Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རི་ཁྲོད་པ་ནམ་མཁའི་སེང་གེ་ལ་འཕྲིན་དུ་བསྐུར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརི་ཁྲོད་པ་ནམ་མཁའི་སེང་གེ་ལ་འཕྲིན་དུ་བསྐུར་བ།next

རི་ཁྲོད་པ་ནམ་མཁའི་སེང་གེ་ལ་འཕྲིན་དུ་བསྐུར་བ།


TNT01_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཁམས་པ་ཏཱ་ར་ནཱ་ཐའི་གཏམ། རི་ཁྲོད་པ་ནམ་མཁའི་སེང་གེ་ལ་འཕྲིན་དུ་བསྐུར་བ། སྒྲུབ་པ་འཕེལ་བར་ཡོད་འདུག་པ་ཡིད་སྤྲོ། ངེད་ཀྱང་ཆོས་འཕེལ་བར་ཡོད། སྐབས་ཀྱི་དོན། གནས་ལུགས་དང་རྗེས་སུ་འབྲེལ་བའི་གཏམ་ཅུང་ཟད་བཤད་ན། གནས་ལུགས་


TNT01_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་སངས་རྒྱས་ཕྱི་རོལ་ནས་བཙལ་མ་དགོས་པར། རང་ལ་གདོད་མ་ནས་ཡོད་པ་དེར་གདའ། རང་དུ་མ་ཟད་སེམས་ཅན་ཐམས་ཅད་ལ་ཡོད། སེམས་ཅན་དུ་མ་ཟད་སྣང་སྲིད་འཁོར་འདས་ཐམས་ཅད་འདིའི་རང་བཞིན་དུ་འདུག །བླ་མའི་བྱིན་རླབས་དང༌། གདམས་ངག་གི་གནད་ལ་བརྟེན་ནས་རང་ཞལ་ལྟ་ཤེས་ན། ཡེ་ནས་ཆོས་སྐུ་ཡོད་པ་དེས་ཡོད་གོ་བཅད་པར་གདའ། དེ་བཞིན་མ་ཡིན་པ་ལ་ཡོད་ཀྱང་མ་ཕན། དེ་རྟོགས་པའི་ཐབས་ནི། དང་པོར་ནང་འཛིན་པའི་སེམས་རང་དག་ཏུ་བྱས་པས། འཛིན་བྱེད་ཁོ་རང་རང་གྲོལ་དུ་ཐོངས་པ་ཞིག་དགོས། དེ་བྱུང་ན་ཕྱིས་གཟུང་བ་རང་སར་དག་པ་ཡིན། དེ་ཡང་རང་ངོ་ཤེས་ཙམ་ལ་དྲན་འཛིན་གྱི་བཅོས་བསླད་ཀྱང་མེད་ན། །གཞན་གྱི་ལྟ་སྨོས་ཀྱང་ཅི་དགོས་ཏེ། །རིག་ཙམ་ཝལ་ལེ་ཁྱུག་གེ་བ་ནི་ནམ་དུ་ཡང་འགག་རྒྱུ་མི་འདུག །ཚིག་གིས་འདི་ལྟ་བུའོ་ཞེས་རང་མྱོང་དང་མཐུན་པ་ནི་ཇི་ལྟར་བྱས་ཀྱང་བརྗོད་མི་ཤེས། འགྱུ་བྱེད་རྣམ་རྟོག་གི་བློས་འདི་འདྲ་ཞིག་གོ་ཞེས་ཇི་ལྟར་བྱས་ཀྱང་དེས་ཐུབ་རྒྱུ་མེད། འདི་ཡིན་འདི་མིན། ཡུལ་ཕྱོགས་དང་ཕྱོགས་ཀྱི་ཆ་གང་གིས་ཀྱང་མ་བསྡུས། རིག་པ་དང་ཤེས་པའི་ངོ་བོར་ཡོད་སྙམ་ནའང༌། རང་རིག་སྐད་ཅིག་མའི་ངོ་བོ་ནི། ཤེས་པ་འདི་ལྟ་བུ་མྱོང༌། རིག་པ་འདི་ལྟ་བུར་འདུག་ཅེས་བྱ་བའི་མྱོང་བྱ་མྱོང་བྱེད་དང༌། རིག་བྱ་རིག་བྱེད་གང་ཡང་


TNT01_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མ་མྱོང་བ་འདི་ཀ་ཐ་མལ་ཤེས་པའི་རང་བཞིན་དང༌། ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་གདའ་འོ། །གསུང་རབ་ཀྱི་ཆོས་སྐད་ན་མར། སྒྲ་དང་རྟོག་པའི་ཡུལ་ལས་འདས་པ་ཞེས་བྱ་བ་དང༌། བརྗོད་བྲལ་དང༌། སྤྲོས་བྲལ་དང༌། སོ་སོར་རང་གིས་རིག་པའི་ཡེ་ཤེས་དང༌། སྟོང་པ་ཉིད་དང༌། དོན་དམ་པ་སོགས་ཆོས་སྐད་བཟང་བཟང་མོ་དང༌། མིང་སྙན་སྙན་མོ་དཔག་ཏུ་མེད་པ་ཞིག་བྱུང་བ་ཡིན། རང་བཞིན་ངོས་བཟུང་མེད་པ་དེའི་འཆར་སྒོ་ལ། དད་པ་དང་སྙིང་རྗེ་སོགས་དགེ་བའི་རྣམ་རྟོག་སྐྱེས་སམ་འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་དུག་ལྔ་ཤར་རམ། ས་རྡོ་རི་བྲག་གི་རྣམ་རྟོག་སོགས་ལུང་མ་བསྟན་གྱི་འཆར་སྒོ་ཡིན་ཡང་རུང་སྟེ། གང་སྐྱེས་དེ་ཀ་སྐྱེས་ཙམ་ནས་ངོས་ཟིན་དགོས། ངོས་ཟིན་པ་ཟེར་བ་དེ་ཡང་སྐད་ཅིག་དང་པོར་རྣམ་རྟོག་སྐྱེས་པ་ལ། སྐད་ཅིག་གཉིས་པར་རྣམ་རྟོག་སྐྱེས་སོང་སྙམ་པའི་རྗེས་བསྙེགས་ཏེ་མིན། དུས་མཉམ་ཡང་རུང༌། རྣམ་རྟོག་ཡིན་པར་འདུག་སྙམ་པའི་བློས་བྱས་ཀྱིས་ཀྱང་མི་ཆོག །རྗེས་བསྙེགས་དང༌། བློས་བྱས་ཀྱི་བློ་ཁོ་རས་ཁོ་རང་ཡང་རང་ངོ་མ་ཤེས་ན། གཞན་ལ་ཁ་རོག་འདུག་ཟེར་ནས། རང་སྐད་ཆེན་པོ་འདོན་པ་དང་འདྲ་བ་ཞིག་ཡོང༌། ངོ་ཤེས་བྱེད་མཁན་ཁོ་རང་གིས་རང་ངོ་མ་ཤེས་པ་ལ། ཤེས་པ་གཞན་


TNT01_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་ངོ་ཤེས་བྱེད་པར་རློམ་པ་བློས་བྱས་འཁྲུལ་བའི་མགོ་སྐོར་དུ་གདའ་འོ། །འོ་ན་རང་ངོ་ངོས་ཟིན་པ་རང་ཅི་ལ་ཟེར་ན། འཆར་སྒོས་རང་ཤར་ཙམ་དུས་ན། སྐད་ཅིག་མ་གཅིག་པོ་དེ་ཉིད་ལ། ཁོ་རས་ཁོ་རང་ལ་བཟོ་བཅོས་མེད་པར་རང་སོ་ཟིན་པའི་མིང་ཡིན་ཏེ། འགྱུ་བ་ཁོ་རས་འགྱུ་བ་ཁོ་རང་ཤེས་ཙ་ན་བྱ་ལམ་རྗེས་མེད། འགྱུ་བ་རང་སངས། ཉོན་མོངས་རང་གྲོལ་ཡིན། འདི་ལ་ཡང༌། ཉོན་མོངས་པ་དང༌། རྣམ་རྟོག་དང༌། ཡུལ་རྐྱེན་སོགས་ཤུགས་དྲག་མི་དྲག་གི་ཁྱད་པར་གྱིས། རྟོག་པའི་འཆར་སྒོ་གསལ་གསལ་འདྲ་ལ་ངོས་གཟུང་མེད་པའི་ཡུལ་ཡུལ་པོ་ཆུ་ལ་གཟུགས་བརྙན་ཤར་བ་འདྲ་བ་ཞིག་དང༌། དབྱིངས་དེ་ལ་མདངས་གཅིག་གིས་ཁྱབ་པ་ཙམ་འདྲ་བ་མ་གཏོགས། འཆར་སྒོ་རང་ཡང་འདི་ཡིན་ངོས་གཟུང་དུ་མེད་པ་ཞིག་སྟེ། འཆར་ཚུལ་མི་འདྲ་བ་དེ་ལྟར་ཡོད་ཡང་ངོ་བོ་ལ་ཁྱད་མེད། བློ་དང་བསྟུན་པའི་འཆར་ཚུལ་མི་འདྲ་བ་ལ་གྲངས་མེད་ཅིང་ཟད་པའང་མེད་ལ། བརྗོད་ཀྱིས་མི་ལང༌། དེ་ཙམ་ན་འཆར་སྒོ་ཐམས་ཅད་ཀྱང་གདོད་མའི་རྩལ་བ་འགགས་པར་ཤར་བ་ཙམ་ལས་གཞན་མེད་པས། རྣམ་རྟོག་རང་མཚན་པ་བཙལ་བས་མ་རྙེད་པ་ལགས། འདི་བྱུང་ཙ་ན་དོན་ཚན་རིམ་པ་གཉིས་པ་ཕྱི་གཟུང་བའི་ཡུལ་དག་པས། སྣང་བ་རང་སར་གྲོལ་བ་ཞེས་བྱ་བ་དེ་ཞོར་ལ་འོང་བ་ཡིན་ཏེ། །ས་རྡོ་


TNT01_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

རི་བྲག་སྐྱེ་ཤིང་ནགས་ཚལ། དགྲ་གཉེན། འཁོར་ལོངས་སྤྱོད། འགྲོགས་ཤེས་ལ་སོགས་པ། ཕྱི་ནང་ཇི་ལྟར་སྣང་བ་ཐམས་ཅད་སྣང་ཙམ་དེ་ལ་ཡུལ་གྱི་འཛིན་པས་མ་བསླད་པར་སྣང་ཙམ་ཤར་ཙམ་དེ་ཀ་རང་རིག་རང་གསལ། ཤར་བའི་དུས། གསལ་བའི་དུས། སྣང་བའི་དུས་ཉིད་ན་ཀ་འདི་ཡིན་འདི་མིན་ངོས་གཟུང་བྲལ་བ། དེ་ཁོ་ན་སྣང་བ་རང་སར་གྲོལ་བ་ཞེས་བྱ་སྟེ། རྨི་ལམ་གྱི་ཡུལ་སྣང་ངམ་མེ་ལོང་གི་གཟུགས་བརྙན་ལྟ་བུར་ཤེས་པས་དངོས་པོར་འཛིན་པ་རང་སངས་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གཉིས་རང་སར་དག་པ་དེ་ཀ་གཟུང་འཛིན་གཉིས་མེད་ཀྱི་དོན་ཡིན། མ་འགགས་པའི་ཤེས་པ་དང་སང་ངེ་བ། གསལ་ལེ་ཧྲིག་གེ་བ། འབོལ་ལེ་ཤིག་གེ་བ། རྩོལ་མེད་ཀྱི་རང་རིག་པ་ཡིད་ཆེས་ལ་སྨྲ་རུ་མི་བཏུབ་པ་ཞིག་འདུག་པ་འདི་ཀ གདོད་མའི་ཆོས་ཉིད་ཟེར་བའི་སྒྲ་བོ་ཆེ་དེ་ཡིན་མོད། སྒོམ་ཆེན་པ་ཐམས་ཅད་ཆོས་ཉིད་མ་བུ་འཕྲོད་སྐད། མ་འཕྲོད་སྐད། ཁ་བསྔགས་མང་པོ་ཟེར་ཏེ། དངོས་གནས་ལ་གཟུང་འཛིན་དབྱིངས་སུ་གྲོལ་བའི་རང་ཞལ་ལྟ་བ་གལ་ཆེའོ། །ཡང་ད་ལྟའི་སྣང་བ་ཟང་ཐལ་ལེ་བ་འདི་ཀ་ཆོས་སྐུ་ཡིན། སོ་སོའི་རྒྱུད་ལ་རྗེན་ཆེ་རེ་བ་མ་འགགས་པའི་རིག་པ་འདི་ཀ་ཡེ་ཤེས་ཡིན་ཟེར་ཏེ། ཚོམ་འཇོག་ལ་གཏམ་འང་འུད་རེ་བཤད། ཐམ་ཐོམ་ལ་བཟང་


TNT01_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུའི་རྒྱབ་སྐྱོར་མཁན་དེ་ཀུན་ལ་སྙིང་པོ་མེད། ཆོས་སྐད་བཟང་ལ་མདོར་ཏེ་མེད་པ་ཞིག་ཡོང་ཉེན་ཡོད། དངོས་གནས་ལ་དེ་ལྟར་ཡིན་ཀྱང༌། ཡིན་པས་མི་ཕན་པ་ཞིག་ཀྱང་ཡོང༌། འཇིག་རྟེན་གྱི་ཁམས་འདིའི་འོག་གཞི་ཆུ་འབའ་ཞིག་ལ་བརྟེན་པ་ཡིན་ཀྱང༌། མྱ་ངམ་གྱི་ཐང་ལ་སྐོམས་ཏེ་ཤི་བའི་མི་མང་པོ་དང་འདྲ། གོང་དུ་བཤད་པ་ལྟར་གནས་ལུགས་ལ་རྡོ་རུས་ཐུག་པ་ཞིག་བྱུང་ན། འཁོར་འདས་རང་བཞིན་མཉམ་པ་ཉིད་ཡིན་པས། སྣང་བཟང་ཐལ་ལེ་བ་འདི་ལས་ལོགས་སུ་མྱ་ངན་ལས་འདས་པ་བཙལ་དུ་མེད་པ་ཅིས་ཀྱང་ཡིན་མོད། འཆར་སྒོ་ཇི་ཙམ་འཆར་བ་འདི། སྐྱེ་ནའང་རང་བཞིན་དབྱིངས་དེ་ལས་སྐྱེ། འགག་ནའང་དེའི་ངང་དེ་ཀར་འགག །མ་འགག་པར་གནས་ནའང་དེ་ཀའི་རང་བཞིན་ལས་མ་འདས་པར་གདའ་ནའང༌། དེ་འདྲ་ཞིག་ཡིན་པར་འདུག་སྙམ་པའི་གོ་བས་ཉམས་མྱོང་མ་བསླད་རིག་ཐོག་ཏུ་རིག་པས་གནད་ལ་འབྱོར་པ་གལ་ཆེ། གནས་ལུགས་ལྟ་བའི་ཕྱོགས་ལ་འདི་ཀས་ཐག་ཆོད་པར་འོང༌། ཐབས་སྤྱོད་པའི་ཕྱོགས་ལ། སྤྱིར་ཚོགས་བསོག་གི་རིམ་པ་རྣམས་རྣམ་གཡེང་གི་རྒྱུ་མི་འགྱུར་བའི་ངོས་ནས། རང་གི་མོས་པ་དང་བསྟུན་པས་ཁྱབ། བླ་མ་ལ་མོས་གུས་དང༌། སེམས་ཅན་ལ་སྙིང་རྗེ་རྒྱུན་མི་འཆད་པ་ཞིག་མེད་ཐབས་མེད། དེ་ཡང་གནས་ལུགས་ཀྱི་ལྟ་བ་དང༌། ཐབས་དེ་ཉིད་རེས་འཇོག་ཏུ་མ་སོང་


TNT01_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

བར། རང་བཞིན་ངོས་གཟུང་མེད་པའི་རྩལ་མོས་གུས་དང་སྙིང་རྗེ་འཆར་ཞིང༌། མོས་གུས་དང་སྙིང་རྗེའི་མདངས་དྲག་པོ་དེ་ཡང་རང་དུས་ནས་སྤྲོས་བྲལ་དུ་རང་ངོ་ཤེས་པ་ཞིག་དགོས་ཤིང༌། དགེ་སྦྱོར་ཅི་བྱེད་སེམས་ཅན་གྱི་དོན་དུ་བསྔོ་བས་རྒྱས་ཐེབས་པའང་གལ་ཆེ། རྟེན་བདུད་རྩི་རིལ་བུ་དང༌། བྱིན་རླབས་རིལ་བུ་ཐུམ་ལ་རྒྱ་ལྡན། སྟག་ལོ་ཟླ་བ་བཞི་པའི་ཚེས་བཟང་པོ་ལ་དགེ། །།བཀྲ་ཤིས། །


previousརི་ཁྲོད་པ་ནམ་མཁའི་སེང་གེ་ལ་འཕྲིན་དུ་བསྐུར་བ།next