Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་སྐྱབས་གནས་ཀུན་འདུས་སུ་ཤེས་པ་གལ་ཆེ་བར་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་སྐྱབས་གནས་ཀུན་འདུས་སུ་ཤེས་པ་གལ་ཆེ་བར་གདམས་པ། next

བླ་མ་སྐྱབས་གནས་ཀུན་འདུས་སུ་ཤེས་པ་གལ་ཆེ་བར་གདམས་པ།


TNT01_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དམ་པ་རྟོགས་པ་དང་ཐུགས་རྗེ་ཅན་རྣམས་ལ་ཕྱག་འཚལ་ལོ། །དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མའི་མོས་གུས་ཡིན་ཏེ། དངོས་གྲུབ་ཡོང་དུ་རེ་ནས་མོས་གུས་བྱས་ན་རང་འདོད་ཕུགས་སུ་བཅུག་པ་ཡིན། བླ་མ་སྐྱབས་གནས་ཀུན་འདུས་སུ་ཤེས་པ་གལ་ཆེ་སྟེ། བླ་མ་རང་


TNT01_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མ་ཆོག་པར་ཡར་ལ་བཏེག་ནས་སངས་རྒྱས་སུ་སྐྱེལ་ན་མོས་གུས་ཀྱི་གནད་འཆུག་མཛད་པ་གང་ཤར་དེ་ཀ་ཆོས་སྐུའི་རྣམ་རོལ་སེམས་ཅན་གང་ལ་གང་འདུལ་དུ་ཤེས་དགོས་ཏེ། མཛད་པ་ཉེས་པ་ཞིག་ཡོད་པ་ལ་རང་རེས་བཟང་པོར་བསྒྱུར་ནས་ལྟ་དགོས་ན་སྣང་བ་མ་དག་པ་ཡིན། མོས་གུས་ཀྱི་གདུང་ཤུགས་ཚུགས་པ་མེད་པ་འདྲ་བ་ཞིག་མེད་ཁ་མེད་ཡིན་ནའང༌། ཞེན་མེད་ཀྱི་མོས་གུས་རང་ཤར་རང་གྲོལ་དུ་མ་སོང་ན་བཟང་རྟོག་ཕལ་པ་ཡིན། དེས་ན་རེ་དོགས་དང་བྲལ་བའི་མོས་གུས་དང་གསོལ་འདེབས་དགོས་པ་ལགས་སོ། །བླ་མ་དམ་པ་གཅིག་ལ་གསོལ་བ་བཏབ་པས་ཐམས་ཅད་ཀྱི་བྱིན་རླབས་འཇུག་པ་གཅིག་དགོས། དེ་ཡང་གཅིག་ལ་ཐམས་ཅད་སྟིམ་པ་ལ་སོགས་པའི་དམིགས་པ་བྱེད་པའི་སྲོལ་ལྟར་བྱས་ཀྱང་ཆོག་མ་བྱས་ཀྱངརུང་སྟེ། ངོ་བོ་བླ་མ་ཐམས་ཅད་ཀྱང་ཐུགས་ནམ་མཁའ་ལྟར་ངོས་གཟུང་མེད་པའི་གསལ་སྟོང་དུ་རོ་གཅིག །དེའི་མདངས་སྙིང་རྗེར་ཤར་བར་ཡང་གཅིག །དེའི་མཐུ་ལས་འཕྲིན་ལས་སེམས་ཅན་གྱི་དོན་མཛད་པར་ཡང་གཅིག །རང་གི་ངོས་ནས་ཀྱང༌། དང་པོ་ཀློག་སློབ་པའི་སློབ་དཔོན་ནས་གཟུང་བའི་བླ་མ་ཀུན་གྱིས་དགེ་བ་ལ་བསྐུལ་བར་ཡང་གཅིག །ཐབས་མི་འདྲ་བ་སྣ་ཚོགས་དང༌། སྟོན་ལུགས་དང་འཁྲིད་ལུགས་མི་འདྲ་བ་བྱུང་ཡང༌། དུས་ཚོད་


TNT01_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་དང༌། གང་ལ་གང་འདུལ་ཙམ་ཡིན། ངོ་བོ་སྒྲིབ་གཉིས་སྤྱོད་དུ་བཅུག །ཚོགས་གཉིས་རྫོགས་སུ་བཅུག་ནས། མཐར་ཐུག་སངས་རྒྱས་སུ་འཁྲིད་པར་ཡང་གཅིག །རང་གསོལ་བ་འདེབས། མོས་གུས་སྒོམ་པའི་སྐབས་ཡིན་ལ་ཝལ་ཝལ་འཆར་བའི་བླ་མ་དེ་རྣམས་རང་སེམས་ཀྱི་འཆར་སྒོ་ཡིན་པས་སེམས་གཅིག་གི་རང་ངོར་ཡང་རོ་གཅིག་པ་ལགས་སོ། །དེ་ལྟར་ཤེས་ནས་གསོལ་བ་འདི་ལྟར་འདེབས་སོ། །ཨོཾ་སྣང་སྟོང་དབྱེར་མེད་སྐུ་ཡི་རྡོ་རྗེ་ནི། །སྲིད་ཞིའི་སྣང་བ་ཀུན་ལ་ཁྱབ་པར་བཞུགས། །ཨཱཿགྲགས་སྟོང་དབྱེར་མེད་གསུང་གི་རྡོ་རྗེ་ནི། །བརྗོད་རྩོལ་བྲལ་ཡང་མིང་ཚིག་ཀུན་ཏུ་འཆར། །ཧཱུཾ་བདེ་སྟོང་དབྱེར་མེད་ཐུགས་ཀྱི་རྡོ་རྗེ་ནི། །འབད་རྩོལ་མེད་ཀྱང་ཤེས་བྱ་ཐམས་ཅད་མཁྱེན། །ཧོཿརྣམ་པ་ཀུན་ལྡན་ཡེ་ཤེས་རྡོ་རྗེ་ནི། །འགྱུར་བ་མེད་ཀྱང་འཁོར་འདས་ཀུན་ཏུ་སྣང༌། །སངས་རྒྱས་ཀུན་གྱི་ཁྱབ་བདག་རྡོ་རྗེ་བཞི། །ཀུན་འདུས་བླ་མ་ཁྱེད་ལ་སྐྱབས་སུ་མཆི། །དམ་ཆོས་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །དགེ་འདུན་ཀུན་འདུས་ཁྱོད་ཀྱིས་བྱིན་གྱིས་རློབས། །ཡི་དམ་ཀུན་འདུས་ཁྱོད་ལ་ཕྱག་འཚལ་ལོ། །བསྟན་བསྲུང་ཀུན་འདུས་ཁྱོད་ཀྱི་མགོན་སྐྱབས་མཛོད། །མགོན་པོ་ཁྱོད་དང་ནམ་ཡང་མི་འབྲལ་ཞིང༌། ཁྱོད་ཉིད་དགེས་པའི་འཕྲིན་ལས་སྒྲུབ་པར་ཤོག །མཚན་ལྡན་བླ་མ་རིན་པོ་ཆེ། །གདུང་བ་དྲག་པོས་


TNT01_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ན། །བདག་སོགས་སེམས་ཅན་ཐམས་ཅད་ལ། །བྱིན་གྱིས་བརློབ་ཕྱིར་འདིར་བྱོན་བཞུགས། །སྐུ་ལ་མཚན་དཔེ་འོད་དུ་འབར། །སྤྲུལ་པ་ཡང་སྤྲུལ་གྲངས་ལས་འདས། །མཁའ་དབྱིངས་གང་བའི་སངས་རྒྱས་དང༌། །དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས། །འོད་དང་འོད་ཟེར་འཇའ་འོད་འཁྲུག །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །ཆོས་ཀྱི་སྒྲ་དབྱངས་འབྲུག་ལྟར་སྒྲོག །བདེ་ཆེན་ཉམས་མྱོང་འར་མ་འུར། །ད་ལྟ་བྱིན་གྱིས་བརླབ་ཏུ་གསོལ། །གཏན་ཐོག་འདི་རུ་བྱིན་གྱི་རློབས། །ཐུགས་ཡིད་དབྱེར་མེད་རྟོགས་ནས་ཀྱང༌། །རྗེ་བཙུན་ཁྱེད་དང་མཉམ་པར་ཤོག །བདག་ལུས་ནམ་མཁའ་མཉམ་གྱུར་ནས། །སྐུ་ཡི་འཕྲིན་ལས་སྒྲུབ་པར་ཤོག །ངག་ཀྱང་ཤེས་བྱ་ཀུན་ཁྱབ་ནས། ཁྱོད་གསུང་མ་ལུས་སྒྲུབ་པར་ཤོག །སེམས་ཅན་ཀུན་ཡིད་རོ་གཅིག་པས། །ཐུགས་ཀྱི་འཕྲིན་ལས་ཀུན་འགྲུབ་ཤོག །དུས་དང་གནས་སྐབས་ཐམས་ཅད་དུ། ཁྱོད་ཀྱི་ཞབས་པད་བསྟེན་པ་དང༌། ཁྱོད་གསུང་ཇི་བཞིན་འཛིན་པར་ཤོག །ཇི་སྲིད་གནས་ལུགས་མ་རྟོགས་ཤིང༌། །བརྟན་པ་མ་ཐོབ་བར་དུ་ཡང༌། །ཅི་གསུང་གུས་པས་སྒྲུབ་པ་དང༌། །མོས་གུས་ལྟེམ་འགྱང་མེད་པ་དང༌། བརྡེག་བརྡུང་བཀའ་བཀྱོན་ཅི་མཛད་ཀྱང༌། །ཡིད་ཆད་དད་ལོག་མི་སྐྱེ་བར། །


TNT01_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་ཆེས་ཆེར་འཕེལ་བར་ཤོག །ཁྱིམ་གྱི་ལས་དང་སྡིག་སྤྱོད་སོགས། །མཛད་སྤྱོད་ཅི་འདྲ་མཐོང་གྱུར་ཀྱང༌། །གང་འདུལ་ཐབས་མཁས་འཕྲིན་ལས་སུ། །རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཕ་བླ་མ། ཕ་བླ་མ། ཕ་བླ་མ། ཕ་བླ་མ་རང་མཁྱེན། རྗེ་བཙུན་བླ་མ་མཁྱེན། །ཐབས་མཁས་འགྲོ་དོན་མཛད་ལ་གསོལ་བ་འདེབས། །བརྗོད་བྲལ་ཆོས་སྐུ་ཁྱོད་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་ཁྱོད་ལ་གསོལ་བ་འདེབས། །མཐུ་སྟོབས་ནུས་ལྡན་ཁྱོད་ལ་གསོལ་བ་འདེབས། །ཡེ་ཤེས་མཁའ་ཁྱབ་ཁྱོད་ཀྱི་ཐུགས་རྗེས་གཟིགས། །བརྩེ་བའི་རང་བཞིན་ཁྱོད་ཀྱི་ཐུགས་རྗེས་གཟིགས། །འཕྲིན་ལས་ལྷུན་གྲུབ་ཁྱོད་ཀྱི་ཐུགས་རྗེས་གཟིགས། །སྒྱུ་མའི་གར་མཁན་ཁྱོད་ཀྱི་ཐུགས་རྗེས་གཟིགས། །འཁོར་བར་འཁྱམས་པ་བདག་ལ་ཐུགས་རྗེས་གཟིགས། །ཉོན་མོངས་མེ་ལྟར་འབར་ལ་ཐུགས་རྗེས་གཟིགས། །ལས་ངན་ཆུ་བོས་ཁྱེར་ལ་ཐུགས་རྗེས་གཟིགས། །སྡུག་བསྔལ་འདམ་དུ་བྱིང་ལ་ཐུགས་རྗེས་གཟིགས། ཆོས་བརྒྱད་རླུང་གིས་ཁྱེར་ལ་ཐུགས་རྗེས་གཟིགས། །ཚེ་འདི་བློས་མ་ཐོངས་ལ་ཐུགས་རྗེས་གཟིགས། །རང་རྒྱུད་ཤིང་ལྟར་རེངས་ལ་ཐུགས་རྗེས་གཟིགས། །གདེངས་མེད་ཆོད་ཡོད་མཁན་ལ་ཐུགས་རྗེས་གཟིགས། །ཟོག་པོ་མགོ་སྐོར་མཁན་ལ་ཐུགས་རྗེས་གཟིགས། །སྒྱིད་སྙོམས་རྣམ་གཡེངས་ཅན་ལ་ཐུགས་རྗེས་གཟིགས། །ངོ་དགའ་མཐུན་འཇུག་མཁན་ལ་ཐུགས་རྗེས་གཟིགས། །སྙིང་ནས་ཆོས་མ་ནུས་ལ་ཐུགས་རྗེས་གཟིགས། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟིགས། །སྐྱབས་གནས་གཞན་ན་མེད་དོ་ཐུགས་རྗེས་གཟིགས། །བློ་གཏད་


TNT01_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ན་མེད་དོ་ཐུགས་རྗེས་གཟིགས། ཁ་ཙམ་ཚིག་ཙམ་མིན་ནོ་ཐུགས་རྗེས་གཟིགས། །སྒྲུབ་ལ་བར་ཆད་མེད་པ་དང༌། །ཆོས་ཀུན་ཉམས་སུ་ལོངས་པ་དང༌། ཞེ་བཅང་སྙིང་རུས་རྒྱུན་མི་འཆད། །ཉམས་རྟོག་རྩོལ་མེད་འཆར་བར་ཤོག །བླ་མ་ཀུན་གྱི་ཐུགས་རྗེས་འཛིན་པ་དང༌། །སངས་རྒྱས་ཀུན་གྱི་གསུང་བཞིན་འགྲུབ་པ་དང༌། །དམ་ཆོས་ཀུན་གྱི་དགོངས་པ་ལོངས་པ་དང༌། འཕགས་ཚོགས་ཀུན་གྱི་ཞབས་རྗེས་ཟིན་པར་ཤོག །སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཞིང༌། ཉོན་མོངས་ཐམས་ཅད་དབྱིངས་སུ་དག་པ་དང༌། །ལས་རྣམས་ཐམས་ཅད་སྤྲིན་བཞིན་དེངས་པ་དང༌། །སྡུག་བསྔལ་ཐམས་ཅད་བདེ་བར་ཐིམ་པར་ཤོག །དྲིན་ཅན་ཕ་མ་འགྲོ་དྲུག་སེམས་ཅན་རྣམས། །རྗེ་བཙུན་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག །དེ་སྲིད་རྒྱལ་ཁྱོད་ཐུགས་རྗེས་གཟིགས་པ་ཡིས། །ནམ་ཡང་འབྲལ་བ་མེད་པར་སྐྱོང་གྱུར་ཅིག །ཅེས་གསོལ་བ་དྲག་ཏུ་བཏབ་ནས། མོས་གུས་གང་སྐྱེས་དེ་ལ་བཟོ་བཅོས་མེད་པའི་ཚུལ་དུ་ཧྲིག་གེ་བཞག །གཞན་ཡང་ཕྱག་འབུལ། བསྐོར་བ་མཆོད་པ་སོགས་དགེ་བ་ཅི་བྱས་ཐམས་ཅད་བསྔོ་བའི་སྐབས་དང༌། བྱང་ཆུབ་སེམས་དཔར་གྲགས་པའི་བླ་མ་རྣམས་སམ། དེ་བཞིན་གཤེགས་པའི་སྐུ་གཟུགས་དང༌། གསུང་གི་གླེགས་བམ་སོགས་ཀྱི་དྲུང་དུ་ཡང༌། སེམས་ཅན་ཐམས་ཅད་འཁོར་བ་ལས་ཐར་པ་དང༌། གནས་


TNT01_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་རྟོགས་པ་དང༌། མོས་གུས་ཚད་དུ་ཕྱིན་པ་སྐྱེ་བར་སྨོན་ལམ་འདེབས། མཁའ་འགྲོ་ཆོས་སྐྱོང་ལ་ཡང་དེ་ལྟར་གསོལ་བ་ཐོབ། བླ་མའི་མོས་གུས་ཚད་དུ་ཕྱིན་ན་མོས་གུས་གཅིག་ཆོག་རྒྱལ་པོ་བྱ་བ་ལགས་སོ། །ད་ནི་གདམས་པ་གཞན་ཡང་བཤད་པར་བྱ་སྟེ། ལས་འབྲས་ལ་ཡིད་ཆེས་པའི་དད་པའི་གཏམ་སྟེ་དང་པོ་ནི། སངས་རྒྱས་ཆོས་དང་དགེ་འདུན་དང༌། །ཡི་དམ་མཁའ་འགྲོ་ཀུན་འདུས་པའི། །རྩ་བའི་བླ་མ་ཐུགས་རྗེ་ཅན། །རྒྱུད་པ་ཀུན་དངོས་དེ་ལ་འདུད། །མཆོག་ཏུ་གུས་པའི་སློབ་མ་ལ། །སེམས་ཡིད་ཆོས་སུ་སྒྱུར་བའི་ཕྱིར། ཉམས་ལེན་གནད་བསྐུལ་གདམས་ངག་ནི། །བློ་དང་འཚམ་པ་འདི་ལྟར་ལགས། །ཆོས་ཀུན་སྙིང་པོ་ལག་ལེན་ཀུན་བསྡུས་ན། །དཀར་ནག་ལས་འབྲས་བསླུ་བ་མེད་པ་ལ། །ཡིད་ཆེས་དད་པས་སྤང་བླང་འཛོལ་མེད་དང༌། །ཅིས་ཀྱང་དགོས་མེད་དྲན་པའི་ངེས་འབྱུང་དང༌། །ཕྱོགས་རིས་ཞེན་ཆགས་མེད་པའི་སྙིང་རྗེ་དང༌། །གང་ཤར་རང་སར་གྲོལ་བའི་ལྟ་སྒོམ་སྟེ། །བཞི་པོ་འདི་ལ་མ་འདུས་གང་ཡང་མེད། །གལ་པོ་ཆེ་འདི་བློ་ལ་ངེས་པར་མཛོད། །རང་ཉིད་ཉམས་རྟོགས་མཐོ་དམན་ཅི་འདྲ་ཡང༌། །དགེ་བའི་བྱ་བ་ལྕོགས་ཚད་བྱེད་པ་གཅེས། །དགེ་སྦྱོར་བཟང་པོར་ཡོད་ན་བོགས་འདོན་ཡིན། །དགེ་སྦྱོར་ངན་ན་བསགས་སྦྱང་གལ་རེ་ཆེ། །རྟོགས་པ་མཐོན་པོ་ཉམས་མྱོང་


TNT01_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པོ་དང༌། །ཕྱོགས་རཻའི་བསྟན་པའི་ཁ་སོ་འཛིན་པའི་ཕྱིར། །སྡིག་པ་བསོག་ཅིང་ཁྱིམ་པའི་མཐུན་འཇུག་ནི། །བྱས་ཀྱང་ཉེས་པ་མེད་པར་འདོད་པ་མང༌། །དེ་དག་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན། །རྟོགས་པ་མཐོང་ན་སྡིག་པ་བྱེད་དོན་མེད། །འཁྲུལ་པ་ཞིག་ན་མི་ངོ་འཛིན་དོན་མེད། །བསྟན་པ་ཕྱོགས་རེའི་ཞེན་གྱིས་བསྟན་པ་དཀྲུག །ཆོས་ཀྱི་ཕྱིར་དུའང་ཆོས་འགལ་བྱེད་མི་རུང༌། །རང་དང་དགྲ་གཉེན་ནོར་ཕྱི་ལྟ་ཅི་སྨོས། །དགེ་སྡིག་བྱ་བ་ཆེ་ཆུང་ཅི་བྱས་ཀྱང༌། །དེ་ཡི་འབྲས་བུ་བདེ་སྡུག་བསླུ་བ་མེད། །སེམས་ཅན་གཞན་ལ་ཕན་ཚད་དགེ་བ་ཡིན། །འགྲོ་ལ་གནོད་ཚད་སྡིག་པ་ཁོ་ན་ཡིན། །ཚེ་འདིའི་ཕན་པ་ཙམ་ལ་སྙིང་པོ་མེད། །ཕྱི་མར་ཕན་ན་ཕན་ཚབས་ཆེ་བ་ཡིན། །ཚེ་འདིར་ཕན་མེད་གནོད་མེད་ཡིན་སྙམ་ལ། །ཕྱི་མར་གནོད་པ་སྤོངས་ལ་ཕན་པ་སྒྲུབས། །འདི་ཕྱི་ཀུན་ཏུ་ཕན་ན་ཐམས་ཅད་བྱ། །འདི་ཕྱི་ཀུན་ཏུ་གནོད་ན་ནམ་ཡང་སྤང༌། །ཚེ་འདིར་གནོད་ཀྱང་ཕྱི་མར་ཕན་ན་ནི། །སྐབས་སུ་གང་བབ་བརྟགས་ལ་ངེས་པར་སྒྲུབས། །རྒྱལ་སྲིད་སྤངས་ནས་དཀའ་སྤྱད་ཆོས་སྒྲུབས་ན། །འཕྲལ་དུ་སྡུག་ཀྱང་ཕུགས་སུ་འཚེང་བ་བཞིན། །ཚེ་འདིར་སྐྱིད་ཀྱང་ཕྱི་མར་གནོད་པ་ནི། །ཟས་མཆོག་དུག་གིས་སྦགས་པ་བཞིན་དུ་སྤང༌། །


TNT01_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་མཆོད་པའི་རྫས་ལ་ལོངས་སྤྱོད་ན། །ལྟོ་བ་འགྲངས་ཀྱང་དམྱལ་བར་འགྲོ་བ་བཞིན། །རིག་པ་རྐྱང་འདེད་བྱས་པ་ཁོ་ནས་ཆོག །ལས་འབྲས་ཆ་མེད་ཟེར་པ་ལོག་ལྟ་ཡིན། ཁ་སྐད་ཙམ་གྱིས་ལྟ་བ་མཐོ་མཐོ་མོས། །གཡང་སར་ལྷུང་བ་མང་གི་ཞེ་ཟོན་འཚལ། །ཞེས་པ་ནི་ལས་འབྲས་ལ་ཡིད་ཆེས་པའི་དད་པའི་གཏམ་སྟེ་དང་པོའོ།། །།ད་ལྟའི་སྣང་བ་ཆགས་སྡང་སྐྱེ་བའི་ཡུལ། །འདི་དག་ཡད་ཡུད་ཙམ་ཡིན་རྟག་མི་ཐུབ། །འབྲལ་བར་ཕངས་པའི་གྲོགས་ནི་རྨི་ལམ་འདྲ། །གཅེས་པའི་ཁང་ཞིང་ནོར་ཡང་ཝུ་བ་བཞིན། །མཛའ་བ་ཀུན་ཡང་གཏན་གྱི་མཛའ་བ་མིན། །དགྲ་བོ་ཀུན་ཡང་གཏན་གྱི་དགྲ་བོ་མིན། །ཤི་ནས་འཁོར་བའི་གནས་སུ་འཁྱམས་པའི་ཚེ། །ཕ་བོས་མ་བོས་བྱས་ཀྱང་ཁུ་སྟོང་ཙམ། །ངན་སོང་འགྲིམ་དུས་ཅི་ཡང་མི་ཕན་ཞིང༌། །དགེ་སྦྱོར་གཅོག་པའི་གཉེན་གྱིས་ཅི་ཞིག་བྱ། །ནམ་ཞིག་ངེས་པར་འབྲེལ་བ་མཉམ་པོ་ལ། །ད་ལྟ་ཉིད་ནས་ཞེན་པ་མེད་ན་ལེགས། །ཞེན་པ་མེད་ན་བྲལ་ཀྱང་སྡུག་བསྔལ་མེད། །ཤི་སྦར་འཐམས་ན་མྱ་ངན་དྲག་པོས་འཇོམས། །གར་སྐྱེས་ངེས་མེད་སྐྱིད་སྡུག་རང་དབང་མེད། །གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་དང༌། །དཔལ་འབྱོར་ཅན་གྱི་སྐྱེ་བོ་འདི་རྣམས་བླུན། །འདས་པའི་སྡུག་བསྔལ་མང་པོས་སྐྱེལ་མ་དང༌། །


TNT01_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་སྡུག་བསྔལ་མང་པོས་བསུ་མ་དང༌། ད་ལྟའི་སྡུག་བསྔལ་དབུས་ན་འདྲེ་ཞིང་ལྡོག །སྡིག་པའི་དབང་གིས་སྡུག་བསྔལ་རྒྱུན་མི་འཆད། །སྡུག་བསྔལ་མ་བཟོད་ད་དུང་སྡིག་ལ་འཇུག །སྡུག་ལ་སྐྱིད་པོར་འཁྲུལ་ནས་ང་རྒྱལ་བྱེད། །མི་ཆེན་བློ་ལྡན་རྣམས་ཀྱི་འདུན་གྲོས་ཡིན། །ད་ལྟའི་སྐྱེ་བོ་ཀུན་གྱི་སྤྱོད་ཚུལ་ཡིན། །དབང་ཐང་ཆེ་ཡིན་དམྱལ་བར་སྡོད་ཡུན་རིང༌། །འབྱོར་བ་ཆེ་ཡིན་ཡི་དྭགས་འཕོངས་པའི་རྒྱུ། །བློ་གྲོས་ཆེ་བར་རློམ་ཡང་ཕྱུགས་ཉིད་དེ། །བུ་ཁྱོད་དེ་འདྲའི་ཕྱོགས་ལ་རེ་སྨོན་སྤོངས། །ས་ཆེན་དབང་བའི་སྡེ་དཔོན་སྟོབས་ལྡན་དང༌། །སྲོག་ཆགས་ཕྲ་མོ་གྲོག་སྦུར་ཉམས་ཆུང་གཉིས། །སྐྱེ་བ་ཕྱི་མའི་གདེངས་ལ་ཁྱད་པར་མེད། །གང་ལའང་ཡིད་བརྟན་ཐུབ་པ་ཅི་ཡང་མེད། །བདེ་བའི་གོ་སྐབས་ཅི་ཡང་མ་མཐོང་བས། །འཁོར་བ་སྙིང་པོ་མེད་པར་ཤེས་ནས་ནི། །དམ་པའི་ཆོས་ལ་ནན་ཏན་སྙིང་པོར་མཛོད། །ཅེས་པ་ནི། མི་རྟག་པ་དང་སྡུག་བསྔལ་ལས་བརྩམས་པའི་ངེས་འབྱུང་གི་གཏམ་སྟེ་གཉིས་པའོ།། །།ཉམས་རྟོགས་མཐོན་པོར་གྲགས་པ་མང་པོ་ཡང༌། །སྙིང་རྗེ་མེད་པས་ངན་པའི་ལམ་དུ་གོལ། །ཐེག་ཆེན་ཟེར་ཡང་ཐེག་པ་དམན་པར་ལྷུང༌། །རང་དོན་གཞན་ཕན་གཉིས་ཀ་ཤོར་བ་མང༌། །བདག་པས་གཞན་གཅེས་སྙིང་རྗེའི་བསམ་པ་ཅན། །


TNT01_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལ་མཁས་པ་ཐེག་པ་ཆེན་པོའི་ཆོས། །ཐེག་པ་ཆེ་ཆུང་ལྟ་བས་ཁྱད་མི་འབྱེད། །བྱང་ཆུབ་སེམས་དང་སྙིང་རྗེ་སྤྱོད་པའི་ཁྱད། །ཕྲག་དོག་ཆེ་ཞིང་ཁ་རྒོད་བསམ་པ་ངན། །ཆོས་རྒྱུད་བུ་རྒྱུད་བཟང་ཡང་ག་ལ་ཕན། །དཀའ་སྤྱད་འདུག་ཚུལ་བཟང་ཡང་བསླུ་རྡོ་ཡིན། །བྱ་བཏང་དམ་བཅའ་ཆེ་ཡང་ཚིག་སྐམ་ཡིན། ཁྱོད་ནི་གནས་ལུགས་རྟོགས་པ་ཡིན་ནོ་ཞེས། །ཁ་འཇམ་ཞེ་གདུག་བླ་མ་གཡོ་ཅན་གྱིས། །བསྟོད་ར་བཏང་བས་རང་རྒྱུད་མ་ཐུལ་པའི། །བླུན་པོ་ཕལ་ཆེར་བླུན་དད་སྐྱེད་དུ་འཇུག །རྨོངས་པ་ཕལ་ཆེར་རང་ལ་བསྟོད་ན་དགའ། །དམ་པ་རྣམས་ནི་དྲང་པོར་སྨྲས་ན་མགུ། །ཕྱཽགས་ཞེན་ཀོ་ལོང་དམ་ལ་བཟང་འདོད་ཅན། །རང་རྒྱུད་མ་ཐུལ་སྒྲུབ་པའི་དགོས་པ་སྟོར། །རང་ཉིད་བཟང་འདོད་གཞན་ལས་ངན་མི་འདོད། །ལྐོག་ཏུ་ཆོས་མིན་སྤྱོད་པ་སྣ་ཚོགས་བྱེད། །རི་ཁྲོད་འགྲིམས་ན་གྲགས་པ་ཆེ་རུ་རེ། །འདུ་འཛི་སྦངས་ཀྱིན་དད་ཅན་འདུ་ལ་རེ། །བྱ་བཏང་བྱས་ཀྱིན་ཟས་ནོར་ཡོང་དུ་རེ། །ཕམ་ཁ་བླང་གིན་ཕུགས་སུ་རྒྱལ་འདོད་ཅིག །གཞན་ལ་བསྟོད་ན་རང་ལ་བྱམས་སུ་རེ། །དག་སྣང་བྱས་ནས་དབང་དུ་བསྡུ་འདོད་དང༌། །གཞན་ཕྱོགས་ནུབ་ཅིང་རང་ཕྱོགས་དར་ཕྱིར་རམ། །གྲགས་པ་སྒྲོག་ཕྱིར་ཆོས་རྫུ་བྱེད་པ་ནི། །སེམས་ཅན་ཐམས་ཅད་བསླུ་བའི་


TNT01_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པོ་ཆེ། །དེ་ཕྱིར་རྫུན་མེད་ཕྱི་ནང་མེད་པར་གཅེས། །སྙན་གྲགས་འདོད་པས་སློབ་མ་བསླུ་བ་དང༌། །རྙེད་བཀུར་འདོད་པས་དད་ཅན་བསླུ་བ་དང༌། །མ་རྟོགས་བཞིན་དུ་གནས་ལུགས་རྟོགས་སོ་ཞེས། །ང་རྒྱལ་བྱེད་པ་སྙིང་རྗེའི་འགལ་ཟླ་ཡིན། །བདེན་པའི་ངག་དང་དྲང་པོའི་བསམ་པ་དང༌། །ང་རྒྱལ་སྤངས་ནས་འགྲོ་ཀུན་གོང་དུ་འཁུར། །གཞན་སྐྱོན་མི་བསམ་རང་གི་སྐྱོན་ལ་རྟོག །བྱང་ཆུབ་སེམས་དང་སྙིང་རྗེ་རྒྱས་པར་འགྱུར། །དགྲ་གཉེན་ཚེ་འདིར་བློ་ཡིས་བཏགས་པ་ཡིན། །ཉེ་རིང་མེད་པར་ཕན་སེམས་སྙིང་རྗེ་སྒོམས། །ཐམས་ཅད་འཁོར་བར་འཁྱམས་པ་སྙིང་རྗེ་བས། །དེ་རྣམས་ཐར་ཐབས་རང་རེས་འཚོལ་བར་བྱ། །ད་ལྟའང་དངོས་སུ་ཕན་ན་གང་ཕན་དང༌། །ཕན་སེམས་བསམ་པ་བཟང་པོ་འབྲལ་མེད་དང༌། །གཙོ་བོར་རང་ཉིད་ཆོས་ལ་གང་འབད་པ། །དེ་དག་གཞན་ལ་ཕན་པའི་རྒྱུ་རུ་བསྔོ། །ཞེས་པ་ཕྱོགས་ཞེན་མེད་པའི་སྙིང་རྗེ་ལས་བརྩམས་པའི་གཏམ་སྟེ་གསུམ་པའོ།། །།ཟབ་མོ་གནས་ལུགས་མྱུར་དུ་རྟོགས་འདོད་ན། །སྐྱོ་ཤས་སྙིང་རུས་འཛོམ་པའི་ངེས་འབྱུང་གིས། །དབེན་པའི་གནས་སུ་སྡོད་ཚུགས་ཐུབ་པ་གཅེས། །ལྐོག་ཉལ་ལེ་ལོའི་དབང་དུ་མི་གཏོང་ཞིང༌། །དྲན་པས་ནམ་སླེབ་ཉམས་སུ་ལེན་པ་ལ། །


TNT01_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་བཤོལ་མེད་པར་འཕྲལ་དུ་སྦྱོར་བ་དགོས། །ཉམས་ལེན་ཐུན་སྒོམ་སྐབས་སུ་ཡིད་སུན་ནས། །ཉལ་ལམ་འཆག་འདོད་སྐྱོ་སངས་བྱེད་འདོད་དམ། །བྱ་བ་གཞན་ཞིག་བྱེད་འདོད་སྐྱེས་པའི་ཚེ། །དགེ་སྦྱོར་ཡོང་དང་མི་ཡོང་ས་མཚམས་ནི། །འདི་སྐབས་ཡིན་སྙམ་བྱ་བྱེད་གཞན་བོར་ནས། །སྒོམ་འཇུག་འཐུད་ནས་རྣམ་གཡེངས་སྤོང་བར་བྱོས། །སྐྱོ་སངས་ཡིན་ཀྱང་རྣམ་གཡེངས་དབང་སོང་ན། །དེ་ལ་ཡེངས་ནས་དོན་མེད་ཡུན་རིང་འདའ། །ནད་མང་ལས་ཉམས་ཆུང་ཞིང་ཁམས་དུབ་ན། །ངལ་བསོ་དགོས་མོད་དེ་སྐབས་སེམས་ཀློང་ནས། །བཟོ་བཅོས་མི་བྱ་དྲན་པས་ཟིན་ཙམ་དགོས། །རྣམ་རྟོག་གྱ་གྱུའི་དབང་དུ་མ་ཤོར་བར། །ན་ཚ་ལ་སོགས་གང་ཤར་དེ་ལ་ལྟོས། །ཐུན་དང་ཐུན་མཚམས་དབྱེར་མེད་མཚུངས་པར་འགྱུར། །མི་རྟག་སྡུག་བསྔལ་དྲན་པའི་སྐྱོ་ཤས་དང༌། སྙིང་རྗེ་མཁའ་ཁྱབ་བཅོས་མ་མིན་པ་དང༌། ནམ་ཡང་བརྗེད་མེད་བླ་མའི་མོས་གུས་ཏེ། །འདི་གསུམ་མེད་མི་རུང་བའི་ཡན་ལག་ཡིན། །སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། །དངོས་གཞི་ལྟ་བ་དང་ནི་བསྐྱེད་རྫོགས་སྒོམ། །ཡི་རང་བསྔོ་དང་དམ་བཅའ་རྗེས་ཀྱི་གནད། །འདི་རྣམས་མདོ་རྒྱུད་ཀུན་གྱི་སྙིང་པོ་ཡིན། །འགྱུ་བྱེད་ཕྱི་མ་མ་སྐྱེས་སྔ་མ་འགགས། །དེ་


TNT01_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བར་ན་གང་ཡང་མི་མནོ་ཡང༌། །གསལ་རིག་འགག་པ་མེད་པ་དེ་ཀ་སྐྱོང༌། །དེ་ལ་ངོས་གཟུང་གང་ཡང་ཡོད་པ་མིན། །དགའ་དང་མི་དགའ་བདེ་སྡུག་ཆགས་སྡང་དང༌། །སྙིང་ལ་འབབ་དང་ཞེ་ལ་འཕོག་པའི་གཏམ། །ཐོས་སོགས་སེམས་ཀྱི་འགྱུ་བ་གང་བྱུང་ཡང༌། །རང་ཞལ་བལྟས་ནས་བཟོ་བཅོས་མེད་པར་ཞོག །རང་ངོ་མ་ཤེས་སེམས་རྩ་སྤུན་པོ་ཏེ། །དེ་ལྟར་བརྟགས་ན་ཝལ་པོ་རྗེས་མེད་ཅིག །རང་རིག་དམིགས་གཏད་བྲལ་བ་ཁོ་ན་ཡིན། །རྣམ་རྟོག་མ་སྤངས་རང་སར་དག་ཅེས་གགས། །འདོད་ཆགས་ཞེ་སྡང་ལ་སོགས་རྣམ་རྟོག་གང༌། །ཉོན་མོངས་སྐྱེས་ན་གང་ཤར་ངོས་གཟུང་ལ། །སྒོ་གསུམ་དེ་ཡི་དབང་དུ་མི་གཏོང་བར། །སྐྱོན་དུ་བལྟ་བའང་མི་བྱ་ཐད་སོར་བཞག །ཐོག་མ་ཉོན་མོངས་ལྷང་ངེར་སྣང་ཙམ་ནའང༌། །རིག་ཙམ་བརྗོད་བྲལ་རྗེན་ནེ་གསལ་ལེར་འཆར། །དེ་ནས་ཉོན་མོངས་ཙམ་གྱི་སྣང་བ་དེ། །རང་སར་ལོག་སྟེ་ཡེ་ཤེས་ཆེན་པོ་ལགས། །དེ་རྗེས་སྙིང་རྗེས་ཟིན་པ་གལ་རེ་ཆེ། །དེ་བཞིན་དགེ་བའི་རྣམ་རྟོག་སོགས་ལའང་སྦྱར། །སེམས་ཉིད་གནས་སམ་ཡང་ན་འགྱུ་ཡང་རུང༌། །སྤྲོས་བྲལ་གཤིས་ཀྱི་རྒྱ་ལས་མི་འདའ་འོ། །ཞེས་པ་གང་ཤར་རང་གྲོལ་གྱི་ལྟ་སྒོམ་ལས་བརྩམས་པའི་གཏམ་སྟེ་བཞི་པའོ།། །།འདུ་འཛི་


TNT01_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

མང་སར་དགེ་སྦྱོར་སྐྱེ་བ་དཀོན། །རང་དང་འཚམ་པའི་དབེན་པ་བསྟེན་པ་ལེགས། །བརྟན་པ་མ་ཐོབ་བར་དུ་རྒྱལ་ཁམས་ཀུན། །ཡང་ཡང་འགྲིམས་ན་ལང་ཤོར་དགེ་སྦྱོར་འཆག །རི་ལ་མ་ཚུགས་ཡང་ཡང་ཀླུང་ལ་འབབ། །བཟང་རྫུ་དགོས་པས་ཡང་ཡང་རི་ལ་འགྲོ། །བློ་སྣ་མང་ཞིང་ཆོས་ཁྱད་རླུང་གིས་འཁྱེར། །དེ་ལྟར་མི་བྱ་བློ་རྩེ་འགྱུར་མེད་གཅེས། །སྨོན་ལམ་བཟང་པོའི་མཐུ་ཅན་མ་གཏོགས་པ། །སྡེ་དཔོན་བསྟེན་པ་ཆོས་པའི་བདུད་དུ་ཆེ། ཁྱད་པར་བྱ་བཏང་སྤྲོས་པ་སྤོང་བ་དང༌། །ཕོ་བྲང་འགྲིམ་པ་འགལ་བ་ལྟག་སྤྲོད་ཡིན། །ཧ་ཅང་དག་སྣང་ཆེས་ན་བཅོལ་ཆུང་ཡིན། །ཚོད་རྒྱག་སྐུར་འདེབས་ལོག་ལྟའང་མི་བྱ་སྟེ། །རང་ལ་ང་རྒྱལ་གཞན་ལ་ཁྱད་གསོད་སྤང༌། ཁ་སྤྱད་ངོས་འཛིན་ཐལ་བའང་མི་འཚལ་ལོ། །སད་སེར་བསྲུང་དང་གྲོང་འདྲེ་འདུལ་བ་དང༌། །མོ་རྩིས་སྔགས་དང་སྨན་དཔྱད་གླུད་གཏོར་དང༌། །མངོན་ཤེས་བརྫུས་མས་གཞན་མགོ་མ་སྐོར་ཞིག །སྒོམ་ཆེན་རྣམས་ལ་འདི་རྣམས་བར་ཆད་མང༌། །དོན་མེད་གཤགས་འབྱེད་མང་ན་མི་རྣམས་སྡང༌། །ལྐོག་ལབ་མང་ན་ངན་པའི་གྲལ་དུ་འགྲོ། །ཕྲ་མ་མུ་སྐྱོ་མང་ན་གཞན་སེམས་དཀྲུག །དེ་བས་སྨྲ་བ་སྤངས་ན་ལེགས་པ་ཡིན། །མི་སེམས་ཁྲིད་ཕྱིར་རྫུན་ནི་དམྱལ་བའི་རྒྱུ། །བདེན་པར་


TNT01_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ན་མི་རྣམས་སེམས་ཁོང་འཁྲུག །ལོང་གཏམ་དགེ་སྦྱོར་གཅོག་པའི་ཕུང་འདྲེ་ཡིན། །ཆགས་སྡང་སྨྲས་ན་ངག་གི་སྡིག་པར་འགྲོ། །ཉིན་མཚན་དགེ་སྦྱོར་ཁོ་ནར་བརྩོན་དགོས་ཀྱང༌། །མི་མང་འདུས་སར་གསོལ་འདེབས་སྐད་རྒྱང་དང༌། །སྐྱེ་བོའི་མདུན་དུ་ལྟ་སྟངས་འདུག་ཚུལ་སོགས། །ཆོས་བརྒྱད་དབང་གིས་གསང་སྒྲོགས་བྱར་མི་རུང༌། །མངོན་ཚན་ཆུང་ལ་ས་ཆོད་ཆེ་བ་དགོས། །མི་ནག་གྲོང་པའི་སྐྱེ་བོ་ཕོ་མོ་རྣམས། །དད་པ་སྐྱེ་ཕྱིར་རང་རྒྱུད་གྲོལ་མདོག་དང༌། །བྱ་བ་བཏང་ཚུལ་སྙིང་རྗེ་ཆེ་མདོག་དང༌། །ཉམས་རྟོགས་སྐྱེས་པའི་ཆོས་སྐད་རྦད་ཁམ་དང༌། །རྩ་རླུང་ངོམ་ངོམ་བྱེད་པ་དེ་མི་རུང༌། །སྐྱེ་བོ་བསླུས་པས་ཆོས་པའི་ཁྱུ་ནས་བུད། །གསང་སྒྲོགས་རྩ་ལྟུང་འབྱུང་བས་དམ་ཚིག་ཉམས། །རང་རེ་སྤྱོད་པ་ངོ་ལྐོག་མི་བྱ་སྟེ། །གསུས་པ་འགེངས་ཕྱིར་དམྱལ་བར་འགྲོ་ནུས་སམ། །ཚུལ་འཆོས་གཡོ་སྒྱུ་སྤོང་བ་ཤིན་ཏུ་གཅེས། །འོན་ཀྱང་ངོ་ལྐོག་མེད་པ་ཡིན་ཟེར་ནས། །རྩིང་ཆོས་ཕཊ་རལ་དྲན་ཚད་བྱེད་པ་ནི། །བསྟན་པའི་ཞབས་འདྲེན་ཆེ་ཞིག་རང་ཡང་ལྷུང༌། །སྒོ་གསུམ་བྱ་བ་རྣམ་དག་ཁོ་ན་བྱེད། །ངན་པས་གོས་ན་འཕྲལ་དུ་བཤགས་པ་འབུལ། །ཡོ་བྱད་ཀུན་སྤངས་རི་ལ་སྡོང་ཚུགས་ཤིང༌། །རི་པ་བྱ་བཏང་ཞེས་བྱའི་མིང་མེད་པར། །


TNT01_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་བྱེད་ལ་ལན་དུ་ཕན་འདོགས་ཀྱང༌། །ང་ནི་བསམ་སྦྱོར་བཟང་ཞེས་མི་ངོམ་ལ། །དམ་ཆོས་མིན་པ་བྱེད་རྒྱུ་མེད་པ་ལ། །ཆོས་པ་བཟང་སྙམ་རློམ་སེམས་མི་བྱེད་ན། །སྒོམ་ཆེན་བཟང་བའི་ཚད་དུ་ཕྱིན་པ་ཡིན། །ཡུལ་དང་བཟང་འཛིན་ཆེ་ཞིང་ཡོན་ཏན་ངོམ། །ཡོན་ཏན་གཞན་ཀུན་འཛོམ་ཡང་ཁོང་རུལ་ལགས། །བྱ་བྱེད་ཐམས་ཅད་ཕན་སེམས་ཁོ་ནས་བྱ། །གཉིད་དང་ཟས་དང་སྤྱོད་ལམ་གཏོར་མ་སོགས། །སོ་སོའི་རྣལ་འབྱོར་རྣམས་ཀྱང་རེལ་མེད་དང༌། གང་ཤར་དྲན་འཛིན་བླ་མའི་མོས་གུས་དང༌། །ངེས་འབྱུང་དད་པ་རྣམས་དང་འབྲལ་མེད་གཅེས། །ལྟ་སྒོམ་སྤྱོད་པ་ཆ་ལུགས་ལ་སོགས་པ། །གཞན་རྣམས་ཀུན་དང་ཧ་ཅང་འགལ་བ་སྤང༌། །ཀུན་དང་མཐུན་ཡང་རང་ལུགས་ཚུགས་པར་འཚལ། །ཕན་སེམས་ཆེ་ཡང་གྲོང་ཁ་མི་འགྲིམ་ཞིང༌། །ལྟག་ཚུགས་བཟང་ཡང་ཀོ་ལོང་མི་དམ་པ། །འདི་དག་ཅིས་ཀྱང་ལག་ཏུ་ལོངས་པར་མཛོད། །ཅེས་པ་ནི་ཆོས་ཉམས་ལེན་གནད་དུ་འགྲོ་བའི་སྤྱོད་པ་ལས་བརྩམས་པའི་གཏམ་སྟེ་ལྔ་པའོ།། །།གཞན་ཡང་རང་གི་དགེ་བ་རྣམས་བྱང་ཆུབ་ཏུ་བསྔོ་བ་ནི། བསྔོ་བྱ་དགེ་རྩ་ཡང་སྒྱུ་མ་ལྟ་བུ། བསྔོ་བྱེད་རང་ཉིད་ཀྱང་སྒྱུ་མ་ལྟ་བུ། བསྔོ་བའི་ངོ་བོ་འབྲས་བུ་ལ་འདུན་ཞིང་སེམས་པ་བསྔོ་བའི་ཚིག་དང་བཅས་པ་ཡང་སྒྱུ་མ་ལྟ་བུ། བསྔོ་བའི་


TNT01_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཀྱང་སྒྱུ་མ་ལྟ་བུ། ཐམས་ཅད་སྣང་སྟོང་གཉྀས་སུ་མེད་པར་ཤེས་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་ཡིད་ཆེས་ཀྱི་སྨོན་ལམ་འདེབས་པ་སྟེ། དང་པོར་བཟང་སྤྱོད་སོགས་རྒྱལ་བའི་བཀའ་རྣམས་ཀྱི་ཐོག་དྲངས་ནས། རྗེས་སུ་འདི་སྐད་ཅེས་བྱའོ། །བདག་གིས་དད་པ་ངེས་འབྱུང་སྙིང་རྗེ་དང༌། །བྱང་ཆུབ་སེམས་དང་གནས་ལུགས་སྒོམ་པ་དང༌། །ཕྱག་འཚལ་མཆོད་དང་བསགས་པ་ཡི་རང་དང༌། །ལྷ་སྒོམས་སྔགས་བཟླས་དགེ་རྩ་གང་བགྱིས་དང༌། ཁྱད་པར་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོའི་དབང་པོ་རྡོ་རྗེ་ལྷ་མོ་དང༌། །སྐྱེས་མཆོག་བླ་མ་དམ་པའི་སྐུ་གཟུགས་རྣམས། །ཞིག་པ་གསོས་ཤིང་གསར་དུ་བཞེངས་པ་དང༌། །གཙུག་ལག་ཁང་གི་བྱ་བ་བྱས་པ་སོགས། །དུས་གསུམ་བསགས་པའི་དགེ་བ་གང་ཡོད་རྣམས། །འགྲོ་ཀུན་དགེ་དང་སྲས་བཅས་རྒྱལ་བ་ཡི། །རྣམ་དཀར་འཕྲིན་ལས་རྒྱ་མཚོར་ཞུགས་པའི་མཐུས། །བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །སྒྲིབ་གཉིས་བག་ཆགས་བཅས་པ་གཏན་སྤངས་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པ་དང༌། །དེ་སྲིད་གེགས་མེད་བདེ་བའི་རྒྱུར་གྱུར་ཅིག །དུས་གསུམ་སངས་རྒྱས་ཀུན་


TNT01_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བགྲོད་གཅིག་ལམ། །སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པ་ཡི། །ཡེ་ཤེས་དམ་པ་མངོན་དུ་གྱུར་ནས་ཀྱང༌། །ལྷུན་གྱི་གྲུབ་པའི་གཞན་དོན་འབྱུང་གྱུར་ཅིག །ནད་གདོན་བར་ཆད་ཐམས་ཅད་རབ་ཞི་ཞིང༌། །གེགས་དང་གོལ་ས་ཀུན་ལས་རང་གྲོལ་ནས། །ཆོས་དབྱིངས་སེམས་ཉིད་རང་ངོ་རྟོགས་ནས་ཀྱང༌། །དག་པའི་སྣང་བ་རབ་འབྱམས་མཆིད་གྱུར་ཅིག །བདག་ཉིད་མཐོང་ཐོས་རེག་དང་དྲན་པ་རྣམས། །སྔོན་དུ་འགྲོ་བའི་སེམས་ཅན་བགྲང་ལས་ཀུན། །ལས་ཉོན་སྡུག་བསྔལ་མ་ལུས་མྱུར་ཞི་ནས། །བདེ་དགེ་ཕུན་ཚོགས་ཐམས་ཅད་རྒྱས་གྱུར་ཅིག །བླ་མ་ཆོས་སྐུར་མཐོང་བའི་མོས་གུས་དང༌། །གང་ཤར་མ་བཅོས་རང་སར་གྲོལ་པ་དང༌། སྒྲུབ་ལ་བར་ཆད་རྣམ་གཡེང་མེད་པ་དང༌། །ལྷག་བསམ་དག་པས་གཞན་རྒྱུད་གྲོལ་གྱུར་ཅིག །བླ་མ་མཆོག་དང་ནམ་ཡང་མི་འབྲལ་ཞིང༌། །ཡི་དམ་ཀུན་གྱི་བྱིན་གྱིས་བརློབས་པ་དང༌། །བསྟན་བསྲུང་ཐམས་ཅད་བྲན་དུ་ཁོལ་བ་དང༌། །འབྲེལ་ཅན་ཐམས་ཅད་དོན་ཆེན་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་བཟོ་གནས་ལེགས་ཤེས་ཤིང༌། །སྒྲུབ་ལ་མོས་པ་དེ་དང་གྲོགས་དག་གིས། །ཡང་ཡང་བསྐུལ་ནས་ཇོ་ནང་དཔལ་གྱི་རིར། །ཏཱ་ར་ནཱ་ཐ་ཞེས་བྱས་སྦྱར་བ་ཡིན།། །།ཞེས་པ་འདི་ནི་ལྷ་བཟོ་བ་བོད་མཁས་པ་དོན་


TNT01_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྒྱལ་མཚན་དང༌། རང་གི་ལྷན་ཅིག་སྤྱོད་པ་གཙང་བ་ཀུན་དགའ་དཔལ་བཟང་གིས་བསྐུལ་ནས་སྨྲས་པའོ། །བཀྲ་ཤིས། །


previousབླ་མ་སྐྱབས་གནས་ཀུན་འདུས་སུ་ཤེས་པ་གལ་ཆེ་བར་གདམས་པ། next