Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱ་བཏང་ཀུན་དགའ་དཔལ་ལྡན་ལ་ཏཱ་ར་ནཱ་ཐས་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱ་བཏང་ཀུན་དགའ་དཔལ་ལྡན་ལ་ཏཱ་ར་ནཱ་ཐས་གདམས་པ། next

བྱ་བཏང་ཀུན་དགའ་དཔལ་ལྡན་ལ་ཏཱ་ར་ནཱ་ཐས་གདམས་པ།


TNT01_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྐུ་བཞིའི་བདག་ཉིད་ཀྱི་བླ་མ་ལ། །མི་ཕྱེད་དད་པས་གསོལ་བ་འདེབས། །གནད་སྐུལ་གྱི་གདམས་པ་ཚིག་གསུམ་འདི། །སློབ་མའི་སེམས་ལ་འཕྲོད་པར་ཤོག །མི་ལུས་ལན་གཅིག་ཐོབ་པ་འདི། །སོས་དལ་དུ་སྡོད་པ་ཅང་ཁོམ་མམ། རྣམ་གཡེང་ལ་མི་ཚེ་མ་སྐྱེལ་བར། །རང་གིས་རང་སེམས་འཆུན་པ་ཞིག་འཚལ། །བརྩོན་འགྲུས་ཀྱི་ལྕག་གིས་མ་འཁུལ་ན། །མི་གཞན་གྱི་བསྐུལ་འདེབས་རེ་ཐག་ཆད། །ཡུལ་


TNT01_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་དགྲ་གཉེན་ཀུན་ལ་ལྟོས། །དགེ་སྦྱོར་གྱི་བསྐུལ་འདེབས་གཞན་མི་འཚལ། །ཆོས་གདམས་པ་ཟབ་མོ་མཇལ་དུས་སུ། །ཉམས་ལེན་གྱི་ཁྱེ་སྤོགས་ལ་འབད་འབུངས་མཛོད། །ཟོང་ཕན་ཚུན་དུ་སྒྱུར་བའི་ཁྱེ་ཕོགས་ཏེ། །སྒོམ་ཆེན་པའི་རྐང་ཆུང་གཏིང་ནས་འདྲེན། །འདོད་ཡོན་གྱི་འཁྲི་བ་མ་ཆོད་ན། །བརྒྱ་བརྒྱ་བཏང་ནས་སྟོང་སྟོང་འགུགས། །གཡོ་ཟོལ་གྱི་རྣམ་རྟོག་ལ་མི་ཚེ་སྐྱེལ། །བྱ་བཏང་གི་མིང་བཏགས་ངོ་རེ་ཚ། །ཚེ་ངཻས་མེད་ནམ་འཆི་ཆ་མེད་ཡིན། །སྒོམ་སྒྲུབ་ལ་ཧམ་རྒྱུགས་མི་བྱེད་པར། །གྲགས་འདོད་དང་ལོ་འདོད་ཀྱི་ཁ་ལ་རྒྱུག །ཆོས་བརྒྱད་ཀྱི་རླུང་པོས་འཁྱེར་ཉེན་གདའ། །རང་རྒྱུད་ལ་ཕན་པའི་དགེ་སྦྱོར་ཏེ། །མི་གཞན་གྱིས་མ་གོ་ཡང་ཨའུ་རྩི། །འཁོར་ཆེ་དང་ངོ་སོ་མ་འདོད་ཨང༌། །ཉམས་ཕྲན་ཚེགས་སྐྱེས་པ་རྣམས་ཡལ་ཉེན་གདོག །ཉམས་རྟོགས་ཀྱི་ཉི་མ་ཤར་ན་ཡང༌། །ཉེ་རིང་དང་བར་མའི་མི་ཀུན་གྱིས། །མ་གོ་ན་གཏིང་ནས་འཚེངས་པ་ཡིན། །སྒོམ་ཉམས་ལེན་གནད་དུ་མི་འགྲོ་རི། །དགྲ་གཉེན་སོགས་སུ་ལ་ཕན་བཏགས་ཀྱང༌། རྒྱུད་སྙིང་རྗེས་བརླན་པ་མ་གཏོགས་པ། །ངོ་སོ་སྐད་ཅིག་ཀྱང་མི་འཕྱར་ན། །བྱང་ཆུབ་ཀྱི་ས་བོན་མ་ཐེབས་རི། །ལར་བར་ཆད་ཀུན་མངོན་ཚན་ཅན་ལ་འཇུག །གསངས་ཏེ་སྤྱོད་པ་འདི་གལ་རེ་ཆེ། །རྒྱལ་ཁམས་ཀྱི་


TNT01_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་ཕན་བཏགས་ཀྱང༌། ཁོང་ཡུས་ཀྱིས་ཁྱེར་ན་གཞན་ཕན་མིན། །མི་ཚེ་སྒྲུབ་པ་ལ་བསྐྱལ་སྲིད་ཀྱང༌། །རློམ་སེམས་ཀྱིས་ཁྱེར་ན་གཡང་ལ་ལྷུང༌། །ཉམས་མྱོང་དང་ཡོན་ཏན་ཤར་སྐབས་སུ། །མི་གཞན་ལ་ངོམས་ན་འཕྲལ་དུ་འགྲིབ། །འགྲོ་དོན་དང་གྲགས་པ་བྱུང་དུས་སུ། །བདུད་ཀྱིས་བར་ཆད་ཀུན་འཇུག་ཉེན་ཆེ། །བདུད་གཞན་ན་ཡོད་པ་མ་ཡིན་ནོ། །ཆོས་སྤྱོད་ལ་གཡེལ་བ་དེ་རང་བདུད། །འགྲོགས་བཤེས་སོགས་གལ་ཆེ་སུ་ཡིན་ཀྱང༌། །འཇིག་རྟེན་གྱི་བྱ་བ་ཁོ་རང་ཚོས་ཤེས། །རང་ཚེ་འདི་བློས་བཏང་དུ་ཁས་བླངས་ནས། །འབྲེལ་ཅན་གྱི་འདུན་བྱུས་མི་འཚལ་ལོ། །ལོངས་སྤྱོད་དང་འཁོར་ཚོགས་རྣམ་གཡེང་གི་རྒྱུ། །དེ་ཚེ་འགུགས་གཡང་འགུགས་མི་དགོས་སོ། །རང་དབང་བའི་ཡོ་བྱད་འཆིང་བའི་གཞི། །དེ་སེར་སྣས་ཤི་སྦར་མ་འཐམ་ཞིག །འཕྲལ་ཟད་མེད་ཀྱི་ལོང་གཏམ་དགེ་སྦྱོར་གྱི་དགྲ། །ཚིག་མི་སྨྲ་ངག་བཅད་གནད་དུ་ཆེ། །ལྗོངས་གྲོང་ཁ་ཉུལ་བ་ལང་ཤོར་གྱི་རྒྱུ། །གནས་ལུང་སྟོང་དུ་ཚུགས་ན་དཔའ་བ་ཡིན། །ད་ཉམས་ལེན་གྱི་སྙིང་པོ་གཅིག་ཡིན་ཏེ། །ལྟེམ་འགྱང་མེད་པའི་མོས་གུས་བསྒོམ། །ཉམས་ལེན་གྱི་རྣམ་གྲངས་གསུམ་ཡིན་ཏེ། །མི་རྟག་སྡུག་བསྔལ་ལས་འབྲས་སོམས། །ཉམས་ལེན་གྱི་རྐང་རྩ་གཉིས་ཡིན་ཏེ། །མ་བཅོས་སོ་མ་དང་སྙིང་རྗེ་ཆེ། །འཆི་བ་མི་


TNT01_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པས་བསྐུལ་མ་བཏབ། །སྡུག་བསྔལ་དུ་བསམས་ན་ཞེན་ཆགས་སྤོང༌། །ལས་འབྲས་ལ་བསམས་ན་སྤྱོད་པ་གཙང༌། །སྙིང་རྗེ་དང་སྤྲོས་བྲལ་སྒོམ་གྱི་མཐིལ། །དེ་ཀུན་གྱི་རྩ་བ་མོས་གུས་ཡིན། །རུ་ང་དང་འགྲན་སེམས་དབྱིངས་སུ་དག །དྲན་འཁྲུལ་གྱི་གྱབ་སྐོར་མི་འདུག་ན། །དགེ་སྦྱོར་ཚོ་གནད་དུ་སོང་བ་ཡིན། །ལར་ཆོས་ཞིག་བྱེད་ན་ཆོས་བཞིན་གྱིས། །མི་ཚེ་འབྱིད་ཐབས་ཀྱི་ཆོས་སྤྱོད་དེ། །ཐོས་བསམ་དང་སྒོམ་སྒྲུབ་ཅི་ཡིན་རུང༌། །གཞན་མགོ་སྐོར་ལས་ལྷག་པ་ཡོད་རེ་ཀན། །ཆོས་ཤེས་རྒྱ་ཙམ་གྱིས་མི་ཕན་ཏེ། །རང་རྒྱུད་ཐ་མལ་པར་ཀྲོངས་སེ་ལུས། །ཉམས་ལེན་གྱི་གནད་དང་མི་ལྡན་པ། །བླུན་སྒོམ་ཙམ་གྱིས་ཀྱང་མདོ་དོན་སྟོར། །ཡིད་ངེས་འབྱུང་སྙིང་ནས་མ་སྐྱེས་པའི། །སྒོམ་ཆེན་དེ་རི་ལ་ལུད་བསོག་ཡིན། །ལས་འབྲས་ལ་མི་རྩི་བའི་བག་མེད་ལ། །གྲུབ་ཐོབ་ཏུ་རེ་བ་དམྱལ་བའི་རྒྱུ། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་པའི། །སྟོང་སྐད་ཀྱི་རྦད་ཁམ་ཆད་ལྟ་རང༌། །ནང་རླུང་སེམས་ཡེ་ཤེས་སུ་མ་ཐིམ་པའི། །རྩ་རླུང་གི་རྣོ་ཁྱད་མུ་སྟེགས་པའི་ཆོས། །གསང་སྔགས་ཀྱི་དམ་ཚིག་ཁྲོམ་ལ་འཁྱམས། །ཀུན་སྤང་གྱི་རྣལ་འབྱོར་གདོལ་བར་སོང༌། །ཡང་ལྟ་སྤྱོད་བཟང་པོའི་འཛིན་སྟངས་ཅན། །གཞན་ཁྱད་གསོད་ཀྱི་སྡིག་པ་བསོག་ཉེན་གདོག །ཉིན་མཚན་སྒྲུབ་པ་ལ་རྩོལ་ན་ཡང༌། །གོལ་ས་འདི་


TNT01_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བཟབ་པར་ཞུ། །ཆོས་ཁོ་ན་ལ་བློ་སྣ་འཇུར་ཏེ་བསྒྲིམ། །རྒྱུད་འཇམ་ལ་ལྟག་ཚུགས་བཟང་བ་དང༌། །ཐ་མལ་དུ་མ་ལུས་ཡེངས་མེད་དུ་འཚལ། །དགོས་འདོད་ཀྱི་འབྲས་བུ་མངོན་དུ་འགྱུར།། །།ཞེས་པའང་བྱ་བཏང་ཀུན་དགའ་དཔལ་ལྡན་ལ་ཏཱ་ར་ནཱ་ཐས་གདམས་པའོ། །བཀྲ་ཤིས། །


previousབྱ་བཏང་ཀུན་དགའ་དཔལ་ལྡན་ལ་ཏཱ་ར་ནཱ་ཐས་གདམས་པ། next