སྦྱོར་དྲུག་གི་དྲི་ལན།


TNT04_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དྲུག་གི་དྲི་ལན་བཞུགས།


TNT04_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དང་ཡི་དམ་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་དང་ནི་དེའི་ཆོས་ལ། །དད་པས་བཏུད་ནས་སྐབས་འདིར་བརྗོད་བགྱི་བ། །བློ་གྲོས་དམན་ཞིང་བརྩོན་པ་དང་བྲལ་ཡང༌། །བླ་མའི་བཀའ་དྲིན་ཐོབ་གང་གསལ་བར་བརྗོད། །ཕྱི་མའི་དུས་འདིར་ཤིང་རྟ་ཆེར་གྲགས་ཤིང༌། །ཡོན་ཏན་དྲིས་རྒྱས་གྲགས་པའི་རྟ་དམར་ཅན། །ཕྱོགས་བཅུར་འགོད་ལ་ལྷོད་པ་དང་བྲལ་བ། །པད་དཀར་ཞེས་བྱའི་ཞལ་ནས་འདི་སྐད་གསུངས། །སོར་སྡུད་སྐབས་འདིར་རླུང་སེམས་ཟིན་པའི་རྟགས། །བཤད་པའི་ས་ཆུ་མེ་དང་རླུང་གི་རླུང༌། །ཟིན་པའི་གནད་གང་ཟིན་ཉིད་ཅི་ལ་དང༌། །དབུ་མར་ཚུད་དང་དེ་ལ་ཁྱད་པར་ཅི། །འདིར་བརྗཽད་པ། སྤྱིར་ན་ཕྱི་རོལ་ཡུལ་ལ་རྒྱུག་བྱེད་རླུང༌། །ཟློག་ཏུ་ཉེ་དང་ཅུང་ཟད་ཟློག་པ་དང༌། །དབུ་མར་ཞུགས་དང་གནས་དང་ཐིམ་པ་དེ། །གནས་སྐབས་ལྔ་ཀར་ལ་ཡང་ཐིམ་རིམ་གྱི། །རྟགས་ཀུན་ཆེ་ཆུང་རིམ་པས་འཆར་རོ་ཞེས། །སྨན་ཞབས་ལ་སོགས་རྒྱ་བོད་མཁས་གྲུབ་ཀྱིས། །རྒྱུད་སྡེ་དགོངས་པ་བཞིན་བཤད་འདིར་བཟུང་བྱ། །ཐིམ་སོགས་


TNT04_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལའང་རིམ་པ་དུ་མ་མཐོང༌། །རེ་ཞིག་ཐིམ་དང་གཏན་ནས་ཐིམ་པ་དང༌། །རེ་ཞིག་ཐིམ་ལའང་རྣམ་གྲངས་མཐའ་ཡས་ཡོད། །མཉམ་བཞག་ཐུན་གཅིག་བར་ལའང་སྐབས་ལྔ་དང༌། །ལྡང་བ་ཡོད་ཕྱིར་ཤིན་ཏུ་གནས་སྐབས་མང༌། །སོར་བསམ་གཉིས་ཀྱི་སྐབས་སུ་རླུང་རྣམས་ནི། །ཅུང་ཟད་ལྡོག་པ་ཡིན་ཞེས་ཁོ་བོ་འདོད། །དེ་ལ་ཟིན་ཞེས་ཐ་སྙད་སྦྱར་ལ་རག།གནད་ནི་དྷཱུ་ཏཱིའི་ཡས་སྣར་རླུང་སེམས་འཇུག །དབུ་མར་ཅུང་ཟད་ཆུད་པ་འདི་ཡང་ལགས། །རོ་རྐྱང་རྒྱུ་བ་འགགས་ན་ཆུད་པ་ཟེར། །ཐ་སྙད་གློ་བུར་སྦྱར་བ་མང་པོ་ལ། །བརྩད་པར་མི་འོས་དོན་ལ་དཔྱོད་ན་མཛེས། །ཚིག་གཙོར་མཛད་ན་སྐབས་འདིར་ནམ་མཁའི་རླུང༌། །དངོས་ཤུགས་གང་ལའང་མ་བསྟན་ཆད་པའི་སྐྱོན། །ཚུད་ཅེས་བྱ་བ་གྲོང་ཁྱེར་པ་ཡི་བརྡ། །ས་ཡི་དངོས་གཞིར་སྨྲ་བའི་སྐྱོན་དུ་གསུངས། །ཞེས་བརྗོད་དོ། །དྲིས་པ། རྩ་རྣམས་དག་ཚེ་དབུ་མ་ལས་གཞན་པའི། །རྣམ་གཞག་རྒྱུད་ལས་མ་མཐོང་ཀུན་མཁྱེན་ཆེ། །འཁོར་བ་གནས་གྱུར་མྱང་འདས་མི་བཞེད་པས། །རོ་རྐྱང་


TNT04_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་རྩ་སོགས་གང་དུ་སོང༌། །བརྗོད་པ། ཉིད་ཀྱི་ལུགས་ལ་དག་པ་ཅི་ལ་ཟེར། ཁོ་བོ་ཅག་ནི་རྩ་གཞན་ནུས་པ་དག །དབུ་མ་བཞིན་དུ་ཡེ་ཤེས་སྐྱེད་བྱེད་ལ། །དག་ཅེས་ཟེར་ཞིང་སློབ་དཔོན་སོ་སོ་ཡི། །གྲུབ་མཐའ་འགལ་བ་མཐའ་དག་སུ་ཡིས་སྐྱོང༌། །རྒྱལ་དང་རྒྱལ་སྲས་ཆེན་པོའི་དགོངས་པ་འཆད། །འོན་ཀྱང་ཇོ་ནང་ཀུན་མཁྱེན་འཁོར་འདས་ཀྱི། །གནས་གྱུར་གཏན་ནས་མི་བཞེད་རྒྱུ་མཚན་ ཅི། །རྣལ་འབྱོར་སྤྱོད་གཞུང་གྲུབ་མཐའི་སྙིང་པོར་མཛད། །འཁོར་བ་རྣམ་ཤེས་བརྒྱད་པོ་གནས་གྱུར་ལས། །མྱང་འདས་ཡེ་ཤེས་བཞི་སོགས་ཐམས་ཅད་ བཞེད། །འཁོར་བ་འཁྲུལ་སྣང་མེད་པར་རྟོགས་པའི་ཚེ། ཁམས་གསུམ་སྣང་བ་ཐམས་ཅད་འགགས་པ་ལ། །རོ་རྐྱང་གཉིས་ལ་དགཽས་སུ་དཔྱོད་འདི་བླུན། །གྲོང་ཁྱེར་ཚིག་ནས་ཐལ་བར་སོང་ཤེས་ནས། །སྒོ་གླེག་གང་ལ་སོང་ཞེས་དཔྱོད་དང་འདྲ། །འདྲི་ན་འཁོར་བ་གང་དུ་སོང་ཞེས་འདྲི། །མཐའ་ཡི་རྩ་རྣམས་ཤིན་ཏུ་ཕྲ་བ་དང༌། །དབུས་ཀྱི་རྩ་ནི་ཤིན་ཏུ་སྦོམ་ཞེས་སོགས། །གསུངས་ཕྱིར་དབུ་མར་དག་པ་ཤིན་ཏུ་བཞེད། །དྲིས་པ། སོར་སྡུད་ཉིད་ཀྱིས་གྲོལ་བའི་གང་ཟག་དེ། །རྩ་མདུད་གང་གིས་བཤིག་དང་དཀར་དམར་གྱི། །འཕོ་བ་དག་དང་བཅུ་གཉིས་བདེན་དོན་ས། །རྒྱུ་རྐྱེན་ཅི་ལས་བྱུང་འདི་གསལ་བར་སྨྲོས། །བརྗོད་པ། ལམ་གཞན་རྟོགས་པ་རྒྱུད་ལ་མ་སྐྱེས་པའི། །སོར་སྡུད་ཁོ་ནས་གྲོལ་བ་ཡོད་མ་ཡིན། །སོར་སྡུད་ཁོ་ནས་གྲོལ་བའི་གང་ཟག་གིས། །ཐ་སྙད་ཚད་ལྡན་ལས་མེད་འདིས་ཅི་བྱ། །རབ་ཀྱིས་དང་པོས་


TNT04_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཞེས་བྱ་བ་ལ། །རབ་ཅེས་བྱ་བས་རིམ་གཉིས་འབད་པ་ཡིས། །སྐྱེ་བ་སྔ་མར་བསྒོམས་པའི་གང་ཟག་བསྟན། དེ་ནི་ཚེ་འདིར་བླ་མས་བསྟེན་པ་ལྟར། །སོར་སྡུད་བསྒོམས་པའི་རྐྱེན་གྱིས་རླུང་འགགས་ནས། ཁམས་ཀྱི་ཐིམ་རིམ་མཐར་ཕྱིན་རྗེས་དྲན་དང༌། །ཏིང་འཛིན་སོགས་ཀྱི་རྟོགས་པ་སྐྱེས་ལ་ཟེར། །སྐྱེ་བ་སྔ་མར་འཛིན་པའི་རྗེས་དྲན་གྱི། །རྟོགས་པ་ཡོད་ན་དེ་ལ་འབྱུང་བ་ལགས། །སོར་སྡུད་ཙམ་གྱི་ལྟ་བ་བཟང་པོ་དག །ཤར་ལ་གྲོལ་བའི་མིང་ཙམ་འདོགས་པ་མཐོང༌། །མིང་ཙམ་ལ་ནི་བདག་ཅག་ག་ལ་རྩོད། །བསམ་གཏན་ཕན་གྱི་མན་ངག་བླ་མ་ཡིས། །མ་བསྟན་པས་ན་དང་པོའི་རྟོགས་ཞེས་བཤད། །རྩ་མདུད་འཇིག་པར་ཡན་ལག་ཕྱི་མ་བཞིར། །དཀར་དམར་ཐིམ་ཚུལ་ཏིང་འཛིན་སྐབས་སུ་འབྱུང༌། །དྲིས་པ། སྲོག་རྩོལ་དུས་སུ་ཕྱི་ནས་རྔུབ་པའི་རླུང༌། །དབུ་མར་ཞུགས་པའི་གནས་ཏེ་འཁོར་ལོ་གང༌། །དེ་ཉིད་དབུ་མའི་ལམ་དུ་མི་འཇུག་ ན། །རྔུབས་ཏེ་ནང་དུ་བཀང་པའི་དགོས་པ་ཅི། །བརྗོད་པ། སྲོག་རྩོལ་དུས་ཀྱི་ཞུགས་གནས་ཐིམ་གསུམ་པོ། །གཙོ་བོར་ལྟེ་བའི་འཁོར་ལོར་བྱེད་པ་ཡིན། །དྲིས་ཚིག་འདི་ལས་དཔགས་ན་སྲོག་རྩོལ་སྐབས། །དབུ་མར་ཞུགས་པ་འབའ་ཞིག་ཁྱེད་བཞེད་དམ། །དྲིས་པ། རླུང་རྣམས་ཕྱི་རོལ་འཕོས་པའི་སྐྱོན་གསུངས་ནས། །ཡང་འདིར་མཉམ་རྒྱུའི་འཕོ་བ་བསྒྲུབ་བྱར་བསྟན། །


TNT04_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནི་དེ་ཉིད་སྒྲ་གཅན་འཆི་ལྟས་བཤད། །འདི་འདྲ་འགལ་མེད་སྟོན་པའི་རིགས་པ་ཅི། །བརྗོད་པ། རེ་ཞིག་གཞན་ལས་ཞེས་འདི་ཅི་ཞིག་བརྟག །དུས་འཁོར་ཡིན་ན་གཞན་ཞེས་ཚིག་མི་འཐད། །རྒྱུད་སྡེ་གཞན་ཞིག་ཡིན་ན་སྐབས་ཀྱི་གཏམ། །ཉམས་པ་མིན་ནམ་བློ་ལྡན་རྣམས་ཀྱིས་དཔྱོད། །འདི་ལ་མགོ་སྒྲེ་བའི་ལན་ནི། ས་སྡེར་ཤིན་སྦྱངས་བདེ་བ་སྐྱེ་བའི་སྔོན། །ཀླད་པ་ལྕི་ཞིང་ནོན་པ་འབྱུང་ཞེས་བ། །གཞན་དུ་མགོ་ནད་ཡོད་པའི་རྟགས་སུ་བཤད། །འདི་འདྲ་འགལ་མེད་སྟོན་པའི་རིགས་པ་ཅི། །ཡེ་ཤེས་མགོན་པོ་མཧཱ་ཀཱ་ལ་ནི། །སྤྱན་གསུམ་ཕྱག་བཞིར་སྒྲུབ་ཐབས་ཁུངས་མར་འབྱུང༌། །གཞན་དུ་དབང་ཕྱུག་མིག་གསུམ་ལག་བཞིར་བཤད། །དེ་འདྲའི་འགལ་མེད་རིགས་པའང་ཁྱོད་དྲིས་ཤིག །དངོས་ཀྱི་ལན་ནི། འཆི་བའི་རྩ་ཆེན་བསྡུད་འབྲལ་མར་འབབ་པའི། །མཉམ་རྒྱུའི་རླུང་གིས་དུས་མིན་འཆི་བ་སྟེར། །དབུ་མར་འབབ་གང་ཕྱི་རུ་རྒྱུ་བ་ན། །མཉམ་རྒྱུ་ཁོ་ན་ལགས་ཏེ་འཆི་མེད་སྟེར། །དེ་བཞིན་འཆི་བའི་ལྟས་ལའང་དབུ་མའི་སྒོ། །ཡངས་པོར་ཞིག་པའི་མཉམ་རྒྱུ་འབྱུང་མོད་ཀྱི། །རྣལ་འབྱོར་སྟོབས་ཀྱིས་དབུ་མར་བཅིངས་པ་དང༌། །འདྲ་བའི་ཐེ་ཚོམ་གཞི་ཡང་ག་ལ་ཡོད། །དྲིས་པ། སྲོག་རྩོལ་གྱིས་ནི་རླུང་རྣམས་འགགས་བྱས་ནས། །འཛིན་པས་རིགས་དྲུག་རྩེར་མོར་འཆིངས་དེ་ལ། །སླར་ཡང་ཏིང་ངེ་འཛིན་དེར་ཉི་ཁྲི་དང༌། །


TNT04_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་སྟོང་དྲུག་བརྒྱ་འགག་དགོས་ཅི་སྟེ་གསུངས། །བརྗོད་པ། སྲོག་འཛིན་སྐབས་སུ་རྩོལ་བས་འཆིང་ནུས་མོད། །དེ་རུ་གཏན་ནས་རྒྱུ་བ་འགག་མ་ཡིན། །ཏིང་འཛིན་སྐབས་སུ་རླུང་རྣམས་རྩ་བ་ ནས། །ཕྱིན་ཆད་རྒྱུ་བ་མེད་པར་བྱས་པ་ཡིན། །བྱམས་པ་བསྒོམས་པས་ལན་དགའ་ཞེ་སྡང་བཟློག །སྟོང་ཉིད་མཐོང་ཚེ་གཏན་ནས་བཟློག་པ་བཞིན། ཁྱེད་ཀྱི་ལྟར་ན་རླུང་ཐིམ་རྣལ་འབྱོར་པ། །རྟག་ཏུ་དབུགས་ཀྱི་འགྱུ་བ་འཆད་པར་ འགྱུར། །རླུང་གི་ཐིམ་ཚུལ་སྲོག་འཛིན་ལས་ལྷག་པ། །རྗེས་དྲན་སྐབས་ནས་ཅི་ཕྱིར་ཡོད་མ་ཡིན། །འོན་ཀྱང་ཐིམ་ཚུལ་འབྱུང་བའི་ཐོག་མ་དང༌། །གཏན་ནས་ཐིམ་པའི་དུས་གཉིས་བརྗོད་པ་ཡིན། །དྲིས་པ། ཏིང་ངེ་འཛིན་དེར་རྩ་མདུད་གྲོལ་བ་དང༌། །འཛག་བདེ་དག་གསུངས་སྔཽན་མ་རྣམས་ལ་མིན། །ལམ་འདིར་ཁྱད་ཆོས་ལྷག་པོ་ཅི་ཞིག་ཡོད། །མེད་ན་སྐབས་འདིར་གསུངས་པའི་རྒྱུ་མཚན་ གང༌། །བརྗོད་པ། ཏིང་འཛིན་སྐབས་འདིར་ཕྱག་ཆེན་གྱིས་དྲངས་པའི། །ཞུ་བདེས་རང་བཞིན་བདེ་བ་མཚོན་པ་ཡོད། །དེ་ཡིས་ཐིག་ལེ་མི་འཛག་མི་གཡོ་ བར། །རང་གནས་གཡོ་མེད་བཅིངས་པའི་བདེ་བ་སྒྲུབ། །འགྱུར་མེད་བདེ་བས་རྩ་མདུད་རྫོགས་པར་འཇིག །འཛག་བདེའི་དབང་དུ་དེ་ནི་འགྱུར་མ་ཡིན། །དག་ཅེས་བྱ་བ་ཅུང་ཟད་མགོ་གནོན་དང༌། །ས་བོན་


TNT04_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་དང་གནས་ངན་ལེན་པ་སྤངས། །གསུམ་ལ་ཅི་རིགས་དགོངས་ཕྱིར་བག་ཡོད་མཛོད། །ལས་རྒྱས་འཛག་བདེ་སྦྱིན་ཞེས་གསུངས་པ་དང༌། །དག་བྱའི་འཛག་བདེ་ཅིག་གམ་ཐ་དད་འདོད། ཁྱོད་ལ་དྲི་བྱ་ཁོ་བོ་ཐ་དད་སྨྲ། དྲིས་པ། ལུས་གཅིག་ཉིད་ཀྱིས་ཡེ་ཤེས་སྐུ་འགྲུབ་པ། །གསལ་བར་གསུངས་ན་རྩ་སོགས་སྙིགས་མའི་ཁམས། ཇི་ལྟར་དྭངས་འགྱུར་སྙྀགས་མའི་ཕུང་པོ་འདི། །སྤངས་ན་ལུས་གཅིག་དེ་ཡང་ཇི་ལྟར་འགྱུར།། བརྗོད་པ། གོང་དུ་རོ་རྐྱང་གང་དུ་སོང་ཞེས་དང༌། །སྐབས་འདིར་སྙྀགས་མ་ཇི་ལྟར་དྭངས་ཞེས་པའི། །དོགས་དཔྱོད་འདི་ནི་ལྷག་པར་བཟང་མིན་ ཏེ།། དོགས་ལ་གཅིག་གི་དོགས་པ་གཅིག་ལན་བཏབ། །དཀར་དམར་རླུང་བཅས་བཅིངས་པས་སྙིགས་མའི་ཁམས། །ངན་པ་ཟོས་ནས་ཡེ་ཤེས་སྐུར་འགྱུར་བ།། ལྕགས་རྣམས་དངུལ་ཆུས་གསེར་དུ་བསྒྱུར་འདྲ་ཞེས། །གསལ་བར་གསུངས་པ་འདི་ལ་དྲིས་པས་ཅི། །སྤངས་ཞེས་བྱ་བ་ངོ་བོ་སྤངས་པའམ། ཤི་བས་སྤངས་པ་ཉིད་ལ་འདྲི་བ་ཡིན། །སྙིགས་མ་ཡལ་ནས་ཡེ་ཤེས་སྐུར་གྱུར་ལ། །ཤི་བའི་དོགས་པ་དཔྱོད་ལྡན་སུ་ལ་འབྱུང༌། །ཡེ་ཤེས་སྐུ་དང་མ་དག་ལུས་ཉིད་ཀྱི། །གཞི་མཐུན་མེད་ཅིང་ངོ་བོ་ཞེས་མ་སྤངས། །ལྕགས་ཀྱི་དངོས་པོ་སྤངས་ཞེས་དཔེར་ཡང་གསུངས། །འདི་ལ་ཇི་སྐད་བཀོད་པའི་སྐྱོན་ཡང་མེད། །ཐོག་མའི་རྟེན་གྱི་ལུས་ནི་ཅིག་ཁོ་ན། །དེ་ཕྱིར་


TNT04_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅིག་ཁོ་ནར་བརྗོད་མོད་ཀྱི། །རྣམ་སྨིན་ཡེ་ཤེས་སྐུ་དེ་གཉིས་བརྒྱུད་ཀྱང༌། །ལུས་གཅིག་ཉིད་ལ་འཆེད་རྒྱས་ཞེས་གསུངས་ བཞིན། །རྒྱལ་བའི་སྲས་པོར་ཞལ་གྱིས་བཞེས་ཟིན་པས། །རྩོད་པ་ལྷུར་ལེན་བསྟན་བཅོས་འོས་མ་ཡིན། །མཁས་པ་ལན་སྨྲས་འོས་ཡིན་དྲི་འོས་མིན། །འཁྲུལ་དང་བླུན་པོ་མཁས་པར་འཆོས་པ་ལ། །གདམས་ངག་འོས་ཀྱི་སྡང་བའི་ཡུལ་མ་ཡིན། །དྲི་མེད་རང་ལུགས་རྒྱ་ཆེར་འཇོག་པ་དང༌། །ལུགས་ངན་རིགས་པའི་མཚོན་ཆ་བརྒྱ་ཕྲག་གིས། །གཞྀག་པར་རིགས་ཀྱི་ཁྱད་དུ་བསད་པས་ཅི། །ཀླུ་སྒྲུབ་དབྱིག་གཉེན་ཆཽས་ཀྱི་གྲགས་པ་སོགས། །འཕགས་ཡུལ་མཁས་དང་ཕྱོགས་འདིའི་ཤིང་རྟ་ཆེ། །ཀུན་གྱི་དྲི་བ་ཕྱོགས་བཅུར་འགྱེད་མི་མཛད། །མཁས་རྣམས་གཞན་གྱི་དྲིས་ན་གསོང་པོར་སྨྲ། །ཤེས་བཞིན་འདྲི་བ་ཚར་བཅད་ཀྱི། །གནས་སུ་བཤད་པ་མ་ཡིན་ནམ། །རྒྱལ་བ་བཅོམ་ལྡན་མུ་སྟེགས་ལ། །ཐེ་ཚོམ་གཅོད་པར་ག་ལ་མཛད། །ཞུས་ན་ཉེ་རིང་མེད་པར་ནི། །ཆོས་ཀྱི་བདུད་རྩིའི་ཆར་ཡང་འབེབས། ཁ་བ་ཅན་འདིར་ཕྱི་མའི་དུས། །གྲགས་འདོད་ཆགས་སྡང་དབང་གྱུར་རྣམས། །རང་ཉིད་སྤོབས་པ་གཏུགས་བཞིན་དུ། །གཞན་ལ་དྲི་བ་བརྒྱ་ཕྲག་ རྩོམ། །འདི་ལྟ་བུ་ཡི་སྐྱེས་བུས་ནི། །གཞན་ལ་དྲི་བ་མི་མཛེས་ཏེ། །གལ་ཏེ་གཞན་གྱིས་དྲིས་གྱུར་ན། །ཚིག་གི་དགའ་སྟོན་སྤེལ་བར་འོས།། །།ཞེས་པའང་ཏཱ་ར་ནཱ་ཐ་ཡིས། །དྲི་བའི་བསྟན་བཅོས་མཐོང་མ་ཐག །རང་གི་བློ་ལ་ཤར་བ་རྣམས། །ཐུན་གཅིག་ཉིད་ལ་ཡི་གེར་བཀོད། །


TNT04_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལོ་ཉེར་ལྔ་པ་ལའོ། །ཞུས་དགདགེ་ལེགས་འཕེལ། གཡུ་ལོ་བཀོད་པའི་ཞིང༌། །འཕགས་མ་བཞུགས་པའི་གནས། །ང་ཚོ་ཕྱི་མའི་དུས། །དེ་རུ་སྐྱེ་སྨོན་འདེབས། །འདི་ཡང་མ་ཏིས་སོ།།