Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཏཱ་ར་ནཱ་ཐས་ཚོགས་ཀྱི་འཁོར་ལོར་གླུར་བླངས་པ།
   
   
   
   
   
   
   


 
previousཏཱ་ར་ནཱ་ཐས་ཚོགས་ཀྱི་འཁོར་ལོར་གླུར་བླངས་པ། next

ཏཱ་ར་ནཱ་ཐས་ཚོགས་ཀྱི་འཁོར་ལོར་གླུར་བླངས་པ།


TNT01_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། སེམས་ཅན་གྱི་བསམ་པ་ཇི་བཞིན་དུ། །འཕྲིན་ལས་འགྲོ་བའི་དོན་མཛད་ཅིང༌། །ཐུགས་རྣམ་པར་མི་རྟོག་ཐུགས་རྗེ་ཅན། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཐུགས་བདེ་ཆེན་ངག་ལས་མ་གཡོས་ཀྱང༌། །སྐུ་རླུང་སེམས་ཙམ་ལ་མཚན་དཔེས་སྤྲས། ཁོང་གདུལ་བྱ་དག་པའི་འགྲོ་དོན་མཛད། །རྗེ་ལོངས་སྤྱོད་རྫོགས་སྐུར་གསོལ་བ་འདེབས། །དབྱིངས་རང་བཞིན་སྟོང་པ་ཉིད་


TNT01_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངང༌། །ཇི་ལྟ་ཇི་སྙེད་མཁྱེན་པའི་རྩལ། །གདོད་ནས་སྤྲོས་པ་ཀུན་བྲལ་བ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །མི་བདག་གི་ལུས་དང་ལོངས་སྤྱོད་དང༌། །སྔོན་འཁོར་བ་ཐོག་མ་མེད་པ་ནས། །ཕྱི་མའི་མུ་མཐར་ཐུག་པའི་བར། །དུས་གསུམ་དགེ་བ་ཅི་ཡོད་པ། །རྗེ་བླ་མ་ཁྱེད་ལ་མཆོད་པར་འབུལ། །དེང་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ཕྱི་འདོད་ཡོན་མཆོད་པ་སྣ་ཚོགས་དང༌། །ནང་ཞི་གནས་ལྷག་མཐོང་ཟུང་དུ་སྦྲཻལ། །མཆོག་བདེ་སྟོང་དབྱེར་མེད་གསང་པའི་འཕྲུལ། །དེ་ཐམས་ཅད་མ་བཅོས་མ་འགགས་རྩལ། །དེ་ཉིད་ཀྱི་མཆོད་པ་རྒྱ་ཆེར་འབུལ། །དུས་ད་ལྟ་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱལ་པ་ལ། །མཁྱེན་པའི་འོད་སྟོང་ཕྱོགས་བཅུར་འཕྲོ། །གདུལ་བྱའི་མ་རིག་མུན་པ་སེལ། །ཕ་བླ་མ་ཉི་མའི་དཀྱིལ་འཁོར་འདྲ། །མི་ཁོ་བོའི་སེམས་ཀྱང་ཉི་མ་དང་མཚུངས། །ངོ་བོ་འཕེལ་འགྲིབ་མེད་པ་དང༌། །སྣང་བ་མ་འགགས་ཕྱོགས་བཅུར་འཆར། །རང་བཞིན་སྒྲིབ་མེད་འོད་དུ་གསལ། །ལྷག་བསམ་གྱི་དཀྱིལ་འཁོར་གསལ་བ་དང༌། །བྱམས་བརྩེའི་འོད་དཀར་འཕྲོ་བ་དང༌། །ཉོན་མོངས་ཀྱི་ཚ་གདུང་སེལ་བས་ན། །ཕ་བླ་མ་ཟླ་བའི་དཀྱིལ་འཁོར་འདྲ། །མི་ཁོ་བོའི་སེམས་ཀྱང་ཟླ་བ་དང་མཚུངས། །རང་བཞིན་གྱི་རྣམ་


TNT01_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་དང༌། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །ཞེ་སྡང་གི་མུན་པ་འཇོམས་པར་མཐོང༌། །འཁོར་འདས་ལ་ཡངས་དོག་མེད་པ་དང༌། །ཆོས་ཀུན་ལ་ཉེ་རིང་མེད་པར་ཁྱབ། །སྤྲུལ་པ་ཀུན་གྱི་གཞིར་གྱུར་པ། །ཕ་བླ་མ་ནམ་མཁའི་དབྱིངས་དང་འདྲ། །མི་བདག་གི་སེམས་ཀྱང་མཁའ་དང་མཚུངས། །རང་བཞིན་ཐོགས་རྡུགས་མེད་པ་དང༌། །སྤྱིར་ཡང་འཆར་བ་ཀུན་གྱི་རྩལ། །སྣང་བ་ཐམས་ཅད་འགག་མེད་དུ་སྣང༌། འཕྲིན་ལས་རྒྱུན་མི་འཆད་པ་དང༌། །བྱམས་དང་སྙིང་རྗེས་བརླན་པ་དང༌། །གདུལ་བྱའི་དྲི་མ་འཁྲུད་པ་སྟེ། །ཕ་བླ་མ་ཆུ་བོའི་རྒྱུན་དང་འདྲ། །མི་བདག་གི་སེམས་ཀྱང་ཆུ་རྒྱུན་དང་མཚུངས། །སྔོན་ཐོག་མ་མེད་ནས་ཐ་མའི་བར། །རང་བཞིན་མི་འགྱུར་རྒྱུན་ཆད་མེད། །རང་གི་དྲི་མ་རང་གིས་སྦྱོང༌། །གཏིང་ཡེ་ཤེས་གཡོ་བ་མེད་པ་ལ། །འཕྲལ་འགྲོ་དོན་རྦ་རླབས་ཕྱོགས་བཅུར་གཡོ། །གཞན་ཕན་རིན་ཆེན་ཀུན་གྱི་གནས། །ཕ་བླ་མ་རྒྱ་མཚོ་ཆེན་པོར་མཚུངས། །མི་བདག་གི་སེམས་ཀྱང་རྒྱ་མཚོ་དང་འདྲ། །རང་བཞིན་རྣམ་རྟོག་གི་མི་གཡོ་ཞིང༌། །ནམ་ཡང་རིག་པའི་རྩལ་མ་འགགས། །ཡོན་ཏན་ཀུན་གྱི་འབྱུང་གནས་ཡིན། །ཚོགས་གཉིས་ཀྱི་གཞི་ལ་བརྟེན་པ་དང༌། །རིམ་གཉིས་ཀྱི་བང་རིམ་མཛེས་པ་དང༌། །ཐར་འདོད་ཀྱི་རྟེན་ས་ཡིན་པའི་ཕྱིར། །ཕ་བླ་མ་དང་རི་རྒྱལ་ལྷུན་པོ་མཚུངས། །མི་


TNT01_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་སེམས་ཀྱང་རི་རབ་དང་འདྲ། །རང་བཞིན་གྱི་དག་པར་ཞབས་བརྟན་ཞིང༌། །ཉམས་མྱོང་གི་བང་རིམ་མཛེས་པ་དང༌། །དངོས་གྲུབ་གཉིས་ཀྱི་རྟེན་སར་སྣང༌། །མི་ཁོ་བོའི་བླ་མ་ཅི་འདྲ་བར། །འགྲོ་དྲུག་གི་སེམས་ཀྱང་དེ་ལྟར་ལགས། །དོན་དེ་ལྟར་ལགས་པས་དགོངས་པར་མཛོད། །མཉམ་ཉིད་ལ་ཞོག་ཅིག་དམ་ཚིག་ཅན། །དབྱངས་འདི་ཡང་བླ་མ་ལ་མཆོད་པ་འབུལ། །གནས་འདིར་ཡང་བཀྲ་ཤིས་དགེ་ལེགས་སྩོལ།། །།ཞེས་པའང་ཏཱ་ར་ནཱ་ཐས་ཚོགས་ཀྱི་འཁོར་ལོར་གླུར་བླངས་པའོ། །བཀྲ་ཤིས། ཤུ་བྷཾ། །


previousཏཱ་ར་ནཱ་ཐས་ཚོགས་ཀྱི་འཁོར་ལོར་གླུར་བླངས་པ། next