Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་པའི་ཚུལ་དུ་བླངས་པའི་གླུ།
   
   
   
   


 
previousགདམས་པའི་ཚུལ་དུ་བླངས་པའི་གླུ། next

གདམས་པའི་ཚུལ་དུ་བླངས་པའི་གླུ།


TNT01_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་ར་ཝེ། དབྱིངས་སྤྲོས་དང་བྲལ་བའི་ངང་ཞིག་ནས། །འཕྲལ་གང་ལ་གང་འདུལ་འགྲོ་དོན་མཛད། །ཆོས་ཚིག་སྤྱི་དང་དོན་སྤྱིར་མ་ལས་པར། །དོན་སྙིང་པོར་སྟོན་པའི་བླ་མ་རྗེ། །ས་འདི་ནས་རྒྱལ་ཁམས་ཀྱི་རྣལ་འབྱོར་པ། །ཡིད་མོས་གུས་དྲག་པོས་གསོལ་བ་འདེབས། །བུ་སློབ་མའི་སེམས་ལ་བྱིན་གྱིས་རློབས། །ལར་རྩ་བྲལ་རྟོགས་པར་ཐུགས་རྗེས་གཟུང༌། །ཕ་བྱིན་རླབས་ཅན་དེའི་བཀའ་དྲིན་ལ། །མི་ངས་ཀྱང་སེམས་ཀྱི་གནས་ལུགས་མཐོང༌། །རྗེ་མཁྱེན་པ་ཅན་དེའི་བཀའ་དྲིན་ལས། །དོན་ངེས་པའི་གནས་ལ་ཐག་


TNT01_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་བྱུང༌། །ཡོངས་ཐུགས་རྗེ་ཅན་དེའི་བཀའ་དྲིན་ལ། །ཕྱི་དགྲ་གཉེན་གྱི་རྣམ་རྟོག་ཞི་བ་ཙམ། མགོན་འཁྲུལ་ཞིག་ཅན་དེའི་བཀའ་དྲིན་ལ། །ནང་འཛིན་པ་ཡལ་ཡུལ་ངང་དུ་བུད། །ང་རྗེ་ལ་མོས་གུས་མི་ཆེ་རུ། །བཀའ་དྲིན་ལ་ཚད་གཟུང་མི་གདའ་འོ། ཁྱེད་འདིར་འདུས་ཀྱི་ཐུགས་ལ་འདི་ལྟར་ཞོག །ལར་ད་རེས་མི་ལུས་ཐོབ་པ་ལ། །མདོ་དོན་ཡོད་པ་ཞིག་གལ་རེ་ཆེ། །དམ་ཆོས་མི་བྱེད་པའི་མི་ལུས་འདི། །དུད་འགྲོ་ལས་ཟང་མ་ཞིག་མ་ལགས་སམ། །མི་རྟག་འཁོར་བའི་གནས་ཚུལ་ལ། །ཐུགས་ངེས་པར་འབྱུང་བ་ཞིག་ཅིས་ཀྱང་འཚལ། །ཐར་པའི་ལམ་སྣ་ཟིན་པ་ཞིག་གལ་རེ་ཆེ། །སྔོན་འཁོར་བ་ཐོག་མ་མེད་པ་ནས། །དུས་ཉི་མ་དེ་རིང་ལ་ཐུག་གི་བར། །ལུས་བྱ་བྱེད་འགྲོ་འདུག་ཉལ་དང་ལངས། །ངག་སྨྲ་བརྗོད་ངལ་དུབ་རྩོལ་བའི་ལམ། །ཡིད་མནོ་བསམ་འགྱུ་བའི་འཕྲང་ལ་བརྡར། །ཆོས་བྱེད་ཚུག་བྱས་ཀྱང་ལས་སུ་སོང༌། །ལར་སྡིག་པ་སྡུག་བསྔལ་གྱི་རྒྱུ་ལགས་ཤིང༌། །ལས་ལུང་མ་བསྟན་མི་ཚེ་སྟོང་ཟད་ཡིན། །ཐར་ལམ་དུ་མ་སོང་བའི་དགེ་བ་དེ། །འཁོར་བ་བསྐྱེད་པའི་ཐབས་སུ་གདའ། །ཕྱག་ཆེན་གྱིས་མ་ཟིན་པའི་སྤྲོས་བཅས་དེ། །ཡིད་རྣམ་རྟོག་འཁྲུག་པའི་རྒྱུ་ཞིག་གདའ། །སྒོམས་སེམས་དང་མ་འདྲེས་པའི་གོ་ཡུལ་དེ། །དོན་མདོ་དོན་ཐུག་དུས་བསླུ་བ་ཞིག་གདའ། །སྙིང་རྗེས་མ་ཟིན་པའི་སྟོང་རྐྱང་དེ། །ལེགས་ཀྱང་ཐེག་དམན་གྱི་རྒྱུ་ཞིག་ལགས། །ལས་འབྲས་ཁྱད་གསོད་ཀྱི་འུག་གོག་དེ། །དམྱལ་བར་འགྲོ་བའི་རྒྱུ་ཞིག་གདའ། །རང་ངོ་


TNT01_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤེས་པའི་ལྟ་བ་དེ། །བློས་བྱས་སྤྲོས་པའི་རི་མོར་གདའ། །རང་སོ་ཚུགས་པའི་ཉོན་མོངས་དེ། །རྩུབ་རྩུབ་འདྲ་ཡང་འཇམ་པོར་གདའ། །རྩ་བྲལ་ལ་སོང་བའི་འཆར་སྒོ་དེ། །སྣང་སྣང་འདྲ་ཡང་ཡལ་ཡུལ་དུ་གདའ། །རྩོལ་མེད་ངོ་ཤེས་ཀྱི་རྣམ་རྟོག་དེ། །འགྱུ་འགྱུ་འདྲ་ཡང་རང་ཞིག་ཏུ་གདའ། །ལྷག་བསམ་གྱིས་མ་ཟིན་པའི་དགེ་རྩ་དེ། །བྲེལ་བ་ཆེ་ལ་འབྲས་བུ་ཆུང༌། །སློང་ཡངས་སུ་མ་ཐེངས་པའི་ཁ་ཏོན་དེ། །སེམས་ཚབ་ཆེ་ལ་གྲུབ་དོན་ཆུང༌། །བྱང་སེམས་ཀྱིས་མ་ཟིན་པའི་སྒོམ་བཟླས་དེ། །བོན་ཆོག་དང་ཁྱད་པར་མི་གདའ་འོ། །ད་ལུས་གནད་སྲང་དུ་གཞུག་ཏུ་འཚལ། །ངག་སྨྲ་བརྗོད་སྤངས་ལ་ལྷུག་པར་ཞོག །སེམས་བཟོ་མེད་ཧྲིག་གེ་སྐྱོང་བར་ཞུ། །ཕ་བླ་མ་ཆོས་སྐུར་མཁྱེན་པ་ཞིག་འཚལ། །དམ་ཚིག་ལ་ཟོལ་ཟོག་མེད་པ་ཞིག་འཚལ། །དད་གུས་ལ་ཁ་ཞེ་མེད་པ་ཞིག་འཚལ། །ཉོན་མོངས་གང་སྐྱེས་ཀྱི་ངོ་བོ་ལ། །མ་བཅོས་སོ་མར་འཇོག་པ་ཞིག་ཞུ། །སེམས་རང་བཞིན་སོ་མ་བསྐྱངས་ཙ་ན། །གང་ཤར་བརྗོད་བྲལ་དུ་ལམ་མེར་གདའ། །དེ་གདོད་མ་ནས་ཡོད་ཡོད་པོ་ཞིག་ལགས། །ཡོད་པར་མ་ཤེས་པ་ཡ་རེ་ཆ། །འདི་མ་བཅོས་ལྷུག་པའི་གདམས་ངག་ཟེར། །འཕྲལ་ལུས་ངག་སྤྱོད་པ་ཅི་བྱེད་ཀྱང༌། །རང་སོ་ཚུགས་པའི་ངོ་བོ་ལ། །དམིགས་


TNT01_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ཀུན་ཞིག་པའི་ངང་ཞིག་ནས། །བླང་དོར་ལ་མཚན་མར་མ་འཛིན་པར། །ཐོ་ཆོ་ལ་བཟང་པོར་མ་ངོམ་ཞིག །ཚུལ་འཆོས་ཀྱི་མཛེས་ཁྲིགས་ཀྱང་མི་འཚལ་ལོ། །གང་ཤར་གྱི་སྤྱོད་པ་ལྷུག་པ་ལ། །བཅོས་མ་རུ་མ་སོང་པ་གནད་དུ་ཆེ། །འདི་བླང་དོར་མཉམ་ཉིད་ཀྱི་གདམས་ངག་ལགས། །སྒོམ་ཉམས་ཀྱི་རྩི་ལ་ཞེན་པ་ཏེ། དཔེ་དར་གྱི་སྲིན་བུ་ཇི་བཞིན་དུ། །རང་རང་གིས་འཆིང་བའི་མགོ་བསྐོར་ལགས། །དུས་དོ་ནུབ་ཚོགས་ཀྱི་འཁོར་ལོའི་དུས། །གནས་རྒྱལ་པོའི་ཕོ་བྲང་ཆེན་པོ་ན། །མིང་ཏཱ་ར་ནཱ་ཐ་སྐད་པ་ཡིས། །གླུ་འདི་ནི་གདམས་པའི་ཚུལ་དུ་བླངས། །དེ་མཆོད་པར་འབུལ་ལོ་བླ་མ་རྗེ།། །།ཞེས་སློབ་བུ་འགའ་ཞིག་ལ་ངོ་སྤྲོད་ཀྱི་ཚུལ་དུ་གླུར་བླངས་པ། ཉིན་ཞག་འགའ་རེ་འབྲི་བ་མ་བྱུང་བས། མ་བརྗེད་པར་དྲན་ཚོད་ཅིག་དེང་འདུས་རྣམས་ཀྱིས་འབྲི་བར་བསྐུལ་ནས་བྲིས་པ་སྟེ། གོང་དཀར་དུའོ། །དགེའོ། །


previousགདམས་པའི་ཚུལ་དུ་བླངས་པའི་གླུ། next