Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔོན་བློ་གྲོས་ནམ་མཁའ་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔོན་བློ་གྲོས་ནམ་མཁའ་ལ་གདམས་པ། next

དཔོན་བློ་གྲོས་ནམ་མཁའ་ལ་གདམས་པ།


TNT01_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་རུ། སྐྱབས་གསུམ་ཀུན་འདུས་ཀྱི་བླ་མ་ལ། །ཐུགས་ཡིད་དབྱེར་མེད་ཀྱི་མཆོད་པ་འབུལ། །མཉམ་ཉིད་ཀྱི་ངང་དུ་གསོལ་བ་འདེབས། །མོས་པའི་བུ་ལ་བྱིན་གྱིས་རློབས། །རང་སེམས་ལ་ཤར་བའི་ཚིག་བཅད་འགའ། །གོ་རིམ་དང་མཛེས་ཁྲིགས་མ་མཆིས་ཀྱང༌། །དད་ལྡན་གྱི་སློབ་མས་བསྐུལ་བའི་ངོར། །ཐོལ་བྱུང་དུ་ཤར་བ་འདི་ལྟར་ལགས། །ཆོས་མདོ་རྒྱུད་ཐང་མར་བརྡལ་བ་ནས། །ཚོགས་བསགས་ཐབས་ཇི་སྙེད་ཅིག་གསུང་ལགས་ཀྱང༌། །ཕ་བླ་མ་བསྟེན་ཚུལ་དུ་ཀུན་ཀྱང་འདུས། །ཐབས་མཁས་ཀྱི་རྒྱལ་པོ་མོས་གུས་ཡིན། །ལྟེམ་འགྱང་མེད་པ་ཞིག་གལ་རེ་ཆེ། །གཞན་ཟེར་གྱི་བསྟོད་སྨད་ཕྲ་མ་མཁན། །མཛད་སྤྱོད་འདི་བཟང་ངན་ཅི་ཡིན་སྙམ། །སེམས་འཁུ་འཁྲིགས་ཟ་ན་ལྟེམ་འགྱང་ཡིན། །གདུང་ཤུགས་དང་ཐག་ཆོད་གལ་རེ་ཆེ། །བློ་རྩེ་གཉིས་མེད་ན་ཐག་ཆོད་ཡིན། །སྐྱི་སྡུག་དང་མཐོ་དམན་ལ་མ་རག་ཅིང༌། །རེ་དོགས་བྲལ་བའི་མོས་གུས་འཚལ། །དུས་རྒྱུན་


TNT01_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ་བ་འདེབས་པ་གཅེས། །སྒོམ་བྱེད་དམ་འགྲོ་འཆག་ཉལ་འདུག་བྱེད། །དུས་རྟག་ཏུ་བླ་མ་བརྗེད་པ་མེད། །གདུང་ཤུགས་ཀྱི་ཚད་ནི་དེ་ལ་མཛོད། །གནས་ལུགས་ཀྱི་ཉམས་མྱོང་བཟང་མི་བཟང༌། །མོས་གུས་བཟང་ངན་གྱི་རྗེས་སུ་འགྲོ། །མོས་གུས་མཐའ་མེད་དུ་འཕེལ་འདུག་ན། །ཉམས་རྟོགས་མི་སྐྱེ་བའི་རང་དབང་མེད། །ཆོས་བརྒྱད་ཁྲི་བཞི་སྟོང་གསུངས་གྱུར་ཀྱང༌། །དོན་སེམས་ཉིད་གཏན་ལ་འབེབས་པ་ཡིན། །སེམས་གསལ་རིག་མ་འགགས་ངོས་གཟུང་བྲལ། །དེ་སོ་མར་བསྐྱངས་ན་རང་སོ་ཟིན། །དུས་རྟག་ཏུ་དྲན་པའི་ཐག་པས་བཟུང༌། །རང་རང་ཉིད་ཀྱིས་རིག་ན་རང་གྲོལ་ཡིན། །སེམས་བཟུང་བས་མི་ཕན་ལྷུག་པར་ཐོང༌། །འགྲོ་འོང་གི་རྣམ་དབྱེ་དབྱིངས་སུ་སྟོར། །དུས་རེ་འགའ་བསྒྲིམ་ཀྱིན་གཅུན་ལ་ཞོག །སྤྲོས་བྲལ་ཀྱི་དབྱིངས་སུ་ཕྱིན་པ་ཡིན། །ཡང་རེ་འགའ་ཀློད་ལ་བསྐྱུར་ཀྱིན་ཞོག །གཉུག་མའི་རང་སོ་ཟིན་པ་ཡིན། །ལར་གནས་ལུགས་བྱར་མེད་ཀྱི་རྣལ་འབྱོར་ལ། །བསྒྲིམ་དགོས་དང་ཀློད་དགོས་མི་འདུག་མོད། །བསྒྲིམ་ཀློད་ཀྱི་སྣང་བ་ཅི་ཤར་ཡང༌། །གནས་ལུགས་ཀྱི་དབྱིངས་སུ་ཁྱེར་ན་བདེ། །མཐོང་ཐོས་ཀྱི་ཡུལ་ལ་དགག་རྒྱུ་མེད། །སྣང་ཚད་ཀུན་གསལ་སྟོང་ཟུང་འཇུག་ཡིན། །འགྱུ་བྱེད་རྣམ་རྟོག་གི་རི་མོ་འདི། །རང་ངོ་ཤེས་ན་རིག་སྟོང་དུ་གདའ། །མེ་ལོང་ལ་སྣོད་བཅུད་ཀྱི་གཟུགས་བརྙན་


TNT01_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ཤར། །ཤར་ཙམ་ཉིད་ནས་ངོས་གཟུང་དང་བྲལ། །དཔེ་དེ་བཞིན་རིག་པའི་འཆད་སྒོ་ཀུན། །སེམས་སྤྲོས་བྲལ་ཁོ་རའི་རང་གཟུགས་ཡིན། །ཆོས་སྐུ་ཉག་གཅིག་གི་ཀློང་ཡངས་ལ། །བླང་དོར་གྱི་སྤྲོས་པ་དགོས་རེ་ཀན། །སྤང་བླང་གི་སྣང་ཆ་ཅི་ཤར་ཡང༌། །རང་གྲོལ་དུ་འདུག་ན་སྤང་བླང་བྲལ། །ང་འགྲོ་འམ་འདུག་གམ་གང་བྱེད་ཀྱང༌། །གཉིད་ལོག་གམ་སད་སྐབས་ཡིན་ཡང་རུང༌། །སེམས་གནས་སམ་འགྱུ་བ་ཅི་ཤར་ཡང༌། །རང་དུས་ནས་རང་ཚོ་ཐུབ་པ་ཞིག་འཚལ། །སེམས་རང་ཚོ་ཐུབ་ན་ངོས་གཟུང་བྲལ། །གཉིས་མེད་ཀྱི་རིག་པ་འདི་རྩལ་མ་འགགས། །འཁོར་འདས་ཀྱི་སྣང་བ་ལ་མི་འཆར་མེད། །ཤར་གྲོལ་གྱི་རྣལ་འབྱོར་བློ་རེ་བདེ། །ཡེངས་མེད་རྣལ་འབྱོར་བརྗིད་རེ་ཆགས། །ལས་མེད་ཀྱི་རྣལ་འབྱོར་ཞེ་རེ་གཙང༌། །རྒྱུ་ཡན་གྱི་རྣལ་འབྱོར་གུ་རེ་ཡངས། །གང་ཤར་ལ་ལམ་ཁྱེར་རྩལ་རེ་ཆེ། ཁྱེད་ཉམས་ལེན་གྱི་སྙིང་པོ་དེ་ལ་མཛོད། །གནས་ལུགས་ནམ་མཁའ་ལྟར་སྤྲོས་བྲལ་མོད། །སྤྱོད་པ་ལས་འབྲས་ཀྱི་བླང་དོར་ཟབ། །སྟོང་ཉིད་ཀྱི་རང་མདངས་སྙིང་རྗེར་ཤར། །ཆོས་ལྟ་སྤྱོད་འཛོམ་པ་སངས་རྒྱས་ཀྱི་ལམ། །སྤྱོད་པ་ལ་མཚན་མར་མ་ཞེན་ཞིང༌། །སྟོང་རྐྱང་ལ་ཁ་ལྟ་མི་འཐག་པར། །རང་རྒྱུད་ལ་གནད་དུ་འགྲོ་བ་གཅེས། །སྤྱི་འཁོར་བ་སྡུག་བསྔལ་གྱི་


TNT01_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དང༌། །འདུས་བྱས་ལ་རྟག་པའི་གོ་སྐབས་མེད། །སྒོས་འཆི་བ་ནམ་ཡོང་ཆ་མེད་པས། །གཞན་ཅིས་ཀྱང་མི་ཕན་ཆོས་ལ་འབུངས། །ངན་སོང་གི་སྡུག་བསྔལ་མྱོང་དུས་ན། །ཕ་མ་དང་ཉེ་དུས་འཁྱོབས་པ་མེད། །སྔར་བྱས་ཀྱི་སྡིག་པ་བཤགས་པ་དང༌། །ཕྱིན་ཆད་མི་བྱེད་པ་གལ་རེ་ཆེ། །ཟས་ནོར་དང་ལོངས་སྤྱོད་ཁ་དྲག་ཀུན། །ཚེ་བརྗེས་པ་ཕན་ཆད་གར་སོང་མེད། །ལས་དཀར་པོ་དག་ལ་འབད་གྱུར་ན། །ཕྱོགས་གང་དུ་སྐྱེས་ཀྱང་བདེ་བ་ཡིན། །ད་མོས་གུས་ལ་ཐབས་ཀྱི་གཙོ་བོར་མཛོད། །སེམས་ཉིད་ལ་ལྟ་བ་ཉམས་ལེན་མཐིལ། །མི་རྟག་སྐྱོ་ཤས་དྲན་བསྐུལ་གྱི་ལྕག །ལས་འབྲས་ཀྱི་ཞིབ་ཏིག་སྤྱོད་པའི་ཕུལ། །དོན་འདི་བཞི་ཆོས་ཀྱི་སྙིང་པོ་ལགས། །མི་ཁྱེད་ཀྱི་ཐུགས་ལ་འཕྲོད་པར་སྨོན། །དགུང་མཁའ་ལ་ཉི་མ་ཤར་བ་བཞིན། །དོན་གནས་ལུགས་ཀྱི་རྟོགས་པ་འཆར་བར་ཤོག། །།ཅེས་པའང་ཏཱ་ར་ནཱ་ཐས་དཔོན་བློ་གྲོས་ནམ་མཁའ་ལ་གདམས་པའོ། །


previousདཔོན་བློ་གྲོས་ནམ་མཁའ་ལ་གདམས་པ། next