Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དང་འགྲེལ་པའི་ཕྱག་རྒྱའི་རྣམ་གྲངས་རབ་གསལ་སྣང་བ།
   
   
   


 
previousདུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དང་འགྲེལ་པའི་ཕྱག་རྒྱའི་རྣམ་གྲངས་རབ་གསལ་སྣང་བ།next

དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དང་འགྲེལ་པའི་ཕྱག་རྒྱའི་རྣམ་གྲངས་རབ་གསལ་སྣང་བ།


TNT02_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དང་འགྲེལ་པའི་ཕྱག་རྒྱའི་རྣམ་གྲངས་རབ་གསལ་སྣང་བ་བཞུགས།


TNT02_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མཿཤྲཱི་ཀཱ་ཡ་ཙཀྲཱ་ཡ། ཕྱག་རྒྱ་ཆེན་མོས་རབ་འཁྱུད་པའི། །དུས་ཀྱི་འཁོར་ལོ་ལ་བཏུད་ནས། །དེའི་སྒྲུབ་ཐབས་དང་འབྲེལ་བའི། །ཕྱག་རྒྱའི་རྣམ་གྲངས་འདིར་བཤད་བྱ། །དེ་ཡང་ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་མཉེད་པའང་དེ་བཞིན་ནོ། །ཞེས་པ་ལྟར་གཡོན་པ་དང་གཡས་པའི་ལག་པ་དག་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་ཞིང༌། དེ་དག་གི་སོར་མོ་རྣམས་ཀྱང་མཐེ་བོ་དང་མཛུབ་མོ་དང་གུང་མོ་དང༌། མིང་མེད་དང་མཐེ་ཆུང་རྣམས་རིམ་པ་ལྟར་རིགས་ལྔའི་རང་བཞིན་ཅན། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་ཀྱི་བསྡུས་པ་སྟེ། དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་ཡོན་ཏན་གྱི་དབང་གིས་སོ། །དེ་ལ་དང་པོར་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་འགྲོ་བ་རྒྱལ་བ་རིག་དྲུག་གི་ཕྱག་རྒྱ་ནི། ལག་པ་གཉིས་ཀའི་རྡོ་རྗེའི་


TNT02_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ཚུར་བཅིངས་པས་མཐེ་བོ་བསྡམས་པ་དག་བརླ་གཡས་གཡོན་གྱི་སྟེང་དུ་རྡོ་རྗེའི་འདུག་སྟངས་ལ་གནས་པ་ནི་རྒྱལ་བའི་བདག་པོ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །སྐྱིལ་ཀྲུང་གི་སྟེང་དུ་ལག་པ་གཡོན་པ་གན་རྐྱལ་དང༌། གཡས་པུས་མོའི་སྟེང་ནས་ཁ་ཕུབ་ཏུ་ས་ལ་རེག་པར་གནས་པ་ནི་མི་བསྐྱོད་པའི་ཕྱག་རྒྱའོ། །གཞན་གོང་དང་འདྲ་བ་ལ་ལག་པ་གཡས་པ་གན་རྐྱལ་དུ་བྱས་པ་ནི་རིན་ཆེན་འབྱུང་ལྡན་གྱི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །སྐྱིལ་ཀྲུང་ལག་པ་གཡོན་པའི་སྟེང་དུ་གཡས་པ་གན་རྐྱལ་དུ་མཉམ་པར་བྱས་པ་ནི་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །གཡོན་པ་སྔར་བཞིན་ལ་ལག་པ་གཡས་པུས་མོ་གཡས་པའི་སྟེང་དུ་འཇིགས་པ་མེད་པ་སྦྱིན་པའི་རྣམ་པ་ནི་དོན་ཡོད་གྲུབ་པའི་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱའོ། །གཡོན་པ་ཁུ་ཚུར་གྱི་འཛུབ་མོ་སྟེང་དུ་གཡས་པའི་ཁུ་ཚུར་ལ་ཞུགས་པ་སྙིང་གར་གནས་པ་ནི་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །དེ་བཞིན་ཏུ་གཞན་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ནི་ལག་པ་གཉིས་ཀའི་མཛུབ་མོ་དང་མཐེ་བོ་སྦྱར་བ་གདུབ་བུ་བཞིན་དུ་བྱས། གཡོན་པའི་སེར་མོ་འདུས་པ་ལ་གཡས་པའི་སེན་མོ་འདུས་པ་སྟོན་པའི་སྦྱོར་བས་གུང་མོ་ལ་སོགས་པ་བརྐྱང་ཞིང་མིང་མེད་མཐེ་ཆུང་ཅུང་ཟད་


TNT02_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཕྱོགས་པ་སྙིང་གར་གནས་པའོ། །དེ་ནས་གང་ལ་རིགས་ཐམས་ཅད་བསྲུང་ཞིང་སྡིག་པའི་དྲི་མ་འཕྲོག་ལ། རྣམ་པར་དག་པ་མཆོག་ཏུ་འགྱུར་བ་མཆོག་གི་ཕྱག་རྒྱ་རྡོ་རྗེ་རྩེ་མོ་ལྔ་པའི་ཕྱག་རྒྱ་ནི། ལག་པ་གཡོན་པ་དབྱངས་ཐུང་ངུ་བསྐྱེད་རིམ་ལས་ཟླ་བ་དང༌། གཡས་པ་རིང་པོ་བསྡུད་རིམ་ལས་ཉི་མ་དང༌། གཉིས་ཀ་སྦྱར་བ་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པར་བསྒོམ་ཞིང་ལག་པ་གཉིས་ཀ་སྤྲད་པའི་མཐེ་བོ་དག་སྦྱར་ཞིང༌། མཐེ་ཆུང་དག་ཀྱང་སྦྱར་ལ། གུང་མོ་གཉིས་དབུས་སུ་བརྐྱང་སྟེ་སྦྱར་ནས། དེ་དག་གི་རྒྱབ་ཏུ་མཛུབ་མོ་གཉིས་ཕྱེད་འཁྱོག་པ་ཟླ་བ་ཕྱེད་པའི་རྣམ་པ་དང༌། མིང་མེད་དག་བསྐུམ་ནས་ལག་པའི་ནང་དུ་གནས་པར་གྱུར་པ་སྟེ། གང་གང་བྱ་བ་ཉེ་བར་སྦྱོར་བར་འགྱུར་བར་ཡོན་ཏན་དབང་གིས་དེ་ལ་དེ་ནི་སྦྱར་བར་བྱ། །ཞེས་པ་ལྟར་ཡོ་བྱད་བྱིན་གྱིས་རློབས་པ་དང་གོ་ཆ་ཆེན་པོར་གྱུར་པ་ལ་སོགས་པ་ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པའོ། །དེ་བཞིན་དུ་ལག་པ་གཉིས་ཀའི་སོར་མོ་ལྔ་པོ་སོ་སོར་གུང་མོ་དབུས་སུ་བསྒྲེང་ནས་གཞན་བཞིས་མཐའ་ནས་སྐྱོར་བ་ནི་རྡོ་རྗེའི་ཕྱག་རྒྱས་གཞན་ཏེ་ཤེས་རབ་ལ་འཁྱུད་པའི་དོན་ཏུའོ། །ལག་པ་དག་རྡོ་རྗེའི་ཁུ་ཚུར་བཅིངས་ཏེ་གཡས་པ་དང་གཡོན་པའི་འཁྲིག་མ་སྟེང་འོག་ཏུ་ཞུགས་ཤིང་དཔུང་པ་དང་ཉེ་བས་དཔུང་པའི་


TNT02_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་ཀྱི་སྟེང་དུ་གནས་པ་དང༌། དེ་བཞིན་དུ་ལག་པ་གཡོན་པ་ཡང་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་གནས་པ་ནི་ཁྲོ་བོའི་མགོན་པོ་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་གཡས་པ་དང་གཡོན་པའི་ཁུ་ཚུར་གཉིས་སྟེང་འོག་ཏུ་རྒྱབ་སྦྱར་ཏེ་མཐེ་ཆུང་དག་དང་མཛུབ་མོ་དག་སོ་སོར་ལྕགས་ཀྱུའི་རྣམ་པར་བཅིངས་པ་སྙིང་གར་གནས་པ་ནི་གཙོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །དེ་ལ་ཕྱག་རྒྱ་དྲུག་ལ་སོགས་པ་དགོད་པའི་དོན་དུ། ལག་པ་གཡས་གཡོན་སྟེང་འོག་ཏུ་རྒྱབ་སྦྱར་ཏེ་སེར་མོ་རྣམས་བཀྲམ་པ་རྣ་བ་གཡོན་པའི་ཐད་དུ་འཁྱེར་བ་དང༌། དེ་ལས་བཟློག་སྟེ་རྣ་བ་གཡོན་པའི་ཐད་དུ་འཁྱེར་བ་ནི་རྣ་རྒྱན་གྱི་ཕྱག་རྒྱའོ། །ལག་པ་དག་གིས་སོར་མོ་དབུས་མ་གསུམ་སྦྱར་བའི་རྩེ་མོ་ཕན་ཚུན་སྤྲད་དེ། མཐེ་ཆུང་དང་མཐེ་བོ་ཁུ་ཚུར་བཅིངས་པ་རྐེད་པའི་ཐད་དུ་འཛིན་པ་སྐེ་རགས་ཀྱི་ཕྱག་རྒྱ་དང༌། ལག་པ་གཡས་གཡོན་སྟེང་འོག་ཏུ་རྒྱབ་སྦྱར་བའི་སོར་མོ་ཕན་ཚུན་བཅིངས་པ་མགུལ་པའི་ཐད་དུ་འཕྱང་བའི་ཚུལ་གྱིས་འཛིན་པ་ནི་མགུལ་རྒྱན་གྱི་ཕྱག་རྒྱའོ། །ལག་པ་དག་གིས་མཐེ་བོ་དག་ཕན་ཚུན་སྦྱར་ཞིང་མཛུབ་མོ་དག་ཀྱང་སྦྱར་ནས་ཟླུམ་བསྐོར་ལྟར་བྱས་ཏེ་སོར་མོ་ལྷག་མ་རྣམས་ཁུ་ཚུར་བཅིངས་པ་གཡོན་དང་གཡས་སུ་འཁྱཻར་པ་ནི་ལག་གདུབ་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉིས་ཀའི་མཐེ་བོ་


TNT02_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་གུང་པོ་གཉིས་སྦྱར་ཏེ་ཟླུམ་བསྐོར་ལྟར་བྱས་ནས་རྐང་པ་གཡོན་དང་གཡས་ཀྱི་ཐད་དུ་འཁྱེར་བ་ནི་རྐང་གདུབ་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཁུ་ཚུར་བྱས་ཏེ་མཐེ་བོ་དང་མཛུབ་མོ་དག་སོ་སོར་སྦྱར་བ་བརྐྱང་ནས་ཁ་སྤྲད་པ་སྤྱིར་བོར་འཛིན་པ་ནི་ཅོད་པན་ནམ་ནོར་བུའི་ཕྱག་རྒྱའོ། །དེ་བཞིན་དུ་དེ་དང་དེའི་སྦྱོར་བས་དེ་དང་དེའི་ཕྱག་རྒྱར་འགྱུར་ཞེས་པ་ལྟར་ཐལ་ཆེན་གྱིས་བྱུག་པའི་རྣམ་པ་དང་ཟླ་ཕྱེད་དར་དཔྱངས་བཅིངས་པའི་རྣམ་པ་དང༌། མཆོད་ཕྱིར་ཐོགས་འཆིང་པའི་རྣམ་པ་དང༌། སྟག་གི་པགས་པ་གོན་པའི་རྣམ་པ་དང༌། མགོ་བོའི་ཕྲེང་བ་འདོགས་པའི་རྣམ་པ་དང༌། ཐོད་པའི་ཕྲེང་བ་བཅིང་པའི་རྣམ་པས་ཀྱང་དེ་རྣམས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ནས་མཚོན་ཆ་རྣམས་དགོད་པའི་དོན་དུ། རྡོ་རྗེའི་ཕྱག་རྒྱ་ནི་སྔར་བསྟན་པ་ཉིད་དེ། ལག་པ་གཡས་པས་གཡས་ཀྱི་ཕྱག་མཚན་རྣམས་གཡས་སུ་འགྱེད་པའི་རྣམ་པས་མིང་མེད་དང་མཐེ་ཆུང་གི་ཁུ་ཚུར་གྱི་ནང་དུ་མཐེ་བོ་བཅིངས་ཏེ་མཛུབ་མོ་དང་གུང་མོ་སྦྱར་ནས་བརྐྱང་པ་ནི་རལ་གྲིའི་ཕྱག་རྒྱའོ། །མཐེ་ཆུང་གིས་མཐེ་བོ་མནན་ཏེ་སོར་མོ་དབུས་མ་གསུམ་ཕྲལ་ཞིང་བརྐྱང་པ་ནི་རྩེ་གསུམ་གྱི་ཕྱག་རྒྱའོ། ཁུ་ཚུར་བཅིངས་ཏེ་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པར་བཀུག་པ་ནི་གྲི་གུག་གི་ཕྱག་རྒྱའོ། །རྣ་བའི་སྟེང་དུ་ཁུ་ཚུར་བཅིངས་ཏེ་གུང་མོའི་སྟེང་དུ་མཐེ་བོ་དང་འོག་ཏུ་མཛུབ་མོ་


TNT02_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་བརྐྱང་པ་ནི་མདའི་ཕྱག་རྒྱའོ། ཁུ་ཚུར་གྱི་སྟེང་དུ་མཛུམ་མོ་ལྕགས་ཀྱུའི་རྣམ་པར་འཁྱོག་པ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །གུང་མོ་དང་མིང་མེད་དག་གིས་ཁུ་ཚུར་བཅིངས་ཤིང་མཛུབ་མོ་ལྕགས་ཀྱུའི་རྣམ་པ་དང༌། མཐེ་བོའི་སོར་མོའི་སྟེང་དུ་མཐེ་ཆུང་ཕྱེད་འཁྱོགས་པ་ནི་ཌ་མ་རུའི་ཕྱག་རྒྱའོ། ཁུ་ཚུར་བཅིངས་པ་ནི་ཐོ་བའི་ཕྱག་རྒྱའོ། །གཡས་པའི་སོར་མོ་ཐམས་ཅད་རྩིབས་ཀྱི་རྣམ་པར་བརྐྱང་པ་ནི་འཁོར་ལོའི་ཕྱག་རྒྱ་སྟེ། ཡང་ན་ལག་པ་གཉིས་ཀའི་མཐིལ་སྦྱར་ནས། སོར་མོ་རྣམས་རྩིབས་ཀྱི་རྣམ་པར་བྱས་པའོ། །མཐེ་ཆུང་དང་མིང་མེད་དང་མཛུབ་མོ་རྣམས་རྩ་བར་བཀུག་པ་མཐེ་བོས་མནན་ཏེ་གུང་མོའི་སྟེང་དུ་བརྐྱང་པ་ནི་མདུང་གི་ཕྱག་རྒྱའོ། ཁུ་ཚུར་བཅས་ཏེ་དཔུང་པ་བརྐྱང་པ་ནི་དབྱུག་པའི་ཕྱག་རྒྱའོ། །སོར་མོ་གཞིབས་ཏེ་བརྐྱང་ནས་མཐེ་བོ་གྱེན་དུ་བསླང་པ་ནི་དགྲ་སྟའི་ཕྱག་རྒྱའོ། །དེ་བཞིན་ཏུ་ལག་པ་གཡོན་པས་གཡོན་གྱི་ཕྱག་མཚན་རྣམས་གཡོན་དུ་འགྱེད་པའི་རྣམ་པས་ཁུ་ཚུར་གཡོན་པ་ཅུང་ཟད་ཕྱེ་སྟེ་ཁ་ཕུབ་པའི་སྟེང་དུ་ཁུ་ཚུར་གཡས་པ་བཞག་པ་ནི་དྲིལ་བུའི་ཕྱག་རྒྱའོ། །དཔུང་པ་གཡོན་པ་བརྐྱང་སྟེ་ལག་མཐིལ་སྟེང་དུ་སོན་པ་མི་འཇིགས་པའི་ཕྱག་རྒྱ་ལྟར་གྱུར་པ་ནི་ཕུབ་ཀྱི་ཕྱག་རྒྱའོ། །མཛུབ་མོ་དང་གུང་མོ་དང་མིང་མེད་རྣམས་གཞིབས་པ་དང༌། མཐེ་བོ་སྦྱར་


TNT02_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཁུ་ཚུར་བུག་པ་ཅན་དུ་བྱས་ཏེ། མཐེ་ཆུང་སྟེང་དུ་བརྐྱང་ནས་ཕྲག་པའི་གནས་སུ་འཕྱར་བ་ནི་ཁ་ཊྭཱཾ་གའི་ཕྱག་རྒྱའོ། །སོར་མོ་རྣམས་བུག་པ་མེད་པའི་ལག་པ་པདྨ་ལྟ་བུ་གན་རྐྱལ་ནི་ཐོད་པའི་ཕྱག་རྒྱའོ། ཁུ་ཚུར་བཅས་ཏེ་ལག་པ་གན་རྐྱལ་དུ་བརྐྱངས་པ་ནི་གཞུའི་ཕྱག་རྒྱའོ། །གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གུང་མོ་ལ་མཛུབ་མོ་འཁྱོག་པོ་བརྟེན་པའི་བར་དུ་བུག་པ་དང་བཅས་པ་ནི་ཞགས་པའི་ཕྱག་རྒྱའོ། །སོར་མོ་ལྔ་པོར་དབུས་ནས་གུང་མོ་སྟེང་དུ་བརྐྱང་སྟེ་བཞི་ཡིས་མཐའ་ནས་སྐྱོར་པ་ནི་རིན་པོ་ཆེའི་ཕྱག་རྒྱའོ། །གཡོན་པའི་མཐེ་བོ་དང་མཐེ་ཆུང་སྦྱར་བ་འདབ་མ་གཅིག་དང༌། སོར་མོ་གཞན་གསུམ་འདབ་མ་རེ་རེ་བྱས་ཏེ་འདབ་མ་བཞི་གྱེན་དུ་བསྟན་པ་ནི་པདྨའི་ཕྱག་རྒྱ་སྟེ། ཡང་ན་ལག་པ་གཉིས་ཀའི་མཐེ་བོ་གཉིས་དང་མཐེ་ཆུང་གཉིས་སྦྱར་བ་འདབ་མ་རེ་རེར་བྱས་ཏེ་ཁ་ཕྱེ་བ་འདབ་མ་བརྒྱད་པའོ། །ཁུ་ཚུར་བཅས་ཏེ་མཐེ་བོ་དང་མཛུབ་མོ་སྦྱར་ནས་བརྐྱང་པ་ནི་དུང་གི་ཕྱག་རྒྱའོ། །གཡོན་པའི་སོར་མོ་རྣམས་བུག་པ་མེད་པར་སྦྱར་ནས་ལག་མཐིལ་མཉམ་པ་མངོན་དུ་ཕྱོགས་པ་ནི་མེ་ལོང་གི་ཕྱག་རྒྱའོ། །མཐེ་བོའི་སྟེང་དུ་མཛུབ་མོ་འཁྱག་པོ་ཟླུམ་པོའི་རྣམ་པ་དང༌། དེའི་སྟེང་དུ་གུང་མོ་དག་དེའི་སྟེང་དུ་མིང་མེད་དང་དེའི་སྟེང་དུ་མཐེ་ཆུང་རྣམས་བཀལ་ཞིང་སྦྱར་བ་ནི་ལྕགས་སྒྲོག་གི་ཕྱག་རྒྱའོ། །མཐེ་བོ་ལ་སོགས་


TNT02_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་ཕན་ཚུན་སྦྱར་ཏེ་འོག་ཏུ་ཕྱོགས་པ་གདོང་གི་རྣམ་པ་དང༌། མཐེ་ཆུང་བསྐུམ་ནས་ནང་དུ་བཙུགས་པ་ནི་ཚངས་པའི་མགོ་བོའི་ཕྱག་རྒྱའོ། །ལག་པ་གཉིས་ཀའི་སྡིགས་མཛུབ་དང་བཅས་པའི་ཁུ་ཚུར་སྟེང་དུ་འཕྱར་བ་ནི་གླང་པོ་ཆེའི་པགས་པའི་ཕྱག་རྒྱའོ། །དེ་ནས་ཀླུའི་རྣམ་རྒྱན་རྣམས་དགོད་པའི་དོན་དུ། ལག་པ་གཡོན་པའི་གྲུ་མོའི་ཚིགས་ཀྱི་སྟེང་དུ་གཡས་པའི་གྲུ་མོ་བཞག་སྟེ་སོར་མོ་རྣམས་གདེངས་ཀའི་རྣམ་པར་གཡོ་བ་དང་བཅས་པ་དང༌། ཡང་དེ་ལས་བཟློག་སྟེ་གཡས་པའི་གྲུ་མོ་ལ་གཡོན་པའི་གྲུ་མོ་བཞག་སྟེ་སོར་མོ་སྔར་བཞིན་བྱས་པ་རེ་མོས་ཀྱིས་ཅོད་པན་དང་དར་དཔྱངས་ལ་སོགས་པའི་གནས་རྣམས་སུ་རིམ་པ་བཞིན་སྟོན་པ་ནི་ཀླུའི་རྒྱལ་པོ་རྣམས་ཀྱི་ཕྱག་རྒྱའོ། །ལག་པ་གཅིག་གམ་གཉིས་ཀའི་མཐིལ་དུ་སོར་མོ་ལྔ་པོ་རྣམས་ཕྱེད་འཁྱོག་པ་སེང་གེའི་སྡེར་མོའི་རྣམ་པ་ནི་སྡེར་མོ་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་སྟེ། ཁྱིའི་ཕྱག་རྒྱའང་དེ་ཉིད་དོ། །ལག་པ་དག་གི་རྒྱབ་སྦྱར་ནས་མཐེ་ཆུང་གཉིས་ཕན་ཚུན་བཅིངས་ཤིང་མཛུབ་མོ་དང་གུང་མོ་དང་སྲིན་ལག་རྣམས་གཞིབས་ཏེ་བརྐྱང་ནས། མཐེ་བོ་དག་གིས་གདོང་སྦྱར་བ་ནི་བྱ་ཁྱུང་གི་ཕྱག་རྒྱའོ། །དེ་བཞིན་དུ་སོར་མོ་ལྔ་མོའི་རྩེ་མོའི་ཚིགས་འཁྱོག་པ་སྟོན་པ་ནི་གདེངས་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱའོ། །ལག་པ་གཉིས་ཀའི་གུང་མོ་དང་མིང་མེད་མཐེ་ཆུང་རྣམས་ཀྱང་


TNT02_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་སྟེ། མཛུབ་མོ་གཉིས་འདུད་ཅིང་མཐེ་བོ་དག་སྦྱར་བ། མགོ་བོའི་སྟེང་དུ་ཁ་འོག་ཏུ་བསྟན་པ་ནི་འབར་བའི་ཕྱག་རྒྱའོ། །གཞན་སྔར་དང་འདྲ་བ་ལ་མཛུབ་མོ་དག་ཀྱང་བརྐྱང་པ་ནི་འབར་བའི་ཕྱག་རྒྱ་གཉིས་པའོ། །དེ་ནས་མཆོད་པ་འབུལ་བའི་དོན་དུ། སྒེག་པའི་སྦྱོར་བ་ཡིས་ནི་སྒེག་པར་འགྱུར་ཏེ་མི་ཡི་བདག་པོ་བཤད་པའི་སྦྱོར་བས་བཞད་པའོ། །གར་གྱི་སྦྱོར་བ་ཡིས་ནི་གར་དུ་འགྱུར་ཏེ་རྣམ་པ་མང་མོའི་རོལ་མོའི་སྦྱོར་བས་རོལ་མོའོ། །གླུའི་སྦྱོར་བ་ཡིས་ནི་གླུ་སྟེ་མཆོག་གི་ཡོན་ཏན་རྣམ་མང་དྲིའི་སྦྱོར་བ་དག་གིས་དྲི། །ཕྲེང་བའི་སྦྱོར་བ་ཡིས་ནི་ཕྲེང་བར་འགྱུར་ཏེ་ཡོན་ཏན་དབང་གིས་སྤོས་ཀྱི་སྦྱོར་བ་དག་གིས་སྤོས། །མར་མེའི་རྣམ་པས་མར་མེ་ངེས་པར་མུན་པ་བཅོམ་པ་དང་ནི་སྣོད་ཀྱི་ཕྱག་རྒྱ་བདུད་རྩིར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ལྟར། ཐམས་ཅད་ལ་ཡང་ཐོག་མར་ཐལ་མོ་སྙིང་གར་སྦྱར་ནས་དེ་ནས་པད་བསྐོར་སྔོན་དུ་འགྲོ་བས། སོ་སོའི་ཕྱག་རྒྱ་བྱས་པའི་མཐར་ཡང༌། རྡོ་རྗེ་བསྡུ་བས་སེ་གོལ་བྱའོ། །དེ་ལ་མཆོད་པ་བཅུ་གཉིས་ཀྱི་ཕྱག་རྒྱ་ནི། ལག་པ་གཉིས་ཀའི་ཐལ་མོ་མདུན་དུ་བརྐྱང་ནས་དྲི་འཇུག་པའི་ཚུལ་བྱེད་པ་ནི་དྲིའི་ཕྱག་རྒྱའོ། ཁུ་ཚུར་གཉིས་ཀྱིས་མེ་ཏོག་ཕྲེང་བ་འཛིན་པའི་ཚུལ་བྱེད་པ་ནི་མེ་ཏོག་གི་ཕྱག་རྒྱ་སྟེ། མེ་ཏོག་སིལ་མ་འབུལ་བ་ནི་འཐོར་བའི་རྣམ་པར་ཡང་བྱའོ། ཁུ་ཚུར་གཉིས་ཐུར་ལ་


TNT02_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕུབ་ནས་སྤོས་འཐུལ་བའི་རྣམ་པ་ནི་བདུག་སྤོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོ་བསྒྲེང་པ་ནི་མར་མེའི་ཕྱག་རྒྱའོ། །ལག་པ་གཡོན་པ་སྣོད་ཀྱི་ཚུལ་དང༌། གཡས་པས་འབུལ་བའི་ཚུལ་གྱིས་མཐར་གཉིས་ཀའི་མཐིལ་གྱེན་ལ་བསྟན་པ་ཞལ་ཟས་ཀྱི་ཕྱག་རྒྱའོ། །དང་པོར་སོར་མོ་ཕན་ཚུན་རྩེ་སྤྲད་པའི་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། དེ་ནས་ཁུ་ཚུར་གཉིས་གྱེན་དུ་ཕྱོགས་པས་བདུད་རྩིའི་འབྲས་བུ་འཛིན་པའི་ཚུལ་ནི་འབྲས་བུ་མ་ཉམས་པའི་ཕྱག་རྒྱའོ། ཁུ་ཚུར་གཉིས་དཀུ་གཡས་གཡོན་དུ་བཙུགས་ཏེ་གྲུབ་མོ་གདེངས་ནས་མགོ་གཡོན་དུ་དུད་པའི་རྗེས་ལ་ཁུ་ཚུར་གཉིས་ཀྱིས་གོས་དང་རྒྱན་འབུལ་བ་ལྟར་བྱེད་པ་ནི་སྒེག་མོའི་ཕྱག་རྒྱའོ། ཁུ་ཚུར་གཉིས་ཁ་ཕྱིར་བསྟན་པ་ལ་ཁའི་འགྲམ་དུ་བཞག་པའི་རྗེས་སུ་གཡོན་པའི་ཁུ་ཚུར་དྲིལ་བུ་འཛིན་པ་ལྟར་ཐུར་དུ་ཕུབ་ནས་གཡས་པའི་མཐིལ་མེ་ལོང་ལྟར་ཕྱིར་ལ་བསྟན་པ་ནི་བཞད་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྔ་ཟླུམ་བརྡུང་བའི་ཚུལ་ནི་རོལ་མོའི་ཕྱག་རྒྱའོ། ལག་པ་གཡས་གཡོན་རེ་མོས་སུ་བསྐོར་ཞིང༌། གཅིག་སྤྱི་བོར་གན་རྐྱལ་དང་གཅིག་སྟ་ཟུར་དུ་ཁས་ཕུབ་ཏུ་འཛིན་པ་ནི་གར་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་གན་རྐྱལ་དུ་འོངས་ཏེ་ཁ་ནས་ཚིག་འབྱིན་པའི་ཚུལ་བྱས་པའི་རྗེས་ལ་མདུན་ཏུ་ཏིང་ཤགས་འཁྲོལ་བའི་རྣམ་པ་ནི་གླུ་མའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་འཁྱུད་པའི་ཚུལ་ལམ་ཡང་ན་སྔར་བཤད་པའི་ཤེས་རབ་ལ་འཁྱུད་པའི་


TNT02_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཕྱག་རྒྱས་འཁྱུད་པའི་ཚུལ་བྱེད་པ་ནི་འདོད་མའི་ཕྱག་རྒྱའོ། །སྐབས་ཇི་ལྟ་བར་ཆུ་བཞི་དབུལ་བའི་དོན་དུ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་མཆོད་ཡོན་གྱི་སྣོད་བཟུང་སྟེ་བཟེད་ཞལ་དུ་འབུལ་བའི་རྣམ་པ་བྱེད་པ་ནི་མཆོད་ཡོན་གྱི་ཕྱག་རྒྱའོ། ཁུ་ཚུར་གཡས་པ་འོག་ཏུ་བསྟན་པའི་མཐེ་བོ་དང་མཛུབ་མོའི་སྐམ་པས་ཞབས་བསིལ་གྱི་ཆུ་དང་མེ་ཏོག་བླངས་ཏེ་འགྱིང་བའི་ཚུལ་གྱིས་བསྐོར་ཞིང་སྟེང་དུ་ཕྱོགས་པས་མཛུབ་མོ་དང་གུང་མོ་དང་སྲིན་ལག་དང་མཐེ་ཆུང་རྣམས་རིམ་པས་བཀྲོལ་ནས་བཟེད་ཞལ་དུ་འབུལ་བའམ། འབུལ་བའི་ཚུལ་བྱེད་པ་ནི་ཞབས་བསིལ་གྱི་ཕྱག་རྒྱའོ། །ལག་པ་གཡས་པས་ཀུ་ཤའི་ཆུན་པོས་དྲི་བཟང་པོའི་ཆུ་བླངས་ཏེ་འཐོར་བའམ་འཐོར་པའི་ཚུལ་བྱེད་པ་ནི་བསང་གཏོར་གྱི་ཕྱག་རྒྱའོ། །གཡས་པའི་ཁུ་ཚུར་གན་རྐྱལ་དུ་བྱས་པའི་མཐེ་བོང་མཛུབ་མོའི་སྐམ་པས་ཆུ་དང་མེ་ཏོག་བཟུང་སྟེ་འགྱིང་བའི་ཚུལ་གྱིས་བསྐོར་ཞིང་འོག་ཏུ་ཕྱོགས་པས་མཐེ་ཆུང་དང་སྲིན་ལག་དང་གུང་མོ་དང་མཛུབ་མོ་རྣམས་རིམ་པས་བཀྲོལ་ནས་བཟེད་ཞལ་དུ་འབུལ་བའམ་འབུལ་བའི་ཚུལ་བྱེད་པ་ནི་ཞལ་བསིལ་གྱི་ཕྱག་རྒྱའོ། །རིན་ཆེན་ཨིནྡྲ་གསེར་གྱི་མེ་ཏོག་དང་ནི་རྣམ་མང་གོས་དང་དྲི་དང་སྤོས་དང་མར་མེ་དང༌། །དྲིལ་བུ་མེ་ལོང་བླ་རེ་དག་དང་རྣམ་མང་འབྲས་བུ་བ་དན་སོགས་དང་གར་དང་རོལ་མོ་ཡིས། །རྣམ་བཀྲ་མཆོད་པ་བྱས་ཏེ་ཞེས་བཅུ་གསུམ་གསུངས་པའི་གཞན་རྣམས་ཀྱི་ཕྱག་རྒྱ་ནི་སྔར་བསྟན་


TNT02_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་ཡིན་ལ། རྡོ་རྗེའི་ཐལ་མོ་གཉིས་བརྐྱང་ནས་ན་བཟའ་འབུལ་བ་དང་ཁུ་ཚུར་གཉིས་ཀྱིས་བསྐོན་པའི་ཚུལ་བྱེད་པ་ནི་གོས་ཀྱི་ཕྱག་རྒྱའོ། །ལག་པ་གཡོན་པ་པང་བར་མཉམ་བཞག་བྱས་ནས་གཡས་པ་ཁ་ཕུབ་སྟེ་ནམ་མཁའ་ལ་ཡོངས་སུ་བསྐོར་བ་ནི་བླ་རེའི་ཕྱག་རྒྱའོ། །ལག་པ་གཉིས་ཀའི་སོར་མོ་རྣམས་མཉམ་པར་གཞིབས་ཏེ། གཡས་པའི་མཐིལ་ཏུ་གཡོན་པ་གྱེན་ལ་བསླང་ནས་བཞག་ནི་བ་དན་གྱི་ཕྱག་[འཇམ་དཔལ་རྩ་རྒྱུད་ལས་]རྒྱའོ། །རིན་ཆེན་བདུན་དང་འདོད་ཡོན་ལྔའི་ཕྱག་རྒྱ་ནི་ཡོངས་སུ་གྲགས་པ་དང་མཐུན་པ་ཉིད་དོ། །ནང་མཆོད་འབུལ་བའི་ཕྱག་རྒྱ་ནི་སོར་མོ་ལྔ་ཁམས་ལྔར་གནས་པའི་སྲིན་ལག་རླུང་མཐེ་བོའི་སའི་ཁམས་ཐབས་དང་ཤེས་རབ་ཀྱི་མཛུབ་མོ་སྦྱར་བ་ཁ་འོག་ཏུ་ཕྱོགས་པས་བླངས་ནས་སྟེང་དུ་ཕྱོགས་པ་མཆོག་སྦྱིན་གྱི་ཚུལ་གྱི་འབུལ་བའོ། །[གདན་བཞིར་]འཐེབ་སྲིན་སྦྱར་བས་བླངས་པས་བདུད་རྩི་ལྕེ་རྩེ་དང་སྨིན་མའི་དབུས་དང་སྤྱི་གཙུག་རྣམས་སུ་འཐོར་བ་ནི་རང་གི་ལུས་ཀྱི་ལྷ་མཆོད་པའི་ཕྱག་རྒྱའོ། །གཏོར་མ་འབུལ་བའི་ཕྱག་རྒྱ་ནི་ཕྱག་མཚན་དགོད་པའི་སྐབས་སུ་བཤད་ཟིན་པ་ལྟར་ཤེས་པར་བྱའོ། །ཕྱག་རྒྱའི་རྣམ་གྲངས་རབ་གསལ་བ། །རྒྱུད་འགྲེལ་གཞུང་ལ་གཞི་བྱས་ཏེ། །བླ་མའི་མན་ངག་གིས་བརྒྱན་ནས། །བློ་གྲོས་རྒྱལ་མཚན་དཔལ་གྱིས་བྲིས། །སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན། །རྣམ་པར་དག་པ་ལ་བརྟེན་


TNT02_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྐལ་ལྡན་འགྲོ་བ་མ་ལུས་པས། །ཕྱག་རྒྱ་ཆེན་པོ་ཐོབ་གྱུར་ཅིག །བཀྲ་ཤིས། སརྦ་མངྒ་ལམ། དེ་ལ་དགུག་པའི་སྔགས་ཛཿགི་དུས་སུ་ལྕགས་ཀྱུའི་ཕྱག་རྒྱ་དང༌། ཧཱུཾ་ཤེས་རབ་མཐར་བྱེད། [ལྷོ་སྒོར་]ཅེས་པ་ལ་རྡོ་རྗེའི་ཕྱག་རྒྱ་དང༌། བཾ་གཤིན་རྗེ་མཐར་བྱེད།[ནུབ་སྒོར་]ཅེས་པས་ཞགས་པ་དང༌། ཧོཿཔདྨ་མཐར་བྱེད།[བྱང་སྒོར་]ཅེས་པ་ལ་དྲིལ་བུ་དང༌། ཧི་བགེགས་མཐར་བྱེད།[ཤར་སྒོར་]ཅེས་པ་ལ་དབྱུག་པའི་ཕྱག་རྒྱ་རྣམས་དགོས་སོ། །)


TNT02_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིས་འདྲ་མིན་ཡོད།


TNT02_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དང་འགྲེལ་པའི་ཕྱག་རྒྱའི་རྣམ་གྲངས་རབ་གསལ་སྣང་བ།next