངོ་དང་བསྟུན་ཏེ། ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཅན་མི་རྟག་ཅིང་མི་བརྟན་ལ་འཇིག་པ།


TNT01_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ང་དང་ང་ཡིར་འཛིན་པའི་ཡུལ་བདག་ཅེས་བྱ་བ་གྲུབ་པ་མེད་པ། ཆོས་འདི་རྣམས་ལ་བྱེད་པོས་སྟོང་པ། རྒྱུ་རྐྱེན་སྣ་ཚོགས་པ་འཕྲད་པ་ལས་འབྱུང་བར་ཤེས་ནས། དེ་ཉིད་ཀྱི་དོན་ཡང་ཡང་བསྒོམས་པས། འཁོར་བའི་བདེ་བ་ཐམས་ཅད་སྙིང་པོ་མེད་པས། འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བསམ་པ་ཕུན་སུམ་ཚོགས་པ་སྐྱེ་བར་འགྱུར་ཞིང༌། དེའི་རྗེས་སུ་དེ་ལྟར་མི་རྟག་ཅིང་སྡུག་བསྔལ་ལ་སྙིང་པོ་མེད་པའི་འཁོར་བ་ལས་བདག་ཉིད་གཅིག་པུར་མ་ཟད་སེམས་ཅན་ཐམས་ཅད་ཀྱང་འདོན་དགོས་པའི་བསམ་པ་ཁྱད་པར་ཅན་བསྐྱེད་ནས། བྱམས་སྙིང་རྗེ་དང་འབྲེལ་བར་དེ་ཉིད་ཡང་ཡང་བསྒོམས་པས། བསམ་པ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེ་ལྟར་སེམས་ཅན་སྡུག་བསྔལ་མྱོང་བ་ལ་སྙིང་རྗེ་དང༌། བདེ་བ་ལ་འགོད་འདོད་ཀྱི་བྱམས་པ་དང༌། །དེ་ལྟ་བུའི་སེམས་ཅན་གྱི་དོན་དེ་ཡང་བདག་ཉིད་གཅིག་པུས་ཁུར་དུ་བླངས་ནས་སྒྲུབ་འདོད་ཀྱི་སྙིང་སྟོབས་དང༌། གཞན་དོན་འབའ་ཞིག་གི་སྙིང་ཁོངས་སུ་བཅུག་ནས། སངས་རྒྱས་སྒྲུབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་སྟོབས་དང་ལྡན་པར་གྱུར་པ་ན། ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་ཆོས་རྒྱུད་ལ་སྐྱེས་པའི། ལམ་འགོ་ཟིན་པ་ཡིན་ནོ། །དེ་ནས་དེ་ལྟ་བུའི་


TNT01_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་སྡུག་བསྔལ་མྱོང་བའི་ས་ཕྱོགས་འཇིག་རྟེན་གྱི་ཁམས་དང༌། སུ་ཞིག་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་དང༌། རྒྱུ་གང་གིས་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་དང་ཉོན་མོངས་རྣམས་དང༌། ཇི་ལྟར་སྡུག་བསྔལ་མྱོང་བའི་ཚུལ་སྐྱེ་རྒ་ན་འཆི་དང༌། འགྲོ་དྲུག་སོ་སོའི་སྡུག་བསྔལ་གྱི་རང་བཞིན་དེ་ཐམས་ཅད། སོ་སོའི་སེམས་རྒྱུད་ལ་མ་རིག་པའི་བག་ཆགས་ཡོད་པས། འཁྲུལ་བའི་སྣང་བར་ཤར་བ་མ་གཏོགས། དངོས་པོའི་གནས་ཚུལ་ལ་གྲུབ་པ་མེད་པས། རྨི་ལམ་གྱི་སྣང་བ་བཞིན་དུ་ཤེས་པ་ན། འཁོར་བའི་སྡུག་བསྔལ་དེ་ཡང་བདེན་མེད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། རང་ཉིད་དེ་ལ་མི་སྐྲག་ཅིང༌། གནས་ལུགས་ལ་སྡུག་བསྔལ་མེད་ཀྱང༌། ཡོད་པར་འཁྲུལ་ནས་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས་ལ་ལྷག་པར་ཡང་སྙིང་རྗེ་སྐྱེ་བར་འགྱུར་ཞིང༌། སེམས་ཅན་དང་སྡུག་བསྔལ་རང་བཞིན་མེད་པར་མཐོང་བས་དེ་དག་དངོས་པོར་འཛིན་པ་དང་ཡང་བྲལ་བ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་བྱ་བ་རིམ་གྱིས་རྒྱུད་ལ་སྐྱེས་པར་གྱུར་ན། མདོ་སྔགས་གང་གིས་ལམ་ལ་ཞུགས་ཀྱང་རུང༌། ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་རྒྱུད་ལ་སྐྱེས་པ་ཡིན་ནོ། ཁྱད་པར་དུ། སྤྲོས་པ་དང་བྲལ་བའི་དབྱིངས་ལ་རྣམ་པར་མི་རྟོག་པ་ཉིད་དུ་བཞག་པ་དང༌། རྣམ་པར་


TNT01_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཚོགས་མཐའ་དག་རང་བཞིན་གྱིས་སྟོང་པར་མཐོང་ཞིང༌། སེམས་ཀྱི་རང་བཞིན་འོད་གསལ་བ་ནི་ནམ་དུ་ཡང་འགྱུར་བ་མེད་པར་མཐོང་བ་དེའི་ཚེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་དམ་པ་རྙེད་པར་འགྱུར་ཏེ། དེ་ལས་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་ཤེས་ཤིང༌། དེ་ཕྱིར་སེམས་ཅན་ལ་མི་བརྙས་པ་དང༌། སེམས་ཅན་བདག་དང་མཚུངས་པའི་བྱམས་པ་དང༌། སེམས་ཅན་གྱི་རང་བཞིན་དང༌། སངས་རྒྱས་ཀྱི་རང་བཞིན་གཅིག་པར་ཤེས་པས་གུས་པ་ཁྱད་པར་ཅན་དང༌། འགྲོ་ཀུན་བླ་ན་མེད་པའི་བྱང་ཆུབ་ལ་འགོད་ཐུབ་པ་ཤེས་པའི་སྙིང་སྟོབས་དང༌། སེམས་ཅན་རྣམས་ཉིད་སངས་རྒྱས་རང་ལ་ཡོད་ཀྱང་དེ་ལྟར་མ་ཤེས་པ་ལ་སྙིང་རྗེ་ཆེན་པོ་ཡང་ལྷག་པར་འཇུག་ཅིང༌། བདག་གཞན་འཁོར་འདས་བདེ་སྡུག་སོགས་ཆོས་ཐམས་ཅད་ཀྱི་སྣང་ཚུལ་རྣམས་ལ་མངོན་པར་ཞེན་པ་བཟློག རང་བཞིན་མཉམ་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་ནུས་པ་ན། མདོ་དང་སྔགས་ཀྱི་ལམ་གང་ལ་ཞུགས་པ་ཡིན་ཀྱང་རུང་སྟེ། ཐེག་པ་ཆེན་པོའི་ལམ་ཁྱད་པར་ཅན་ཟབ་མོ་ཆེས་ཕུལ་དུ་ཕྱིན་པ་ལ་རེག་པ་ཡིན་ནོ། །ཕྱི་མ་འདི་ནི། མདོ་རྣམས་ལས། ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་ལ་དགའ་བ། ཞེས་གསུངས་


TNT01_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དོན་དམ་རྣམ་པར་ངེས་པའི་ལམ་ལ་ཞུགས་པ་དང༌། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་དང༌། འཁོར་ལོ་ཐ་མའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པ་དང༌། བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ཞེས་བྱ་བའི་གནས་ཐོབ་པ་ཡིན་ནོ། །དེ་དག་ནི་ལམ་གྱི་གཞི་ཡིན་པས་མདོ་སྔགས་གཉིས་ཆར་ལ་དགོས་ཤིང༌། སྔགས་ཀྱི་ཐེག་པ་ལ་བརྟེན་ནས། ཆོས་ཉིད་ཀྱི་གནས་ལུགས་མྱུར་དུ་རྟོགས་པར་འདོད་ན་ནི། ཡང་དག་པའི་དབང་གིས་རྒྱུ་སྨིན་པར་བྱས་ཤིང༌། དབང་པོ་རྟུལ་པོ་དང༌། རྒྱུད་སྦྱང་དགོས་པ་ཡིན་ན། བསྐྱེད་པའི་རིམ་པ་ཡན་ལག་བཅས་པ་ལ་ཡང་ལེགས་པར་སློབ་དགོས་ཤིང༌། དབང་པོ་རྣོན་པོ་ལ་ནི། རྫོགས་པའི་རིམ་པ་ཁོ་ནས་ཀྱང་དོན་འགྲུབ་པ་ཡོད་ལ། གཉིས་ཀས་ཀྱང་ཤིན་ཏུ་རྣལ་འབྱོར་ཕྱག་རྒྱ་ཆེན་པོ་ཉིད་དོན་གྱི་གཙོ་བོའི་ཚུལ་དུ་འབད་པས་སྒྲུབ་དགོས་སོ། །དེ་ནི་རྣལ་འབྱོར་ཡན་ལག་དྲུག་པ་སོགས་ཏེ། བླ་མ་དམ་པའི་མན་ངག་དང༌། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསུང་ལས་རྟོགས་དགོས་མོད། དོན་གྱི་སྙིང་པོ་ནི། རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། གཡོ་བ་མེད་པའི་རྣལ་འབྱོར་གྱིས་ལུས་ལ་གནད་དུ་བསྣུན་པ་ན། སེམས་ཀྱི་རང་བཞིན་འོད་གསལ་ཏེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་


TNT01_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོའི་ཚུལ་དུ་མཐོང་བ་ན། ལས་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་དབྱིངས་སུ་ཐིམ་པའི་ཐབས་ལ་འབད་པས། མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་འགྱུར་ཏེ། དེ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པ་དེ་ནི། དེ་བཞིན་གཤེགས་པའི་སྙིང་པོ་དངོས་ཡིན་ཞིང༌། དེ་ཡང་རང་བཞིན་གདོད་མ་ནས་སེམས་ཅན་གྱི་སེམས་རྒྱུད་ལ་གནས་པ་ཡིན་ཀྱང་མངོན་དུ་ནི་མ་གྱུར་པ་ཡིན་ལ། ཐབས་རྣམ་པར་མི་རྟོག་པའི་སྒོ་ནས་ལུས་ལ་གནད་དུ་བསྣུན་པ་དང༌། ལས་རླུང་དགག་པའི་སྦྱོར་བས། དེ་དག་ས་འོག་གི་གཏེར་བཏོན་པ་བཞིན་དུ་མངོན་དུ་འགྱུར་བ་ཡིན་ནོ། །ད་ལྟར་ལས་དང་པོ་པ་ལ་ཡང༌། སེམས་ཀྱི་གསལ་ཆ་མ་འགགས་པ་སྟོང་གཟུགས་ཀྱི་སྣང་བ་རབ་འབྱམས་སུ་འཆར་བ་ནི། སེམས་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འཁོར་འདས་ཀྱི་ཁམས་གསུམ་གྱི་གཟུགས་བརྙན་ཅན་དུ་གནས་པའི་རྟགས་ཡང་དག་པ་ཡིན་པས། དེ་ལྟར་ངེས་ཤེས་བསྐྱེད་པ་དང༌། གང་གཟུགས་བརྙན་སྣང་བའི་སེམས་དེ་ནི་སྤྲོས་པ་དང་བྲལ་ཞིང་ངོས་བཟུང་དུ་མེད་པ་དང༌། སྡུག་བསྔལ་གྱི་སྣང་བ་ནུབ་ཅིང་ཉམས་བདེ་བར་གནས་པ་དེ་ནི་སེམས་ཀྱི་རང་བཞིན་མི་འགྱུར་བའི་བདེ་བ་ཆེན་པོར་


TNT01_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་རྟགས་ཡང་དག་པ་ཡིན་པས། དེ་ལྟར་ངེས་ཤེས་བསྐྱེད་དགོས་པ་ཡིན་ནོ། །དོན་དམ་པར་སངས་རྒྱས་ཀྱི་ཡེ་ཤེས་རང་སེམས་ཁོ་ན་ལ་ལྷུན་རྫོགས་སུ་གནས་པ་ཡིན་ཞིང༌། དེ་ལ་སྒྲིབ་གཡོགས་སུ་ཡོད་པའི་གློ་བུར་གྱི་དྲི་མ་སྦྱང་བའི་ཐབས་ལ་ནན་ཏན་དུ་འབད་པས། མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་རང་གིས་དབང་བསྒྱུར་བར་ནུས་པ་དེ་འབྱུང་བ་ཡིན་ནོ། །འདིར་སྨྲས་པ། ཤིན་ཏུ་རྙེད་དཀའི་མི་ལུས་རིན་ཆེན་རྙེད། །བླང་དོར་གནས་ཀུན་གསལ་བར་སྟོན་པ་ཡི། །དམ་ཆོས་བདུད་རྩིའི་རྒྱ་མཚོ་དང་འཕྲད་ནས། །དོན་མེད་སྟོང་ལོག་བྱེད་པར་ཅང་བཟོད་དམ། ལོ་ཟླའི་གྲངས་ཀྱིས་རིམ་པས་ཕྲི་བ་ན། །ཡུན་རིང་བསྐལ་པའི་དུས་ཀྱང་མྱུར་དུ་འཛད། །རྩོད་དུས་མི་ཡི་ཚེ་ལ་སྨོས་ཅི་དགོས། །ཕྱི་ཤོལ་ལེ་ལོའི་དབང་དུ་མ་གཏོང་ཞིག །ཤིན་ཏུ་གཅེས་པའི་ལུས་ཀྱང་མྱུར་དུ་འབོར། །ཡུལ་འཁོར་ལོངས་སྤྱོད་ལ་སོགས་སྨོས་ཅི་དགོས། །བསྟོད་དབྱངས་གཏམ་སྙན་བྲག་ཆའི་དབྱངས་དང་མཚུངས། །སྙིང་པོ་མེད་པ་དེ་ལ་སུ་ཞིག་ཆགས། །དགེ་སྡིག་ལས་ནི་སེམས་ཀྱི་རྗེས་སུ་འབྲང༌། འཇིག་རྟེན་ཕ་རོལ་གར་སྐྱེ་རང་དབང་མེད། །འགྲོ་དྲུག་གཡང་སར་ལས་ཀྱིས་འཁྲིད་པའི་ཚེ། །ཆོས་ལས་གཞན་པའི་བྱ་བྱེད་ཀུན་གྱིས་བསླུ། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ཆེན་བོ་བཞིན། །


TNT01_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་མཐའ་མི་མངོན་རྒལ་བར་ཤིན་ཏུ་དཀའ། །གཅིག་རྗེས་གཅིག་ཟིན་ཆུ་ཡི་རྦ་རླབས་བཞིན། །སྡུག་བསྔལ་འཁྲུལ་འཁོར་འདི་ལ་ཟད་པ་མེད། །འཁོར་བའི་སྡུག་བསྔལ་ཞེས་བྱའི་དངོས་གཞན་ཞིག །བདེན་གྲུབ་རང་དབང་ཅན་དུ་མེད་ལགས་ཏེ། །སེམས་ཉིད་འཁྲུལ་པའི་གསལ་སྣང་ཤར་བ་ན། །དངོས་སུ་ཡོད་པ་བཞིན་དུ་སྡུག་བསྔལ་མྱོང༌། །དཔེར་ན་མི་ཞིག་གཉིད་ལོག་རྨི་ལམ་ན། །གཡང་སར་ལྷུངས་ཤིང་ལུས་ལ་བསྣད་པ་རྨི། །གཡང་ས་མེད་ཅིང་ལྷུངས་པའི་ལུས་མེད་ཀྱང༌། །དངོས་སུ་ལྷུངས་པ་བཞིན་དུ་སྡུག་བསྔལ་མྱོང༌། བདག་གཞན་ཕྱི་ནང་སྣོད་བཅུད་ཐམས་ཅད་དུ། །ང་བདག་ཅེས་བྱ་ནམ་ཡང་གྲུབ་པ་མེད། དེ་ཕྱིར་རང་དོན་སེམས་པ་འཁྲུལ་པ་ཡིན། །མཁའ་མཉམ་སེམས་ཅན་ཐམས་ཅད་རང་སེམས་འཁྲུལ། །འཁྲུལ་པའི་རྒྱ་མཚོ་སྐེམས་པར་བྱ་བའི་ཕྱིར། །རང་སེམས་བརྩོན་འགྲུས་ཆེན་པོ་བརྩམས་གྱུར་ན། །འཁྲུལ་པ་སངས་ནས་གདོད་མའི་གནས་ལུགས་ལ། །རྟག་ཏུ་བཞུགས་པའི་སངས་རྒྱས་ཐོབ་པར་འགྱུར། །མ་དག་སྣང་བ་གཟུང་འཛིན་འཁོར་བའི་ཆོས། །ཡོད་པར་འཛིན་རྣམས་རྟག་པར་ལྟ་བ་ཡིན། །དོན་དམ་དབྱིངས་ཀྱི་ཡེ་ཤེས་སྙིང་པོ་སྟེ། །མེད་པར་འདོད་ན་ཆད་ལྟའི་ཐ་ཤལ་ཡིན། །གང་ཟག་ལ་སོགས་འདུས་བྱས་


TNT01_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྣམས། །མི་འཇིག་རྟག་གོ་སྙམ་ན་རྟག་ལྟ་ཡིན། །རྒྱུ་འབྲས་རྟེན་འབྲེལ་འགག་མེད་ནམ་ཡང་འཆར། །དགེ་སྡིག་ལས་ལ་སྐུར་འདེབས་ཆད་ལྟ་ཡིན། །ཀུན་རྫོབ་བདེན་པའང་རྟག་ཆད་མཐའ་བྲལ་ཞིང༌། །དོན་དམ་རྟགས་ཚུལ་ལ་ཡང་མཐའ་གཉིས་སྤངས། །དེ་ལྟར་ཤེས་ན་ལྟ་བ་རྣམ་དག་ཡིན། །གཞན་དུ་རྦད་ཁམ་ཆེ་ཡང་དགོས་དོན་སྟོར། །དོན་དམ་རང་རིག་བདེ་གཤེགས་སྙིང་པོ་ནི། །རྣམ་པ་ཀུན་ལྡན་རང་བཞིན་འགྱུར་བ་མེད། །ཀུན་རྫོབ་འཁོར་འདས་ཆོས་ཀུན་ཡོད་མ་མྱོང༌། །རྣམ་དག་ལྟ་བའི་སྙིང་པོ་དེ་ཙམ་ལགས། །རྟག་ཏུ་ལུས་ངག་ཡིད་ཀྱིས་སྡིག་པ་སྤངས། །དགེ་བའི་སེམས་དང་དགེ་བའི་བྱ་བ་དང༌། །དགེ་བའི་ཚིག་དང་གཞན་ལ་ཕན་སེམས་བསྐྱེད། །ཐེག་པ་སྤྱི་ལ་དགོས་པའི་སྤྱོད་པ་ཡིན། །རིག་གནས་ཀུན་དང་དམ་ཆོས་ཀུན་ལ་མཁས། །ཡོན་ཏན་ཀུན་ཐོབ་ཏིང་འཛིན་ཐམས་ཅད་སྒྲུབ། །ཉེས་སྐྱོན་ཀུན་སྤོང་ཐེག་པ་ཀུན་ལ་འཇུག །ཐབས་ཀུན་ལ་བརྟེན་སེམས་ཅན་ཀུན་དོན་བྱེད། །དགེ་བའི་ཆོས་ལ་མི་སྒྲུབ་གང་ཡང་མེད། །བྱ་བ་ཐམས་ཅད་སེམས་ཅན་དོན་དུ་བསྔོ། །གཞན་གྱི་དགེ་བ་ཀུན་ལ་དགའ་བ་བསྒོམ། །འདི་ནི་ཐེག་ཆེན་ཀུན་གྱི་སྤྱོད་པ་ཡིན། །སྤྱོད་པ་བཟང་ཡང་བཟང་འཛིན་མེད་པ་དང༌། །བླང་དོར་གནས་ལ་ཞིབ་


TNT01_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ཏིག་ཆེ་བཞིན་དུ། །སྤྱོད་པ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས། །རྒྱལ་བའི་སྲས་ཀྱི་ཚུལ་ཁྲིམས་རྣམ་དག་ཡིན། །སྣང་བ་ཐམས་ཅད་དཀྱིལ་འཁོར་འཁོར་ལོ་དང༌། །གྲགས་ཚད་གསུང་དང་སེམས་ཉིད་ཐུགས་རྡོ་རྗེ། །ལྷག་པར་མོས་ཤིང་མཚན་འཛིན་དང་བྲལ་བ། །བླ་མ་སངས་རྒྱས་ཀུན་འདུས་ངོ་བོར་བསྒོམ། །གསང་སྔགས་ལྷ་ལ་མི་ཕྱེད་དད་པ་ཡིས། །དམ་ཚིག་སྲོག་ལས་གཅེར་པར་འཛིན་པ་དང༌། །སྔགས་ཀྱི་སྤྱོད་པ་མཆོག་ལ་ཡིད་གུས་པ། །འདི་ནི་རྡོ་རྗེ་ཐེག་པའི་སྤྱོད་པ་ཡིན། །རང་སྤྱོད་ཕྲ་མོ་ནས་བརྩམས་སྤང་བླང་དང༌། །ཆེན་པོ་རྣམས་ཀྱི་ཐབས་ལ་མཁས་པ་ཡི། །རྨད་བྱུང་སྤྱོད་ལའང་དད་ཅིང་བློར་ཤོང་ལ། །གང་ཤར་དེ་ལ་རོ་སྙོམས་ཞེན་མེད་མཁན། །དེ་ལྟར་བྱས་ན་ལོག་པའི་ལམ་མི་འགྲོ། །རང་འདོད་འཁྲི་བ་གཏན་ནས་མ་ཞུགས་པར། །སྙིང་རྗེའི་སེམས་ཀྱིས་གཞན་ཕན་ཁོ་ན་སྒྲུབ། །འགྲོ་བ་རང་བཞིན་མེད་ཀྱང་སྙིང་རྗེའི་ངང༌། །ཡང་དག་སྤྱོད་པ་ཐམས་ཅད་འདི་ལ་འདུས། །རྩེ་གཅིག་སྒྲུབ་པ་ཉམས་སུ་ལེན་པ་ལ། །ཚེ་འདི་དོན་ཆུང་མི་རྟག་ཡད་ཡུད་ཙམ། ཁམས་གསུམ་སྡུག་བསྔལ་མེའི་འོབས་དང་འདྲ། །འདི་ལ་ངེས་འབྱུང་ཤུགས་དྲག་སྙིང་ནས་བསྐྱེད། །སྡུག་བསྔལ་ཅན་གྱི་འགྲོ་ལ་སྙིང་རྗེ་དང༌། །བྱང་ཆུབ་སྒྲུབ་པའི་ལྷག་བསམ་ཁུར་ཆེན་


TNT01_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །གནས་ལུགས་སྤྲོས་བྲལ་དོན་དམ་སྟོང་པ་ཉིད། །ལེགས་པར་གོ་ནས་མོས་པ་མཆོག་བསྐྱེད་དེ། །ཞི་གནས་ལྷག་མཐོང་རིམ་པས་རྩེ་གཅིག་སྒོམས། །རྣམ་རྟོག་རླུང་གིས་མ་གཡོས་ཞི་གནས་དང༌། །སེམས་ཉིད་གསལ་སྟོང་རིག་པའི་ལྷག་མཐོང་སྟེ། །ཞི་ལྷག་ཟུང་འཇུག་རྣལ་འབྱོར་བསྒོམས་གྱུར་ན། །ཉོན་མོངས་གཡུལ་ལས་མྱུར་དུ་རྒྱལ་བར་འགྱུར། །སྔགས་བཟླས་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་སོགས། །སྣ་ཚོགས་ཐབས་ཀྱང་གཞན་གྱི་དོན་དུ་སྒྲུབ། །ཟབ་མོའི་གནད་ལ་བླ་མའི་ལུང་བཞིན་དུ། །ཡེ་ཤེས་ཆེན་པོའི་རྣལ་འབྱོར་འབད་པས་བསྒོམ། །རྣམ་རྟོག་ཐམས་ཅད་སྤྲིན་བཞིན་གློ་བུར་བ། །སེམས་ཉིད་སྤྲོས་བྲལ་མཁའ་བཞིན་འགྱུར་བ་མེད། །དབྱིངས་རིག་ཙམ་ལ་གཡོ་བ་མེད་པར་བསྒོམ། །ཉམས་ལེན་སྒོམ་པའི་སྙིང་པོ་དེར་འདུས་སོ། །ལྟ་སྒོམ་སྤྱོད་པ་མ་ནོར་ཉམས་བླངས་ན། །འབྲས་བུ་མཆོག་ལ་སོམ་ཉི་ག་ལ་ཡོད། །རྒྱུ་ཚོགས་མ་ལུས་ཚང་ཞིང་འཛོམ་པ་ལ། །འབྲས་བུ་འབྱུང་བ་སུས་ཀྱང་བཟློག་ཏུ་མེད། །རྒྱལ་བས་ས་ལམ་རིམ་པ་མང་གསུངས་ན། །ས་ལམ་རིམ་པ་འགོག་པ་གད་མོའི་གནས། །དེ་ཕྱིར་རིམ་པས་ལམ་རྣམས་བགྲོད་བྱས་ནས། །མཐར་ཐུག་བྱང་ཆུབ་གནས་སུ་ཕྱིན་པར་འགྱུར། །ཆོས་སྐུ་སྤྲོས་དང་བྲལ་བའི་ཡེ་ཤེས་ཀྱང༌། །


TNT01_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མེད་མུན་ནག་ལྟ་བུ་མ་ཡིན་ཏེ། །དུས་གསུམ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པའི། །ཇི་ལྟ་ཇི་སྙེད་གནས་ཚུལ་གསལ་བར་མཁྱེན། །ཡེ་ཤེས་ཆེན་པོའི་རང་སྣང་འགག་མེད་ལས། །གཞན་སེམས་དག་པའི་བློའི་མེ་ལོང་དུ། །གཟུགས་སྐུའི་སྣང་བརྙན་དཔག་མེད་འཆར་བ་ཡིན། །དེ་ལས་ལྷུན་གྲུབ་འབད་རྩོལ་མེད་པ་རུ། །དུས་གསུམ་གདུལ་བྱ་འགྲོ་བ་མཐའ་དག་ལ། །གང་ལ་གང་འདུལ་འཕྲིན་ལས་འཇུག་པར་འགྱུར། །དེ་ལྟར་མཆོག་ཏུ་གདམས་པ་ཟབ་མོ་འདི། །དམ་པ་ཁྱེད་ཀྱི་ཐུགས་སུ་བྱོན་གྱུར་ནས། །དཔག་ཡས་སྐལ་ལྡན་གདུལ་བྱའི་ཚོགས་རྣམས་ལ། །དམ་ཆོས་བདུད་རྩིའི་དགའ་སྟོན་འགྱེད་པར་ཤོག། །།ཅེས་པ་འདི་ཡང་མདོ་ཁམས་སྨད་ཀྱི་རྒྱལ་ཁམས་ནས་དཔལ་ཇོ་ནང་པའི་བསྟན་འཛིན་ཆེན་པོ། །རྒྱལ་བའི་བསྟན་པ་རིན་པོ་ཆེའི་རིང་ལུགས་པ། བླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ཞེས་བྱ་བའི་གསུང་གིས་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།


previousབླ་མ་ཀ་བཞི་པ་ཀུན་དགའ་ལྷུན་གྲུབ་ལ། next