Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབྲེལ་མེད་ཀྱི་གླུ་བཞུགས་སོ། །
   
   
   
   
   
   
   
   
   
   
   


 
previousའབྲེལ་མེད་ཀྱི་གླུ་བཞུགས་སོ། །next

འབྲེལ་མེད་ཀྱི་གླུ་བཞུགས་སོ། །


TNT01_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

༈ འབྲེལ་མེད་ཀྱི་གླུ་ཞེས་བྱ་བ་སངས་རྒྱས་ལ་ཕྱག་འཚལ་ལོ། །འཁོར་བ་ཐོག་མ་མེད་པ་ནས། ཆུ་བོ་རྒྱུན་མི་འཆད་འབབ་པ། །སེམས་ཀྱི་ཆུ་འདི་ངོ་མཚར་ཆེ། །བྱེ་མའི་ཕུང་པོ་ཆེན་པོ་ལྟར། །རེག་ལ་མ་འབྱར་པ་འདི་ངོ་མཚར་ཆེ། །སེམས་ལ་འབྲེལ་བ་མེད་པ་ངོ་མཚར་ཆེ། ཁ་སང་ང་ནི་ནའོ་ཞེས། །རྨོངས་པ་རྣམས་ནི་རྟག་པར་སྒོམ། །སྐད་ཅིག་རེ་རེས་འདས་པས་ན། །སེམས་ལ་འབྲེལ་བ་མ་མཐོང་ངོ༌། །རི་བོ་འདི་ཡི་བྱ་མ་རྣམས། །ཆུ་འགྲམ་འདི་རུ་སླེབ་པོ་ཞེས། །གཞན་ལ་གཞན་དུ་འཁྲུལ་པ་ཡིན། །ཡང་ན་ཐམས་ཅད་འབྲེལ་མེད་དེ། །ཡང་ན་ཐམས་ཅན་འབྲེལ་ལོ་ཞེས། །


TNT01_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོན་པ་ཏཱ་ར་ནཱ་ཐ་སྨྲ། །འདི་ནི་བདག་གི་བུ་དང་ཕ། །གཡོག་དང་འཁོར་ནི་ང་ལ་ཡོད། །ང་ཡི་ཡུལ་སར་མ་སྡོད་ཞེས། །གཞན་ལ་ང་བདག་བྱེད་པ་འཁྲུལ། །འཁོར་བ་ཐོག་མ་མེད་པ་ནས། །ད་ལྟའི་བར་དུ་འཁྱམ་པ་ལ། །ཐམས་ཅད་ཕ་ཡིན་ཐམས་ཅད་བུ། །ཐམས་ཅད་གཡོག་ཡིན་ཐམས་ཅད་དཔོན། །ཕ་མ་གསོད་ལ་དཔའ་བོར་རྩི། །ང་ལ་སེམས་ཅན་ཐམས་ཅད་ཕ། །དགྲ་ནི་ཅི་ཡང་ཡོད་མ་ཡིན། །བུ་རུ་མ་གྱུར་ཅུང་ཟད་མེད། །རང་གི་བུ་ནི་མང་པོ་འདི། །དགྲ་རུ་བཟུང་ནས་བུ་ངན་ཞིག །ང་ཡི་བུ་ཞེས་པང་དུ་ལེན་དེ་འཁྲུལ། །ད་ལྟ་རང་ལུས་བོར་ནས་འགྲོ་བ་ལ། །གཅིག་ལ་བདག་གི་བུ་ཞེས་བླུན་པོ་འཁྲུལ། །དེ་ལ་ཆགས་པས་འཁོར་བར་བསྐྱུར་བ་འདིས། །འདི་ནི་གཏན་གྱི་དགྲ་བོ་མ་ཡིན་ནམ། །མི་ཤེས་འཇིག་རྟེན་རྨོངས་ལ་ཀུན་ཀྱང་དགྲ། །རྣལ་འབྱོར་དེ་ལ་སྣང་བ་ཐམས་ཅད་གྲོགས། །འབྲཻལ་མེད་རྣལ་འབྱོར་ང་ལ་དགྲ་བོ་མེད། །སེམས་ནི་འབྲེལ་བ་མེད་པར་ཤཻས་ཙམ་ན། །སྣང་བ་འདི་ཡང་འབྲེལ་བ་མེད་པར་མཐོང༌། །རང་ལུས་ཐལ་བར་སོང་བ་ལ། །གཉེན་དང་འབྲེལ་བ་ག་ལ་ཡོད། །སེམས་འདི་སྐད་ཅིག་རེ་རེ་ལས། །གཞན་ནི་འབྲེལ་བ་མ་མཐོང་བས། །ལུས་སེམས་འབྲེལ་བ་ག་ལ་ཡོད། །ང་ལ་འདི་ཡིས་


TNT01_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་ནོ་ཞེས། །དོན་མེད་ཞེ་སྡང་མ་བྱེད་ཅིག །སེམས་ཀྱི་མགྲོན་པོ་བྲེལ་བ་ཅན། །ལུས་ཀྱི་མགྲོན་ཁང་ཧྲུལ་པོ་ན། །ཡུད་ཙམ་ངལ་བསོ་བྱེད་པ་ལ། །མཁར་ལས་བྱེད་པ་ལས་རོ་ཡིན། །མགྲོན་ཁང་གི་ནི་ཕྱི་འཁྱམས་ལ། །ང་ཡི་སྐྱེད་མོས་ཚལ་ཡིན་ཞེས། །སྨྱོན་པ་རྣམས་ནི་འོ་དོད་འབོད། །དེ་རང་མགྲོན་པོ་སྨྱོ་བ་ཡིན། །གཞན་འགའ་བདག་ལ་ཁྲོ་ན་ཡང༌། །ང་ལ་ཅི་ཡང་གནོད་པ་མེད། །ང་ལ་འབྲེལ་བ་མེད་པས་ན། །བུ་ཡིས་རྒྱལ་སྲིད་ཐོབ་པ་ལའང༌། །དགའ་ཐག་ཆད་པ་ག་ལ་ཡོད། །བདག་ཉིད་དམྱལ་བར་སོང་ན་ཡང༌། །སྡུག་ཐག་ཆད་པ་ང་ལ་མེད། །སྡུག་དང་འབྲེལ་རྒྱུ་མི་འདུག་པས། །དམྱལ་བ་ན་ཡང་བདེ་བ་ཅན། །བདེ་དང་འབྲེལ་རྒྱུ་མི་འདུག་པས། །བརྒྱ་བྱིན་ལ་ཡང་སྨོན་རྒྱུ་མེད། །ཡུལ་འཁོར་མེ་ཡིས་ཚིག་ན་ཡང༌། །ང་ལ་ཅི་ཡང་འཚིག་རྒྱུ་མེད། །འདོད་ཆགས་ལ་སོགས་ཉོན་མོངས་བརྒྱ། །རང་གྲོལ་ཉིད་དུ་ཤེས་ཙ་ན། །དུག་རྣམས་ཁོ་ན་བདུད་རྩིར་སོང༌། །སྔོན་ནས་ཡེ་ཤེས་ཡིན་པ་ལ། །རང་གིས་ཉོན་མོངས་བཅོས་འདི་མཚར། །སེམས་ལས་འཁོར་བ་ཀུན་བྱུང་ཡང༌། །འཁོར་བ་སེམས་ལ་འབྲེལ་བ་མེད། །སངས་རྒྱས་སེམས་ཀྱི་ཆོ་འཕྲུལ་ཡིན། །སངས་རྒྱས་ལ་ཡང་འབྲེལ་བ་མེད། །འབྲེལ་མེད་མཉམ་པོ་ཡིན་པ་ལ། །ངས་ནི་སྤངས་བླང་མ་ཤེས་སོ། །བླ་མ་དམ་པའི་བཀའ་


TNT01_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ལས། །འབྲེལ་མེད་སེམས་ཀྱི་ཚུལ་ལུགས་ཤེས། །ཨེ་མ་ཧོ་འདི་ནི་ངོ་མཚར་ཆེ། །ཉེས་ན་འདི་ལ་མཚར་ཀྱི་མེད། །ད་ནི་ཞེན་མེད་གླུ་གཅིག་བླང༌། །ཉེ་དུ་རྣམས་དང་ཕྲད་ན་ཡང༌། །འདོད་པའི་གདུང་བ་སྐྱེད་པར་ཟད། །མི་མཛའ་རྣམས་དང་ཕྲད་ན་ནི། །ཞེ་སྡང་མེ་ཡིས་རང་རྒྱུད་སྲེག །སྔོན་ནི་ཁྱིམ་ནི་འབྱོར་པ་ལས། །ད་ལྟ་ཤིན་ཏུ་རྒུད་དོ་ཞེས། །རང་གི་རང་སེམས་སྡུག་ལ་འདོགས། །ཡང་ན་འབྱོར་པར་གྱུར་པ་ན། །ས་སྟེང་ན་ནི་དཔའ་བོ་ང༌། །ང་མིན་གཞན་མེད་བདག་ལྷག་ཞེས། །ཡིད་ཀྱི་ང་རྒྱལ་བྱེད་པ་ནི། །ང་རྒྱལ་བྱེད་ཀྱིན་དམྱལ་བར་སོང༌། །རང་ཉིད་འབྱོར་པ་ཀུན་ལྡན་ཡང༌། །ད་དུང་ཚིམ་པ་མེད་པས་སྡུག །ནོར་གྱིས་དྲེགས་པའི་ང་རྒྱལ་ཅན། །གཅིག་ཀྱང་གཏོང་བ་མི་ཕོད་པར། །འཆི་ཚེ་མི་འདོད་བཞིན་དུ་འབུལ། །དབང་མེད་འཁྱམས་དགོས་བྱུང་གི་དོགས། །ནོར་རྣམས་གཞན་གྱིས་ཕྲོགས་ཀྱི་དོགས། །འགའ་ཞིག་རྔན་པར་སྦྱིན་སྙམ་དང༌། །འཁོར་གཡོག་སྐྱོང་ངམ་བུ་སྨད་གསོ། །དཔོན་གྱི་ངོ་འཛིན་བྱ་དགོས་སོགས། །ནོར་ལྡན་ཐམས་ཅད་སྡུག་བསྔལ་ཡིན། །སྲེད་དང་ལྡན་ན་བདེ་བ་མེད། །ཡིད་དུ་སྡུག་པའི་གཉེན་དང་གྲོགས། །ཅིས་ཀྱང་མ་ཕན་ཤི་བའི་ཚེ། །མྱ་ངན་སྐྱེད་པ་མ་གཏོགས་པ། །ཕན་པ་ཅུང་ཟད་མ་བྱུང་ངོ༌། །ད་ལྟ་


TNT01_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཕུན་ཚོགས་ཀྱང༌། །གཉེན་གྱིས་སླུས་ཀྱི་དོགས་པ་དང༌། །དགྲ་བོས་བཅོམ་གྱིས་དོགས་པ་དང༌། །གཞན་ལ་ངན་སྤྱོད་མ་སོང་དོགས། །སེམས་ཀྱི་སྡུག་བསྔལ་ཁོ་ན་ཡིན། །མཐོན་པོ་རྣམས་ལ་སེམས་སྐྱིད་མེད། །དམན་པའི་ལུས་ནི་ཤ་ཐང་བཅད། །རང་ལ་འབྱོར་པ་ཕུན་ཚོགས་ཀྱང༌། །གཞན་ལ་སྦྱིན་པའི་བློ་མེད་པར། །དབུལ་པོ་འགའ་ཡི་འབུལ་བ་ལ། །ཕུལ་གང་ཙམ་ཞིག་ཆུང་ན་ཡང༌། །རང་རྒྱུད་འཁྲུག་པའི་རྒྱུད་ངན་པོ། །སྐྱིད་སྙམ་མིག་དཔངས་མཐོ་ན་ཡང༌། །ཚེ་འདིར་སྐྱིད་པའི་སྐབས་མེད་པར། །སྡིག་པ་འབའ་ཞིག་བསྒྲུབས་ནས་ནི། །དམྱལ་བར་ཕ་ཡུལ་བྱེད་པ་འདི། །འདིར་སྡུག་ཕྱི་མར་སྡུག་པར་གདའ། །མཐུན་རྐྱེན་ཅུང་ཟད་མེད་ཀྱང་རུང༌། །ཞེན་མེད་སྐྱིད་པ་ནང་ནས་མཚར། །འབྱོར་པའི་དུས་ན་ཀུན་ཀྱང་གཉེན། །རྒུད་པའི་དུས་ན་ཀུན་ཀྱང་དགྲ། །དགྲ་གཉེན་ཕྱོགས་ཞེན་མ་ཆེ་བར། །ཟས་གོས་དམན་མས་ཆོག་ཤེས་བྱས། །གྲོང་དང་འདུ་འཛི་མི་བརྟེན་པར། །རང་གི་ཕ་ཡུལ་སྤངས་ནས་ཀྱང༌། །གཅིག་པུ་རིའམ་ནགས་འདབས་སུ། །མི་སྨྲ་གཡོ་མེད་གནས་པའམ། །ཡང་ན་ངེས་མེད་ཡུལ་རྒྱུས་ལ། །གྲོང་ཁྱེར་ཡུལ་འཁོར་སོ་མ་རུ། །ཡང་ཡང་སྤྲད་པ་བདེ་བ་ཡིན། །དམན་པའི་གོས་ཀྱིས་ཆོག་ཤེས་ན། །


TNT01_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

གོས་རུལ་ཀུན་ཡང་ལྷ་ཡི་གོས། །དམན་པའི་ཟས་ཀྱིས་ཆོག་ཤེས་ན། །ངན་ངན་འདྲ་ཡང་བདུད་རྩི་ཡིན། །ཕུལ་ཕྱེད་རི་བའི་ནོར་མེད་ཀྱང༌། །ནོར་ལྡན་ཀུན་པས་རང་སེམས་སྐྱིད། །སྐྱོ་ན་ཐང་འཁྱགས་རི་སུལ་སོགས། །ཞེན་མེད་དབེན་པའི་བདེ་བ་འདི། །རྣམ་པར་རྒྱལ་བའི་ཁང་བཟང་ལའང༌། །སྨོན་སེམས་སྐད་ཅིག་མི་སྐྱེའོ། །ནང་ནས་ཉམས་ལེན་ཤེས་ཙ་ན། །གང་སྣང་ཐམས་ཅད་སྒོམ་དུ་གདའ། །ཇི་ལྟར་སྒོམས་ཀྱང་སྤྲོས་བྲལ་ཡིན། །ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལངས་ལ། མ་བཅོས་སོ་མའང་བཟང་འཛིན་དུ་གདའ། །ལམ་ལ་ཡང་ཞེན་པ་ད་མི་བྱེད། ཁྱད་གསོད་དུ་བྱེད་ན་ཀུན་ལ་སྡིག །གདོད་ནས་ཆོས་སྐུར་འདུག་པ་ལ། །སངས་རྒྱས་ལ་ཡང་ཞེན་རྒྱུ་མེད། །དེ་སྐད་སྨྲ་བ་རྣལ་འབྱོར་པ། །ཏཱ་ར་ནཱ་ཐ་ཞེས་བྱ་བས། །རང་གི་སེམས་ལ་ཤར་བའི་ཚུལ། །འགའ་ཞིག་ཁ་ནས་ཐལ་བ་ལགས། །འབྲལ་མེད་ཀྱི་གླུ་དགེ་ལེགས་འཕེལ།། །།


previousའབྲེལ་མེད་ཀྱི་གླུ་བཞུགས་སོ། །next