Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པ།
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པ།next

དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པ།


TNT02_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པ་བཞུགས།


TNT02_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་འཇིགས་མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོའི་ཕྱག་འཚལ་ལོ། །ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་དཔུང་པ་གཉིས་ལྷག་རྒྱལ་བའི་ཕྱག་དང་སྟོང་པ་དགུ་དང་མེ་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་མ་སྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པའི་མནན་པའི་སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །སྐུ་མདོག་མཁའ་འདྲ་ཞབས་གཡས་དམར་པོས་འདོད་ལྷ་དམར་པོ་གདོང་


TNT02_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ། །ལག་པ་བཞི་ཡིས་མདའ་ལྔ་གཞུ་དང་ལྕགས་ཀྱུ་ཞགས་པ་འཛིན་པ་མནན། །གཡོན་པ་དཀར་པོས་དྲག་པོ་དཀར་པོ་གདོང་གཅིག་མིག་གསུམ་རིག་བྱེད་ལག །རྩེ་གསུམ་ཐོད་པ་ཌ་མ་རུ་དང་ཁ་ཊྭཱཾ་འཛིན་པ་བརྫིས་ལ་འདུད། །གཡས་བརྐྱང་སྟབས་གཞུགས་བདུད་དང་ཉོན་མོངས་ཆུང་མ་གཉིས་ཀྱང་མ་བཟོད་པར། །དམན་པའི་གདོང་གིས་འཛིན་པར་བྱེད་ཀྱང་གཡོ་མེད་གནས་པ་རྡོ་རྗེའི་སྐུ། །གཙུག་གི་ནོར་བུ་སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་དབུ་ལ་བརྒྱན། །ཐོད་སྐམ་འཕྲེང་དང་ཐལ་བ་ཕྱག་རྒྱ་ཀླུ་རྒྱལ་བཅུ་ཡིས་བརྒྱན་ལ་འདུད། །དབུས་དང་གཡས་གཡོན་མགྲིན་པའི་མདོག་ནི་མུ་མེན་བྱུ་རུ་ཀུནྡ་མཚུངས། །མདུན་ཞལ་དབང་སྔོན་འབར་བའི་འོད་དང་གཡས་ནི་ཉི་མ་འཆར་ཀ་མཚུངས། །གཡོན་ཞལ་ཟླ་འོད་རྒྱབ་ནི་གསེར་མཚུངས་སྤྱན་གསུམ་མཆེ་བ་གཙིགས་ལ་འདུད། །གཡས་གཡོན་ཕྲག་པ་དང་པོ་མཐོན་མཐིང་གཉིས་པ་གསུམ་པ་དམར་དང་དཀར། །ཕྲག་པ་རེ་ལ་དཔུང་པ་གཉིས་གཉིས་དེ་དག་སོ་སོར་ཕྱག་གཉིས་ལྡན། །དཔུང་པ་ཕྱག་དང་བཅས་པ་རྣམས་ཀྱང་གང་ལས་བྱུང་བ་ཕྲག་པའི་མདོག །ཕྱག་རྣམས་རེ་རེ་སོ་མོ་ལྔ་ལྔ་སོར་གདུབ་ལྡན་ལ་ཕྱག་འཚལ་ལོ། །མཐེ་བོའི་མདོག་ནི་མཆོག་གི་གསེར་མཚུངས་མཛུབ་མོ་དུང་དང་ཀུནྡའི་མདོག །གུང་མོ་པདྨ་རཱ་ག་ལྟར་དམར་མིང་མེད་གནག་ཅིང་མཐེ་ཆུང་ལྗང༌། །སོར་མོ་རེ་རེའང་ཚིགས་གསུམ་དང་ལྡན་རྩ་བའི་ཕྱོགས་ནས་གོ་རིམ་བཞིན། །དུས་མཐུའི་སྤྲིན་དང་ཉིན་མོར་བྱེད་འདྲ་ཟླ་བའི་མདོག་དང་ལྡན་ལ་འདུད། །རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་


TNT02_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང༌། དྲིལ་བུ་ཕུབ་དང་ཁ་ཊྭཱཾཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །ལྷག་མའི་ཕྱག་གཉིས་སྡིགས་མཛུབ་ཚུལ་གྱིས་གཏི་མུག་གླང་ཆེན་པགས་རློན་བརྒྱངས། །གཡས་ནག་གཡོན་སེར་འཆི་བདག་མགོ་དང་ལྷ་མིན་ཁྲག་གང་ཐོད་པ་འཛིན། །སྟག་ལྤགས་དང་ནི་རྡོ་རྗེ་རྒྱན་ལྡན་བདུད་རིགས་བརྒྱ་ཡི་མགོ་འཕྲེང་འཆང༌། །སྨ་ར་སྨིན་མ་དབུ་སྐྲ་སེར་ཞིང་རལ་པའི་ཅོད་པན་ལྡན་ལ་འདུད། །འོད་གསལ་སྟོང་ཉིད་སྣ་ཚོགས་ཡུམ་ཉིད་རྡོ་རྗེ་མཁའ་འགྲོ་མ་དཔལ་སྐུ། །ཞལ་གཅིག་ཕྱག་གཉིས་གསེར་གྱི་རི་མཚུངས་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །གྲི་གུག་དང་བཅས་ཕྱག་གཡས་སྡིགས་མཛུབ་གཡོན་པ་ཐོད་ཁྲག་འཛིན་ཞིང་འཁྱུད། །སྐྲ་གྲོལ་སྐམ་རློན་མགོ་བོའི་འཕྲེང་ལྡན་ཕྱག་རྒྱ་ལྔ་ཡིས་བརྒྱན་ལ་འདུད། །སྐུ་མདོག་མཐིང་ག་མི་འགྱུར་བདེ་བ་ཆེ། །དུས་སྦྱོར་བཞི་ཚན་གསུམ་དང་གཉིས་ཚན་དྲུག །བཅུ་གཉིས་ཟླ་བ་དག་པའི་མགྲིན་པ་དཔུང༌། །ཞལ་བཞི་འགྱུར་མེད་ཐིག་ལེ་བཞི་ལ་འདུད། །ཉེར་དྲུག་ཕྱག་ནི་བཤོལ་བཅས་ཟླ་བའི་ཕྱོགས། །དེ་ཉིད་བྱེད་པོར་བཅས་པའི་ཕྱག་མཚན་ཏེ། །ཕ་རོལ་ཕྱིན་བཅུ་དག་པའི་ཕྱག་རྒྱ་བཅུ། །ཉོན་མོངས་བདུད་སྤངས་ཕྱོགས་གཉིས་ཞབས་ལ་འདུད། །ཉི་མའི་ཁྱིམ་གཅིག་སྐུ་དང་ཟླ་ཁྱིམ་གཅིག །ཞལ་རས་སྟོང་ཉིད་རྣམ་ཐར་སྤྱན་གསུམ་ལྡན། །མཚན་བྲལ་སྨོན་མེད་ཕྱག་དང་འདུ་མི་བྱེད། །རྣམ་པར་ཐར་པའི་ཕྱག་མཚན་འཛིན་ལ་འདུད། །བཅུ་དྲུག་དགའ་བ་སྒྲིབ་བྲལ་ཆུ་སྐྱེས་འདབ། །ཕྱོགས་མཚམས་བརྒྱད་ཀྱི་འདབ་མར་ནུས་མ་བརྒྱད། །ཐབས་དང་ཤེས་རབ་


TNT02_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་ཏེའུ་ཁ་ཊྭཱཾ་འཛིན། །བཅོམ་ལྡན་འདས་མ་དང་མཚུངས་གཡས་བརྐྱང་སྟབས། །ཕ་རོལ་ཕྱིན་བཅུའི་རང་བཞིན་རྣམས་ལ་འདུད། །བར་གྱི་འདབ་མ་བརྒྱད་ལ་ཐབས་ཀྱི་དངོས། །ཀུན་ད་ལྟར་དཀར་ཐོས་པ་བདུད་རྩིས་གང༌། །དངོས་གྲུབ་བཞིར་འགྱུར་ལྷ་ཚོགས་མཉེས་བྱེད་རྫས། །དགའ་ཆེན་མཆོད་པའི་གཙོ་ལ་ཕྱག་འཚལ་བསྟོད། །དེ་ལྟར་འཁོར་ལོའི་དབུས་ཀྱི་ཆུ་སྐྱེས་ལ། །བཅོམ་ལྡན་དཔའ་བོའི་དབང་ཕྱུག་ཡབ་ཡུམ་ནི། །ནུས་མའི་ཚོགས་དང་མཆོད་ཡོན་སྣོད་བཅས་པའི། །དཀྱིལ་འཁོར་བདེ་ཆེན་འཁོར་ལོ་ལ་ཕྱག་འཚལ། །ལྟེ་བར་གྲི་གུག་འཕྲེང་བས་མཛེས་པ་ཡི། །ནམ་མཁའི་གཞི་ལ་ཡེ་ཤེས་འཁོར་ལོ་སྔོ། །ཕྱོགས་རྣམས་དུས་སྦྱོར་གཞུ་དབང་རྒ་ཤི་དག །མཚམས་རྣམས་སྡིག་ཁྱིམ་སྐྱེ་བ་འགགས་ལ་འདུད། །ཡེ་ཤེས་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པས་སྡེའི་མཚན་གྱིས་བཏགས། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །ཡེ་ཤེས་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །རླུང་གི་གཞི་ལ་ས་ཡི་འཁོར་ལོ་སེར། །ལྟེ་བར་འཁོར་ལོའི་འཕྲེང་བས་མཛེས་པ་ཡི། །ཕྱོགས་རྣམས་དུས་སྦྱོར་སྲང་དང་སྲིད་པ་འགགས། །མཚམས་རྣམས་ལེན་པ་བུ་མོ་དག་ལ་འདུད། །ས་ཡི་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པ་ཏ་སྡེའི་དག་པ་ཅན། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །དབང་ཆེན་ནང་ཚན་རླུང་མེ་ཆུ་ས་


TNT02_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོའི་འཁྱུད་ལ་འདུད། །མེ་དཀྱིལ་གཞི་ལ་ཆུ་ཡི་འཁོར་ལོ་དཀར། །ལྟེ་བར་པདྨའི་འཕྲེང་བས་མཛེས་པ་ཡི། །ཕྱོགས་རྣམས་དུས་སྦྱོར་སེང་གེ་སྲེད་པ་དག །མཚམས་རྣམས་ཀརྐ་ཚོར་བ་འགགས་ལ་འདུད། །ཆུ་ཡི་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པ་པ་སྡེའི་ས་བོན་སྐྱེས། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བའི་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །གཤེར་བྱེད་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །ཆུ་དཀྱིལ་གཞི་ལ་མེ་ཡི་འཁོར་ལོ་དམར། །ལྟེ་བར་ནོར་བུའི་འཕྲེང་པས་མཛེས་པ་ཡི། །ཕྱོགས་རྣམས་དུས་སྦྱོར་འཁྲིག་དང་རེག་པ་འགགས། །མཚམས་རྣམས་སྐྱེ་མཆེད་གླང་ཁྱིམ་དག་ལ་འདུད། །མེ་ཡི་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པ་ཊ་སྡེའི་རྡོ་རྗེས་མཚན། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །འབར་བྱེད་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །ས་ཡི་གཞི་ལ་རླུང་གི་འཁོར་ལོ་ནག །ལྟེ་བར་རལ་གྲིའི་འཕྲེང་བས་མཚན་པ་ཡི། །ཕྱོགས་རྣམས་དུས་སྦྱོར་ལུག་དང་མིང་གཟུགས་དག །མཚམས་རྣམས་ཉ་ཁྱིམ་རྣམ་ཤེས་འགགས་ལ་འདུད། །རླུང་གི་ཁམས་ལ་དབང་བསྒྱུར་རྣལ་


TNT02_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ། །དཔའ་བོར་བཅས་པ་ཙ་སྡེའི་ཡི་གེ་གཞན། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །གཡོ་བའི་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །ཡེ་ཤེས་གཞི་ལ་ནམ་མཁའི་འཁོར་ལོ་ལྗང༌། །ལྟེ་བར་རྡོ་རྗེའི་འཕྲེང་བའི་མཛེས་པ་ཡི། ཕྱོགས་རྣམས་དུས་སྦྱོར་བུམ་པ་འདུ་བྱེད་འགགས། །མཚམས་རྣམས་ཆུ་སྲིན་མ་རིག་དག་ལ་འདུད། །ནམ་མཁའི་ཁམས་ལ་དབང་བསྒྱུར་རྣལ་འབྱོར་མ། །དཔའ་བོར་བཅས་པ་ཀ་སྡེའི་ཡེ་ཤེས་སྐྱེས། །ཕྱོགས་བྲལ་འོག་རྣམས་ཉི་མའི་ཆོས་ཀྱིས་སྦྱངས། །སྟེང་དང་ཕྱོགས་རྣམས་ཟླ་བས་དག་ལ་འདུད། །ཤར་སོགས་ཕྱོགས་དང་རླུང་སོགས་ཕྱོགས་བྲལ་ལ། །སྟོང་པའི་ནང་ཚན་རླུང་མེ་ཆུ་ས་ཡི། །མཁའ་འགྲོ་མ་རྣམས་ས་ཆུ་མེ་རླུང་གི །རིགས་ཀྱི་ཡབ་གྱུར་མཁའ་འགྲོས་འཁྱུད་ལ་འདུད། །དུས་སྦྱོར་བཅུ་གཉིས་ཐུན་བཞི་རྣམ་དག་པ། །མི་བདག་དུར་ཁྲོད་རྣམས་ལ་དབང་བསྒྱུར་མཁན། །རང་མདོག་དང་མཚུངས་འཁོར་ལོའི་གདན་སྟེང་དུ། །རྣམ་པར་རོལ་མཛད་གཏུམ་མོའི་ཚོགས་ལ་འདུད། །རླུང་མེ་ཆུ་སའི་དཀྱིལ་འཁོར་མཁའ་ཡེ་བརྒྱད། །ཕྱོགས་དང་ཕྱོགས་བྲལ་སྒོ་བརྒྱད་རྣམས་སུ་བཞུགས། །འཁོར་ལོ་བཞི་ཡི་སྟེང་འོག་དང་འབྲེལ་བའི། །ཕྱོགས་མཚམས་དུར་ཁྲོད་བརྒྱད་པོར་སྤྱོད་ལ་འདུད། །སྤྱི་དང་ཁྱད་པར་གཉིས་ཀ་ནམ་མཁའ་དང༌། །ཡེ་ཤེས་ཁམས་ཀྱི་རང་བཞིན་ལྷ་མོ་རྣམས། །སྒོ་ཁྱུད་བར་གྱི་ཕྱི་རོལ་སྟེགས་བུར་བཞུགས། །བར་བར་


TNT02_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བརྒྱད་པོ་སྐྱོང་ལ་འདུད། །ཡེ་ཤེས་སྟོང་པའི་འཁོར་ལོའི་སྟེང་འོག་དང༌། །ཧ་ཀྵ་ཐུང་རིང་སྡེ་པ་རྣམས་དག་པ། ཁྱབ་བྱེད་ཁམས་གཉིས་དག་པ་བ་ཡི་དངོས། །དུས་སྦྱོར་བཞི་དང་ཐུན་བཞི་འགགས་ལ་འདུད། །འཁོར་ལོ་དྲུག་དང་སྒོ་མཚམས་གནས་པ་ཡི། །རྣལ་འབྱོར་མ་ཀུན་གཙོ་མོ་དང་མཚུངས་ཤིང༌། །མི་རོའི་གདན་ལ་གཡས་བརྐྱང་སྟབས་ཀྱིས་གནས། ཁྲོ་ཞིང་ཐུང་བའི་སྐུ་ཅན་རྣམས་ལ་འདུད། །འཁོར་ལོ་དྲུག་གི་དཔའ་བོ་བཞི་བཅུ་བརྒྱད། །ཞལ་གཉིས་ཕྱག་བཞི་རྡོ་རྗེ་དྲིལ་བུ་དང༌། ཁ་ཊྭཱཾ་ག་འཛིན་གཡོན་བརྐྱངས་སྟབས་ཀྱིས་སྦྱོར། །ཧེ་རུ་ཀ་དཔལ་རིགས་ལས་བྱུང་ལ་འདུད། །སྟོབས་ཀྱི་རྒྱུ་དང་པདྨ་ཆར་སྤྲིན་མདོག །ནོར་རྒྱས་དུང་སྐྱོང་བྱུ་རུའི་ཕུང་པོ་འདྲ། །མཐའ་ཡས་རིགས་ལྡན་ཀུན་དའི་མདོག་ལྟར་གསལ། །འཇོག་པོ་པད་ཆེན་རབ་ཏུ་སེར་ལ་འདུད། །ཕྱོགས་བཞི་སྒོ་ཡི་སྟེགས་བུར་འབྱུང་བ་ལ། །རྡོ་རྗེའི་གདན་བཞུགས་རིན་ཆེན་རྒྱན་གྱིས་སྤྲས། །བུམ་པ་རྡོ་རྗེ་པདྨ་ནོར་བུའི་ཕྱག །ཀླུ་ཆེན་བརྒྱད་ནི་གཏུམ་མོས་འཁྱུད་ལ་འདུད། །དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་འཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩིའི་འབྲས་བུ་མ་དང་སྒེགས་མོ་བཞད་མོ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུས་མས་ཡིད་རབ་འཛིན་མ་རྣམས་བསྟོད་དོ། །མདུང་གི་འབིགས་དང་ལྷག་མ་བསྲེགས་པའི་རོ། །དྲག་པོའི་གཡུལ་དང་རུལ་བ་བྱིས་པ་གསོད། །རྣག་གི་དྲི་དང་སྦྲུལ་གྱིས་བཟུང་བ་དང༌། །ཀང་ཀེ་ལ་དང་ཀོ་ལ་ཧ་ལ་དང༌། །ཧ་ཧ་སྒྲོག་དང་དྲག་ཏུ་རྒོད་པ་དང༌། །དྲག་པོའི་སྒྲ་ཅན་དང་ནི་ཕེཊ་ཀ་ར། །འཇིགས་སུ་རུང་


TNT02_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇིགས་པར་བྱེད་པ་སྟེ། །དུར་ཁྲོད་ཆེན་པོ་མཚན་མ་སྣ་ཚོགས་ཅན། །ཤིང་མེ་ཆུ་དང་སྤྲིན་དང་གྲུབ་པའི་རྫས། །རོ་དང་རོ་ལངས་བྱ་གཅན་སོགས་ཀྱིས་གང༌། །གྲུབ་པ་མཆོད་པའི་ཚོགས་ཀྱིས་རབ་ཏུ་ཁྱབ། །དཔའ་བོའི་གནས་སུ་གནས་པ་རྣམས་ལ་འདུད། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་ལས་འདས་ཀྱང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་རྟག་པར་དཀའ་བ་དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོངས་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། གྷནྚ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀང་གི་ཎི་སོགས་འཁོར་མང་རྒྱལ་གྱུར་ཅིག །དེ་ལྟར་བསྟོད་པས་ཕུང་པོ་ཁམས་སོགས་གཞན། །བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་ཀྱི་དབྱིངས། །གློ་བུར་དྲི་མའི་སྦུབས་ལས་ངེས་གྲོལ་ཏེ། །སྲིད་གསུམ་དང་བ་མངོན་དུ་བྱེད་གྱུར་ཅིག །ཅེས་པ་དཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པ། འདོན་པ་བསྒྱུར་བའི་ཚུལ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཅུང་ཟད་བརྗོད་པའོ།། །།ཞུས་དག སརྦ་མངྒ་ལམ།


TNT02_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་དུས་ཀྱི་འཁོར་ལོ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་ལ་བསྟོད་པ།next