Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་འཁོར་སྡིངས་ཀྱི་གནས་སུ་ཚེས་བཅུའི་མཚན་མོའི་ཐུན་དང་པོ་ལ་བྱིན་པའི་དགའ་སྟོན་གྱི་ཚེ་གླུར་བླངས་པ།
   
   
   
   
   
   


 
previousཆོས་འཁོར་སྡིངས་ཀྱི་གནས་སུ་ཚེས་བཅུའི་མཚན་མོའི་ཐུན་དང་པོ་ལ་བྱིན་པའི་དགའ་སྟོན་གྱི་ཚེ་གླུར་བླངས་པ། next

ཆོས་འཁོར་སྡིངས་ཀྱི་གནས་སུ་ཚེས་བཅུའི་མཚན་མོའི་ཐུན་དང་པོ་ལ་བྱིན་པའི་དགའ་སྟོན་གྱི་ཚེ་གླུར་བླངས་པ།


TNT01_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་གུ་ར་བེ། རྗེ་མི་གཟུགས་ལ་རྡོ་རྗེ་འཆང་ཆེན་ཏེ། །ཕ་རྩ་བའི་བླ་མ་མ་ལགས་སམ། །གདུལ་བྱ་གང་མོས་འགྲོ་དོན་མཛད། །དེ་བརྒྱུད་པའི་བླ་མ་མ་ལགས་སམ། །དབྱིངས་མཁའ་ཁྱབ་ཀྱི་སྒོ་ནས་འགྲོ་བ་འདུལ། །དེ་རྡོ་རྗེ་འཆང་ཆེན་མ་ལགས་སམ། །སྤྲུལ་པ་སྣ་ཚོགས་ཀྱིས་དོན་མཛད་པ། །ཡི་དམ་གྱི་ལྷ་ཚོགས་མ་ལགས་སམ། །ནུས་མཐུ་ལ་ཐོགས་པ་མེད་པ་སྟེ། །ཆོས་སྐྱོང་བསྲུང་མ་མ་ལགས་སམ། ཁྱེད་ཡེ་ཤེས་གཅིག་གི་ཆོ་འཕྲུལ་ལས། །ཚུལ་ཅིར་ཡང་སྟོན་པ་ངོ་མཚར་ཆེ། །བདག་སྙིང་གི་ཁོང་ནས་གསོལ་བ་འདེབས། །དུས་ད་ལྟ་བྱིན་གྱིས་བརླབ་ཏུ་གསོལ། །དེང་འདིར་དུས་ཀྱི་སྐལ་ལྡན་ཕོ་མོ་ཀུན། །མི་བདག་གི་ཚིག་ལ་སྙན་གསོན་ཞིག །རྙེད་དཀའ་འཇིག་


TNT01_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

སླའི་མི་ལུས་ལ། །མདོ་དོན་འབྱུང་བའི་ཐབས་ཤིག་འཚལ། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས། །ཅིས་ཀྱང་ཐར་པའི་ཐབས་ཤིག་འཚལ། །ཆོས་ཀུན་གྱི་འཇུག་སྒོ་ལགས་པས་ན། །ཚེ་འདི་བློ་ཡི་བཏང་ཡང་འཚལ། །དམ་ཆོས་ཀྱི་རྩ་བ་ལགས་པས་ན། །འཁོར་བ་ལས་ངེས་འབྱུང་སེམས་བསྐྱེད་དེ། །ཉམས་ལེན་གྱི་སྙིང་པོ་ཡིན་པས་ན། །བྱམས་དང་སྙིང་རྗེ་བྱང་སེམས་སྒོམས། །ཆོས་ཀུན་གྱི་ཡང་རྩེ་ཡིན་པས་ན། །མཐའ་བྲལ་སྟོང་ཉིད་ཀྱི་ངང་ལ་ཞོག །རང་བཞིན་མ་བཅོས་གསལ་བས་ན། །མ་བཅོས་སོ་མའི་ངང་དུ་ཞོག །འཛིན་པ་རང་སར་བཤིག་ནས་ཀྱང༌། །ཆེད་འཛིན་མེད་པའི་དོན་དེ་སྒོམས། །རྣམ་རྟོག་བརྫུན་གྱི་མགོ་བསྐོར་ཡིན། །ལྷུག་པ་བཟོ་མེད་ངང་དུ་སྐྱོངས། །ཕྱི་སྣང་བ་གང་ཤར་གྱི་ངོ་བོ་ལ། །གསལ་ལ་ཞེན་པ་མེད་པར་ཞོག །ནང་རིག་པ་སེམས་ཀྱི་ངོ་བོ་ལ། །རིག་སྟོང་དབྱེར་མེད་ཁྲིམ་མེར་སྒྲིམས། །སེམས་མཉམ་བཞག་ངང་དུ་གནས་པའི་ཚེ། །ལྷུན་གྲུབ་བཟོ་བཅོས་མེད་པར་ཞོག །རྗེས་སྣང་བ་འགགས་མེད་ཤར་བའི་ཚེ། །གང་ཤར་རང་ཞལ་ལྟ་བར་འཚལ། །སྣང་བ་རང་བཞིན་དག་པ་ལ། །དག་པའི་སྣང་བ་རྒྱ་ཆེར་སྤེལ། །རང་ལུས་ཡི་དམ་ལྷ་སྐུ་ལ། །སྣང་སྟོང་སྒྱུ་མའི་རྩིས་སུ་ཟིན། །སེམས་རང་བཞིན་བདེ་བའི་རང་སྣང་ལ། །བོགས་འདོན་


TNT01_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

རྩས་ནི་ཕྱོགས་བཅུར་སྤེལ། །ལུས་རྩ་རླུང་ཐིག་ལེའི་རང་བཞིན་ལ། །བླ་མའི་གསུང་བཞིན་གནད་དུ་བསྣུན། །ཉམས་སྣ་ཚོགས་འཆར་སྒོ་ཇི་སྙེད་ལ། །ཞེན་ཆགས་མེད་པའི་སྐྱོང་ལུགས་འཚལ། །དོན་དེ་ལྟར་ཐུགས་ལ་ཞོག་མཛོད་ལ། །ཅིས་ཀྱང་གནད་དུ་བསྣུན་པར་མཛོད། །བདག་ངེས་མེད་ཀྱི་རྣལ་འབྱོར་རྒྱལ་ཁམས་པ། །དབྱངས་འདི་ཉིད་བླ་མ་ལ་མཆོད་པར་འབུལ། །ཚིག་འདི་ལ་ལེགས་ཆ་མི་འདུག་ཀྱང༌། །དོན་འདི་ལ་ངེས་པའི་གཏད་སོ་གདོག། །།ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཆོས་འཁོར་སྡིངས་ཀྱི་གནས་སུ་ཚེས་བཅུའི་མཚན་མོའི་ཐུན་དང་པོ་ལ་བྱིན་པའི་དགའ་སྟོན་གྱི་ཚེ་གླུར་བླངས་པའོ། །བཀྲ་ཤིས། །


previousཆོས་འཁོར་སྡིངས་ཀྱི་གནས་སུ་ཚེས་བཅུའི་མཚན་མོའི་ཐུན་དང་པོ་ལ་བྱིན་པའི་དགའ་སྟོན་གྱི་ཚེ་གླུར་བླངས་པ། next