Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེམས་ལ་ངོ་སྤྲོད་པ་ལྟར་གྱུར་པའི་སྐབས་ཤིག་ཏུ་གླུར་བླངས་པའོ། །
   
   
   
   
   
   
   
   
   


 
previousསེམས་ལ་ངོ་སྤྲོད་པ་ལྟར་གྱུར་པའི་སྐབས་ཤིག་ཏུ་གླུར་བླངས་པའོ། །next

སེམས་ལ་ངོ་སྤྲོད་པ་ལྟར་གྱུར་པའི་སྐབས་ཤིག་ཏུ་གླུར་བླངས་པའོ། །


TNT01_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བདག་ཕྱོགས་རིས་བྲལ་བའི་རྣལ་འབྱོར་པ། །དུས་མེ་ཏོག་ལྡན་པ་ཁྱུ་མཆོག་ལོ། །ཡུལ་བཀྲ་ཤིས་འཕེལ་པའི་གཡོ་རུ་ན། །རྗེ་བླ་མའི་བཀའ་དྲིན་སྙིང་ལ་དྲན། །སྔོན་འཁོར་བ་ཐོག་མ་མེད་པ་ནས། །མཐར་ད་ལྟའི་བར་དུ་འཁྱམས་པ་ལགས། །ལར་འཁོར་བ་གཏིང་མཐའ་མེད་པ་འདིར། །སེམས་སངས་རྒྱས་སུ་གཏོང་བའི་རིན་པོ་ཆེ། །འགྲོ་དྲུག་ཕ་མ་དྲིན་ཅན་ཡང༌། །འཁོར་བར་བསྐྱུར་རོགས་གཅིག་མ་ལགས་པ། །གཏན་གྱི་འདུན་གྲོས་ལ་སྦྱོར་མཁན་མེད། །སྙིང་གི་འདུན་གྲོས་དེ་རྗེས་ལ་ཞུས། །ལུས་ཤ་ཁྲག་འདུས་པའི་ཕུང་པོ་འདི། །ནམ་འཇིག་ལ་ངེས་པ་ཅུང་ཟད་མེད། །


TNT01_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་རྗེས་སུ་དྲོད་པའི་གདེངས་མེད་ཀུན། །རིག་པ་འདི་ནང་དུ་འགུགས་པར་ཞུ། །ང་འཆི་བས་འཇིགས་ནས་བླ་མ་བཙལ། །ཉམས་ལེན་ཀུན་རྡོ་རུས་ཐུག་པར་འབད། །ད་ཙམ་ནས་ཤི་ཡང་བློ་རེ་བདེ། །བློ་བདེ་ཚགས་སུ་ཆུག་པ་གཅིག་མི་དགོས་སམ། །ནམ་ཟླ་དུས་བཞིའི་འགྱུར་བ་འདི་དང་གཅིག །མཐོ་དམན་འབྱོར་རྒུད་ཀྱི་རི་མོ་འདི་དང་གཉིས། །རྒྱལ་ཁམས་ཡུལ་ཕྱོགས་ཀྱི་འགྱུར་ཚབས་འདི་དང་གསུམ། འདུས་བྱས་མི་རྟག་པ་སྟོན་པའི་སློབ་དཔོན་གཅིག་གདའ། །བྱས་ཀྱང་ཟིན་མེད་ཀྱི་ཞིང་ལས་འདི་དང་གཅིག །བསྐྱངས་ཀྱང་དྲིན་མེད་ལོག་སྒྲུབ་ཀྱི་སྤྱོད་པ་དང་གཉིས། །འཐུངས་ཀྱང་ངོམས་མེད་ཀྱི་ལན་ཚྭའི་ཆུ་དང་གསུམ། །ལས་དོན་མེད་དུ་སྟོན་པའི་སློབ་དཔོན་གཅིག་མི་གདའ། །གྲོང་ཁྱེར་འདུ་འཛིའི་ལང་ལོག་འདི་དང་གཅིག །བྲེལ་ལ་དོན་ཆུང་སྦྲང་བུའི་སྤྱོད་པ་འདི་དང་གཉིས། །སྤྲིན་དཀར་བན་བུན་གྱི་འགྱེད་འཁོར་འདི་དང་གསུམ། །འཁོར་བ་གཏད་མེད་དུ་སྟོན་པའི་ངོ་སྤྲོད་གཅིག་གདའ། །སྣང་ལ་གཟུགས་མེད་ཀྱི་འཇའ་ཚོན་འདི་དང་གཅིག །ལྷང་ལྷང་དམིགས་མེད་ཀྱི་བྲག་ཆ་འདི་དང་གཉིས། །མེད་ཀྱང་དགའ་སྡུག་འཆར་བའི་རྨི་ལམ་དང་གསུམ། །སྣང་བ་རང་སེམས་སུ་སྟོན་པའི་སློབ་དཔོན་གཅིག་གདའ། །ཕྱི་སྣང་བ་སྒྱུ་མའི་འཁྲུལ་འཁོར་


TNT01_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཅིག །ནང་རིག་པ་སེམས་ཀྱི་འཆར་སྒོ་དང་གཉིས། །དབྱིངས་ངོས་གཟུང་བྲལ་བའི་སྟོང་ཉིད་དང་གསུམ། །ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་གཅིག་གདའ། །ལར་ཉམས་མྱོང་ཅུང་ཟད་གཅིག་སྐྱེས་ཙ་ན། །སྣང་བ་གང་ཤར་ཅི་ཤར་ངོ་སྤྲོད་དུ་འདུག །སྒོ་གསུམ་བྱ་བ་ཅི་བྱས་བོགས་འདོན་དུ་གདའ། །དོན་འདི་ལ་བསམས་ན་ཨ་ལ་ལ། །ང་ཡང་མི་ཚེའི་ལྷག་མ་ཅུང་ཟད་འདི། །ཉམས་ལེན་སྒྲུབ་པ་ལ་སྐྱེལ་བ་དང༌། །དབེན་པའི་རི་ཁྲོད་ཟིན་པ་དང༌། །གང་ཤར་ལམ་དུ་ལོངས་པ་རུ། །དྲིན་ཅན་བླ་མ་རིན་ཆེན་གྱིས། །སྔར་ཚད་གཟུང་མེད་པར་བྱིན་བརླབས་མོད། །ད་ཡང་བྱིན་གྱིས་བརླབ་ཏུ་གསོལ། །སྐྱབས་གཞན་མེད་དོ་ཆོས་ཀྱི་རྗེ། །ཏཱ་ར་ནཱ་ཐས་རྒྱལ་ཁམས་ཀྱི་འགྱུར་ལུགས་འདྲ་མཐོང་བས། སེམས་ལ་ངོ་སྤྲོད་པ་ལྟར་གྱུར་པའི་སྐབས་ཤིན་ཏུ་གླུར་བླངས་པའོ།། །།བཀྲ་ཤིས་འཕེལ། །


previousསེམས་ལ་ངོ་སྤྲོད་པ་ལྟར་གྱུར་པའི་སྐབས་ཤིག་ཏུ་གླུར་བླངས་པའོ། །next