དུས་འཁོར་སྡོམ་ཆེན་གྱི་ཐིག་ཚོན་གསལ་བྱེད།


TNT02_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་སྡོམ་ཆེན་གྱི་ཐིག་ཚོན་གསལ་བྱེད་བཞུགས།


TNT02_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀཱ་ལ་ཙཀྲཱ་ཡ། དཀྱིལ་འཁོར་འབྲི་བའི་ས་གཞི་ལ། །ཉ་སྟེང་ཚངས་ཐིག་འདེབས་པ་སོགས། །འདེབས་ཚུལ་སྤྱི་དང་མཐུན་མོད་ཀྱི། །གཞན་དུ་ཚངས་ཟུར་ཞེས་གྲགས་ཀྱང། །འདི་ལ་བཞི་ཆར་ཚངས་ཐིག་ཡིན། །དེ་ལ་རྩེ་མོ་བརྒྱད་ཡོད་དོ། །ཐིག་བཞི་ཉ་དང་འཕྲད་མཚམས་ནི། །བརྒྱད་ནས་བྱ་རྗེས་བཙལ་བ་དང༌། ཐིག་བཞི་རྩེ་མོ་བརྒྱད་བཏབ་པ། །འདི་ལ་མཚམས་ཐིག་ཅེས་བྱའོ། དཀྱིལ་འཁོར་འདི་ལ་ཟུར་མེད་པས། །ཟུར་ཐིག་ཐ་སྙད་འདིར་མི་བཞེད། །ཐིག་གི་རྩེ་མོ་བཅུ་དྲུག་ནི། །སྒོ་བརྒྱད་མཚམས་བརྒྱད་རྣམས་ཀྱི་ཡིན། །སྒོ་མཚམས་བཅུ་དྲུག་ཞེས་སུ་བརྗོད། ཀུན་གྱི་དཀྱུས་ལ་ཁྲུ་བརྒྱད་དོ། །ཆ་ཆེན་གཅིག་ལ་ཆ་ཆུང་དྲུག་ལ་སོགས། །དུས་འཁོར་ལུགས་ཀྱི་བརྡའ་ཆད་ཤེས་པར་བྱ། །རྩ་ཐིག་གྲུ་བཞི་ཆ་ཆེན་མཐོ་གང་སྟེ། །དེ་ཚེ་ཆ་ཆུང་རེ་ལ་སོར་གཉིས་འབྱུང༌། །ཆ་ཆུང་ཕྱེད་པ་སོར་གང་ཡིན་པར་འདོད། །དེ་ཡི་རིགས་པ་ཆེ་ཆུང་གཞན་ལའང་སྦྱོར། །ཤར་ནུབ་ཚངས་ཐིག་སྟེང་དུ་མཐོ་གང་བའི། །ཤིང་བུས་བཞལ་ནས་དཀར་རྟགས་བརྒྱད་བརྒྱད་བཏབ། །དེ་སྟེང་དབུས་ནས་བརྩམས་


TNT02_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བསྐོར་ཐིག་བརྒྱད། །བཞི་པ་རྩ་ཐིག་དྲུག་པ་མདའ་ཡབ་ཐིག །དང་པོ་གཉིས་པ་གསུམ་པ་བཞི་པ་རྣམས། །ཕྱེད་ཕྱེད་བགོས་པས་ཆ་ཆེན་ཕྱེད་པ་བརྒྱད། །བརྒྱད་པོ་རེ་རེའི་ནང་དུའང་སུམ་ཆ་དབྱེ། །ཕྱེ་བའི་སུམ་ཆ་ཀུན་ཡང་ཕྱེད་གཤེགས་བགོས། །དེ་ལྟར་རྩ་ཐིག་ནང་གི་ཕྱོགས་རེ་རེར། །ཆ་ཆུང་ཕྱེད་པ་བཞི་བཅུ་ཞེ་བརྒྱད་ཡོད། །ཕྱོགས་གཉིས་སྡོམས་པས་དགུ་བཅུ་དྲུག་ཅེས་གསུངས། །དངོས་སུ་སྐོར་ཐིག་བདུན་གསུམ་ཉི་ཤུ་གཅིག །མདའ་ཐིག་ཚུན་གྱི་སྐོར་ཐིག་རློན་པས་མནོན། །མཚམས་ཐིག་བརྒྱད་དང་ཆ་ཆེན་བཞི་ལྔ་དྲུག །ནོར་སོ་སྤོང་ཕྱིར་ཁ་དོག་མེ་འདྲས་གནོན། །མཚོན་སའི་ཐིག་གི་ནང་དུ་ཚངས་ཐིག་ནི། །གཡས་གཡོན་ཆ་ཆུང་རེ་རེ་བཅལ་བ་ན། །དཀར་རྟགས་བཏབ་སྟེ་སྐམ་ཐིག་དྲང་བར་བྱ། །དེ་དང་ཚངས་ཟུར་བར་ཀྱི་སུམ་གཉིས་ནང༌། །སུམ་ཆ་ཕྱི་རུ་ལས་པའི་མཚམས་ནས་ནི། །ནང་ནས་ཕྱི་རུ་སུམ་ཆའི་ཚད་གཞལ་བར། །སྐམ་ཐིག་ལ་རེག་འཁོར་ལོའི་བྲང་ངོས་བྲི། །དེ་ནས་སྐོར་ཐིག་བར་གྱི་ཚངས་ཐིག་ལ། །རེག་པའི་རྩིབས་ཀྱི་རྩེ་མོ་རྣོན་པོར་བྱ། །སྡོམ་པ་ཆུང་བ་སོགས་དང་འདི་མི་འདྲ། །འདི་ནི་བགེགས་འཇོམས་མཚོན་ཆའི་འཁོར་ལོར་འདོད། །དབུས་ཀྱི་པད་འདབ་གནས་ཀྱི་བཅུ་དྲུག་ཐིག །རེ་རེའི་བར་ཡང་ཁ་དོག་གཞན་གྱིས་བཅད། །ཆུང་ན་དེ་ཙམ་གྱིས་ཆོག་རྒྱ་ཆེ་ན། །འདབ་ཐིག་པད་ཤུན་སྤྱི་དང་མཐུན་པར་བྱ། །རྩིག་པའི་ནང་ལ་ཁྲུ་བཞི་ཡོད་གྱུར་ན། །དབུས་ཀྱི་པདྨ་མཐོ་གང་ཚད་དུ་འགྱུར། །རྩ་ཐིག་ཚངས་ཐིག་འཕྲད་མཚམས་ནས། །གཡས་གཡོན་ཆ་ཆེན་ལྔ་པ་ཡི། །དབུས་སུ་དྲང་པོར་རི་མོ་བྱ། །


TNT02_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཚད་གཉིས་སུ་རྟགས་འདེབས་ཏེ། །དེ་ནས་སྟེང་དུ་སྒོ་ཚད་ལྔ། །སྟེང་གི་ལོགས་སུ་སྒོ་ཚད་གཉིས། །བྱ་རྗེས་བཙལ་ནས་ཐིག་གདབ་བོ། །ཚངས་ཐིག་རྩེ་མོ་བརྒྱད་ཀྱང་རིང་དུ་འདྲེན། །ཚངས་ཐིག་གཡས་གཡོན་སྡོམས་པའི་ཆ་ཆེན་བཞི། །ལོགས་སུ་དྲུག་དྲུག་བགོས་པས་ཉེར་བཞི་འབྱུང༌། །དབུས་ནས་ཕྱི་ངོས་ཆ་ཆེན་ལྔ་ཡོད་པའི། །དང་པོའི་ཕྱི་ནང་གཉིས་ནི་བཞི་ཆ་གདབ། །གསུམ་པའི་ནང་དུ་གསུམ་ཆ་གདབ་པར་བྱ། །དེ་ཡང་གཉིས་སུ་བགོ་ཞིང་བཞི་པ་ཡི། །ཕྱི་ནང་གཉིས་སུ་བཞི་ཆ་རེ་རེ་གདབ། །གཉིས་པོ་དེ་ཡང་ཕྱེད་ཕྱེད་བགོ་བར་བྱ། །ལྔ་པ་གསུམ་དུ་བགོས་ཤིང་བར་མ་ལ། །ནང་གི་ངོས་སུ་རང་གི་བཞི་ཆ་གདབ། །འདིའི་འཕྲེང་ཐིག་དང་པོ་རྩ་ཐིག་དོད། །དེ་ནས་ཕྱི་རུ་ཐིག་ནི་བཅུ་དྲུག་ཡོད། །དེ་ལྟར་སྒོ་དང་རྟ་བབས་གྲུབ་པ་ཡིན། །ཚངས་པའི་ཐིག་ལས་ལོགས་སུ་གསུམ་པའི་ཐིག །རྩ་ཐིག་ཕྱི་ངོས་བཞི་པའི་བར་དུ་དྲངས། །དེ་ནས་ལོགས་སུ་དགུ་པའི་བར་དུ་སྟེ། །དགུ་པ་དེ་ཡང་སྟེང་དུ་ལྔ་པའི་བར། །བཞི་ལྔ་བར་དུ་སྟེང་དུ་གསུམ་པ་ལ། །རེག་པའི་ཐིག་གི་ནང་མཐའ་གཉིས་པར་རེག །ཕྱི་མ་རྩེ་ནས་ལོགས་སུ་བཅུ་གཉིས་པ། །ངོས་སུ་ཕྱོགས་དང་དྲག་པོ་ཉི་མ་རྣམས། །སྟེང་དུ་ལྔ་པའི་ཐིག་ལ་རེག་པའོ། །ལྔ་པ་གཡས་གཡོན་བཅུ་གཉིས་བར་དུ་སྟེ། །ལྔ་པའི་ཕྱི་རུ་རྟ་བབས་རྣམས་ཀྱི་ཐིག །ཚངས་པའི་ཐིག་གི་གཡས་དང་གཡོན་ངོས་སུ། །བཅུ་གཉིས་བརྒྱད་དགུ་སླར་ཡང་དགུ་དང་དྲུག །ཕྱེད་བཅས་བདུན་པ་ཟུང་དང་བུ་ཀ་མཚམས། །རོ་དང་རིག་བྱེད་བསེ་རུ་དཀྱུས་སུའོ། །གདུང་བཞི་མྱོས་སྲུང་གསུམ་དང་བུམ་པའི་སྣེ། །རང་རང་ཐིག་གི་སྣེ་ནས་འོག་ཏུ་བཅད། །གཉིས་གསུམ་བར་དུ་ཚངས་ལས་གཉིས་པ་དང༌། །མེ་རི་ཀླུའི་སྟེང་དུ་བཅས་པར་བྱ། །


TNT02_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དྲུག་བར་དུ་གཟུགས་མིག་མཚམས་དང་མིག །མདའ་རོའི་བར་དུ་ཆ་ཆུང་བཞི་ཆ་གཅོད། །དེ་བཞིན་ངོས་ཀྱི་དྲུག་པའི་སྟེང་ནས་དྲངས། །བརྒྱད་དགུའི་བར་དུ་གཅིག་དང་གཟུགས་མིག་བར། །གསུམ་བཞིའི་བར་དང་བཞི་པར་རློན་ཐིག་གདབ། །བཅུ་གཅིག་ཐིག་ནི་ལྔ་སྟེང་བཅུ་པར་སྦྲེལ། །སྒོ་ཁང་བརྒྱད་པོའི་ཕན་ཚུན་བར་བར་དུ། །ཆ་ཆེན་བཞི་པར་ཕྱི་ནང་བཞི་ཆ་རེ། །ལྔ་པ་ཕྱེད་གཤགས་དེ་ཡི་ཕྱི་མའང་དབྱེ། །ཚངས་ཐིག་མཐའ་ནི་མྱོས་སྲུང་སྟེང་མའི་ཐིག །དེ་སྟེང་ཁོར་ཡུག་དང་པོའི་ནང་ཐིག་བསྐོར། །དེ་ནས་སྒོ་ཚད་ཕྱེད་གཅིག་གཟུགས་ཟླ་ཕྱེད། །རི་བོང་ཅན་གྱི་ཁོར་ཡུག་རིམ་བཞིན་བསྐོར། །མེ་ཡི་ཕྱེད་ཕྱི་རླུང་གི་ཕྱེད་ནང་མཚམས། །དུར་ཁྲོད་ཁོར་ཡུག་ཚད་ཡིན་ཚངས་ཐིག་དང༌། །མཚམས་ཐིག་རྣམས་ཀྱི་དབུས་ནས་ཚོན་གྱིས་བཅད། དུར་ཁྲོད་བཅུ་དྲུག་རྣམས་ཀྱི་གནས་སུ་འདོད། །ནམ་མཁའི་ཁོར་ཡུག་དབུས་སུ་སུམ་ཆ་ནི། །རྡོ་རྗེའི་འཕྲེང་བའི་གནས་ཏེ་ཡེ་ཤེས་ཀྱི། ཁོར་ཡུག་ཡིན་ཏེ་ཐབས་ཤེས་རྒྱས་བཏབ་གནས། །ད་ནི་ཚོན་གྱི་རིམ་པ་ནི། པདྨའི་ལྟེ་བ་ནག་པོ། དེ་ལ་བཅད་འདྲ་བ་དམར་པོ་དང་དཀར་པོ་འཐེན། སྟེང་དུ་རྡོ་རྗེ་སྔོན་པོ་བྲི། འདབ་མ་རྣམས་ལྗང་ཁུ། ཕྱོགས་མཚམས་སུ་ཁ་ཊྭཱཾ་ག་ཕྱོགས་མདོག བར་བར་དུ་ཐོད་པ། དེའི་ཕྱི་རོལ་འཁོར་ལོ་སྔོན་པོ། རྩིབས་བར་ལྗང་ཁུ། དེའི་ཕྱི་རོལ་སའི་འཁོར་ལོ་སེར་པོ། རྩིབས་བར་ནག་པོ། ཆུའི་འཁོར་ལོ་དཀར་པོ། རྩིབས་བར་དམར་པོ། དེའི་ཕྱི་རུ་མེ་འཁོར་ལོ་དམར་པོ། རྩིབས་བར་དཀར་པོ། དེའི་ཕྱི་རུ་རླུང་གི་འཁོར་ལོ་ནག་པོ། རྩིབས་བར་སེར་པོ། དེའི་ཕྱི་རུ་ནམ་མཁའི་འཁོར་ལོ་ལྗང་ཁུ། རྩིབས་བར་སྔོན་པོ། འཁོར་ལོ་དྲུག་པོ་ཐབས་ཅད་ཀྱི་ལྟེ་བ་ལ་


TNT02_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་གཉིས་ཡོད་པའི་ཕྱི་མ་རྩིབས་སྐྱ་མཚམས་དེ་ལ། ཕྱག་མཚན་གྱི་ཕྲེང་བ་རྣམས་འབྲི་སྟེ། ཡེ་ཤེས་ལ་གྲི་གུག སེར་པོ་ལ་འཁོར་ལོ་དཀར་པོ་ལ་པདྨ། དམར་པོ་ལ་རིན་པོ་ཆེ། ནག་པོ་ལ་རལ་གྲི་འཕྲེད་རྒྱུགས། ལྗང་ཁུ་ལ་རྡོ་རྗེ་འཕྲེད་རྒྱུགས་སོ། །མཚོན་ས་སྒོ་དང་བཅས་པའི་མདོག་ནི། ཤར་སྒོ་དང་བྱང་ཤར་གྱི་སྒོའི་བར་མཚམས། མཚམས་ཐིག་ནས་ཤར་ལྷོའི་སྒོ་དང༌། ལྷོ་སྒོའི་བར་གྱི་མཚམས་ཐིག་ལ་ཐུག་གི་བར་ནག་པོ། དེ་ནས་ནུབ་དང་བདེན་བྲལ་གྱི་མཚམས་ཐིག་ལ་ཐུག་གི་བར་དམར་པོ། དེ་ནས་རླུང་དང་བྱང་གི་བར་གྱི་མཚམས་ཐིག་ལ་ཐུག་གི་བར་དཀར་པོ། དེ་ནས་ཤར་དང་དབང་ལྡན་གྱི་མཚམས་ཐིག་ལ་ཐུག་གི་བར་དམར་པོའོ། །ཕྱོགས་བཞིའི་སྒོའི་རྟ་བབས་ཀྱི་སྟེང་དུ་ཀླུ་བརྒྱད་ཀྱི་གདན། སྒོ་ཁྱུད་ཀྱི་ནང་བརྒྱད་དང་སྟེགས་བུ་བརྒྱད་ཀྱི་སྟེང་དུ། སྒོ་མཚམས་བཅུ་དྲུག་གི་མི་རོའི་གདན་ལ་གྲི་གུག་རེའོ། །ཚངས་ཐིག་མཚམས་ཐིག་གི་བར་གྱི་དབུས་ན་དུར་ཁྲོད་ཀྱི་མཚམས་ཡོད་སར་ཆུ་རིས་ཕྲ་མོ་གཅོད། འདིར་རི་དྭགས་འཁོར་ལོ་སོགས་དང༌། དུར་ཁྲོད་འཁོར་ལོ་དང་འཁོར་ཡུག་གི་མཚན་མ་འབྲི་མི་དགོས། ལྷག་མ་ཕལ་ཆེར་དུས་འཁོར་དང་མཚུངས་ཤིང༌། འདི་ཉིད་ཀྱི་མངོན་རྟོགས་ལས་ཀྱང་གསལ་ལོ། །ཞེས་དུས་འཁོར་སྡོམ་ཆེན་གྱི་ཐིག་ཚོན་གསལ་བྱེད་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།ཞུས་དགདགེའོ། །