རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག


TNT04_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་མའི་ཁྲིད་ཡིག་བཞུགས།


TNT04_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷཱ་བོ་དྷི་སཏྭ་བྷྱཿ འདིར་རྣལ་འབྱོར་ཡན་ལག་དྲུག་པའི་སྙིང་པོ་སྟན་ཐོག་གཅིག་ཏུ་གྲིལ་ནས་བསྒོམ་པའི་ཚུལ་འདི་ལྟར་བྱ་སྟེ། སྐྱབས་གནས་དཀོན་མཆོག་གསུམ་ལ་ཅི་མཛད་ཁྱེད་རང་ཤེས་སོ་སྙམ་པའི་བློས་འགེལ་གྱི་སྐྱབས་འགྲོ་དང༌། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་འདོད་པའི་སེམས་བསྐྱེད་དང༌། རྩ་བའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོ་དུང་དུང་པ་ཞིག་ཀྱང་བྱ། དེ་ནས་སོར་སྡུད་ནི། མུན་ཁང་དངོས་སམ་རྗེས་མཐུན་པ་ཞིག་ཏུ་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང༌། ལག་པ་ཁུ་ཚུར་བརླ་བཞགསྒལ་ཚིགས་དྲང་པོར་བསྲང༌། རོ་སྟོད་སྒྱེད། མགྲིན་པ་ཅུང་ཟད་དགུགལྕེ་རྩེ་རྐན་ལ་སྦྱར། མིག་ཧ་ཅང་མ་ཕྱེ། ཧ་ཅང་མ་བཙུམ་པའི་ངང་ནས། གཙུག་ཏོར་དུ་ལྟ་བའི་ཚུལ་གྱིས་ལྟ་སྟངས་གྱེན་དུ་བཟློག །རླུང་རོ་ལན་གསུམ་བསལ་ལ། དབུགས་རང་བབས་སུ་བཞག་སེམས་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་སྤངས་ཏེ། ལྟ་སྟངས་གང་དུ་གཏད་པའི་ནམ་མཁའ་ནག་ཐིང་ངེ་བ་དེ་ལ་སེམས་མི་འཕྲོ་བའི་རྟེན་ཙམ་བྱས་ཏེ། ཧ་ཅང་མི་བསྒྲིམས། ཧ་ཅང་མི་


TNT04_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གློད་པར་བཟོ་མེད་དུ་ཤིག་གེ་མཉམ་པར་བཞག་སྟེ། མཚན་མོའི་རྣལ་འབྱོར་རོ། །སྤྲིན་དང་བསེར་བུ་མེད་ཅིང་ནམ་མཁའ་དྭངས་པའི་སྐབས། ལུས་དང་མིག་ལ་ཉི་འོད་མི་འཕོག་པར་བྱས། མིག་ཤིན་ཏུ་གདངས་ཏེ་ནམ་མཁའ་སྔོ་བསང་ངེ་བ་ལ་ལྟ་ཞིང༌། གཞན་བསྒོམ་ཚུལ་སྔར་དང་འདྲ་བར་བྱ་སྟེ། ཉིན་མོའི་རྣལ་འབྱོར་ རོ། །དེ་ལྟར་ཉིན་མཚན་གྱི་རྣལ་འབྱོར་གཉིས་གཅིག་ཏུ་གྲིལ་ཏེ་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་བཅུ་མངོན་དུ་འགྱུར་ཏེ། དེ་ལྟར་ཡང་སེམས་པ་ཐམས་ཅད་ཡོངས་སྤངས་ནས། །དབང་པོ་ཐམས་ཅད་བཟློག་པར་བྱ། །དགོན་པ་དབེན་པའི་གནས་སུ་ནི། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །མིག་དག་སྟེང་དུ་བཟློག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། །མི་བཟད་མུན་པ་ལྟ་བུར་ནི། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །ཞེས་རྀ་གི་ཨ་རལླྀ་ལས་སོ། །དེ་ནས་བསམ་གཏན་བསྒོམ་པར་བྱ་སྟེ། སོ་སོར་སྡུད་པའི་རྣལ་འབྱོར་དང་མཚུངས་པ་ལས། ཇི་ལྟར་མཐོང་བའི་སྟོང་གཟུགས་ཀྱི་སྣང་བ་ཞིག་ལ་གོང་དུ་བཤད་པའི་ལྟ་སྟངས་ཉིད་གཡོ་བ་མེད་པར་བལྟ་ཞིང་


TNT04_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱང་གཟུགས་བརྙན་དེ་ལ་ཆེ་རེ་གཏད། བློས་བྱས་ཀྱི་བཟོ་བཅོས་མི་བྱེད། སྟོང་གཟུགས་དེ་ཁའི་རང་ཞལ་ལ་རིག་གེ་བལྟས་པས། སྣང་བ་མ་འགགས་ཤིང༌། ཡུལ་དུས་རང་བཞིན་འདི་ལྟ་བུ་ཞེས་བརྗོད་དུ་མེད་ཅིང་སྤྲོས་པ་དང་བྲལ་བ་དེ་ངོས་ཟིན་ཞིང་རིག་པར་བྱ། དེ་ནི་ཤེས་རབ་ཀྱི་ཡན་ལག་ཡིན་ཞིང༌། དེ་ལས་རྟགས་སྣང་རང་སེམས་སུ་མྱོང་བའི་རྟོག་པ་དང༌། དེ་ཉིད་མཚན་མ་དང་བྲལ་བར་རིག་པའི་དཔྱོད་པ་དང༌། ལུས་སེམས་ལ་དགའ་བདེ་དང༌། ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པའི་བདེ་བ་ཤིན་ཏུ་སྦྱངས་པ་སྟེ་ཡན་ལག་ལྔ་པོ་དེ་དག་རིམ་གྱིས་སྐྱེ་བར་འགྱུར་རོ། །སྟོང་གཟུགས་ལ་བསྟན་པ་མ་ཐོབ་ན་མཉམ་བཞག་ཏུ་སོར་སྡུད་ཉིད་བསྒོམ་ཞིང༌། ཐུན་མཚམས་སུ་བྱེད་བཅིངས་ཕལ་ཆེར་ཕྱོགས་འདྲ་བར་བྱས་ནས། ཐ་མལ་ལས་སྣང་གི་སྟེང་དུ་ཆེར་རེ་ལྟ་ཞིང༌། དེའི་རང་བཞིན་གསལ་ལ་ངོས་བཟུང་མེད་པ་དེ་རང་ངོ་ཤེས་ཙམ་བྱས་ཏེ་བསྐྱངས། མཉམ་རྗེས་དེ་གཉིས་གོམ་པ་ལས་བསམ་གཏན་གྱི་ཡན་ལག་འཕྲལ་ཏུ་སྐྱེ་བར་འགྱུར་རོ། །དེ་ལྟར་ཡང༌། གསང་བ་གསུམ་འབྱུང་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །དགའ་དང་འདྲ་བ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །ཞེས་འདུས་པ་ཕྱི་མ་ལས་སོ། །སྲོག་རྩོལ་གྱི་ཡན་ལག་ནི། ལུས་ཀྱི་བྱེད་བཅིངས་གཞན་དང་འདྲ་བ་ལ་ལྟ་སྟངས་བདུད་རྩི་འཁྱིལ་བའི་ལྟ་བ་སྟེ། སྨིན་མཚམས་ཀྱི་ཐད་ཀར་ཧྲིག་གེ་ལྟ་བ་ཡིན། ངག་གི་གནད་རླུང་རོ་དགུ་ཕྲུགས་སུ་བུས་ལ། རླུང་ཕྱིར་ཅུང་ཟད་ཅིག་བཟུང་བའི་སྐབས། འོག་སྒོ་བསྡམ་ལ་ཐུར་སེལ་ལྟེ་བ་ཙམ་དུ་ཤུག་དྲག་པར་འཐེན། སྟེང་རླུང་ཨོཾ་གྱི་


TNT04_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲར་མོས་པ་དང་བཅས་ཏེ་ཤར་གྱིས་དྲངས་ལ་ལྟེ་བར་བསྒྱུར་ཐབས་སུ་མནན། འོག་རླུང་དྲག་ཏུ་དྲངས། ཅུང་ཟད་མི་བདེ་ན་སླར་ཡང་རྔུབ་ཆུང་བྱས་ཏེ། འཐེན་གནོན་བྱ། དེ་དག་གི་བར་དུ་རླུང་གནས་པ་ཧཱུཾ་གི་གདངས་སུ་མོས། དེ་ནས་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་བཏང་སྟེ་ཨཱཿཡིག་གི་གདངས་སུ་མོས་པ་བྱའོ། །ཚུལ་དེ་ཡང་ནས་ཡང་དུ་གོམ་པར་བྱ་བ་ལས། སེམས་ཀྱི་གནད་ནི་ཡི་གེ་འབྲུ་གསུམ་གྱི་གདངས་སུ་མོས་པ་ཡུད་ཙམ་རེས་ཆོག་ལ། གཙོ་བོར་རླུང་འཇུག་གནས་ལྡང་གསུམ་ཐམས་ཅད་ལ་སྟོང་གཟུགས་དང་རླུང་གི་རེག་བྱ་ཉམས་སུ་མྱོང་བའི་ཤེས་པ་གཅིག་ཉིད་རང་གི་རིག་པའི་ཚུལ་གྱིས་མཉམ་པར་འཇོག་སྟེ། ཅུང་ཟད་གོམས་ན་རླུང་ཕྱིར་འགྲོ་བའི་སྐབས་སྟོང་གཟུགས་ཉིད་ལ་བསྒྲིམ་པའི་ཚུལ་གྱིས་བསྒོམ། ནང་དུ་ཡོང་བའི་སྐབས་གཟུགས་སྣང་ཉིད་སེམས་ཀྱི་ངོ་བོར་མྱོང་བར་བྱས་ནས་སེམས་ཉིད་ལ་མཉམ་པར་བཞག །གནས་པའི་སྐབས་རླུང་དང་སྟོང་གཟུགས་སེམས་གསུམ་ལ་ཆ་མཉམ་དུ་མཉམ་པར་བཞག་པ་ལས། མྱོང་བ་པོ་འམ། ཚོར་བ་པོ་འམ། རིག་པ་པོ་འམ། མཐོང་བ་པོ་དབྱིངས་སུ་ཡལ་བ་དེ་ལ་འབད་རྩོལ་མེད་པར་བཞག་གོ །དེ་ལྟར་ཡང༌། བདག་ཉིད་རིག་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟེན་བྱས་ནས། །བྱ་བ་གསུམ་གྱིས་གཞོམ་པར་བཤད། །ཅེས་སྡོམ་པ་འབྱུང་བ་ལས་སོ། །ཐུན་མཚམས་སུ་སེམས་རྣམ་པར་མི་རྟོག་པ་དང༌། ངག་བུམ་པ་ཅན་གྱི་ངང་ནས། མགོ་བོ་དང༌། ལག་པ་དང༌། རྐང་པ་དང༌། ཁོང་སྟོད་དང༌། ཁོང་སྨད་རྣམས་ལག་ལེན་བཞིན་


TNT04_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་མཉེ་མང་དུ་བྱ། མགོ་བོ་བསྐོར་ཞིང་འཕང༌། རོ་སྟོད་གཅུ། རྒྱ་མཚོ་བསྐྱོད། ཞགས་པ་འཕང༌། ལག་པ་གཡབ། རྐང་པ་བརྐྱང་བསྐུམ་དང་འཐེན་ཞིང་བརྡུང༌། རྐང་པ་ནས་ལུས་ཐམས་ཅད། རྒྱབ་འཕར་བྱ། སྐྱིལ་ཀྲུང་བཏེག་ཅིང་རྡེབ། དེ་ཉིད་ཡང་དང་ཡང་དུ་བྱ་བ་ལས། དང་པོར་དལ་བུ་དལ་བུས་བྱ། ཕྱིས་དྲག་ཅིང་ཤུགས་ཆེ་བར་བྱ། གཞན་ཡང་ཧ་རིང་ཧ་ཐུང་དང་འབེབས་ཆེ་ཆུང་ཡང་ཅི་རིགས་པ་བྱའོ། །དེ་ནས་འཛིན་པའི་ཡན་ལག་ནི། སྲོག་རྩོལ་དེ་ཉིད་ལ་བརྟེན་ནས་ཤུགས་ལ་སྐྱེ་བ་ཡིན་ཏེ། འོན་ཀྱང་ལྟེ་བར་གྲུབ་ཟིན་ནས་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་རྣམས་སུ་བུམ་ཅན་མ་གྲུབ་པ་གྲུབ་པའི་ཕྱིར་དང༌། ལྟེ་བ་སོགས་ལྔ་ཆར་དུ་གྲུབ་ནས་རླུང་སེམས་དབུ་མའི་ཐིག་ལེར་འཆིང་བའི་ཕྱིར་དང༌། འཆིངས་ནས་བརྟན་པར་བྱ་བའི་ཕྱིར་སྒོམ་པ་ནི་ཁྱད་པར་རོ། །ཡན་ལག་འདི་གཉིས་ཀྱི་བོགས་འདོན་དུ་ཧཱུཾ་རིང་དྲག་པོས་ཐུར་སེལ་གྱེན་དུ་དྲངས་ཤིང༌། ཧཱུཾ་ཐུང་གི་སྟེང་རླུང་བརྔུབས་ནས་ཀྱང་ཐུར་སེལ་འདྲེན་པ་[གཅིག་ལ་གཅིག་བསྟུད་ཀྱི།]བསྟུད་མར་ལན་མང་དུ་བསྒོམ་[པའི་མཐར་རླུང་འབུད་དོ། །དེའི་འདུག་སྟེང་ནི་འདི་ཡིན་ཏེ་]ལུས་གནད་འཕོང་སྟེགས་བཙུད་ལ་ཙོག་པུ་བྱ། ལག་པ་བརླ་ནང་ནས་རྒྱུད་རྐང་པའི་ངར་གདོང་ནས་འཐེན་པའོ། །ཡང་རླུང་ཕྱིར་བཟུང་བའི་ངང་ནས་ཧཱུཾ་རིང་གིས་དྲངས་ཏེ། འོག་སྒོ་གཉིས་སུ་རེ་མོས་ཀྱི་དྲག་ཏུ་བསྡིགས །ཡང་ [རླུང་]ཕྱིར་བུས་ནས་ཀྱང་འོག་སྒོ་གཉིས་སུ་ཤུགས་ཡང་ཡང་བཅུག་གོ །འདི་ལ་ལུས་གནད་སྔར་དང་མཚུངས་པའམ།


TNT04_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

[ཡང་ན་]སྒྱིད་པ་གཉིས་པར་ལྷུ་[སྟེ་དཔུང་ པ་]ལ་བཀལ་ཏེ། ལག་པའི་ཤུགས་ཀྱིས་བྱིན་པ་གཉིས་གྱེན་ལ་འདེགས། འདི་གཉིས་ཀ་ལ་མ་ནིང་གི་རླུང་ཤུགས་བསྐྱེད་པའི་ངང་ནས། འོག་སྒོ་བརྡམས་ཀློད་དྲག་པོ་མང་དུ་བྱེད་པ་དང༌། [དེ་ནས་]སྟེང་རླུང་ཁ་དང་སྣ་རེ་མོས་ནས་རྔུབ་སྟེ་མགྲིན་པར་མིང་ནས་ལྟེ་བར་འཕུལ་བ་དང༌། [ཡར་]སྒྲེགས་པ་འདོན་པ་ཡང་ཡང་བྱའོ། །ཡང་དེ་རྣམས་[ལ་]རྐང་རྩེ་ས་ལ་བཙུགས། དཔུས་མོ་གཤོག་པ་ལྟར་བརྐྱངས། ལག་པ་[གཡས་]མདུན་[དང་གཡོན་]རྒྱབ་ཏུ་བརྐྱང་བས་ཀྱང་རུང་ངོ༌། །རླུང་སྦྱོར་གསུམ་པོ་འདི་ནི་ཧཱུཾ་ཕཊ་སྦྱོར་བའི་མན་ངག་དང་དགོས་པ་གཅིག་པ་ལས། འདི་ཤིན་ཏུ་རྣོ་སྟེ་གཡས་གཡོན་སྲོག་ཐུར་མཐའ་དགའ་བསྲེ་བའོ། །ཐུན་མཚམས་སུ་སྔར་བཞིན་ལུས་སྦྱོང་ལ་འབད། དེ་ལྟར་ན། གཡས་གཡོན་དང་སྟེང་འོག་གི་རླུང་རོ་གཅིག་ཏུ་བསྲེ་བ་ནི་སྲོག་རྩོལ་ཡིན་ལ། དེ་ཉིད་དབུ་མར་ཐིམ་པར་བྱེད་པ་ནི་འཛིན་པའོ། །འཛིན་པ་འདི་ལས་བདེ་དྲོད་ཀྱི་ཉམས་དང༌། གཞོམ་མེད་ཀྱི་སྒྲ་དང༌། སྲིད་པ་གསུམ་གྱི་སྣང་བརྙན་རབ་འབྱམས་འབྱུང་སྟེ། དེ་ལྟར་ཡང༌། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་བཅས། །ཐབས་དང་ཤེས་རབ་རང་བཞིན་ལ། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཞེས་དགྱེས་བ་རྡོ་རྗེ་ལས་སོ། །རྗེས་དྲན་ནི། བདག་ཉིད་དུས་འཁོར་བདེ་དགྱེས་གཤིན་རྗེ་གཤེད་ལ་སོགས་པ། ལྷག་པའི་ལྷ་ཡབ་ཏུ་གསལ་བ་སྟོང་གཟུགས་དང་རོ་གཅིག་ཏུ་གསལ་བར་བྱས། ལས་སམ་ཡེ་


TNT04_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཕྱག་རྒྱ་གང་ཡིན་ཡང་རུང་སྟེ། [འོན་ཀྱང་ཡེ་ཤེས་ཕྱག་རྒྱ་དུས་འཁོར་ཡབ་ཡུམ་ཏུ་གསལ་བའི་]དེ་ལའང་སྟོང་གཟུགས་ཀྱིས་རྒྱས་བཏབ་[ཕན་ཚུན་འཁྱུད་པ་ལ་སོགས་པའི་]རྗེས་ཆགས་ཀྱི་སྤྱོད་པ་སྔོན་དུ་འགྲོ་བས། དབང་པོ་གཉྀས་མཉམ་པར་སྦྱར་ཞིང༌། [དེ་ནས་ལྟེ་བའི་བུམ་པ་ཅན་གྱི་སྦྱོར་བ་དང་ལྡན་པས།]དེ་ལས་དགའ་བ་བཞི་ངང་གིས་སྐྱེ་བར་འགྱུར་ལ། [སྤྱི་བོ་ནས་རྩ་འཁོར་]རེ་རེ་བཞིན་བཟུང་བཟློག་ཁྱབ་[དམིགས་]པའི་གནད་རེ་ཚང་བར་བྱས་ནས། བྱང་ཆུབ་ཀྱི་སེམས་གསང་བའམ་ནོར་བུར་འོངས་པ་ན། སྲོག་[སྟེང་རླུང་]ཕྱིར་བསལ་ཞིང༌། ཐུར་སེལ་དྲག་ཏུ་[མར་]གློད་པས་[གསང་]རྩ་ལྟེམ་པར་འགྱུར་ཞིང༌། མ་ནིང་གི་རླུང་ཤུགས་དང་ལྡན་པས་རླུང་[གྱེན་དུ་]བཟློག་པར་འགྱུར་ལ། དེ་ཉིད་མར་ཡང་ཡང་[གནོན་པའི་]ནང་གི་གཏུན་བརྡུང་གི་སྦྱོར་བས་རྦ་རླབས་ཞི་བར་འགྱུར་ཏེ། དེ་ལྟར་ལུས་ངག་འདྲེས་པའི་གནད་གསུམ་དང༌། སེམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པའི་གནད་དེ། གནད་བཞི་ལྡན་གྱིས་འཕོ་མེད་དུ་བཟུང༌། སྲོག་ལ་ལོངས་སྤྱོད་ཀྱི་རླབས་[འཁྲུལ་འཁོར་སོགས་]གཞན་གྱིས་དགག་པ་དང༌། ཐུར་སེལ་ལ་དབུ་མའི་ལམ་[སྟེ་ནང་ཐིག་ལེ་དང་རླུང་སེམས་རྣམས་བརྟན་པ་ལ།]བདག་ཉིད་ཀྱིས་དགག་པའང་བཤད་དོ། །དེ་ནས་ནང་གི་[རེ་སྟེང་རླུང་]ཧཱུཾ་སྦྱོར་དང་ཐུར་སེལ་བསྣོལ་མ་ཁོང་སྒྲ་དང་བཅས་པ་དང༌། སྟོབས་ཀྱི་ཧཱུཾ་དྲག་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་


TNT04_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དྲུག་ཏུ་ཡང་བཟློག་པར་བྱའོ། །[རྩ་འཁོར་]དེ་དག་རེ་རེ་བཞིན་གྱི་མཐར་ཡང་ལུས་གྱི་གནས་རྣམས་དྲག་ཏུ་གཅུད་ཅིང་སྤྲུགས་པས་ཁྱབ་པར་བྱ། དེ་ལྟར་གནད་གསུམ་ལན་ཅི་རིགས་པར་སྦྱངས་ནས། མཐར་འདི་ལྟར་བྱ་སྟེ། [རྟིང་པ་གཉིས་ཕྱག་རྒྱར་བསྣོལ་བ།]ཙོག་པུ་འཕོངས་སྟེགས་ཅུང་ཟད་བཅས། ལག་པ་གཉིས་མདུན་དུ་བཙུགས་ལ། འོག་རླུང་བསྣོལ་མ་ཤུགས་བསྐྱེད་པ་ལན་དགུ་བྱ། དམིགས་པ་ནོར་བུ་ལ་གཏད། མཐར་ལུས་ཐམས་ཅད་གཅུ་ཞིང་དྲག་ཏུ་སྤྲུགས་ལ་མཇུག་ཏུ་ལན་གསུམ་བརྡེབ། ཡང་[འདུག་སྟངས་]དེ་ཉིད་ལས་སྲོག་རླུང་དྲག་ཏུ་ཕྱིར་བསལ། [རྗེས་]ཐུར་སེལ་[གྱི་ རླུང་]གཡས་གཡོན་དབུས་གསུམ་དུ་[ཡར་]འཐེན་ཞིང༌། ལྟོ་བ་[ཕྱིར་]འགྱུར་བ་ལན་དྲུག་བྱ། དམིགས་པ་གསང་བ་དང་ལྟེ་བ་ལ་གཏད། དྲུག་པོ་རེ་རེའི་མཐར་ཡང་གཅུད་སྤྲུགས་རྡེབ་པ་གསུམ་གོང་བཞིན་[ལན་རེ་]བྱེད། [ཕར་གཅིག་འཕྲོར་གཅིག་]དེ་ནས་ལག་པ་སྟོད་[དུ་]སྐྱིལ་[ཀྲུང་]བཅས་ནས། [སྲོག་ཐུར་གྱི་རླུང་]ཁ་སྦྱོར་སྟོད་དུ་དྲང་པ་ལན་གསུམ། དམིགས་པ་སྙིང་ག་དང་མགྲིན་པར་གཏད། རེ་རེའི་མཐར་ཡང་གཅུད་སྤྲུགས་རྡེབ་པ་སྔར་བཞིན་བྱ། དེ་ནས་ལག་པ་བརྐྱངས། སོར་མོ་ཕྲལ་ཏེ་བསྟན། གདོང་གཡས་གཡོན་དུ་བསྒྱུར། ལྟག་པ་བསྲང་སྟེ་མགོ་དགུགལག་པ་དང་ལག་སོར་ལའང་ཤེད་བཅུག སྲོག་ཐུར་རང་འགགས་ལས་མ་ནིང་གི་ཤུགས་སྟེང་དུ་དྲག་ཏུ་དྲངས།


TNT04_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དཔྲལ་བ་དང་སྤྱི་བོར་གཏད་དེ་ལན་གཅིག་གོ །གཅུད་སྦྲགས་རྡེབ་པ་གོང་བཞིན་བྱ། དེ་ནས་བུམ་ཅན་དང་མ་ནིང་སྤྲུགས་པའི་ངང་ནས་རྐང་པ་དང༌། རྐང་སོར་བརྐྱང་བསྐུམ་ [རྐང་རྩེ་]བཅུད་པ་ལན་དགུ་དང་བཅས་ཏེ་འོག་སྒོ་འབྱེད་འཛུམ་དྲག་ཏུ་བྱ། སྤྲུག་པ་རྡེབ་པ་མང་དུ་བྱེད། ལག་པ་གཉིས་ཕྱི་ནང་གཉིས་ནས་[བརྒྱུད]་ངར་གདོང་ནས་འཇུས་ཏེ། [རླུང་བཟུང་]སྟོད་སྨད་གཡས་གཡོན་ཐམས་ཅད་དྲག་ཏུ་བསྲུབས། [དེ་མ་ཐག་]དེ་ནས་སྤྲོ་ན་སེང་གེ་རྣམ་རོལ་ཡང་བྱེད་ཅིང༌། མཐར་འབེབས་ཆུང་དང། ཏེ་ཏེ་བརྡུང་བ་མང་དུ་བྱ། དེ་དག་གི་མཐར་ལུས་གནད་ལྟ་སྟངས་བཅས་ཏེ་བུམ་པ་ཅན་ལན་བདུན་ཙམ་གྱིས་རླུང་དང་བསྲེ། སེམས་འོད་གསལ་སྟོང་གཟུགས་ལ་མི་གཡོ་གསུམ་ལྡན་གྱི་སྒོ་ནས་མཉམ་པར་བཞག་གོ །དེ་ལྟར་ཡང༌། བྱེད་པ་བཅིང་པའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་རྡོ་རྗེ་བདུད་རྩིའི་རྒྱུད་ལས་སོ། །འདི་གནད་དུ་སོང་ན་སྟོང་གཟུགས་དང་སེམས་གནས་ལ། དེ་མ་ཐག་ཏུ་བོགས་འབྱིན་པར་འགྱུར་རོ།། རྗེས་དྲན་གྱི་མན་ངག་བསྡུས་པ་འདི་ནི་ཡན་ལག་སྔ་མ་རྣམས་ཀྱི་སྤོགས་ཆོག་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསལ་བར་གསུངས་པ། བཙན་ཐབས་ནཱ་དའི་སྦྱོར་བ་ཞེས་བྱ་བ་དེ་ཉིད་དངོས་ཡིན་ལ། རྗེས་དྲན་གྱི་སྒྲུབ་པའམ་རྒྱུ་ཆེས་ཟབ་པ་སྟེ་ཐུག་ཕྲད་དུ་དོན་སྟོན་པ་ཡིན་ནོ། །དེ་དག་ལ་


TNT04_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་གང་སྐྱེས་བྱུང་རྒྱལ་དུ་ལེགས་པར་བསྐྱངས་པས། གེགས་དང་གོལ་ས་ཐམས་ཅད་ལས་རང་གྲོལ་ཏེ། ཡོན་ཏན་ཐམས་ཅད་གོང་འཕེལ་ཏུ་འགྱུར་བ་ཡིན་ནོ། །དེ་ནས་ཏིང་ངེ་འཛིན་ནི་ད་ལྟ་ལས་དང་པོ་པས་ནི་མོས་སྒོམ་དུ་བྱ་བ་ཙམ་ཡིན་ལ། དེའི་རང་བཞིན་ནི་འདི་ལྟ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོས་ཞུ་བདེ་ཡང་ཡང་དྲངས་པ་ན། མི་རིང་བར་མི་འགྱུར་བའི་བདེ་བ་ཞེས་བྱ་བ། འདོད་ཆགས་ཆེན་པོ་ཐིག་ལེའི་འགྲོས་ལས་ཤར་བའི་ལྷན་ཅིག་སྐྱེས་པ་དང་སྟོང་གཟུགས་ངོ་བོ་གཅིག་ཏུ་གྱུར་པ་སྟེ། ཟུང་འཇུག་དེའི་ངོ་བོ་ལ་དབྱེ་བ་མེད་ཀྱང༌། རྣལ་འབྱོར་པའི་བློའི་རྟོགས་ཚུལ་ལ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་དབྱེ་བས་[བདེ་བ]མི་འགྱུར་བའི་བདེ་བ་ཡང་དེ་སྙེད་དུ་འགྱུར་ཞིང༌། འཁོར་ལོ་དྲུག་ཏུ་རླུང་འཕོ་བ་བཅུ་གཉིས་འགགས་པའི་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་བ་དང༌། རྡུལ་གྱི་དྭངས་མ་གཙུག་ཏོར་ནས་ནོར་བུའི་བར་དུ་ཆ་བཅུ་གཉིས་སུ་བརྟན་པར་གྱུར་པས། བདེན་དོན་རྣམ་པ་བཅུ་གཉིས་ཀྱི་བདག་ཉིད་དང༌། དཀར་པོ་སྙིང་སྟོབས་ཀྱི་དྭངས་མ་ནོར་བུ་ནས་སྤྱི་བོའི་བར་དུ་དགའ་བ་བཅུ་དྲུག་གི་རིམ་པས་བརྟན་པའི་ཕྱིར། དེ་ཉིད་རྣམ་པ་བཅུ་དྲུག་མངོན་དུ་འགྱུར་ཏེ། རླུང་དག་པས་ནི་ཐོགས་བཅས་རྣམས་གནས་འགྱུར་བར་བྱེད། རྩ་ཁམས་དག་པས་ཀྱང་རླུང་གནས་གྱུར་པར་བྱེད། དཀར་པོ་དག་པས་ཤ་ཁྲག་ལ་སོགས་པ་སྦྱོང་


TNT04_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། དམར་པོ་དག་པས་རུས་པ་དང་རྐང་སོགས་སྦྱོང་བར་བྱེད་དོ། །དེ་ལྟར་ན་སྙིང་སྟོབས་ཏེ་ཁུ་བ་དག་པས་འཁོར་བའི་ལུས་སྤངས་ནས་སྐུ་རྡོ་རྗེའི་གྲལ་དུ་ཆུད། རྡུལ་ཏེ་དམར་ཆ་དག་པས་འཁོར་བའི་དག་སྤངས་ནས་གསུང་རྡོ་རྗེའི་གྲལ་དུ་ཆུད། མུན་པ་སྟེ་རླུང་གི་ཁམས་དག་པས་འཁོར་བའི་ཡིད་སྤངས་ནས་ཐུགས་རྡོ་རྗེའི་གྲལ་དུ་ཆུད། བརྟེན་པ་སེམས་ཉོན་མོངས་པའི་རྣམ་རྟོག་ཅན་དེ་འགགས་པས། བཞི་པའི་གནས་སྐབས་འཛག་བདེ་དག་ནས། སེམས་ཉིད་ཡེ་ཤེས་རྡོ་རྗེའི་གྲལ་དུ་ཆུད། དེ་ལྟར་རྡོ་རྗེ་བཞི་དབྱེར་མི་ཕྱེད་བའི་བདག་ཉིད་རྡོ་རྗེ་འཆང་ཆུང་ངུའི་གནས་ཐོབ་པས། རྡོ་རྗེ་སེམས་དཔའ་ཞེས་ཐ་སྙད་གདགས་སོ། །དེ་ལྟར་ཡང༌། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་བྱ་བ། །གནས་ལ་སོགས་པ་དོན་དམ་ པའོ། །ཞེས་དང༌། མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་ཡོངས་རྫོགས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་དང་པོའི་སངས་རྒྱས་རྩ་བའི་རྒྱུད་ལས་སོ། །དེ་ནས་ཀུན་ཏུ་འོད་ཀྱི་ས་དང༌། བདུད་རྩིའི་འོད་དང༌། ནམ་མཁའི་འོད་དང༌། རྡོ་རྗེའི་འོད་དང༌། རིན་ཆེན་འོད་དང༌། པདྨའི་འོད་དང༌། སངས་རྒྱས་ཀྱི་ལས་བྱེད་པའི་ས་དང༌། དཔེ་མེད་པའི་ས་དང༌། དཔེ་ཐམས་ཅད་པའི་ས་དང༌། ཤེས་རབ་འོད་ཀྱི་ས་དང༌། ཐམས་ཅད་མཁྱེན་པའི་ས་དང༌། སོ་སོའི་བདག་ཉིད་རིག་པའི་ས་སྟེ་ས་བཅུ་གཉིས་སུ་རྣམ་པར་བཞག་པ་རྣམས་བགྲོད་ནས་རྫོགས་པའི་སངས་


TNT04_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྡོ་རྗེ་འཆང་ཆེན་པོ་སྲིད་པའི་བདག་པོ། ཕྱོགས་བཅུ་དུས་གསུམ་རབ་འབྱམས་མཐའ་ཡས་པ། མ་ལུས་ཤིང་ལུས་པ་མེད་པའི་ཁམས་གསུམ་གྱི་དབང་ཕྱུག་དམ་པ་ཐོབ་པ་ཡིན་ནོ། །སོ་སོར་ཉམས་མྱོང་ཅུང་ཟད་སྐྱེས་ནས། ཐུན་གཅིག་ལ་སྲོག་རྩོལ་གྱི་མཐར་བོགས་འདོན་རྗེས་དྲན་དང་བཅས་པ་བསྒོམ། ཐུན་གསུམ་སོར་བསམ་བསྒོམ་པ་དང༌། ཡང་ན་ཐུན་གཉིས་སྲོག་རྩོལ་དང་ཐུན་གཉིས་སོར་སྡུད་བསྒོམ་པ་སོགས་བྱའོ། །དེ་ལྟར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ། གསང་བ་ལས་ཀྱང་ཆེས་གསང་བ། ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཡི་གེ་བླ་མའི་ཞལ་ལུང་མ་སྦས་ཤིང་ཤིན་ཏུ་གསལ་བར་བསྟན་པ་འདི་ནི། ཟབ་དོན་ཉམས་ལེན་ལྷུར་བྱེད་པ་རྣམས་ལ་ཉེ་བར་མཁོ་བར་མཐོང་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རི་ཁྲོད་ཆེན་པོ་ཇོ་ནང་དུ་ངེས་པར་བརྗོད་པའོ། །དར་རྒྱས་འཕེལ། རང་ལུགས་ཀྱི་ཉམས་ཁྲིད་མ་ཐོབ་པ་ལ་གསང་ཞིང་སྦ་བར་ བྱའོ།། །།རྒྱས་གདབ་ཡིན། དགེའོ། །ཞུས་དག་གོ །མངྒ་ལཾ།། །།


TNT04_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།