Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡར་འབྲོག་སྟག་ལུང་དུ་ཚོགས་ཀྱི་འཁོར་ལོར་ངེས་པར་བརྗོད་པའི་གླུ།
   
   
   
   
   
   
   
   


 
previousཡར་འབྲོག་སྟག་ལུང་དུ་ཚོགས་ཀྱི་འཁོར་ལོར་ངེས་པར་བརྗོད་པའི་གླུ། next

ཡར་འབྲོག་སྟག་ལུང་དུ་ཚོགས་ཀྱི་འཁོར་ལོར་ངེས་པར་བརྗོད་པའི་གླུ།


TNT01_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཧཱ་མུ་དྲཱ་ཡ། དབྱིངས་བདེ་བ་ཆེན་པོའི་ནམ་མཁའ་ལ། །རིག་པ་ཡེ་ཤེས་ཕྱོགས་མེད་ཀྱི་རྩལ། །མཁྱེན་བརྩེ་ནུས་པའི་གཟའ་སྐར་བཀྲ། །རྗེ་དཔལ་ལྡན་བླ་མ་རྡོ་རྗེ་འཆང༌། །སྤྲང་གུས་པས་ཁྱེད་ལ་གསོལ་བ་འདེབས། །ལར་བྱིན་གྱི་རློབས་ཤིག་ཐུགས་རྗེ་ཅན། །ཡ་གི་ཤེད་དག་པའི་ཞིང་ཁམས་ན། །སྐུ་མི་འགྱུར་བདེ་བ་ཆེན་པོའི་ཐུགས། ཁོང་


TNT01_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཞེས་གྲགས་པ་སྟེ། །ཡོངས་དཀྱིལ་འཁོར་གྱི་གཙོ་བོ་ཡིན་ནོ་སྐད། །དེ་གཞན་ན་ཡོད་པ་མ་ཡིན་ཏེ། །ཕ་རྩ་བའི་བླ་མ་གཅིག་པུ་ལགས། །རྗེ་ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་གྱིས། །མི་ང་ཡང་བརྟན་པ་ཅུང་ཟད་ཟིན། །གཞི་མ་བཅོས་གཉུག་མའི་གནས་ལུགས་ལ། །ཐག་ཆོད་ཀྱི་གདེང་འདི་ཉམས་སུ་དགའ། །སེམས་གསལ་ལ་དྭངས་པའི་རང་སྣང་ལ། །མི་འཆར་བྱ་བ་ནི་གཅིག་ཀྱང་མེད། །དེ་ཤར་ཙམ་ཉིད་ནས་གྲོལ་བ་འདི། །རང་གྲོལ་གྱི་རྣལ་འབྱོར་མ་ལགས་སམ། །ཡོངས་རང་ངོ་ཤེས་པའི་གཡེངས་མེད་འདི། །ཞི་གནས་ཀྱི་སྒོམ་ཞེས་བྱ་བ་ལགས། །རང་བཞིན་མ་རྙེད་པའི་རྩ་བྲལ་འདི། །ལྷག་མཐོང་ཤེས་རབ་མ་ལགས་སམ། །རྗེ་རང་སེམས་དང་དབྱེར་མེད་དུ་ཤེས་ཙ་ན། །ཆོས་སྐུ་ཞལ་མཇལ་ལ་དཀའ་རྒྱུ་མེད། །རང་ཞལ་མཐོང་བའི་རྣལ་འབྱོར་ལ། །འདུ་འབྲལ་མེད་པའི་མོས་གུས་བསྐྱེད། །བདག་དལ་འབྱོར་མི་ལུས་ཐོབ་པ་དང༌། །སྤྱིར་དུ་ཆཽས་དང་མཇལ་བ་དང༌། །སྒོས་སུ་གསང་སྔགས་ཐོབ་པ་དང༌། །ཡང་སྒོས་ཟབ་དོན་རིག་པ་འདི། །སྔོན་ཅུང་ཟད་བསོད་ནམས་བསགས་པའི་རྟགས། །བློ་ཅུང་ཟད་ཆོས་ལ་སོང་བ་དང༌། །རྗེ་མཚན་ལྡན་བླ་མས་བསྐྱངས་པ་དང༌། །ཆོས་མདོ་རྒྱུད་ལ་ངེས་པ་རྙེད་པ་དང༌། །འཕྲལ་ཆགས་སྡང་ཕྱོགས་རིས་མེད་པ་འདི། །ཡུལ་


TNT01_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་བསྡད་ཀྱང་སྐྱིད་པར་གདའ། །ཚེ་འདིར་ལྟས་ཀྱི་བདེ་བའི་མགོ་བསྐོར་དག །གཏམ་སྙན་གྱི་ཕྱེ་མཐོར་མ་བླངས་ཤིང༌། །དབང་ཐང་ལ་སྨོན་སེམས་མ་བྱས་པས། །དུས་ནམ་ཡང་བློ་སེམས་བདེ་མོར་བྱུང༌། །ཕྱི་ཆོས་སུ་བརྫུས་པའི་འཇིག་རྟེན་དང༌། །ནང་ཁོང་དུ་བཟུང་བའི་ངག་སྙན་དང༌། །ཕུགས་རང་འདོད་ཁ་རྒྱལ་གྱི་གཞན་དོན་བྱེད། །དོན་འདི་གསུམ་སྤངས་པས་ཆོས་སུ་སོང༌། །ཚུལ་འདི་ཡང་དཔལ་ལྡན་བླ་མའི་དྲིན། །ད་དུང་ཡང་གསོལ་བ་འདེབས་ལགས་པས། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །རྗེ་ཁྱེད་ཀྱི་ཐུགས་རྗེའི་བྱིན་བརླབས་ཀྱིས། །དེང་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཅེས་པའང་ཏཱ་ར་ནཱ་ཐས་ཡར་འབྲོག་སྟག་ལུང་དུ་ཚོགས་ཀྱི་འཁོར་ལོར་ངེས་པར་བརྗོད་པའི་གླུ་དབྱངས་སོ།། །།མངྒལཾ་བིསྟཱར་ཀུ་རུ། །


previousཡར་འབྲོག་སྟག་ལུང་དུ་ཚོགས་ཀྱི་འཁོར་ལོར་ངེས་པར་བརྗོད་པའི་གླུ། next