Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
དུས་ཀྱི་འཁོར་ལོའི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདུས་ཀྱི་འཁོར་ལོའི་བརྒྱུད་འདེབས།next

དུས་ཀྱི་འཁོར་ལོའི་བརྒྱུད་འདེབས།


TNT02_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་ཞེས་བྱ་བ་བཞུགས།


TNT02_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ མཆོག་གི་དང་པོའི་མགོན་པོ་རྟག་པའི་དཔལ། །སེམས་ཉིད་རིན་ཆེན་རྡོ་རྗེ་རྣམ་བཞི་ཡི། །ལམ་གྱིས་རབ་སྦྱངས་སྐུ་བཞི་མངོན་གྱུར་པ། །ཆོས་ཀུན་མཉམ་ཉིད་ངོ་བོར་གསོལ་བ་འདེབས། །སྐུ་བཞི་དབྱེར་མེད་ཡན་ལག་བདུན་ལྡན་སྐུ། །ས་བཅུའི་དབང་ཕྱུག་མི་བདག་སྤྲུལ་པའི་སྐུ། །


TNT02_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་རིགས་ལྡན་འཁོར་དང་བཅས་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇིག་རྟེན་མགོན་པོས་རྗེས་བཟུང་དུས་ཞབས་པ། །དེ་ཡི་ཞབས་བརྟེན་དུས་ཞབས་གཉིས་པ་དང༌། །རྒྱལ་སྲས་ཆེན་པོ་ནཱ་ལེནྡྲ་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིག་པའི་གནས་ལྔ་ཕུལ་བྱིན་ཟླ་མགོན་ཞབས། །འཇིག་རྟེན་མིག་འབྱེད་འབྲོ་སྟོན་ཤེས་རབ་གྲགས། །རྡོ་རྗེ་ཐེག་པའི་སྲོག་ཤིང་དཀོན་མཆོག་སྲུངས། །


TNT02_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་སྔགས་འཆང་སྒྲོ་སྟོན་གནམ་ལ་བརྩེགས། །གྲུབ་པའི་ཁྱུ་མཆོག་མི་བསྐྱོད་རྡོ་རྗེའི་ཞབས། །ཆོས་ཀྱི་དབང་ཕྱུག་མ་ལུས་ཆོས་ཀྱི་བདག །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ངོ་མཚར་བགྲངས་བཅས་མ་ཅིག་སྤྲུལ་སྐུ་དང༌། །ནམ་མཁའ་འོད་ཟེར་མཚན་འཆང་མཁས་པའི་ཕུལ། །སྔོན་གནས་རྗེས་དྲན་གྲུབ་ཐོབ་སེ་མོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་སྤྲུལ་པའི་ཤེས་རབ་འོད་ཟེར་དང༌། །རབ་གསལ་རྒྱལ་པོའི་རྣམ་འཕྲུལ་དགེ་སྟེང་པ། །སྲོག་འཛིན་རྒྱ་མཚོའི་མཐར་སོན་ཀུན་སྤངས་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །}ོན་མཁྱེན་ཐོགས་མེད་རྒྱལ་བ་ཡེ་ཤེས་དང༌། །མཁས་བཙུན་གྲུབ་བརྙེས་ཡོན་ཏན་རྒྱ་མཚོ་དང༌། །རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་ཇོ་ནང་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལེགས་བཤད་རིན་ཆེན་འབྱུང་གནས་ཉ་དབོན་དང༌། །གྲུབ་ཆེན་འགྲན་ཟླ་མེད་པའི་ཀུན་བློ་བ། །ངེས་དོན་བསྟན་པའི་སྲོག་ཤིང་དཀོན་མཆོག་བཟང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མདོ་སྔགས་ཀུན་ཆུབ་ནམ་མཁའ་ཆོས་སྐྱོང་དང༌། །མཁས་དབང་པཎ་


TNT02_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ནམ་མཁའ་དཔལ་བཟང་པོ། །ལོ་ཆེན་མཚན་འཆང་རཏྣ་བྷ་དྲ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐོགས་མེད་བརྟུལ་ཞུགས་གྲུབ་པ་ཀུན་དགའི་མཚན། །གཉུག་མ་མངོན་གྱུར་ལུང་རིགས་རྒྱ་མཚོ་དང༌། །སྐྱབས་གནས་ཀུན་འདུས་ཀུན་དགའ་སྙིང་པོའི་ཞབས། །གསོལ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གསོལ་བ་འདེབས་སོ་ཀུན་མཁྱེན་ཇོ་ནང་བ། །གསོལ་བ་འདེབས་སོ་འགྲོ་དྲུག་བྱིན་གྱིས་རློབས། །}ོན་འགྲོ་དབེན་པ་གསུམ་གྱིས་རྒྱུད་སྦྱངས་ཤིང༌། །དངོས་གཞི་ཡན་ལག་དྲུག་གི་སྦྱོར་བ་ཡིས། །མཐར་ཐུག་སྐུ་བཞི་རྡོ་རྗེ་རྣམ་པ་བཞི། །མྱུར་དུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་སྦྱོར་དྲུག་ཇོ་ནང་ལུགས་ཀྱི་བརྒྱུད་འདེབས་ཏཱ་ར་ནཱ་ཐས་སྨྲས་པའོ། །


TNT02_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སྦྱངས་མཁྱེན་པའི་རིན་ཆེན་རྒྱ་མཚོ་དང༌། །ཐར་པའི་ལམ་སྟོན་བློ་གྲོས་རྣམ་པར་རྒྱལ། །གྲུབ་པའི་མཆོག་གྱུར་ངག་དབང་འཕྲིན་ལས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་རློབས། །མཐའ་འཁོབ་མུན་སེལ་ངག་དབང་རྣམ་རྒྱལ་དང༌། །དམ་ཆོས་དགའ་སྟོན་སྤེལ་མཛད་དར་རྒྱས་མཚན། །རྒྱལ་བ་ཀུན་དངོས་འཕྲིན་ལས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གདམས་པའི་མཛོད་འཛིན་རང་བཞིན་ལྷུན་གྱིས་གྲུབ། །ཟབ་ལམ་མཐར་ཕྱིན་འཇིགས་མེད་རྣམ་རྒྱལ་དང༌། །དུས་འཁོར་བརྒྱུད་འདེབས་ཀྱི་ཁ་སྐོང་འདིའང་སྤྲུལ་སྐུ་འཇིགས་མེད་རྣམ་རྒྱལ་གྱིས་རི་ཁྲོད་དུ་ཐུན་མཚམས་སུ་བྲིས་པའོ། །རིགས་ཀུན་ཁྱབ་བདག་ཆོས་འཕེལ་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིམ་གཉིས་མཐར་སོན་ཆོས་ཀྱི་འཕགས་པའི་ཞབས། །གཟུང་འཛིན་འཁྲུལ་ཟད་ཀུན་དགའ་དཔལ་ལྡན་རྗེ། །དབང་ལུང་གདམས་ངག་མཛོད་འཛིན་ཆོས་འབྱོར་ལ། །གསོལ་བ་འདེབས་སོ་བདག་


TNT02_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱུད་བྱིན་གྱིས་རློབས། །གནས་ལུགས་གཤེགས་སྙིང་མངོན་གྱུར་མཁས་གྲུབ་དབང༌། །ཡི་དམ་ཞལ་གཟིགས་བསྟན་པ་གསལ་བྱེད་ཞབས། །རྒྱུད་སྡེ་རབ་འབྱམས་སྤྲོ་བསྡུ་རྡོ་རྗེ་བཟང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྤྱོད་འཆང་རྣམ་འཕྲུལ་དཀོན་མཆོག་དར་རྒྱས་རྗེ། །གཞན་སྟོང་འཛམ་གླིང་ཁྱབ་མཛད་བློ་གྲོས་གྲགས། །དྲིན་ཅན་མངོན་གྱུར་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་འཁོར་བརྒྱུད་འདེབས་ཁ་སྐོང་འཛམ་ཐང་གཙང་ཆེན་གཟིམ་ཁང་བདེ་ཆེན་བཤད་སྒྲུབ་དཔལ་གྱི་ཕོ་བྲང་གི་གདན་རབས་རིམ་བྱོན་ལྟར་བློ་བཟང་ཆོས་འཕེལ་བས་བྲིས་པའོ། །


TNT02_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousདུས་ཀྱི་འཁོར་ལོའི་བརྒྱུད་འདེབས།next