ཟབ་དོན་སྔགས་ཀྱི་ལམ་དང་འབྲེལ་བ་གཙོ་ཆེ་བའི་མགུར་མའི་སྐོར་བཞུགས། །
ཨོཾ་སྭཱ་སྟི། ན་མོ་གུ་ར་བེ། རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆཻ། །རིགས་ཀུན་གྱི་བདག་པོ་རྡོ་རྗེ་འཆང༌། །ཐུགས་ཡེ་ཤེས་ངང་དུ་རྣམ་རོལ་ཡང༌། །འཕྲལ་ཅིར་ཡང་སྟོན་པ་དེ་ལ་འདུད། །རྗེ་རིན་ཆེན་སྐུ་ལ་ཕྱག་འཚལ་ལོ། །རྗེ་རིན་ཆེན་སྐུ་ཡིས་བྱིན་གྱིས་རློབས། །རྗེ་རིན་ཆེན་སྐུ་ལ་སྐྱབས་སུ་མཆི། །ལུས་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །རྗེ་རིན་ཆེན་གསུང་ལ་ཕྱག་འཚལ་ལོ། །རྗེ་རིན་ཆེན་གསུང་གིས་བྱིན་གྱིས་རློབས། །རྗེ་རིན་ཆེན་གསུང་ལ་སྐྱབས་སུ་མཆི། །ངག་གྲག་སྟོང་རྡོ་རྗེའི་གསུང་དུ་མཛོད། །རྗེ་རིན་ཆེན་ཐུགས་ལ་ཕྱག་འཚལ་ལོ། །རྗེ་རིན་ཆེན་ཐུགས་ཀྱིས་བྱིན་གྱིས་རློབས། །རྗེ་རིན་ཆེན་ཐུགས་ལ་སྐྱབས་སུ་མཆི། །ཐུགས་ཡིད་དབྱེར་མེད་འདྲེ་བར་བྱིན་གྱིས་རློབས། །གནས་ཡང་དགོན་དཔལ་གྱི་དགོན་པ་རུ། །དུས་དེ་རིང་བཀྲ་ཤིས་ཡ་མཚན་ཚེས། །མ་མཁའ་འགྲོ་འདུས་པའི་ཚོགས་མཆོག་འདིར། །སྤྲང་བདག་གིས་ཉམས་དབྱངས་གླུ་རུ་ལེན། །མི་བདག་ལ་ཡོན་ཏན་མ་མཆིས་ཀྱང༌། ཁོང་རྩ་བརྒྱུད་བླ་མ་ཐུགས་རྗེ་ཅན། །བྱིན་རླབས་ནུས་མཐུ་དཔག་མེད་ཚོས། །བྱིན་གྱིས་རླབས་པས་སྐྱིད་གཅིག་ཤར། །གང་
སྣང་བདེ་བའི་རྣལ་འབྱོར་པ། །དེ་རིང་དགའ་བའི་གླུ་གཅིག་ལེན། །རྗེ་བླ་མ་བྱིན་རླབས་མི་ཆེ་རུ། །རང་སེམས་ཆོས་ཀྱི་སྐུ་དང་མཇལ། །ངེད་སློབ་བུ་མོས་གུས་མི་ཆེ་རུ། །སེམས་ཅན་སངས་རྒྱས་དངོས་སུ་བཏང༌། །སྤྲང་ཐ་ཅུང་བདག་སྡུག་ཞེན་མི་ཆེ་རུ། །རྗེ་ཁྱོད་ཀྱི་བཀའ་དྲིན་ལ་འཁོར་ཐབས་མེད། །ཆོས་གདམས་ངག་ལ་ཡིད་ཆེས་མི་སྐྱེ་རུ། །ཉམས་དང་མྱོང་བ་འཕྲལ་དུ་ཐོན། །དོན་གནས་ལུགས་ལ་ངེས་ཤེས་མི་སྐྱེ་རུ། །རང་བཞིན་གཤིས་ལ་འགྱུར་བ་མེད། །བདག་རྒྱུད་པ་མི་ངན་རྒྱུད་པ་བཟང༌། །བརྒྱུད་པ་རྡོ་རྗེ་འཆང་ལ་ཐུག །ལྗོངས་འཕགས་པའི་ཡུལ་ན་སྒྲ་ཆེ་བ། ཁོང་གྲུབ་པའི་དབང་ཕྱུག་ཉི་ཤུ་གསུམ། །ཡོངས་ཤིང་རྟ་ཆེན་པོ་བཅུ་དྲུག་སོགས། །བྱིན་རླབས་ཀྱི་བཀའ་བབས་ཆུ་བོའི་རྒྱུན། །གཅིག་ཏུ་འདུས་པའི་རྒྱ་མཚོ་སྟེ། །དུས་དེང་སང་ས་གཞིའི་སྟེང་འདི་ན། །མཚན་སྙན་གྲགས་སྲིད་པ་གསུམ་དུ་ཁྱབ། ཁོང་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཏེ། །ལྷ་འབྱུང་པོ་ཀུན་གྱིས་ཞབས་ལ་བཏུད། །རྗེ་ཞི་བ་སྦས་པ་མ་ལགས་སམ། །མགོན་དེ་ཡི་ཐུགས་ཀྱི་སྲས་གཅིག་པུ། །ཆོས་མན་ངག་མ་ལུས་ཐུགས་སུ་ཆུད། །སྔོན་ལས་འཕྲོ་སད་པས་གྲུབ་ཆེན་མཇལ། །དོན་ཉམས་སུ་བཞེས་པས་ཡེ་ཤེས་བརྙེས། །
སྤྲོས་མེད་སྤྲཽད་པས་འགྲོ་དོན་མཛད། །རང་རྡོ་རྗེ་འཆང་གི་གོ་འཕང་བརྙེས། །ཕྱོགས་རིས་མེད་པའི་འགྲོ་བ་ལ། །ཐུགས་སྙིང་རྗེས་འགྲོ་དོན་རྒྱུན་ཆད་མེད། །ཡོངས་སངས་རྒྱས་ཟེར་ན་ཁྱོད་ལ་ཟེར། །མཚན་བུདྡྷ་ནཱ་ཐ་མ་ལགས་སམ། །ངེད་གདམས་ངག་མི་ངན་གདམས་ངག་ཟབ། །གདམས་ངག་རྒྱལ་བའི་དགོངས་དོན་ཡིན། །ལར་རྒྱུད་སྡེ་བཞི་ཡི་ཁོང་སྙིང་ཏེ། །སྐལ་ལྡན་ལ་ལའི་བསོད་ནམས་ལས། །གཞན་ང་རྒྱལ་ཅན་གྱི་སྤྱོད་ཡུལ་མིན། །ཕྱོགས་འཛིན་ཅན་ལ་ག་ལ་ཡོད། །མི་ཁོ་བོའི་བསོད་ནམས་ལས་འཕྲོ་ལ། །སངས་རྒྱས་ཤོང་བའི་བསོད་ནམས་བྱུང༌། །བླ་མ་སངས་རྒྱས་དང་མཇལ་བའི་བསོད་ནམས་བྱུང༌། །ད་ལྟ་སྣང་བ་སྣང་སྟོང་ལ། །རང་བཞིན་མེད་པའི་གུ་ཡངས་པོ། །ལྷ་སྐུ་རང་སྣང་འགག་པ་མེད། །གང་ཤར་དག་པའི་སྣང་བ་ཞིག །འདི་ཉིན་མཚན་ཀུན་ཏུ་གནད་དུ་ཆེ། །སྐྱེད་རིམ་ཐམས་ཅད་སྤྲོས་མེད་ཀྱི་ངང༌། །མིང་ལ་སྤྲོས་བཅས་བྱ་བ་མེད། །གྲགས་སྟོང་སྔགས་ཀྱི་བཟླས་པ་སྟེ། །འཆར་སྒོ་དམིགས་པའི་འཕྲུལ་གྱི་གནད། །འཕྲིན་ལས་ལྷུན་གྲུབ་ངོ་མཚར་ཆེ། །གཞན་མཚན་བཅས་ཀྱི་བཟླས་པ་ཡ་རེ་ཆ། །རྗེ་སངས་རྒྱས་དངོས་ཀྱི་གདམས་ངག་ལས། །མི་བདག་
གིས་རླུང་སེམས་དབང་དུ་འདུས། །འཕྲལ་ལས་རླུང་འཁོར་བའི་རྒྱུ་འདི་ཉིད། །དབྱིངས་མཁའ་དང་མཉམ་པའི་ངང་དུ་ཐིམ། །རླུང་དབུ་མར་ཐིམ་པ་འདི་ལ་ཟེར། །རགས་པ་མ་དག་འཁྲུལ་སྣང་འདི། །ཕྲ་མོ་རང་བྱུང་དབྱིངས་སུ་ཐིམ། ཁོང་སྐྱེ་བོ་གཞན་ལ་འཁྲུལ་སྣང་འདི། །གཟུང་འཛིན་གཉིས་ཀྱི་སྣང་བ་འདི། །སྔར་ཡང་འཁྲུལ་ལ་ད་ཡང་འཁྲུལ། །དེ་ང་ལ་དག་པའི་སྣང་བར་གདའ། །གཉིས་མེད་ཟུང་འཇུག་སྣང་བར་གདའ། །སྔོན་ནས་གྲོལ་ལ་ད་ཡང་གྲོལ། །གཞི་འགྱུར་མེད་དག་སྣང་ལམ་མེ་བ། །གང་ཤར་རྗེན་ནེ་ཆེ་རེ་བ། །ང་རྒྱ་འབྱམས་ཀྱི་རྣལ་འབྱོར་ཉམས་རེ་དགའ། གུ་ཡངས་རྣལ་འབྱོར་བློ་རེ་བདེ། ཁོང་སྡུག་རྩིར་མཁན་ཀུན་ཡི་རེ་མུག །སེམས་གནས་ཀྱང་སྟོང་པར་ལྷན་ནེ་གདའ། །ཡིད་འགྱུ་ཡང་སྟོང་པར་ཤར་རེ་གདའ། །ཕྱོགས་སུ་མ་ལྷུང་རྒྱར་མ་ཆད། །རྨི༵་ལ༵མ་འཁྲུལ་པའི་ཟར་ཟིར་འདི། །མི་ཕལ་པ་རྣམས་ལ་ཉིད་འཁྲུལ་ཏེ། །ངེད་གདམས་ངག་ཅན་ལ་དངོས་གྲུབ་གདའ། །སྔགས་བྱེ་བ་དུང་འགྱུར་བཟླས་བརྗོད་ཀྱི། །ཧཱུཾ་ཧཱུཾ་ཕཊ་ཕཊ་འདྲེ་གདོན་འདུལ། །འདྲེ་རང་ལ་ཡོད་པ་རྩད་མ་ཆོད། །རྨི་ལམ་འཁྲུལ་པ་ལ་བདེན་པར་འཛིན། །རང་སེམས་རྨི་ལམ་ཡུལ་ཡུལ་ཡོང༌། །གནས་སྐབས་བར་ཆད་ཐམས་ཅད་སེལ། །རྒྱལ་བའི་ལྷ་སྐུར་རང་ཤར་འདི། །
རྨི་ལམ་ལ་འདུན་པ་གནད་དུ་ཆེ། །གཉིད་འཐུག་པོ་གཏི་མུག་མུན་པ་དེ། ཁོང་ཕལ་པ་ལ་སྒྲིབ་པ་རུ་ཆེ་བ་དེ། །ངེད་གདམས་ངག་ཅན་ལ་འོད་གསལ་དུ་གདའ། །འོད་གསལ་ཆོས་སྐུའི་ངོ་བོར་གདའ། །ཆོས་སྐུ་དངོས་པོའི་གཤིས་སུ་གདའ། །གཤིས་ལུགས་བདེ་བ་ཆེན་པོར་གདའ། །རླུང་སེམས་དབྱེར་མེད་ནམ་མཁའི་ངང༌། །ལྟེ་བའི་དམར་ཆ་དབུ་མར་འབར། །ཧཾ་ཡིག་བྱང་སེམས་ཆད་མེད་འབབ། །རྩོལ་མེད་དགའ་བཞིའི་ཉམས་མྱོང་འདི། །རང་བྱུང་ཐིག་ལེ་རང་འགགས་གཅིག །འདི་གསང་སྔགས་སྒོམ་ན་གནད་དུ་ཆེ། །ཚེ་གཅིག་གི་སངས་རྒྱས་ལ་མེད་ཐབས་མེད། །སྤྱི་ཕྱག་རྒྱའི་རྣལ་འབྱོར་ལ་གནད་དུ་ཆེ། །དགོས་ལས་རྒྱ་བསྟེན་ན་གནད་དུ་ཆེ། ཁོང་གདམས་ངག་མེད་པ་རྫས་ལ་རེ། །ང་ཕྱི་ལ་སངས་རྒྱས་ག་ལ་རེ། །གདམས་ངག་མེད་པ་ཚོ་སྙིང་རེ་རྗེ། །རང་ཆེ་འདོད་ཅན་ལ་སྙིང་ཡང་ཚིམ། །ལམ་སྒོམ་པས་ཉོན་མོངས་ཕལ་པར་སོང༌། །ངན་སོང་དུ་འཁྱམ་དགོས་ཚེ་སྙིང་རེ་རྗེ། །མི་བདག་ལ་ཐམས་ཅད་བདེ་བའི་ངང༌། །ཞུ་བདེ་དང་རང་བཞིན་དབྱེར་མེད་དུ་འདྲེས། །ད་གང་ལྟར་བྱས་ཀྱང་ལམ་དུ་གདའ། །སེམས་གནས་ལུགས་འགྱུར་བ་མེད་པ་དང༌། །ཡིད་བླ་མའི་མོས་གུས་འགྱུར་མེད་དང༌། རྟེན་རང་ལུས་ཐིག་ལེ་འགྱུར་མེད་དེ། །འགྱུར་མེད་
རྣམ་གསུམ་གྱི་རྣལ་འབྱོར་བློ་རེ་བདེ།། །།ཞེས་པའང་བསམ་གཏན་སྡིངས་སུ་ཚོགས་ཀྱི་འཁོར་ལོའི་སྐབས་སུ་རྡོ་རྗེའི་གླུར་བླངས་པ་སྟེ། རང་ལོ་ཉེར་ལྔར་ཉེ་བ་ཚེས་བཅུ་བདུན་གྱི་མཚན་མོའི་ཐུན་དང་པོ་ལ་སྟེ། མངྒལཾ། །