དཔལ་དུས་ཀྱི་འཁོར་ལོའི་དབང་ཆོག་ལས་རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོ་ལ་འཇུག་པ།


TNT02_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་དབང་ཆོག་ལས་རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོ་ལ་འཇུག་པ་བཞུགས།


TNT02_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭེ་ན་མོ་ན་མཿ བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དུས་སྦྱོར་བཅུ་གཉིས་འགགས་པ་སྟེ། །ཀུན་མཁྱེན་སྐྱེ་དགུའི་བདག་པོ་ལ། །བཏུད་ནས་སློབ་དཔོན་དབང་བསྐུར་བཤད། འདིར་སྡོམ་ནི། གསོལ་དང་གསོལ་གདབ་ཆུ་ཅོད་པན། །དར་དཔྱངས་བརྟུལ་ཞུགས་ཕྱག་རྒྱ་དྲུག །རྗེས་གནང་གཉིས་དང་འདོགས་ལྔ་དང༌། །དབང་བཞི་རྡོ་རྗེ་གསུམ་བྱིན་རླབས། ཆེད་བརྗོད་མཆོད་པ་བརྟན་བཞུགས་དང༌། །དམ་ཚིག་དང་ནི་ཕན་ཡོན་སྒྲགས། །དབུགགས་དབྱུང་གཟེངས་བསྟོད་རྗེས་ཀྱི་ཆོས། །བདག་པོའི་དབང་བསྐུར་ཡིན་པར་བཤད། །རིག་མ་བཤམས་ཤིང་དག་པ་བརྗོད། །བཀའ་ཞུ་བཀས་གནང་གསོལ་བ་གདབ། །རིག་མ་གཏད་ཅིང་འཁོར་ལོ་སྒོམ། །བདེ་བ་སྒོམ་ཞིང་ཆུ་དབང་བསྐུར། །བཀས་གནང་དབང་བཞི་བསྐུར་བ་དང༌། །བཞི་པ་ལ་ནི་ཆེད་བརྗོད་ལྷག །རྗེས་ཀྱི་བྱ་བ་རྣམ་གཉིས་ཏེ། །བདག་པོ་ཆེན་པོའི་དབང་ཡིན་ནོ། །དེ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ནི་རྣམ་པ་གཉིས་ཏེ། བདག་པོའི་དབང་བསྐུར་བ་དང༌། བདག་པོ་ཆེན་པོའི་དབང་བསྐུར་བའོ། །དང་པོ་ནི། ཀྱེ་དཔལ་ལྡན་བླ་མ་ཁྱེད་ཀྱི་བཀའ་དྲིན་ལས། ད་ནི་བདག་གིས་བདེ་བར་གཤེགས་པའི་ལམ་


TNT02_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཤེས་སོ། །དུས་འདི་ནས་བརྩམས་ཏེ་ཁྱེད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤངས་ནས། བླ་མ་གཞན་བསྟེན་པར་མི་བགྱིའོ། །གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེས་གཏེར་གྱིས་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་སྟེ། ཚིག་བཅད་འདི་ཡང་གཞན་དང་གོ་བསྟུན་པའོ། །སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །སོགས་ཀྱིས་ཀྱང་ལན་གསུམ་གསོལ་བ་བཏབ། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ལམ་ངོས་ཡངས་པར། དབང་སྟེགས་བཅས་པའི་སྟེང་དུ་དགེ་སློང་རྡོ་རྗེ་འཛིན་པ་བཀོད་ལ། བུ་མོ་བརྒྱད་ཀྱིས་བུམ་པ་བརྒྱད་བཟུང༌། གཞོན་ནུ་མ་གཉིས་ཀྱིས་རྒྱལ་རྣམ་རྒྱལ་གཉིས་བཟུང་སྟེ། བུམ་ཆུ་བསྡུ་བ་ནས་བརྩམས། ཆུ་དབང་དང༌། ཅོད་པན་གྱི་དབང་དང༌། དར་དཔྱངས་ཀྱི་དབང་དང༌། བརྟུལ་ཞུགས་ཀྱི་དབང་རྣམས་བྱིས་འཇུག་གི་དབང་དང་འདྲ་བར་བསྐུར་བ་ལས། ཁྱད་པར་ནི། དབང་གི་དག་པ་རྣམས་བརྗོད་མི་དགོས། བརྟུལ་ཞུགས་ཀྱི་དབང་རྫས་མཐེ་བོང་རྡོ་རྗེ་བྱེད་པ་ཡིན་པས། མེ་ཏོག་སིལ་


TNT02_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནག་པོ་ཞེས་སོགས། མེ་ཏོག་སིལ་མ་ལྗང་ཁུ་ནས། སྔོན་པོ་ཞེས་པའི་བར་ལ། མཐེ་བོའི་རྡོ་རྗེ་སོར་གདུབ་ཞེས་པའམ། མཐེ་བོའི་རྡོ་རྗེ་ཡང་གཅིག་གམ་གཉིས་ལས་མེད་ན། མཐེ་བོའི་རྡོ་རྗེ་སོར་གདུབ་ཀྱི་ཆ་ཤས་གཅིག་ཅེས་འདོན་པ་སྤོ། སློབ་མ་དུས་ཀྱི་འཁོར་ལོ་ཕྱག་གཉིས་པ་ཤེས་རབ་མ་དང་བཅས་པའི་སྐུར་གྱུར། དབང་རྫས། སྭ་བྷཱ་ཝས་སྦྱངས། ཧཾ་ལས་བྱུང་བའི་སྤྱི་བོའི་འཁོར་ལོ་མི་བསྐྱོད་པ་ཞལ་གསུམ་ནས། གདོང་བཞི་པ་འཛིན་པ། དེ་ཞུ་བ་ལས་བྱུང་བའི་སྤྱི་བོའི་འཁོར་ལོ་ནོར་བུ་དང་བཅས་པའི་མགོ་རྒྱན་དུ་གྱུར། ཨོཾ་ཧཾ་པཉྩ་ཨཱ་ཀཱ་ར་མཧཱ་ཤཱུ་ནྱ་ཏ་སྭ་བྷཱ་བ་བཛྲ་ཤི་རོ་མ་ཎི་ཤི་ར་སི་ཧཱུཾ་ཕཊ། མི་བསྐྱོད་འཁོར་ལོའི་གཟུགས་ཀྱིས་ནི། །ལུས་མཆོག་ལ་ནི་རྣམ་བརྒྱན་ཞིང༌། །སྲིད་པ་གསུམ་དུ་འཁོར་ལོ་བསྐོར། །ལུས་མཆོག་ལ་གནས་ཆུ་རྒྱུན་གྱི། །ཅིག་ཅར་ཆོས་ཀྱི་འཁོར་ལོ་བསྐོར། །འགྲོ་བའི་དོན་ཆེན་བྱེད་པར་འགྱུར། །ཞེས་སྦྱིན། རྣ་རྒྱན་གཉིས་ཧཾ་ཧཿལས་བྱུང་པའི་འོད་དཔག་མེད་ཞལ་གསུམ་ནས། བགྲང་འཕྲེང་འཛིན་པ། དེ་ཞུ་བ་ལས་བྱུང་བའི་རྣ་རྒྱན་དུ་གྱུར། ཨོཾ་ཧཾ་ཧཿབཱ་མ་དཀྵི་ཎ་ཀརྞ་ཡོར་བཛྲ་ཀུནྚ་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ། དཔག་མེད་རྣ་ཆའི་གཟུགས་ཀྱིས་ནི། །རྣ་བ་དག་ལ་རྣམ་བརྒྱན་ནས། །སྲིད་པ་གསུམ་ལ་ཆགས་པར་བྱ། །དེ་འདིས་འགྲོ་བའི་དོན་བྱེད་གྱུར། །མགུལ་རྒྱན་ཨཾ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་ཞལ་གསུམ་ནས། འོད་འཕྲོ་བ་འཛིན་པ་དེ་ཞུ་བ་ལས་བྱུང་བའི་མགུལ་བརྒྱན་དུ་འགྱུར། ཨོཾ་ཨཾ་ཀནྛེ་བཛྲ་ཀནྛྀ་ཀེ་ཧཱུཾ་ཕཊ། རིན་ཆེན་མགུལ་རྒྱན་གཟུགས་ཀྱིས་ནི། །བདག་གི་མགུལ་བ་རྣམ་བརྒྱན་ཏེ། །


TNT02_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདི་རོ་ཡིས་བཏུལ་བྱས་ནས། །འགྲོ་བ་ཆུ་བཞིན་འཇུག་པར་འགྱུར། །ལག་གདུབ་ཨ་ཨཱཿདང༌། རྐང་གདུབ་ཧ་ཧཱཿལས་བྱུང་བའི་རྣམ་པར་སྣང་མཛད་ཞལ་གསུམ་ནས། དྲིལ་བུ་འཛིན་པ་ཞུ་བ་ལས་བྱུང་བའི་ལག་གདུབ་དང་རྐང་གདུབ་ཏུ་གྱུར། ཨོཾ་ཨཱ་ཨཱ་བཱ་མ་དཀྵི་ཎ་ཀ་ར་ཡོར་བཛྲ་རུ་ཙ་ཀཽ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧ་ཧཱཿབཱ་མ་དཀྵི་ཎ་པཱ་ད་ཡོར་བཛྲ་ནཱུ་པུ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ། རྣམ་སྣང་ལག་གདུབ་གཟུགས་ཉིད་ཀྱིས། །ལག་པ་དག་ལ་རྣམ་བརྒྱན་ཏེ། །འགྲོ་བའི་དོན་ལ་འཇུག་བྱས་ན། །སྐྱེ་བ་ས་ལྟར་བརྟན་པར་འགྱུར། །སྐ་རགས་ཨཿལས་བྱུང་བའི་དོན་ཡོད་གྲུབ་པ་ཞལ་གསུམ་ནས། དཀར་པོ་འཛིན་པ། ཞུ་བ་ལས་བྱུང་བའི་སྐ་རགས་སུ་གྱུར། ཨོཾ་ཨཱཿཀཊྱཱཾ་བཛྲ་མེ་ཁ་ལཱ་ཧཱུཾ་ཕཊ། དོན་ཡོད་སྐ་རགས་གཟུགས་ཉིད་ཀྱིས། །སྐེད་པ་ལ་ནི་རྣམ་བརྒྱན་པ། །འགྲོ་འདི་རླུང་གིས་བཏུལ་བྱས་ནས། །ཐོག་མེད་རླུང་གིས་འགྲོ་བ་འདུལ། །ཐལ་ཆེན་ཝཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཞལ་གསུམ་ནས། གདོང་བཞི་པ་འཛིན་པ། དེ་ཞུ་བ་ལས་བྱུང་བའི་ཐལ་ཆེན་དུ་གྱུར། ཨོཾ་ཝཾ་སརྦ་ཨང་གེ་བྟསྨི་ཧཱུཾ་ཕཊ། གནས་གསུམ་སོགས་སུ་བྱུག་ཚུལ་བྱ། བྱང་ཆུབ་སེམས་ཀྱི་རང་བཞིན་གྱི། །ཐལ་བའི་ལུས་ལ་རྣམ་བརྒྱན་ཏེ། མཆོག་གི་སྤྱོད་པ་རབ་སྦྱང་ནས། །བདེ་བའི་ཡིད་ཀྱིས་འགྲོ་བ་འདུལ། །ཞེས་བརྗོད། དེ་ནས་རྗེས་གནང་ནི། འདི་སྐད་ཅེས་བྱ་སྟེ། གདུག་པ་སྡིགས་པར་བྱེད་པའི་མཆོག །གང་གིས་ངུར་སྨྲིག་མཐོང་ཙམ་གྱིས། །ལྷ་མིན་ས་ཡིས་འོག་ཏུ་འཕྲོས། །དགེ་སློང་རྡོ་རྗེ་འཛིན་པ་བྱ། །སྟོང་ཉིད་སྙིང་རྗེར་ཁྱོད་


TNT02_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས། །སྟོང་ཉིད་སྙིང་རྗེ་རྒྱུན་མི་འཆད། །མཚན་མར་རྡོ་རྗེ་དྲིལ་བུ་བཟུང༌། །ཇི་ལྟ་དེ་ལྟར་གཞན་ལ་སྟོན། །ཁྱོད་ནི་ཡོངས་རྫོགས་སློབ་དཔོན་ཏེ། །གནས་བརྟན་རྒན་པོའང་ཁྱོད་ཉིད་ཡིན། ཁྱོད་ནི་བསིལ་གྱུར་རྙོག་པ་མེད། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འཛག་པའི་འདོད་ཆགས་རབ་སྤངས་པས། ཁྱོད་ཀྱི་ཟུག་རྔུ་མ་ལུས་བཏོན། །གཞན་ལ་ཕན་པའི་གང་ཟག་མཆོག །ཁྱོད་ནི་མངོན་སུམ་སངས་རྒྱས་སྲས། །ཞེས་དང༌། དེ་རྗེས་སྤྲོ་ན་ལུགས་གཞན་གྱི་རིག་པ་སྦྱར་ཏེ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། ཆེ་དང་དྲིལ་བུ་ཆེན་པོ་བཟུང༌། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་བགྱིས། །དེ་བཞིན་དུ། དབང་གི་དོན་དུ་ས་ནི་ཡོང་བརྟག་ནགས་དང་གྲོང་ཁྱེར་གྲོང་རྡལ་གྲོང་གི་ཕྱོགས་ཀྱི་ཆ་དག་དང༌། །ཐབ་ཁུང་རྣམས་ཀྱིས་མཚན་ཉིད་དང་ནི་བུམ་པ་དང་བཅས་རྡུལ་ཚོན་སྦྱིན་སྲེག་ཕུར་བུ་ལ་སོགས་དང༌། །སློབ་མ་རྣམས་ནི་བསྡུ་བ་དག་དང་གང་ཡང་རྒྱལ་བའི་བདག་པོས་མཆོག་གི་དཀྱིལ་འཁོར་བྲི་བ་དང༌། །ཤེས་ནས་སློབ་དཔོན་གྱིས་ནི་དགེ་དང་མི་དགེའི་འབྲས་སླད་ཞི་བ་ལ་སོགས་མཐའ་དག་རབ་ཏུ་བྱ། །ཞེས་བརྗོད། རྗེས་གནང་འདི་ཙམ་གྱིས་ཆོག་ལ། སྤྲོས་པ་ལ་མངོན་པར་དགའ་ན། ཡི་གེ་རྙིང་པ་མང་པོ་ཞིག་ལ་ཡོད་པ་བཞིན་དུ། ལག་ལེན་ལ་ཡང་བྱེད་པ་མང་དུ་ཡོད་པ་ལྟར། དབང་བདུན་ནང་གི་རྗེས་གནང་དག་པ་བརྗོད་པ་བོར་བ་དེ་བྱས་ནས། སྔགས་དང༌། མིག་ཐུར་དང༌། མེ་ལོང་དང༌། མདའ་གཞུ་རྣམས་བྱིས་འཇུག་སློབ་མ་ལ་བསྐུར་བའི་སྐབས་སུ་བཤད་པ་བཞིན་དང༌། ཆོས་བཤད་ཀྱི་རྗེས་གནང་བདག་འཇུག་གི་སྐབས་ལྟར་བྱེད་པའང་ཡོད་མོད་ཀྱི་ངེས་པར་དགོས་པ་ནི་མ་ཡིན་ལ། རྡོ་རྗེ་སློབ་དཔོན་དུ་སྒྲུབ་པ་ལ་མ་འབྲེལ་


TNT02_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བའང་མེད་དོ། །འདིར་ལུང་བསྟན་བྱེད་པ་ནི་ཤེས་བྱེད་ཡང་དག་པ་ཅི་ཡང་མེད་དོ། །དེ་ནས་རྡོ་རྗེ་སློབ་དཔོན་དུ་སྒྲུབ་པའི་བྱ་བ་མཆོག སླར་ཡང་བུམ་དབང༌། གསང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང་རྣམས་བདག་འཇུག་གི་སྐབས་སུ་བཤད་པ་བཞིན་དུ་བསྐུར། སླར་ཡང་སྐུ་གསུང་ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པའི་དཽན་དུ། མཆོད་ཕྱིར་ཐོགས། ཨ་ཨཿཨཾ་ལས་བྱུང་བའི་སྐུ་རྡོ་རྗེ་ཞལ་གསུམ་ནས། ཡུམ་དང་བཅས་པ། དེ་ཞུ་བ་ལས་བྱུང་བའི་མཆོད་ཕྱིར་ཐོགས་སུ་གྱུར། ཨོཾ་ཨ་ཨཱཿཨཾ་སརྦ་སྭཱ་ར་ཨེ་ཀ་ཏྲི་སྭཱ་ར་སྭ་བྷཱ་བ་བཛྲ་ཡཱ་ཛྙཱོ་པ་བཱི་ཏ། སྐན་དྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །སོགས་ཤོ་ལོ་ཀ་གཉིས་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གསུང་གི་དོན་དུ་མེ་ཏོག་གང་ལ་ཕོག་པའི་ལྷའི་ཕྱག་མཚན་གྱིས་དབང་བསྐུར་བར་བཤད་ཀྱང༌། ངོས་ཟིན་པ་དཀའ་ན་རིག་དྲུག་གི་ཕྱག་མཚན། ཨ་ཨི་རྀ་ཨུ་ལྀ་ཨཾ་ཞེས་པ་རྣམས་ལས་བྱུང་བའི་གསུང་རྡོ་རྗེ་ཞལ་གསུམ་ནས། ཡུམ་དང་བཅས་པ། དེ་ཞུ་བ་ལས་རིགས་དྲུག་གི་ཕྱག་མཚན་དུ་གྱུར། ཨོཾ་ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨཾ་ཨཿསྭཱཧཱ། དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སོགས་བརྗོད། དར་དཔྱངས་ཨཾ་ཡིག་ལས་དང༌། ཅོད་པན་ཧཾ་ཡིག་ལས་བྱུང་བའི་ཐུགས་རྡོ་རྗེ་ཞལ་གསུམ་ནས། ཡུམ་དང་བཅས་པ། དེ་ཞུ་བ་ལས་བྱུང་བའི་དར་དཔྱངས་དང་ཅོད་པན་དུ་གྱུར། ཨོཾ་ཨཾ་ཨརྟཱ་ནཱ་རཱི་ཤྭ་ར་བཛྲ་ཙནྡྲ་བཛྲ་པཊྚ་ཨུནྡྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧཾ་པཉྩ་ཨཱ་ཀཱ་ར་སོགས་གོང་བཞིན་བརྗོད། དཔལ་ལྡན་ཐུགས་ཀྱི་


TNT02_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན། །སོགས་དང༌། ཙིཏྟ་བཛྲ། དེ་ནས་སློབ་དཔོན་གྱིས། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་འཛིན། །དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ། །རྡོ་རྗེ་སློབ་དཔོན་ཁྱོད་ཉིད་དོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྫ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་བརྗོད་ལ་མཆོད་པ་བཅུ་གཉིས་ཀྱིས་མཆོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་མེ་ཏོག་གཏོར་ལ་བརྟན་བཞུགས་བྱ། འདིར་སྟོན་པ་པོའི་དབང་ལ་མངོན་པར་དབང་སྐུར་བའི་དགེ་སློང་ངམ། དགེ་ཚུལ་ལམ། ཁྱིམ་པས་གཡོགས་ལ་སོགས་པའི་ཆོས་དང༌། ཁྱིམ་པའི་ཆོས་མི་བྱའོ། །གལ་ཏེ་རལ་གྲི་དང༌། སྣག་ཚ་དང༌། ཚོང་ལ་སོགས་པ་བྱེད་ན། དེའི་བཀའ་བཅག་པར་འགྱུར་ཞིང༌། བཀའ་བཅག་པ་ལས་མནར་མེད་པ་འགྲོ་བར་འགྱུར་ཏེ། སློབ་དཔོན་གྱི་ཆོས་རྣམ་པར་བཤིག་པའི་ཕྱིར་རོ། །ཕན་ཡོན་ནི། འདིར་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བས་ནི། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་སྟེ། མུ་སྟེགས་པ་རྣམས་ཀྱི་ལྷ་དང་ལྷ་མོ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་དང༌། ཙར་ཙི་ཀ་ལ་སོགས་པ་རྣམ་པར་སྦྱངས་པ་རྣམས་ཀྱི་དཀྱིལ་འཁོར་ཡང་སྒྲུབ་པའོ། །རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་དུ་དབང་བསྐུར་བར་འགྱུར་ཞིང༌། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང༌། སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་པོ་དང༌། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་


TNT02_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་དེ་བཞིན་དུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །དེ་ནས་དབུགས་དབྱུང་བ་ནི། སློབ་མའི་སྟེང་དུ་གདུགས་བཟུང་ལ་ཐལ་མོ་སྦྱར། བསྐོར་བ་བྱས་ཤར་སྒོ་ནས་བླ་མ་དང་ལྷ་ལ་འབུལ་བར་བསམ་ཞིང༌། སྔགས་དང་རྒྱུད་རྣམས་འཛིན་འགྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་སྙིང་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། ཁྱོད་ཀྱིས་ནན་ཏན་སྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སྔགས་བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱེད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་སོ། །དེ་ནས་སློབ་མ་དབང་བསྐུར་བའི་སྐབས་སུ་བཤད་པ་བཞིན། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞེས་སོགས་གཟེངས་བསྟོད་རྒྱས་པ་བྱ། གཙོ་བོས་ཇི་ལྟར་སོགས། མཎྜལ་ཕུལ། དེང་ནས་བརྩམས་ཏེ་སོགས་བརྗོད་དོ། །དེ་ལ་ཕྱག་རྒྱ་དྲུག་གི་ཚིགས་བཅད་དང༌། དབང་བདུན་གྱི་ནང་གི་རྗེས་གནང་འདོགས་བཅས་རྣམས་དང༌། རྡོ་རྗེ་གསུམ་གྱི་ཚིགས་བཅད་གསོལ་གདབ། ང་རྒྱལ་བཟུང་བ་རྣམས་དང༌། དབུགས་དབྱུང་དང་གཟེངས་བསྟོད་རྣམས་བོར་ཀྱང༌། ཆོ་ག་ཆད་པའི་ཉེས་པར་མི་འགྱུར་ལ། ཕྱག་རྒྱ་དྲུག་བརྟུལ་ཞུགས་ཀྱི་དབང་གི་དོད་ཡིན་པའི། དགེ་སློང་རྡོ་རྗེ་འཛིན་པ་ལ་བརྟུལ་


TNT02_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཀྱི་དབང་ལོགས་སུ་བསྐུར་བ་མི་དགོས་ཀྱང༌། རྡོ་རྗེ་སོར་གདུབ་ཀྱི་དབང་འདི་ཉིད་གཞན་ལ་སྦྱིན་པའི་དོན་དུ་ཐོབ་ན་བཟང་བའི་ཕྱིར། འདི་ཡང་བྱེད་པ་ཉིད་ལེགས་སོ། །རྒྱས་པར་ན་ལྷ་སྐྱེད་པ་ཐམས་ཅད་ལ་གནས་གཞི་བྱིན་གྱིས་རླབས་པ་དང༌། ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་རྒྱས་གདབ། མཆོད་པ་བྱེད་པ་སོགས་དང༌། སྐུ་གསུང་ཐུགས་རྡོ་རྗེར་བྱེད་པའི་སྐབས། དབང་རྫས་བྱིན་མ་ཐག་ཏུ། ལས་རྒྱལ་མཆོག་གི་སྐབས་བཞིན་རྡོ་རྗེ་གསུམ་བྱིན་རླབས་ཤིང༌། དབང་བསྐུར་བའི་དམིགས་པ་འབོགས་པ་ཡང་ཡོད་དེ། རྒྱས་པའི་ལུགས་ཡིན་པས། སྤྲོ་ན་དེ་ལྟར་བྱ་བ་མི་འགལ་ལ། བསྡུ་ན་དབང་རྫས་རྣམས་ས་བོན་དེ་དང་དེ་ལ་མ་བྱུང་བ། ལྷ་སོ་སོའི་ངོ་བོར་མོས་པ་ཙམ་གྱིས་ཀྱང་གོ་ཆོད་པ་ནི་ཡིན་ནོ། །རྡོ་རྗེ་འཛིན་པ་རིགས་གསུམ་ལས། དགེ་སློང་ལ་དབང་སྟེགས། རྭ་བ་ལྔའི་རེ་ཁཱ་འདོམ་གང་གྲུ་བཞི་པའི་དབུས་སུ་ཤིང་སྟན་རྒྱར་གྲུ་དོ་བ་དབུས་སུ་པདྨ་འདབ་བརྒྱད། ཚོན་སྣ་ལྔས་བྲིས་པ་དང༌། དགེ་ཚུལ་ལ་རེ་ཁཱ་གྲུ་དོ་པ་དང༌། པདྨ་མ་བྲིས་པའི་ཤིང་སྟན་དང༌། ཁྱིམ་པ་ལ་རྭ་བ་གསུམ་གྱི་རེ་ཁཱ་ཁྲུ་གང་བའི་དབུས་སུ། སྟན་ནང་ཚངས་ཅན་ཕལ་པ་ཞིག་འགོད་པར་བཤད། དགེ་ཚུལ་ལ་བུ་མོ་བཞིས་བུམ་པ་བཞི་དང༌། གཞོན་ནུ་མ་གཉིས་གོང་བཞིན་ཏེ། དབང་ཡང་ཆུ་དང་དར་དཔྱངས་ཀྱི་དབང་བསྐུར་ཞིང༌། ཕྱག་རྒྱ་བཅིང་བ་མན་ཆད་སྔར་དང་འདྲའོ། ཁྱིམ་པ་ལ་ནི་བུ་མོ་གཅིག་གིས་བུམ་པ་དང༌། གཞོན་ནུ་མ་གཅིག་གིས་རྣམ་པར་རྒྱལ་བ་བཟུང་ཞིང༌། ཆུ་དབང་དང༌། བརྟུལ་ཞུགས་ཀྱི་དབང་ཙམ་སྦྱིན། རྗེས་གནང་མན་ཆད་འདྲའོ། །དགེ་ཚུལ་དང་ཁྱིམ་པ་གཉིས་ལ། གང་གིས་


TNT02_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་སྨྲིག་ཞེས་སོགས་ཤོ་ལོ་ཀ་གཅིག་པོ་དེ་མི་བརྗོད་པར་བཤད་ཅིང༌། དེ་རྣམས་ལག་ལེན་ལ་ཡང་ཡོད་མོད། ལྷག་པར་མོས་པའི་དབང་ལས་མཐའ་གཅིག་ཏུ་ངེས་པ་ཡང་མེད་པར་མངོན་ནོ། །གཞན་དང་ཐུན་མོང་མ་ཡིན་པས། བདག་པོའི་དབང་བསྐུར་བཤད་པ་ལས། དགེ་བ་ཅུང་ཟད་གང་ཐོབ་དེས། །འགྲོ་ཀུན་རྒྱལ་བའི་བདག་པོར་ཤོག །ད་ནི་བདག་པོ་ཆེན་པོའི་དབང་བསྐུར་བ་བཤད་པར་བྱ་སྟེ། མནྚལ་ལ་སོགས་པ་སྔོན་དུ་སོང་བས། རིག་མ་བཅུ་དངོས་སུ་སྟར་བའམ། ཡིད་ཀྱི་ཡུལ་དུ་གསལ་བཏབ་ནས། སློབ་མ་ཁྱིམ་པ་ཡིན་ན་རང་རིགས་ཀྱི་རིག་མ་བཅུ་སློབ་དཔོན་ལ་འབུལ། སློབ་མ་རབ་ཏུ་བྱུང་བ་ཡིན་ན། དེ་ལ་སློབ་དཔོན་གྱིས་དབང་གི་དོན་དུ་གཞན་རིགས་ཀྱིས་རིག་མ་བཅུ་སྦྱིན་བར་བྱ་བ་སྟེ། ཚ་མོ་དང་ནི་བུ་མོ་དང༌། །སྲིང་མོ་དེ་བཞིན་སྐྱེད་བྱེད་མ། །དེ་བཞིན་ཆུང་མའི་མ་དང་ནི། །དེ་བཞིན་ཞང་པོའི་བུད་མེད་དང༌། །ཕ་ཡི་སྤུན་ཟླའི་ཆུང་མ་དང༌། དེ་བཞིན་ཕ་ཡི་སྲིང་མོ་དང༌། །རང་གི་མ་ཡི་སྤུན་ཟླ་ཉིད། །རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་ལ་སོགས་ཆོས་ཁམས་མཐར། །རང་རིགས་ལས་སྐྱེས་རིག་མ་བཅུ། །ཐར་པ་འདོད་པས་ཁྱིམ་པ་ཡིས། །དབང་གི་དུས་སུ་རབ་དབུལ་བྱ། །རིག་མ་འདི་རྣམས་རིགས་སྲུང་ཕྱིར། །གལ་ཏེ་བླ་མར་མི་འབུལ་ན། །དེ་ཚེ་ཁྱིམ་ན་གནས་པ་ལ། །གཞན་གྱི་དབང་བསྐུར་སྦྱིན་མི་བྱ། །དགེ་སློང་དགེ་ཚུལ་རྣམས་ལ་ནི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བའི། །དམངས་རིགས་སྐྱེས་སོགས་གཞན་དག་གིས། །བླ་མས་སྦྱིན་བྱ་


TNT02_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡི་བདག །རླུང་སོགས་རིམ་པས་དམངས་རིགས་མོ། །རྒྱལ་རིགས་དེ་བཞིན་བྲམ་ཟེ་མོ། །རྗེ་མོ་གཡུང་མོ་ཉ་པ་མོ། །གར་མ་དེ་བཞིན་ཚོས་མཁན་མོ། །ཀོ་ལྤགས་བྱེད་མ་གཏུམ་མོ་ནི། །ཆོས་ཁམས་མཐར་སྐྱེས་མ་སྟེ་བཅུ། །རིག་མ་ཆེན་མོར་ཡང་དག་བརྗོད། །ལོངས་སྤྱོད་གྲོལ་འབྲས་རབ་ཏུ་སྟེར། །དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། དབང་བཅུ་དང༌། ས་བཅུ་དང༌། སྟོབས་བཅུ་རྣམས་རྣམ་པར་དག་པར་འགྱུར་རོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཅན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་བརྗོད། དེ་ནས་སློབ་མས། གསོལ་བ་གདབ་པ་ནི། ཀྱཻ། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པ། ད་ནི་བདག་གིས་ཅི་ཞིག་བགྱི། །ཞེས་སོ། །དེ་ལ་སློབ་དཔོན་གྱིས་འདི་སྐད་ཅེས། བཅུ་ཡིས་ནང་ནས། རང་གི་ཆུང་མ་དེ་བཟུང་ནས། དེ་དང་ལྷན་ཅིག་ཏུ་བདག་ལ་གསོལ་བ་གདབ་པར་བྱོས་ཤིག དེ་ཡང་ཁྱིམ་པས་རང་རིགས་ལོ་ཉི་ཤུ་མ་དང༌། རབ་བྱུང་ལ་ནི་གཏུམ་


TNT02_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མཐར་སྐྱེས་ལོ་ཉི་ཤུ་མ་ཆོས་ཁམས་རྡོ་རྗེ་མ་སྔོན་མོར་གྱུར་པ་ཆུང་མར་བསམ་པར་བྱའོ། །དེ་དང་ལྷན་ཅིག་ཏུ་སློབ་དཔོན་ལ་མནྚལ་ཕུལ་ནས། གསོལ་བ་གདབ་པར་བྱ་སྟེ། ཁྱེད་ཀྱི་སྐུ་ལ་ཤ་ཁྲག་དང༌། །བཤང་གཅི་ཤུ་ཀྲ་མ་མཆིས་ཤིང༌། །བཅོ་བརྒྱད་ཁམས་ཀྱང་མི་མངའ་བ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །སོགས་ལན་གསུམ། ཆུང་མའི་མའམ་གཡུང་མོ་ལོ་བཅོ་ལྔ་མ་སྒྲ་རྡོ་རྗེ་མ་ལྗང་ཁུར་གྱུར་པ། རྒྱན་བཀྲོལ་ཞིང་ཕྱོགས་གྱི་གོས་ཅན་དུ་བྱས་ཏེ། ལྷ་མོ་དགའ་སྟེར་སོགས་ཀྱིས་སློབ་མ་ལ་གཏད། དེས་ཀྱང་སློབ་མ་ལ་འཁྱུད་པར་གྱུར། སློབ་མ་དུས་ཀྱི་འཁོར་ལོར་གྱུར་པ་ལ། སྒྲ་རྡོ་རྗེ་མ་ལྗང་ཁུས་གཡོན་ཕྱོགས་ནས་འཁྱུད་པ་དང༌། དེ་བཞིན་དུ་ཤར་དུ་ལོ་བཅུ་གཅིག་མ་སྒྲོལ་མ་ནག་མོ། ལྷོར་ལོ་བཅུ་གཉིས་མ་གོས་དཀར་མོ་དམར་མོ། བྱང་དུ་ལོ་བཅུ་གསུམ་མ་མཱ་མ་ཀཱི་དཀར་མོ། ནུབ་ཏུ་ལོ་བཅུ་བཞི་མ་སྤྱན་མ་སེར་མོ། ཤར་ལྷོར་ལོ་བཅུ་དྲུག་མ་རེག་བྱ་རྡོ་རྗེ་མ་ནག་མོ། ལྷོ་ནུབ་ཏུ་ལོ་བཅུ་བདུན་མ་རོ་རྡོ་རྗེ་མ་དམར་མོ། བྱང་ཤར་དུ་ལོ་བཅོ་བརྒྱད་མ་གཟུགས་རྡོ་རྗེ་མ་དཀར་མོ། ནུབ་བྱང་དུ་ལོ་བཅུ་དགུ་མ་དྲི་རྡོ་རྗེ་མ་སེར་མོ། རྣལ་འབྱོར་མའི་འཁོར་ལོ་རིག་མ་དགུ་པོ་ཐམས་ཅད་གཅེར་མོ་སྐྲ་གྲོལ་བ། ཕྱག་ན་གྲི་གུག་དང་ཐོད་པ་ཐོགས་པའོ། །དེ་ནས་རིག་མ་དགུ་པོ་རྣམས་རིམ་པ་བཞིན་ཐམས་ཅད་ཀྱིས་འཁྱུད་པ་ལས་བྱུང་བའི་བདེ་བ་ཉམས་སུ་བསྟར་བར་བྱས། སླར་ཡང་གོང་བཞིན་བདག་པོའི་དབང་གི་སྐབས་སུ་བསྟན་པ་ལྟར། རིག་མ་བཅུ་ལ་སོགས་པས་བུམ་པ་བཟུང་སྟེ། ཆུ་དབང་བསྐུར། སྟོང་ཉིད་སྙིང་རྗེ་ཁྱོད་བྱིན་རླབས། །ཞེས་པ་ནས།


TNT02_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་སངས་རྒྱས་སྲས་ཀྱི་བར་རྗེས་གནང་བྱིན། སླར་ཡང་མཎྜལ་བྱས་ཏེ། །ཨོཾ་ཨོཾ་སོགས་བུམ་དབང་གི་གསོལ་གདབ་བྱ། རིག་མ་ཞུན་མའི་གསེར་དང་མཚུངས་ཤིང༌། རྒྱན་ཐམས་ཅད་དང་ལྡན་པའི་བུ་མོ་མཛེས་མ་ལོ་བཅུ་གཉིས་ནས། ཉི་ཤུས་མཐར་ཐུག་པ་རྡུལ་དང་ལྡན་པ་རྣམས་ལ་སློབ་དཔོན་གྱིས་འཁྱུད་པར་བྱས་ཤིང༌། དེའི་འོག་ཏུ་སློབ་མ་ལ་སླར་ཡང་གཏད་དེ། རིམ་གྱི་ནུ་མ་ལ་ལག་པས་རེག་པ་ལས་བྱུང་བ་དང༌། སློབ་དཔོན་གྱིས་ཀྱང་ལོ་ཉི་ཤུ་མ་ཆོས་ཁམས་རྡོ་རྗེ་མ་ནུ་མ་ཉེད་པར་བྱས་པ་ལ། མཐོང་བའི་ཡུལ་དུ་གྱུར་པ་ལས་ཐོབ་པའི་བདེ་བ་ཉམས་སུ་མྱོང་བ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་སོགས་ནས། ང་རྒྱལ་བཟུང་བའི་བར་སློབ་མའི་དབང་དུ་བཤད་པའི་སྐབས་དང་འདྲ་ཏེ་བུམ་དབང་ངོ༌། །གསང་དབང་གི་དོན་དུ་མཎྜལ་ཕུལ། ཨོཾ་ཨཱཿསོགས་ཀྱིས་གསོལ་བ་བཏབ། སློབ་དཔོན་དུས་ཀྱི་འཁོར་ལོ་གསལ་བ་དང༌། ཆུང་མའི་མའམ་གཡུང་མོ་སྒྲ་རྡོ་རྗེ་མར་གྱུར་པ། ཡབ་ཡུམ་སྙོམས་པར་ཞུགས་པ་ནས། དྷཱུ་ཏཱིའི་ལམ་ནས་རྒྱུད་དེ་རྡོ་རྗེ་ནོར་བུ་བྱོན་པ་ན། སློབ་མ་དང༌། དེའི་རིག་མ་ཆུང་མའམ། གཏུམ་མོ་ཆོས་ཁམས་རྡོ་རྗེ་མའི་བདག་ཉིད་ཅན། གཉིས་ཀའི་ཁར་རྡོ་རྗེ་ནོར་བུ་བཞག་སྟེ། བྱང་ཆུབ་ཀྱི་སེམས་ཡང་དག་པར་དབབ་ཅིང༌། ཤེས་རབ་ཀྱི་ན་ར་ནཱ་སི་ཀ་ལ་གནས་པའི་རྡུལ་གྱི་དྭངས་མ་ཡང་རྡོ་རྗེ་ནོར་བུས་ཡང་དག་པར་གཞིབས་པ་སློབ་མའི་ཁར་འཕངས་པར་གྱུར། ཇི་ལྟར་སོགས། ལྷག་མ་སློབ་མ་དབང་བསྐུར་སྐབས་ཀྱི་གསང་དབང་དང་འདྲའཽ། །མཎྜལ་དང༌། ཨོཾ་ཧཱུཾ་སོགས་ཀྱིས་གསོལ་བ་བཏབ།


TNT02_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མའམ་གཏུམ་མོ་ལོ་ཉི་ཤུ་མ་ཆོས་ཁམས་རྡོ་རྗེ་མའི་བདག་ཉིད་ཅན་དང༌། སློབ་དཔོན་དུས་ཀྱི་འཁོར་ལོའི་སྐུར་གྱུར་པ་སྙོམས་པར་ཞུགས་པ་ལས། ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས་ནས། སླར་ཡང་རིག་མ་དེ་ཉིད་གཏད། འདིར་ནི་ཁྱེད་རྣམས་དཔང་པོ་ལགས་ཞེས་པ་ནས། ཨཱཏྨ་ཀོ྅ཧཾ་གི་བར་སློབ་མའི་དབང་གི་ཤེས་རབ་ཡེ་ཤེས་དང་འདྲ། དེའི་འོག་ཏུ་རིག་མ་གཞན་རྣམས་ལ་ཡང༌། ཇི་ལྟར་ནུས་པར་གཉིས་སྦྱོར་གྱི་རྗེས་སུ་ཆགས་པ་བརྩམ་པར་བྱ་སྟེ། མཚན་མོ་ཕྱེད་ནས་ཇི་སྲིད་དུ་ཆུ་ཚོད་གཉིས་ཀྱི་རྗེས་ལ་ཉི་མ་འཆར་བ་དེ་སྲིད་དུའོ། །དེ་ལྟ་བུའི་སྦྱོར་བ་ལས་བྱུང་བའི་ཞེས་པ་ནས། ཕྱི་རོལ་རང་ལྕེས་བླངས། ཞེས་པའི་བར་ཡང་སློབ་མའི་དབང་གི་སྐབས་དང་འདྲ་སྟེ་ཤེས་རབ་ཡེ་ཤེས་སོ། །དབང་གི་རབ་བྱེད་དང་དབང་བཞི་པ་ལ་ནི། ཚིག་ཏུ་བརྗོད་པའི་རིམ་པ། སློབ་མའི་དབང་གི་ཆོ་གར་བཤད་པ་ཁོ་ན་ཡིན་ལ། དབང་བཞི་པ་དངོས་དང༌། ང་རྒྱལ་འཛིན་པའི་སྔགས་ཀྱི་བར་དུ། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་དང༌། ཕྱིར་མི་ཟློག་པ་ཕྱིར་མི་འོང༌། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་བརྙེས་པས་འཇིགས་མེད་ཐོབ། བསིལ་བར་གྱུར་བས་རྙཽག་པ་མེད། །མགོ་ཟླུམ་


TNT02_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ཆེན་པོ་འཆང༌། །ཚངས་པར་སྤྱོད་པ་བརྡུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གཽ་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་བརྗོད། འདིའི་ཆོ་ག་ནི་སྔ་མ་དང་འདྲ་བ་ཤས་ཆེ་ཡང༌། དབང་གི་ཡེ་ཤེས་རྟོགས་ཚུལ་གྱི་ཁྱད་པར་ནི་ཆེས་ལྷག་པ་ཡིན་ནོ། །མཇུག་ཏུ། དུས་འདི་ནས་ནི་བཟུང་ནས་སུ། །ཞེས་སོགས་དང༌། རལ་གྲི་དང་ནི་སོགས་ཀྱང་བརྗོད་པའི་ལག་ལེན་ཡོད་པ་ལྟར་བྱ་སྟེ། བདག་པོ་ཆེན་པོའི་དབང་གི་རིམ་པའོ། །བདག་པོ་ཆེན་པོའི་དབང་འདི་སློབ་དཔོན་དང་སློབ་མ་གཉིས་ཀ་གྲུབ་པའམ་རྣལ་འབྱོར་པའི་གནས་ཐོབ་པའམ། མ་ཐོབ་ཀྱང་སྐལ་བ་མཆོག་ལྷག་པར་མོས་པ་བརྟན་པོ་ཁོ་ནས་བྱ་བ་ཡིན་ཀྱང༌། དེང་སང་དུས་ཀྱི་མཐའ་འདི་ལྟ་བུ་ལ། གྲུབ་པ་དང་རྣལ་འབྱོར་མའི་དཔོན་སློབ་དཀོན་ཅིང༌། ཡོད་ཀྱང་མངོན་ཤེས་མེད་པའི་ཕྱིར་ན་ངོ་མི་ཤེས་པ་དང༌། ཟབ་མོའི་དབང་གི་རྣམ་པ་ལམ་དུ་བྱེད་པ་ཡང་རྒྱུན་ཆད་དུ་ཕངས་པ་ཡིན་པས། ཐ་ན་ཡང་ཏིང་ངེ་འཛིན་གྱི་དབང་གི་ཚུལ་དུ་ཞེས་ཀྱང་ཐོབ་པར་བྱའོ། །འདི་ནི་ངེས་པར་ཚོགས་ཀྱི་འཁོར་ལོ་དང་རྗེས་སུ་འབྲེལ་བ་ཡིན་ཏེ། བུམ་དབང་གི་སྔོན་དང༌། ཤེས་རབ་ཡེ་ཤེས་ཀྱི་མཐར་ངེས་པར་སྦྱར་རོ། །སློབ་མའི་དབང་གི་དབང་གོང་མ་དང༌། བདག་པོའི་དབང་དང༌། བདག་པོ་ཆེན་པོའི་དབང་འདི་རྣམས་ནི། སློབ་དཔོན་རྫོགས་པའི་རིམ་པའི་ཡེ་ཤེས་ཅན་ནམ། བསྐྱེད་རིམ་ལ་ཅུང་ཟད་བརྟན་པས་ནི། ཚོགས་ཀྱི་འཁོར་ལོའི་


TNT02_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལས་གཞན་པའི་དཀྱིལ་འཁོར་སྒྲུབ་པ་མི་དགོས་ཤིང༌། ལས་དང་པོ་པའི་སློབ་དཔོན་ལ་ཡང༌། སློབ་མས་དབང་ཐོབ་པར་འགྱུར་བའི་ཡན་ལག་ཏུ། དེ་དགོས་པ་མ་ཡིན་ཀྱང༌། སློབ་དཔོན་ཉིད་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་དཀྱིལ་འཁོར་སྒྲུབ་པ་ངེས་པར་བྱ་བ་ཡིན་ལ། དེ་ཡང་དབང་བདུན་སོགས་དང་འབྲེལ་བར་ཕྱི་དཀྱིལ་ཡོད་ནའང་ལེགས་ཤིང༌། གཞན་དུ་ན་ཡང་དཀྱིལ་འཁོར་ཡོངས་རྫོགས་སུ་རྫོགས་པའམ་ཐུགས་དཀྱིལ་ཙམ་གྱི་སྒོམ་བཟླས་དང༌། སྒྲུབ་ཐབས་སུ་བཤད་པའི་མཎྜལ་མཆོད་ཆོག་མཆོད་གཏོར་རྒྱས་པ་དང་བཅས་པ་དང༌། སྤྲོ་ཞིང་ནུས་ན་བླ་མ་དུས་ཀྱི་འཁོར་ལོ་ལས་ཏིང་ངེ་འཛིན་གྱི་སྒོ་ནས་བདག་འཇུག་ཀྱང་བླང་བར་བྱའོ། །འདིར་ཐམས་ཅད་མཁྱེན་པ་ཇོ་ནང་པ་ཆེན་པོའི་བཞེད་པས། ལས་དང་པོ་པའི་སློབ་དཔོན་དང་སློབ་མའི་དབང་གང་ཡིན་ཡང་རུང་སྟེ། དབང་གོང་མ་དང་པོ་གསུམ་ལ་གོང་མ་དང༌། བཞི་པ་ལ་གོང་མའི་གོང་མ་ཞེས། གོང་ཆུང་དང་གོང་ཆེན་གྱི་དབྱེ་བ་དང༌། དབང་བཅུ་གཅིག་པོ་དཀྱུས་མ་འདི་སློབ་མའི་དབང་དང༌། ཆུ་དང་ཕྱག་རྒྱ་སྦྱིན་པ་སོགས་སྔོན་དུ་འགྲོ་བའི་དབང་གོང་མ་བཞི་རྡོ་རྗེ་གསུམ་དུ་སྒྲུབ་པ་དང་བཅས་པ་ནི། བདག་པོའི་དབང་དང༌། རིག་མ་བཅུ་དང་བཅས་པ་ནི་བདག་པོ་ཆེན་པོའི་དབང་ངོ༌། །དེས་ན་ལས་དང་པོ་པའི་གང་ཟག་ལ། ཉན་པའི་དོན་དང་འཆད་པའི་དོན་གྱི་དབང་གོང་མ་རྣམ་པ་གཉིས་དང༌། གང་ཟག་མཆོག་ལ་བསྐུར་བའི་དབང་གོང་མ་གཅིག་སྟེ་གསུམ་མོ། །དང་པོ་གཉིས་ཆར་ལ་ཡང༌། བུམ་དབང་སོགས་དབང་གསུམ་ནི་འཇིག་རྟེན་པའི་དབང་དང༌། བཞི་པ་འཇིག་རྟེན་ལས་འདས་པའི་དབང་ཡིན་པས་


TNT02_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ཆེན་གོང་ཆུང་གཉིས་གཉིས་དང༌། འཇིག་རྟེན་འཇིག་རྟཻན་འདས་པ་གཉིས་གཉིས་སོ། །རྗེས་མཐུན་མོས་པ་ལམ་བྱེད་ཙམ་མ་ཡིན་པར་དངོས་ཀྱི་དབང་དུ་བྱས་ན། ཕྱི་མའི་དབང་བཞི་པོ་ཐམས་ཅད་ཀྱང༌། འགྱུར་མེད་ཀྱི་གནས་ཐོབ་པའི་ངེས་པས། གོང་མ་ཆེན་པོ་དང༌། འཇིག་རྟེན་ལས་འདས་པ་ཁོ་ནའོ། །འདི་ལ་ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་གྱིས་ཀྱང༌། བདག་པོའི་དབང་ལ་དབང་བཞི་མི་བསྐུར་བ་སོགས་འདྲ་མིན་མཛད་ལ། བུ་སྟོན་ཆེན་པོ་སོགས་མཁས་པ་ཕྱིས་བྱོན་གཞན་རྣམས་ཀྱི་བཞེད་ཚུལ་དང་ནི་མི་འདྲ་བ་ཤིན་ཏུ་ཆེ་ཞིང༌། སྔ་རབས་རྣམས་ལ་ནི། ལུགས་འདི་དང་མཐུན་པ་དང༌། ཕལ་ཆེར་མཐུན་པ་དང༌། ཕྱིས་བྱོན་གཞན་རྣམས་དང་ཕལ་ཆེར་མཐུན་པ་དང༌། གཉིས་ཀ་དང་མི་མཐུན་པའི་འདོད་ཚུལ་ཏེ། མི་འདྲ་བ་ཤིན་ཏུ་མང་པོར་མཐོང་ངོ༌། །འོན་ཀྱང་དྲི་མ་མེད་པའི་འོད་ཀྱི་དགོངས་དོན་ནི་སྔར་བཤད་པ་ཁོ་ནར་གསལ་ལ། ཁོ་བོ་རང་ཉིད་ཀྱི་བློ་གྲོས་ཀྱི་ནུས་པའི་སྟོབས་ལས་ཆ་ཤས་ཙམ་ཡང་རྟོགས་པ་མ་ཡིན་མོད་ཀྱི། དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ་མན་ངག་དང་བཅས་པའི་ལྡེ་མིག་གིས། རྒྱུད་འགྲེལ་ཆེན་པོའི་ངེས་གསང་གི་སྒོ་རྣམ་པར་ཕྱེ་པ་ལས། བདག་ལྟ་བུས་ཀྱང་ངེས་པ་ཐོབ་སྟེ། རྒྱུ་མཚན་མང་པོ་བཤད་དུ་ཡོད་པ་ནི། འདིར་བྲིས་ན་ཡིག་གེ་མང་བར་འགྱུར་བའི་གཞན་དུ་བཤད་པར་འདོད་དོ། །ཟབ་མོའི་དབང་བསྐུར་མཐར་ཐུག་པའི། །ཆོ་ག་དག་གསལ་འཁྱེར་བདེ་བ། །ཀུན་མཁྱེན་ཆེན་པོའི་དགོངས་པ་བཞིན། །ཏཱ་ར་ནཱ་ཐས་བཀོད་པ་ཡིན། །འདི་ལས་དགེ་བ་ཅི་ཐོབ་པ། །དེས་ནི་སེམས་ཅན་མ་ལུས་ཀུན། །


TNT02_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་བརྟན་ཞི་བ་གཡུང་དྲུང་སྐུ། །གདོད་ནས་གནས་པ་མངོན་འགྱུར་ཤོག །རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོའི་དགོངས་དོན་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སོ་བརྒྱད་པ་ལ། ནགས་རྒྱལ་གྱི་དབེན་གནས་ཇོ་མོ་ནང་གི་དམ་ཆོས་གླིང་དུ་སྦྱར་བའོ།། །།མངྒ་ལཾ། འདིར་འབད་དགེ་བ་རྣམ་པར་དཀར་བའི་མཐུས། །བདག་ལུས་བོར་ཚེ་དཔལ་ལྡན་ཤམྦྷ་ལར། །རིགས་ལྡན་རྒྱལ་པོའི་འཁོར་དུ་ལེགས་སྐྱེས་ནས། །དུས་འཁོར་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་སྨོན་ལམ་བཏབ་པའོ། །དགེ་བ་འདི་ཡིས་གློ་བུར་དྲི་མའི་ཚོགས། །སྲོག་དང་ཐུར་སེལ་རྩ་དང་ལྷན་ཅིག་ཏུ། །འཇོམས་པར་ནུས་པའི་ཐབས་ཟབ་ལ་བརྟེན་ནས། །གཞན་མཆོག་བདེ་གཤེགས་སྙྀང་པོ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྟོན་པ་བཞི་ལྡན་གྱིས་སྨོན་ལམ་མཛད་པའོ།། །།


TNT02_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།