Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདག་འཛིན་དགྲ་བགེགས་བཏུལ་བའི་མགུར།
   
   
   
   
   
   
   
   
   
   
   
   


 
previousབདག་འཛིན་དགྲ་བགེགས་བཏུལ་བའི་མགུར།next

བདག་འཛིན་དགྲ་བགེགས་བཏུལ་བའི་མགུར།


TNT01_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཡ་མཱ་རི་དེ་བ་མཎྜ་ལ་ན་མ་སྟུ་བྷྱཾ། བླ་མ་གཤིན་རྗེ་གཤེད་པོ་ལ། །གུས་པས་ཡིད་ཀྱིས་ཕྱག་འཚལ་ལོ། །ཐོག་མེད་དུས་ནས་བགེགས་བྱེད་པའི། །ང་བདག་འགོང་པོ་རླག་པར་མཛོད། །དུས་ལ་བབ་པོ་ཐུགས་བརྩེར་མཛོད། །གཏི་མུག་མུན་པས་སྒྲིབས་པས་ན། །སེམས་ནི་འདོད་ཆགས་རྒྱ་མཚོར་ལྷུང༌། །ང་རྒྱལ་རྦ་རླབས་ཤུགས་ཀྱིས་གཡེང༌། སེར་སྣའི་མདུད་པས་དམ་དུ་བཅིངས། །ཞེ་སྡང་དྲག་པོ་མེ་ལྟར་འབར། །ཕྲག་དོག་རླུང་གིས་ཕྱོགས་ཀུན་ཁྱེར། །དུས་དང་གནས་སྐབས་འདི་ལྟ་བུར། །གཞན་ནི་སུ་ལ་རམ་མདའ་སྦྲོན། །བདག་ཅག་རང་ཉིད་བརྩོན་འགྲུས་ཀྱིས། །རྫུ་འཕྲུལ་རྐང་པ་ཐོབ་དུས་ན། ཁྱེད་ཀྱི་ཐུགས་རྗེས་ཅི་ཞིག་འཚལ། །ལས་ཀྱི་ཤུགས་ནི་སྟོབས་ལྡན་པ། །རྒྱལ་བས་སྐྱོབ་པར་མི་འཚལ་ན། །ལས་ངན་མེད་པར་སྡུག་བསྔལ་ནི། །གང་ན་སུ་ལའང་ཡོད་མིན་པས། །སྐྱབས་གནས་ཀྱིས་ནི་ཅི་ཞིག་བྱ། །གཟིགས་ཤིག་གཟིགས་ཤིག་དུས་ལ་བབ། །ཡལ་ཡོལ་བཏང་སྙོམས་མ་མཛད་པར། །སྡུག་བསྔལ་སེམས་ཅན་རྣམས་ལ་གཟིགས། །མར་གྱུར་འགྲོ་ལ་གཟིགས་སུ་གསོལ། །བསྐལ་པའི་བར་དུ་དམྱལ་མེ་ཚ་བས་བསྲེགས། །ད་དུང་ལས་ངན་ཆ་ཙམ་མ་ཟད་པར། །སྡུག་བསྔལ་སྡུག་བསྔལ་རྒྱུད་མར་


TNT01_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་ཡི། །ཕ་མ་རྣམས་ལ་ཐུགས་རྗེས་གཟིགས་སུ་གསོལ། ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་རེ་རེས་ཀྱང༌། །སེམས་ཅན་གྲངས་མེད་གྲོལ་བར་མཛད་ཅེས་ཐོས། །བདག་འཛིན་གདོན་གྱིས་རླམས་པའི་མ་རྒན་རྣམས། །ད་དུང་འཁོར་བར་འཇོག་གམ་གཟིགས་སུ་གསོལ། །ལྟོ་ཁམ་ཙམ་གྱི་ཕྱིར་དུ་ཕ་མའང་གསོད། །རང་ལ་ཁབ་ཙམ་ཟུག་ཀྱང་མི་བཟོད་ཅིང༌། །གཞན་ལུས་དུམ་བུར་གཏོང་བའི་ཕོད་ཁམ་ཅན། །གཅེས་འཛིན་གདོན་གྱིས་ཁྱེར་རྣམས་སྙིང་རེ་རྗེ། །རང་ནོར་ཏིལ་འབྲུ་ཙམ་ཡང་སྦྱིན་མི་ཕོད། །གཞན་ནོར་འཕྲོག་ལ་དགའ་བའི་བློ་ཉེས་པོ། །བཟོད་བསྲན་ཆུང་ལ་ཧམ་པ་ཆེ་བ་ཡི། །སྐྱེ་བོ་རྨོངས་པ་འདི་རྣམས་སྙིང་རེ་རྗེ། །དཀོན་མཆོག་གསུམ་གྱི་ནོར་རྫས་འཕྲོག་ལ་དགའ། །འདི་ཕྱི་ཀུན་ཏུ་སྡུག་བསྔལ་ཁོ་ནའི་གཡོས། །འདུན་མ་གཏིང་ནས་ཉེས་ཀྱང་སྐྱིད་པོར་འཁྲུལ། །སྙིངས་དུས་སྐྱེ་བོ་རྣམས་ཀྱི་འཁྲུལ་ཚབས་ལ། །སྐུ་གཟུགས་གླེགས་བམ་བཤིག་པའི་ལོངས་སྤྱོད་ཀྱིས། །རང་གཞན་བསྡེབས་ནས་དམྱལ་བར་འགྲོ་བ་ལ། །ཕོ་གྲུང་མོ་གྲུང་ཡིན་སྙམ་འཁྲུལ་ཚབས་ལ། །སྙིང་མེད་བདག་ཀྱང་སྙིང་རྗེ་གཏིང་ནས་སྐྱེས། ཁ་ཙམ་མཛེས་མཛེས་སྙན་སྙན་མིན་པར་སྐྱེས། །ལས་ངན་དབང་གིས་སྡུག་བསྔལ་ཡོད་ཚད་མྱོང༌། །


TNT01_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་བྱུང་ཡང་ད་དུང་སྡིག་རང་བསོག །སྤྱང་པོར་རློམ་པའི་གླེན་པ་སྙིང་རེ་རྗེ། །དེ་ལྟར་ཉེས་པ་ཐམས་ཅད་ཀྱི། །རྩ་བ་བདག་འཛིན་དམ་པས་ལན། །གཞན་ལ་ཐེས་མེད་བསམ་པ་དང༌། །རང་ལ་གཅེས་འཛིན་འགོང་པོ་འདི། །ད་ལྟ་ཉིད་དུ་ཚར་ཆོད་ཅིག །མྱུར་བ་ཉིད་དུ་རླག་པར་མཛད། །དེ་རིང་གཏན་གྱི་དགྲ་འདི་ཐུལ། །དེ་རིང་གཏན་གྱི་གདོན་འདི་ཐུལ། །བརྩོན་འགྲུས་བསྐྱེད་ལ་ད་ལྟ་ཐུལ། །བཏང་སྙོམས་མ་མཛད་ད་ལྟ་ཆོམས།། །།ཞེས་པའང་ཏཱ་ར་ནཱ་ཐས་སྨྲས། །བདག་འཛིན་དགྲ་བགེགས་ཐུལ་བར་ཤོག །མངྒལཾ། །


previousབདག་འཛིན་དགྲ་བགེགས་བཏུལ་བའི་མགུར།next