Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།
   
   
   
   
   
   
   
   
   


 
previousརྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།next

རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ།


TNT04_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་ལྷན་ཐབས་འོད་བརྒྱ་འབར་བ་བཞུགས།


TNT04_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་ཞིག་དྲན་པ་ཙམ་གྱིས་ནི། །འཁོར་བའི་འཆིང་བ་གྲོལ་མཛད་པ། །བླ་མ་མཆོག་གི་ཞབས་པད་ལ། །གུས་པས་ཕྱག་འཚལ་བྱིན་གྱིས་རློབས། །འདིར་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་སྟོན་པ་ལ། ཆོས་ཁུངས་དང་འབྲེལ་བའི་ཆེ་བརྗོད། ཐོག་མར་ཆོས་ཁུངས་དང་འབྲེལ་བའི་ཆེ་བ་ཅུང་ཟད་བརྗོད་པར་སྤྲོ་ན། འདིར་བླ་མ་གོང་མ་རྣམས་ཀྱི་གསུང་ལས། མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད་མ་ལུས་པ་ཕྱུང་བ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུག རྣལ་འབྱོར་དབང་ཕྱུག་ཐམས་ཅད་ཀྱི་གཤེགས་ཤུལ་ལམ་འཇུག་ངོགས། ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང་ལྡན་པའི་གང་ཟག་ཅིག་ཚེ་


TNT04_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་ས་ལ་འཁྲིད་པར་བྱེད་པའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན། རྒྱུད་ཀྱི་རྒྱལ་པོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་ཤིང་གསང་པའི་དོན། །མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མ་སྦས་གསལ་བར་བསྟན་པ། ཕྱག་རྒྱ་ཆེན་པོ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཞེས་གསུངས་པའི་དབང་དུ་བྱས་ནས། ཆོས་འདི་མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད་མ་ལུས་པ་ཕྱུང་བ་ཡིན་ཏེ། མདོ་སྔགས་ཀྱི་ལམ་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན། རྒྱུད་ལས་ཀྱང། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་བོ་ཕྱོགས་ཉམས་དེ་ནི་མཉམ་པར་འགྱུར་རོ། །ཞེས་གསུངས་པ་ལྟར། བརྩེ་བ་སྙིང་རྗེ་ཆེན་པོ་དང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ཟུང་དུ་འཇུག་པ་སྟེ། ཆོས་འདི་ཉིད་ཀྱི་སྙིང་པོར་རྟག་ཏུ་བཞུགས་པ་ཡིན་ཏེ། སྦྱོར་དངོས་རྗེས་གསུམ་ཐམས་ཅད་ཀྱི་སྐབས་སུ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱེད་པ་ཡིན། སྟོང་ཉིད་ཀྱི་ལྟ་བ་


TNT04_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཡུལ་དུ་འཇོག་པའི་གནས་སྐབས་ཀྱང་མང་དུ་ཡོད་ལ། འོན་ཀྱང་གོ་ཡུལ་གྱི་སྟོང་ཉིད་དེ་ཙམ་ཁོ་ན་གནད་དུ་མི་ཆེ་སྟེ། དོན་གྱི་གཙོ་བོ་དཔྱད་པ་ལས་འདས་ཤིང༌། རྗེས་དཔག་ཙམ་གྱི་ཡུལ་མ་ཡིན་པའི་སྤྲོས་བྲལ་སྟོང་ཉིད་ནི་ཆོས་འདིའི་དམིགས་པའི་མཐིལ་ཡིན་ནོ། །ཡང་གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་ཁྱད་ཆོས། གཞན་དང་ཐུན་མོང་མ་ཡིན་པ་ནི། མི་འགྱུར་བའི་བདེ་བ་སྙིང་རྗེ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་སྟོང་པ་ཉིད་དེ། དེ་གཉིས་ཟུང་དུ་འཇུག་པ་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་ན། དེ་ནི་ཆོས་ཚུལ་འདི་ལ་ཡོད་པ་ཙམ་དུ་མ་ཟད། ཟུང་འཇུག་གི་ལམ་དེ་ནི་སྦྱོར་བ་ཡན་ལག་དྲུག་པ་འདི་ཁོ་ན་ཡིན་གྱི། ལམ་གཞན་ལ་མེད་ཅེས་དམ་འཆའ་རུ་ཡང་རུང་སྟེ། རྒྱ་བོད་དུ་ཕལ་ཆེར་ལ་གྲགས་པའི་མན་ངག་རྗེས་འབྲང་གི་ཡི་གེ་རིས་སུ་འཁོད་ཅིང་རྒྱུན་ཡོད་པ་རྣམས་ཀྱི་དབང་དུ་བྱས་ན། སྦྱོར་དྲུག་ལས་གཞན་པའི་རིམ་ལྔ། ཕྱག་རྒྱ་བཞི་པ། ཕྱག་རྫོགས་ཞི་གཅོད། ཆོས་དྲུག་ལམ་འབྲས་སོགས་གང་ལ་ཡང་ཟུང་འཇུག་གི་ལམ་ཡོངས་སུ་རྫོགས་པར་མཚན་ཉིད་ཚང་བ་མེད་ན། གཞན་བླུན་པོ་མགོ་སྐོར་གྱི་ཆོས་དང༌། རྟོག་གེ་བས་བརྟགས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །དེ་ཡང་དེ་དང་དེའི་ལུགས་སྲོལ་འཛིན་པར་འདོད་པའི་རྗེས་འཇུག་རྒྱ་བོད་རྣམས་ཀྱི་འཆད་ཚུལ་ལ་དེ་ལྟར་ཡིན་གྱི། ཀླུ་སྒྲུབ་ཀྱི་རིམ་ལྔ། ཛྙཱ་ན་པའི་གྲོལ་ཐིག དྲིལ་བུ་རིམ་ལྔ། ནག་པོ་རིམ་བཞི་སོགས་ཀྱི་གཞུང་རྩ་བ་རྣམས་ཀྱི་དགོངས་བརྟད་ནི། ཆོས་འདི་དང་གཅིག་པས་གྲུབ་ཐོབ་དེ་དག་གིས་ཀྱང་ལམ་འདི་ཁོ་ན་ཐུགས་སུ་ཆུད་པ་ཡིན་ཞིང༌། གཞུང་དེ་དག་ཆོས་འདི་དང་མཐུན་པར་འཆད་ཤེས་ན་དགོངས་པ་ཕྱིན་ཅི་མ་ལོག་པར་འགྱུར་ རོ། །དོན་གྱི་གཙོ་བོ་ནི་དེ་ལྟ་བུ་ཡིན་ལ། གཞན་ཡང་དད་པ་དང༌། ངེས་འབྱུང་དང༌། བླང་དོར་གྱི་སྤྱོད་པ་དང༌། ཞི་གནས། ལྷག་མཐོང་དང༌། ཚད་མེད་བཞི། ཕར་ཕྱིན་བཅུ། བསྡུ་དངོས་བཞི། བྱང་ཕྱོགས་སོ་བདུན་སོགས་མདོ་དང་ཐུན་མོང་བ་རྣམས་དང༌། སྨིན་གྲོལ་གྱི་ལམ།


TNT04_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར། དབང་བཞིའི་ཡེ་ཤེས། བསྐྱེད་རྫོགས་ཀྱི་རིམ་པ་རྣམ་གྲངས་མི་འདྲ་བ་ཐམས་ཅད། དོན་རྡོ་རྗེའི་རྣལ་འབྱོར་འདིའི་ཁོངས་སུ་ཆུད་པའི་ཕྱིར། ཆོས་འདི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཞེས་བྱའོ། །ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ཡི་བཞི་པ་དང༌། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པས་ཉན་ཐོས་རང་རྒྱལ་ཐེག་ཆེན་ཏེ། ཐེག་པ་གསུམ་དུ་མ་འདུས་པའི་ཐེག་པ་བཞི་པ་མེད་མོད་ཀྱང། གསུམ་པོའི་ནང་སེལ་གྱི་དབྱེ་བ་ལ་བརྟེན་པའི་རྣམ་གྲངས་ཀྱི་ཐེག་པ་མང་དུ་འབྱུང་པའང་མི་འགལ་ཏེ། ལང་ཀར་གཤེགས་པ་ལས། ཐེག་པ་རྣམ་པ་མང་བཤད་པ། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུའང་ངས་བསྟན་ཏོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། །ཅེས་གསུངས་པས་སོ། །དེས་ན་དད་པ་ཕུན་སུམ་ཚོགས་པས་བླང་དོར་ཕྱིན་ཅི་མ་ལོག་པར་བྱེད་པ་ནི་ལྷའི་ཐེག་པ་དང༌། འཇིག་རྟེན་པའི་ཏིང་ངེ་འཛིན་རྣམས་སྒོམ་པ་ནི། ཚངས་པའི་ཐེག་པ་སྟེ། དེ་གཉིས་འཇིག་རྟེན་པའི་ཐེག་པ་ཡིན་པས། ཐེག་པ་དངོས་མ་ཡིན་ལ། དེ་ལས་མཆོག་ཏུ་གྱུར་པ་ཉན་ཐོས་ཀྱི་ཐེག་པ་དང༌། དེ་བཞིན་དུ་རང་རྒྱལ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བྱ་རྒྱུད་དང༌། སྤྱོད་རྒྱུད་དང༌། རྣལ་འབྱོར་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་ཐེག་པ་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཆོག་ཏུ་གྱུར་པ་ཡིན་ཞིང༌། རྣལ་འབྱོར་བླ་མེད་གཞན་ཐམས་ཅད་ལས་ཀྱང་ཆེས་མཆོག་ཏུ་གྱུར་པ་ནི། དཔལ་དུས་ཀྱི་འཁོར་ལོ་ཡིན། རྒྱུད་འདིའི་ཟབ་དོན་མཐར་ཐུག་ནི། རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ཡིན་པས། ལམ་དང་འབྲས་བུའི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེའམ་མཐར་ཐུག་པ་ནི། རྣལ་འབྱོར་ཡན་ལག་དྲུག་པ་འབྲས་བུར་བཅས་པ་དང༌། གསུང་རབ་སྡེ་སྣོད་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པའི་ཡང་རྩེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཡིན་ནོ། །སྐབས་འདིར་དོགས་པ་འདི་འབྱུང་


TNT04_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདུས་པ་བདེ་དགྱེས་སོགས་ཀྱང་བླ་ན་མེད་པ་ཡིན་ན། དེ་དག་ལས་དུས་འཁོར་ལྷག་པ་མི་འཐད་དོ་སྙམ་ན། སྤྱིར་སངས་རྒྱས་ཀྱི་བཀའི་གླེགས་བམ་དང༌། ཚིག་ལ་བྱིན་རླབས་ཆེ་ཆུང་ངམ། ཕྱག་མཆོད་ཀྱི་ཡུལ་དུ་བཟང་ངན་གྱི་ཁྱད་པར་འབྱེད་པ་སོགས་ནམ་དུ་ཡང་མི་རུང་ན། རྣལ་འབྱོར་བླ་མེད་ནང་ཚན་དུ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན་ཡང༌། ཚིག་ཟིན་གྱི་དོན་དང༌། སྒྲ་ཇི་བཞིན་པའི་དོན་ལ་རྒྱ་ཆེ་ཆུང་དང༌། ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་པས། དོན་འདིའི་དབང་དུ་བྱས་ཏེ། བླ་མེད་གཞན་རྣམས་ལས་དུས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་ཡིན་པས། འདི་ཉིད་ཐེག་པའི་ཡང་རྩེར་འཇོག་ལ། རྒྱུད་གཞན་ཐམས་ཅད་ཀྱི་སྦས་དོན་འདིས་གསལ་བར་མཛད་ཅིང༌། དེའི་ཚེ་བླ་མེད་ཀྱི་རྒྱུད་གཞན་རྣམས་ཀྱི་དགོངས་དོན་གྱི་གནད་ཐམས་ཅད་འདི་དང་གཅིག་པར་འགྱུར་བའི་ཕྱིར། འདུས་པ་བདེ་དགྱེས་སོགས་ཀྱང་བླ་ན་མེད་པ་མ་ཡིན་པར་ཐལ་བའི་སྐྱོན་ག་ལ་ཡོད། ཡང་བློ་དམན་འགའ་ཞིག་ལ་དོགས་པ་འདི་འབྱུང་སྟེ། འདི་ཐེག་པའི་ཡང་རྩེ་ཁོ་ན་ཡིན་ན། ཐེག་པ་གཞན་ཐམས་ཅད་དང་ཐུན་མོང་མ་ཡིན་པར་གྱུར་པའི་ཕྱིར། མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་པར་འགལ། ཡང་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་ན། ཐེག་དམན་གྱི་དོན་ཡང་ཡིན་པའི་ཕྱིར། ཡང་རྩེ་ཡིན་པར་འགལ་སྙམ་པ་འདི་འབྱུང་ངོ༌། །དེའི་ལན་ནི། ཐེག་པ་ཆེ་ཆུང་མདོ་རྒྱུད་ཐམས་ཅད་ཀྱི་ཐུགས་ཀྱི་བརྟད་སོའི་དགོངས་པ་གཅིག་ཡིན་ཞིང༌། གཅིག་པོ་དེ་ཡང་རྡོ་རྗེའི་རྣལ་འབྱོར་ཁོ་ནའོ། །འོན་ཀྱང་སོ་སོའི་ཚིག་གི་དངོས་བསྟན་སྒྲ་ཇི་བཞིན་པ་ལ་ཟབ་དོན་འདི་གསལ་མི་གསལ་དང་རྒྱས་མི་རྒྱས་ཀྱི་ཁྱད་པར་ཤིན་ཏུ་གལ་ཆེ་བས། མཆོག་དམན་མེད་པའང་མ་ཡིན་ནོ། །དེས་ན་ངེས་དོན་ཤིན་ཏུ་གབ་པའི་གསུང་རབ་རྣམས་ལ་གང་ཟག་སྐལ་དམན་དག་ཡིད་རྟོན་པས་ཐེག་དམན་གྱི་མདོ་ཞེས་གྲགས་ཤིང༌། ངེས་དོན་ཅི་རིགས་གབ་ཅིང་ཇི་ལྟར་འོས་པ་གསལ་བར་མཛད་པ་རྣམས་གང་ཟག་དབང་པོ་འབྲིང་གི་རིགས་རྣམས་ཀྱིས་སྐལ་


TNT04_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐོབ་པ་ནི་ཕར་ཕྱིན་ཐེག་པ་ནས་ཡོ་གའི་ཐེག་པའི་བར་དུ་གྲགས་ཏེ་བླ་ན་ཡོད་པའོ། །ཟབ་དོན་མཐར་ཐུག་གསལ་བར་སྟོན་པ་རྣམས་དབང་པོ་མཆོག་རྣམས་ཁོ་ནའི་ཆོས་ཀྱི་སྐལ་བར་བྱོན་པ་ལ་ཐེག་པ་བླ་ན་མེད་པ་ཞེས་གྲགས་པ་ཡིན་ནོ། །དེས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་ལས། རྡོ་རྗེའི་རྣལ་འབྱོར་འདི་སྤྱིར་གསལ་པོར་བསྟན་པ་ཙམ་ཡིན་མོད་ཀྱང༌། དཔལ་ལྡན་དུས་འཁོར་དང་བསྐྲུན་ན། གཞན་དེ་རྣམས་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་གཞག་འགའ་ཞིག་ཏུ་མི་གསལ་བ་དང༌། ཁ་ཅིག་ཏུ་བསྡུས་པ་དང༌། ལ་ལ་དག་ཏུ་མ་ཚང་བའི་ཚུལ་དུ་ཡོད་ལ། རྒྱུད་ཀྱི་རྒྱལ་པོ་འདིར་ནི། ཟབ་ལམ་མཐར་ཐུག་འདི་ཤིན་ཏུ་གསལ་བ་དང། ཆེས་རྒྱས་པ་དང༌། ཡོངས་སུ་རྫོགས་ཤིང་གབ་པ་དང་འཁྲུགས་པ་མེད་ལ། འཐོར་ཐབས་མ་ཡིན་པར་གསུངས་པའི་ཕྱིར་མཆོག་དང་རྩེ་མོར་གྱུར་པའང་ཡིན་ནོ། །དེས་ན་དངོས་སུ་གསལ་བར་བསྟན་པའི་སྒོ་ནས་གཞན་དང་ཐུན་མོང་མ་ཡིན་པ་ཐེག་པའི་ཡང་རྩེ་ཡིན། དགོངས་པའི་བརྟད་སོ་ཕུགས་ཀྱི་ཞེ་འདོད་ཀྱི་དབང་དུ་བྱས་ན། ཐེག་པ་མཐའ་དག་གི་དགོངས་པ་ཡིན་ནོ། །དེ་ཡང་འདི་ལྟར་གོ་དགོས་ཏེ་ཉན་ཐོས་ཀྱི་སྡེ་སྣོད་ནས་རྣལ་འབྱོར་རྒྱུད་མན་ཆད་ཀྱི་གཞུང་ན། སྤྱི་ལྡོག་ནས་གྲུབ་པས་ཁྱད་པར་ཅན་གྱི་དོན་ཡང་ཤུགས་ལ་འགྲུབ་པ་མང་སྟེ། དཔེར་ན་མིའི་འགྲོ་བ་ཙམ་བདེ་འགྲོ་ཡིན་པར་གྲུབ་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བདེ་འགྲོའི་མཆོག་ཡིན་པར་ཤུག་ལ་གྲུབ་པ་བཞིན་དུ། སྤྱི་ལྡོག་ནས་སྟོང་ཉིད་སྒོམ་པ་ལམ་གྱིས་མཆོག་ཏུ་གསུངས་པས། ཁྱད་པར་ཅན་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་སྒོམ་པ་ལམ་གྱི་ཆེས་མཆོག་ཏུ་ཤུགས་ལ་བསྟན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཚུལ་སྤྱི་ལྡོག་ནས་ནམ་མཁའི་རྣལ་འབྱོར་ཙམ་དང༌། བླ་གབ་མེད་པའི་རྣལ་འབྱོར་ཙམ་ཡིན་པར་དངོས་སུ་གསུངས་པས། དེའི་ཤུགས་ལ་ནམ་མཁའ་དང་བླ་གབ་མེད་པའི་རྣལ་འབྱོར་ཁྱད་པར་ཅན་སོར་སྡུད་ཀྱི་ལམ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ཐབས་ཀྱི་གཙོ་བོ་


TNT04_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་གསུངས་པར་འགྲོ་བ་ལྟ་བུ་སྟེ། དེས་གཞན་རྣམས་ལའང་མཚོན་ནོ། །ཡང་བླ་མེད་ཀྱི་བསྡུས་རྒྱུད་གཞན་རྣམས་ལས་ནི། ཁྱད་པར་ཅན་དེ་རྣམས་སྤྱི་ཁྱབ་ཀྱི་ཁོག་ཏུ་སྦས་ཏེ་གསུངས་པ་ཉུང་ལ། རྒྱུད་ཚིག་བགྲམ་པོ་གོ་དཀའ་བའི་ཚུལ་གྱིས་སྦས་པ་དང༌། དང་པོར་ནག་པོ་རབ་ཏུ་བསྒོམ། ཞེས་པ་ལྟ་བུ་ནག་པོ་མུན་པའི་ནམ་མཁའ་ལ་དགོངས་པ་ཡིན་ཡང༌། སྐྱེ་བོ་ཕལ་གྱིས་དོན་གཞན་ལ་འཁྲུལ་འགྲོ་བའི་ཚུལ་གྱིས་སྦྱར་བའི་སྦས་པ་དང༌། བསྐྱེད་རིམ་གྱི་ཟོལ་གྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བཤད་པ་དང༌། མི་འགྱུར་བའི་བདེ་བ་ཞུ་བདེའི་ཁོངས་སུ་སྦས་པ་དང༌། དབང་བཞི་པ་དབང་གསུམ་པའི་ནང་དུ་སྦས་པ་དང༌། གཞན་ཡང་བརྡ་ཐབས་སྣ་ཚོགས་པས་བསྟན་ཏེ། བྱང་ཆུབ་སེམས་དཔའི་འགྲེལ་པ་དང༌། བླ་མའི་མན་ངག་དང༌། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱ་བའི་རིམ་པས་གོ་བར་བྱ་དགོས་ཀྱི། གཞན་དུ་མཁས་པར་རློམ་པ་རྣམས་མགོ་རྨོངས་པར་འགྱུར་རོ། །རྒྱུད་ཀྱི་བསྟན་དོན་ནི་རྡོ་རྗེའི་རྣལ་འབྱོར་ཁོ་ན་ཡིན་གྱི་རིགས་མཐུན་སྤྱི་ཁྱབ་ཙམ་སྨྲོས་པ་མ་ཡིན་ནོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཞེས་བྱ་བ་ལ། གསང་འདུས་ཕྱི་མ་ལས། མི་སྣང་ལ་སོགས་དངོས་གྲུབ་ནི། ཐ་མལ་པ་ཞེས་བཤད་པ་ ཡིན། །སངས་རྒྱས་ཉིད་འགྲུབ་སངས་རྒྱས་ཀྱིས། །དངོས་གྲུབ་མཆོག་ཅེས་བཤད་པ་ཡིན། །ཞེས་གསུངས་པ་ལྟར། རིལ་བུ་མིག་སྨན་རྐང་མགྱོགས་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཆུང་ངུ། འདོད་པའི་ལུས་ཀྱི་རིགས་འཛིན་འབྲིང་པོ། གཟུགས་ཀྱི་རིགས་འཛིན་ཆེན་པོ་སྟེ། དེ་རྣམས་འཇིག་རྟེན་པའི་དངོས་གྲུབ་ཡིན། འཇིག་རྟེན་ལས་འདས་པ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཡན་ཆད་ནས་མཐར་ཐུག་པ་རྫོགས་པའི་སངས་རྒྱས་སོ། །ཐུན་མོང་འཇིག་རྟེན་པའི་དངོས་གྲུབ་ནི་བསྐྱེད་རིམ་གྱི་རང་འབྲས་སུ་ཟད་པ་མ་ཡིན། རྫོགས་རིམ་པས་མ་བསྒྲུབས་པར་ཡང་ཞོར་ལ་འགྲུབ་སྟེ། སམྦུ་ཊི་ལས། རལ་གྲི་མིག་སྨན་རྐང་བྱུག་དང༌། །རི་ལུ་ས་འོག་


TNT04_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་མོ། །དངུལ་ཆུ་ལས་ཀྱི་རྗེས་འགྲོ་དང༌། །འཇིག་རྟེན་གསུམ་ཡོད་དངོས་གྲུབ་འགྱུར། །འདོད་པ་ལྔ་དང་ལྡན་པ་ལས། །ཀུན་ཏུ་བདག་ཉིད་ཆེན་པོར་འགྱུར། །ཞེས་དང༌། བསམ་མི་ཁྱབ་ཀྱི་གཞུང་ལས་ཀྱང༌། །ཀུན་མཁྱེན་གནས་ཀྱི་སྦྱོར་པ་འདི། །བསམ་གྱིས་མི་ཁྱབ་མི་རྟོག་པ། །ཀུན་ཏུ་བཟང་པོ་ཞེས་བྱ་ལྷ། །ཡིད་བཞིན་ནོར་བུ་བཞིན་དུ་འབྱུང༌། །ས་འོག་རལ་གྲི་རིལ་བུ་དང༌། །ཤིང་ལྷམ་བུམ་པ་གནོད་སྦྱིན་མོ། །བཅུད་དང་མིག་སྨན་བཟང་པོ་ཡང༌། །རང་ཉིད་འགྲུབ་སྟེ་གཞན་དུ་མིན། །ཞེས་སོ། །འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་རྫོགས་རིམ་ཁོ་ནས་འགྲུབ་པ་ལས་རྫོགས་རིམ་གྱི་ལམ་ཡིན་ངེས་འཁྲུལ་མེད་བདེན་པ་ཅན་རང་བཏགས་པ་ཙམ་མ་ཡིན་པའི་དངོས་རང་སྟེ། རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ཡིན་པས་དངོས་གྲུབ་གཉིས་ཀའི་སྒྲུབ་ཐབས་བླ་ན་མེད་པའོ། །ཞི་སོགས་ལས་ཆེན་རྣམས་ནི་དངོས་གྲུབ་དངོས་མ་ཡིན་རྗེས་མཐུན་པ་ཙམ་ཡིན་པས་ཕྲ་མོ་ཞེས་གྲགས་པ་དེ་དག་ཀྱང་ཞོར་ལ་འགྲུབ་པ་ཡིན་ལ། ད་ལྟ་མི་ནོར་དར་བ་ཙམ་དང༌། ཟས་གོས་ཐན་ཐུན་བྱུང་བ་ལ་དངོས་གྲུབ་ཟེར་བ་དང༌། ཐེ་བྲང་གི་དངོས་གྲུབ། རྒྱལ་འགོང་གི་དངོས་གྲུབ་ཟེར་བ་སོགས་ནི་མི་ནག་པ་བླུན་པོའི་ཁ་སྐད་ཙམ་ཡིན་པས་ཆོས་སྐད་ཀྱི་གསེབ་ཏུ་སྨྲ་བར་མི་བྱའོ། །ཆོས་འདི་ལས་ཏེ་འཕྲལ་གྱི་འདོད་དོན་འཕྲན་བུ་དེ་ཀུན་ཡང་འབད་མེད་དུ་འབྱུང་མོད། དེ་འདྲ་ཙམ་སྨོས་རིན་ཡང་མི་ཆོག་གོ །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཞེས་པ་ནི། འདས་པའི་སངས་རྒྱས་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་འདི་བསྒོམས་ཏེ་མངོན་པར་རྫོགས་པར་སངས་རྒྱས། མ་བྱོན་པའི་སངས་རྒྱས་རྣམས་ཀྱང་འདི་བསྒོམས་པས་འཚང་རྒྱ་བར་འགྱུར། དེ་ལྟར་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ལམ་འདི་བསྒོམས་པས་སངས་རྒྱས་པ་ཁོ་ན་ཡིན་ཞེས་པ་སྟེ། དེའི་རྒྱུ་མཚན་ཡང་བྱང་ཆུབ་སེམས་དཔའ་ཐོག་མ་ནས་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་སྨོས་མ་དགོས། རེ་ཞིག་མདོ་ལམ་ཁོ་ན་ལ་ཞུགས་པ་རྣམས་ཀྱང་མཐར་རྫོགས་པའི་


TNT04_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐོབ་ཀར་སྔགས་ལ་མི་འཇུག་པའི་ཐབས་གཏན་ནས་མེད། དེ་ལྟ་བུའི་སྔགས་ལམ་དེ་ཡང་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ཙམ་མམ། རྣལ་འབྱོར་བླ་མེད་ཀྱི་ལམ་བསྐྱེད་རིམ་དང༌། ལས་རབ་འབྱམས་སོགས་ཀྱིས་མ་ཡིན་ཏེ། རྫོགས་པའི་རིམ་པ་མཐར་ཐུག་ལ་བརྟེན་ནས། བླ་ན་མེད་པའི་བྱང་ཆུབ་བསྒྲུབ་དགོས་པ་ལ། དེ་འདྲ་བའི་རྫོགས་རིམ་དེ་ནི་སྦྱོར་བ་ཡན་ལག་དྲུག་པ་ཁོ་ན་ལས་གཞན་དུ་མེད་པས། སངས་རྒྱས་མ་ཡིན་ན་ཕར་ཞོག ཡིན་ན་ཡིན་ཚད་ཀྱི་ལམ་དངོས་གཞི་ཉམས་ལེན་གྱི་གཙོ་བོ་རྣལ་འབྱོར་ཡན་ལག་དྲུག་པ་འདི་ཁོ་ན་ཡིན་པས་བགྲོད་པ་གཅིག་པའི་ལམ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་པའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་གཤེགས་ཤུལ་དུའང་གྲུབ་མོད། རྣམ་གྲངས་གཞན་གྱི་སྒོ་ནས་བཤད་ན། རྒྱ་སྐད་དུ་ཡོ་ག་ཞེས་བྱ་བ་དམིགས་པའི་ཡུལ་ལ་སེམས་རྩེ་གཅིག་ཏུ་སྦྱོར་བའི་ཕྱིར། མཉམ་བཞག་ཏིང་ངེ་འཛིན་གྱི་མིང་ལ་སྦྱོར་བའམ་རྣལ་འབྱོར་ཞེས་བྱ། དེ་ལྟ་བུའི་རྣལ་འབྱོར་དེ་གང་གི་རྒྱུད་ལ་ཡོད་པའི་སྐྱེས་བུ་དེ་ལ་ནི་རྣལ་འབྱོར་པ་ཞེས་ བྱའོ། །དེ་ཡང་མུ་སྟེགས་ལ་སོགས་པ་འཇིག་རྟེན་པ་དང༌། ཉན་རང་དང༌། བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་སོགས་མང་དུ་ཡོད་མོད་ཀྱང༌། དེ་དག་རྣལ་འབྱོར་པ་ཙམ་ཡིན་གྱི། རྣལ་འབྱོར་ཅན་གྱི་དབང་ཕྱུག་ནི་མ་ཡིན་པས། རྣལ་འབྱོར་ཅན་གྱི་དབང་ཕྱུག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཡིན་ཏེ། རྣལ་འབྱོར་ཅན་ཐམས་ཅད་ཀྱི་རྒྱལ་པོའམ་གཙོ་བོའམ། འཁོར་ལོས་བསྒྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡིན་པ་ལས་སངས་རྒྱས་རྣམས་ཀྱི་བསྒོམ་བྱ་ཡིན་ཚུལ་བཤད་ཟིན། འདིར་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱི་དབང་དུ་བྱས་ནས་བཤད་ན། རྒྱལ་སྲས་ཐུ་བོ་འཕགས་པ་འཇམ་དཔལ་དང༌། སྤྱན་རས་གཟིགས་དང༌། ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་སྙིང་པོ་ལ་སོགས་པས་ཀྱང༌། རྡོ་རྗེའི་རྣལ་འབྱོར་འདི་ཉིད་བསྒོམ་པར་མཛད་པ་ཡིན་ཏེ། འཇམ་དཔལ་གྱི་རང་གི་ལྟ་འདོད་མདོར་བསྟན་དང༌།


TNT04_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱི་དྲི་མེད་འོད་དང༌། ཕྱག་ན་རྡོ་རྗེའི་བདེ་མཆོག་གི་རྒྱུད་ཀྱི་འགྲེལ་པ་དང༌། རྡོ་རྗེ་སྙིང་པོའི་དགྱེས་རྡོར་གྱི་འགྲེལ་པ་རྣམས་སུ་ལམ་འདི་ཉིད་ཁོ་ན་རྒྱས་ཤིང་གསལ་བར་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱི་དགོངས་དོན་དེ་ལྟར་དུ་གྲུབ་པས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དགོངས་དོན་དུ་གྲུབ་སྟེ། དེ་རྣམས་དགོངས་པ་གཅིག་ཅིང་ལམ་བགྲོད་པ་གཅིག་པའི་ཕྱིར་རོ། །གཞན་ཡང་གྲུབ་ཐོབ་ཀུན་གྱི་སྤྱི་མེས། ས་ར་ཧ་ཡང་ལམ་འདི་ཁོ་ན་བཞེད་དེ། དེས་མཛད་པའི་དོ་ཧ་མཛོད་ཀྱི་གླུ་ལས། ཆོས་སྦྱོར་བ་ཡན་ལག་དྲུག་པ་ཁོ་ནའི་དབང་དུ་བྱས་པའི་ཆོས་སྐད་ཀྱིས་དབུ་ཞབས་ཐམས་ཅད་ཁྱབ་བོ། །དཔལ་ཨོ་རྒྱན་གྱི་གནས་ན་གྲུབ་ཐོབ་གཙོ་ཆེ་ཤོས་རྒྱལ་པོ་ཨིནྡྲ་བྷུ་ཏིས་ཀྱང༌། ཡེ་ཤེས་གྲུབ་པར་ལམ་ངན་པ་ཐམས་ཅད་བཀག་སྟེ། རྡོ་རྗེའི་རྣལ་འབྱོར་འདི་ཉིད་བསྟན་ཏོ། །སློབ་དཔོན་ཨཱརྱ་དེ་བས་ཀྱང་ཁུངས་སུ་ལུང་འདྲེན་པའི་དཔལ་གསང་བ་གྲུབ་པ་ཞེས་བྱ་བའི་གཞུང་སློབ་དཔོན་པདྨ་བཛྲ་ཐོག་མས་མཛད་པ་ལས་ཀྱང༌། ཡི་གེ་དགོད་པ་དང་ཕྱག་རྒྱ་བཞིའི་དོན་གསུངས་པ་རྣམས་ནི་ཆོས་འདི་དང་དོན་གཅིག་ཅིང༌། སློབ་དཔོན་གྲུབ་ཐོབ་རྟ་མཆོག་ལ་སོགས་པ་གྲུབ་ཐོབ་མང་པོའི་དགོངས་འདུས། སློབ་དཔོན་རྟོག་རྩེ་བས་ཡི་གེར་བཀོད་པ་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་ཀྱི་གཞུང་དོན་ཡང་ལམ་འདི་ཁོ་ནར་གནས་པ་དང༌། གཞན་ཡང་གྲུབ་ཐོབ་རྣམས་ཀྱི་དོ་ཧ་རྡོ་རྗེའི་གླུ་མཐའ་ཡས་པ་ཞིག་ཀྱང༌། རྡོ་རྗེའི་རྣལ་འབྱོར་གྱི་ལམ་ཡོངས་སུ་རྫོགས་པའམ། ཆ་ཤས་ཆ་ཤས་སྟོན་པ་ཁོ་ན་ཤས་ཆེ་བ་ཡིན་ཞིང༌། དེར་མ་ཟད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་དང༌། འཕགས་པ་ལྷས་མཛད་པའི་སྤྱོད་པ་བསྡུས་པའི་སྒྲོན་མ་ལས་ཀྱང༌། ལ་ལ་ན་མིང་འདོགས་ཐ་དད་ཙམ་མ་གཏོགས་ལམ་འདི་ཉིད་བསྟན་པ་ཡིན་ཏེ། ལུས་དབེན་ནི་སོར་བསམ། ངག་དབེན་ནི་སྲོག་རྩོལ། སེམས་དབེན་ནི་འཛིན་པ། སྒྱུ་ལུས་ནི་རྗེས་དྲན། འོད་གསལ་ནི་ཏིན་ངེ་འཛིན། ཟུང་འཇུག་ཏིང་ངེ་འཛིན་གྱི་འབྲས་བུའོ། །སློབ་


TNT04_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རྡོ་རྗེ་དྲིལ་བུ་པའི་རིམ་པ་ལྔ་པ་ལས་ཀྱང༌། དོན་རྡོ་རྗེའི་རྣལ་འབྱོར་ཉིད་སྟོན་ཏེ། དེའི་རིམ་པ་ལྔ་ནི། བདག་བྱིན་བརླབ་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། ནོར་བུ་འགེངས་པ་དང༌། ཛ་ལན་དྷ་ར་དང༌། བསམ་མི་ཁྱབ་ཀྱི་རིམ་པ་སྟེ་ལྔའོ། །དེ་ལས་ས་བོན་མེད་པའི་བདག་བྱིན་བརླབ་པ་ནི། སོར་བསམ་དང༌། ས་བོན་དང་བཅས་པའི་བདག་བྱིན་བརླབ་པ་ནི་སྲོག་རྩོལ་དང༌། སྣ་ཚོགས་རྡོ་རྗེའི་རིམ་པ་ནི་འཛིན་པ་དང༌། ནོར་བུ་འགེངས་པའི་རིམ་པ་དང་ཛ་ལན་དྷ་རའི་རིམ་པ་གཉིས་རྗེས་དྲན་དང༌། བསམ་མི་ཁྱབ་ནི་ཏིང་ངེ་འཛིན་འབྲས་བུར་བཅས་པའོ། །སློབ་དཔོན་ནག་པོ་སྤྱོད་པ་པའི་རིམ་པ་བཞི་པ་ལས་ཀྱང༌། རྒྱུད་ཀྱི་རིམ་པ་སོར་བསམ། སྔགས་ཀྱི་རིམ་པ་སྲོག་རྩོལ་དང་འཛིན་པའི་ཕྱེད་སྔ་མ། ཡེ་ཤེས་ཀྱི་རིམ་པ་འཛིན་པའི་ཕྱེད་ཕྱི་མ་དང་རྗེས་དྲན། གསང་བའི་རིམ་པ་ནི་ཏིང་ངེ་འཛིན་འབྲས་བུར་བཅས་པའོ། །དེ་བཞིན་དུ་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་མཛད་པའི་ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ལ་སོགས་པ་མང་པོ་ཞིག་ནི། འགའ་ཞིག་ལ་རྡོ་རྗེའི་རྣལ་འབྱོར་ཆ་ཚང་བ་དང༌། འགའ་ལས་སྐུ་རྡོ་རྗེའི་རྣལ་འབྱོར་ཙམ་དང༌། ཁ་ཅིག་ལས་གསུང་རྡོ་རྗེའི་རྣལ་འབྱོར་ཙམ་སྟོན་པ་སོགས། མདོར་ན་གྲུབ་ཐོབ་ཆེས་ཆེ་བ་རྣམས་ཀྱི་གསུང་ནི་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ལ་གཞོལ་ཞིང་འབབ་པའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་དགོངས་པ་གཅིག་པ་དང་དབྱངས་གཅིག་པ་ཡིན་ནོ། །འོ་ན་འདུས་པ་རིམ་ལྔའི་མན་ངག་མར་འགོས་གཉིས་ལས་བརྒྱུད་པ་དང། བདེ་མཆོག་རིམ་བཞི་རིམ་ལྔའི་མན་ངག་ནཱ་རོ་པ་ལས་བརྒྱུད་པ་སོགས་ལག་ལེན་དུ་འདེབས་པའི་མན་ངག་མང་པོ་ཞིག་ལ་དམིགས་པ་འདི་དང་མི་འདྲ་བར་འབྱུང་བ་ཅི་སྙམ་ན། གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་མཛད་པའི་རྩ་བའི་གཞུང་རྣམས་ཀྱི་ཕུགས་ཀྱི་དགོངས་དོན་ཡིན་པར་མ་ཟད། འཕྲལ་གྱི་ཚིག་དོན་ཡང་རྣམ་པར་མི་རྟོག་པའི་ལམ་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་བཞིན་སྟོན་པ་ཡིན་མོད་ཀྱང༌། ལམ་འདི་སྒོམ་མི་ནུས་པ་དང༌།


TNT04_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མི་མོས་པ་དང༌། རེ་ཞིག་འདི་ལ་དངོས་སུ་འཇུག་པའི་སྐལ་བ་མེད་པ་རྣམས་ལ། གཞུང་དེ་དང་དེའི་དགོངས་དོན་རྫོགས་རིམ་དངོས་དེ་མ་ཡིན་ཡང་མོས་པའི་སྒོ་ནས་ལམ་དུ་བྱེད་པའི་རྟོག་བཅས་བསྐྱེད་རིམ་ཕྲ་ཐིག་གི་རྣལ་འབྱོར་ལ་རྫོགས་རིམ་གྱི་མཚན་གསོལ་ནས་བསྟན་པ་ཡིན་ནོ། །དེ་ལ་གོམས་ན་རིམ་གྱིས་རྫོགས་རིམ་བསྒོམ་པའི་སྐལ་བ་ཅན་དུ་འགྱུར་བའི་ཕྱིར་ཤིན་ཏུ་འབྲེལ་ཆགས་པ་ཡིན་མོད་ཀྱང༌། རྟོག་བཅས་ཀྱི་མན་ངག་དེ་དག་རང་རང་གི་གཞུང་རྩ་བ་དེ་དག་གི་དགོངས་དོན་བསྟན་བྱའི་གཙོ་བོ་ནི་མ་ཡིན་པར་ཤེས་པར་བྱའོ། ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང་ལྡན་པའི་གང་ཟག་ཅིག་ཅེས་པའི་དོན་ནི། ཁམས་དྲུག་ནི་ས་ཁམས་ཆུ་ཁམས་མེ་ཁམས་རླུང་ཁམས་ནམ་མཁའི་ཁམས་ཡེ་ཤེས་ཀྱི་ཁམས་ཏེ་དྲུག་གོ །འདིར་གཟུགས་མེད་ཁམས་ཞེས་པ་དམན་པ་ལ་དགག་སྒྲ་སྦྱར་བ་ཡིན་ཞིང༌། གཟུགས་ནི་ཡོད་དེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཁམས་དྲུག་གི་ཆ་ཤས་ཚང་བ་ཙམ་ཡིན་མོད་ཀྱི་ཤས་ཆེར་སྤྱོད་པའི་དབང་དུ་བྱས་ནས་ཡེ་ཤེས་བཞག་པའི་ཁམས་ལྔ་པོ་ལ། གཟུགས་མེད་ཁམས་པ་ནམ་མཁའི་ཁམས་ཁོ་ན་སྟེ་གཅིག་ལྡན་དང༌། བསམ་གཏན་བཞི་པ་ལ་དེའི་སྟེང་དུ་རླུང་ཁམས་ཏེ་གཉིས་ལྡན་དང༌། གཟུགས་ཁམས་གཞན་བསམ་གཏན་གསུམ་པ་གཉིས་པ་དང་པོའི། ལྷ་རྣམས་སྔ་མའི་སྟེང་དུ་མེ་ཁམས་བསྣན་པས་གསུམ་ལྡན་དང༌། འདོད་ཁམས་ཀྱི་ལྷ་རྣམས་དེའི་ཡང་སྟེང་དུ་ཆུ་ཁམས་བསྣན་པས་བཞི་ལྡན་དང༌། མིའི་འགྲོ་བ་རྣམས་དེའི་ཡང་སྟེང་དུ་ས་ཁམས་བསྣན་པས་ཁམས་ལྔ་ལྡན་ཡིན་ལ། ཡེ་ཤེས་ཀྱི་ཁམས་ནི་ཀུན་ལ་ཁྱབ་པ་ཡིན་ཡང༌། ཁམས་གཞན་རྣམས་ཕྲ་བ་ན་ཡེ་ཤེས་ཀྱང་ཕྲ་ལ། གཞན་རྣམས་རགས་པ་ན། ཡེ་ཤེས་ཀྱང་རགས་པར་འབྱུང་བས་མི་ལུས་ལ་ཁྱབ་བྱ་ཁམས་ལྔ་སྟོབས་ཆེན་ཡོད་པ་བཞིན་དུ། ཁྱབ་བྱེད་ཡེ་ཤེས་ཀྱང་སྟོབས་ཆེ་བའི་ཕྱིར། ཁམས་དྲུག་ལྡན་པ་ཞེས་བྱ་སྟེ། དེ་ལྟར་ན་འདིར་ནམ་མཁའི་ཁམས་ཞེས་བྱ་བ། ནམ་མཁའ་དང་ནི་


TNT04_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་གཉིས། །ཞེས་པ་ལྟ་བུའི་ནམ་མཁའ་དངོས་མེད་ལ་མི་འཇོག སྟོང་པའི་རྡུལ་ཞེས་བྱ་བ་རེག་ཐོགས་ཀྱི་བྱ་བ་ཆེར་མི་བྱེད་ཀྱང་རྡུལ་གྱི་ཁྱད་པར་ཡིན་ཞིང༌། དབང་པོའི་སྤྱོད་ཡུལ་ལས་འདས་པ་ཞིག་གོ །མདོ་ལུགས་ལས་ཀྱང༌། སྐྱེས་བུ་ཁམས་དྲུག་འདུས་པ་ཞེས་པ་དང་གནད་གཅིག དེ་ལྟར་ན་སྐྱེས་བུའི་ལུས་སྤྱི་ཁྱབ་ཁམས་ལྔ་ལྡན་ཡིན་པ་ལྟར་རྟེན་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱང་ཁམས་ལྔ་ལྡན་ཡིན་ཞིང༌། ལྔ་པོ་དང་དབྱེར་མེད་དུ་འདྲེས་པའི་བརྟེན་པ་སེམས་ཀྱི་ཆོས་འགྱུར་བདེ་བག་ཆགས་དང་བཅས་པ་ནི། ཡེ་ཤེས་ཀྱི་ཁམས་ཡིན་ལ། དེ་ལྟར་ན་འབྱུང་བ་རྣམས་ཀྱི་ནང་ནས་རགས་ཤོས་ས་ཁམས་ཡིན་པས། དེའི་ཐིག་ལེ་དང་དེ་ལ་བརྟེན་པའི་འགྱུར་བདེ་ཡེ་ཤེས་ཀྱི་ཁམས་ཀྱང་ཤིན་ཏུ་རགས་པའི་ཕྱིར། ལམ་སྒོམ་པའི་གནས་སྐབས་སུ། ས་ཁམས་རགས་པ་དེ་འཆང་སླ་ཞིང༌། རགས་པ་བཅིངས་པས་ཕྲ་བ་ཡང་རང་ཤུགས་ཀྱིས་འཆིང་བར་འགྱུར། ཐོག་མར་རགས་པ་མ་བཅིངས་ན། ཕྲ་བ་ཁོ་ན་འཆིང་བའི་ཐབས་མེད། དེས་ན་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པ་ལ་མི་འགྱུར་བའི་བདེ་བ་བསྒྲུབ་དགོས། དེ་ལ་ཞུ་བདེ་འགྱུར་མེད་གྲུབ་དགོས། དེ་གཉིས་ཀ་བྱང་ཆུབ་ཀྱི་སེམས་འཆིང་བ་ལ་རགས་ལས་པས། འཆིང་བའི་སྐབས་སུ་རགས་རིམ་ནས་འཆིང་དགོས་པའི་ཕྱིར། ཁམས་དྲུག་ལྡན་གྱི་ལུས་ལ་ཡེ་ཤེས་ཀྱི་སྐུ་མཆོག་གི་དངོས་གྲུབ་ཚེ་གཅིག་ལུས་གཅིག་ལ་འགྲུབ་པ་ཡོད་པར་གསུངས་ཀྱི། གཞན་རྣམས་ལ་མ་གསུངས་སོ། །དེ་ཡང་མི་སྲིད་པ་མ་ཡིན་མོད་ཀྱང་འབྱུང་བ་ཤིན་ཏུ་དཀོན་ནོ། །ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་ས་ལ་འཁྲིད་པར་བྱེད་པ་ཞེས་པ་ནི། སྔོན་གྱི་སྐྱེ་བར་གསང་སྔགས་ལ་ཞུགས་པའི་ལས་འཕྲོ་ཅན་ཚེ་འདིར་མཆོག་ཐོབ་པ་ལྟ་བུ་ནི། སྐྱེ་བ་བརྒྱུད་ནས་མཆོག་ཐོབ་པ་ཡིན་གྱི། ཚེ་གཅིག་ལ་སངས་རྒྱས་པར་མི་འགྲོ་ལ། དེར་མ་ཟད་ཚེ་རབས་སྔ་མར་མདོ་ལུགས་ལ་བརྟེན་ནས་ལམ་སྣ་ཟིན་ཞིང༌། ཐར་པ་ཆ་མཐུན་རྒྱུད་ལ་བསྐྱེད་པ་ཞིག་ཚེ་འདིར་གསང་


TNT04_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བསྒོམས་པས་གྲོལ་བ་ཐོབ་ཀྱང༌། ཐར་པའི་ལམ་རྒྱུད་ལ་བསྐྱེད་ཟིན་པའི་རྗེས་སུ་འཁོར་བར་ལས་ཉོན་གྱིས་སྐྱེ་བ་གཅིག་སླར་ལེན་དགོས་བྱུང་བའི་ཕྱིར་ཚེ་གཅིག་ལ་མཆོག་གྲུབ་པ་མ་ཡིན་ནོ། །འོ་ན་ཅི་སྙམ་ན། སྐྱེ་བ་སྔ་མར་བསོད་ནམས་ཆ་མཐུན་གྱི་དགེ་བའི་རྩ་བ་སྤྱི་དང་ཁྱད་པར་ཅན་ཆེར་བསྐྱེད་ཅིང༌། སྨོན་ལམ་ཁྱད་པར་ཅན་བཏབ་པ་ནི་དགོས་ཏེ། གཞན་དུ་ན་ཚེ་འདིར་སྔགས་ཀྱི་ཐེག་པ་ལ་མི་འཇུག་པའི་ཕྱིར་རོ། །འོན་ཀྱང་ཚེ་སྔ་མར་ཚོགས་ལམ་ཆུང་ངུ་ཙམ་ཡང་རྒྱུད་ལ་མ་སྐྱེས་པ་གཅིག་ཚེ་འདི་ལ་སྔགས་ཀྱི་སྒོར་ཞུགས་ནས་ཐར་པ་ཆ་མཐུན་གསར་དུ་བསྐྱེད་དེ། ཚེ་གཅིག་པོ་དེ་ལ་འཆི་བའི་སྲིད་པ་མ་བྱུང་བའི་སྔ་རོལ་ཉིད་ནས་མཆོག་འགྲུབ་པའི་དོན་ཏེ། རྣམ་པར་སྨིན་པའི་ལུས་འདི་བོར་བ་མེད་པར་མ་དག་པའི་ལུས་སྤངས་ཏེ་ཡེ་ཤེས་ཀྱི་ལུས་སུ་གནས་གྱུར་པ་དེ་ནི་ཚེ་གཅིག་ལ་མཆོག་གྲུབ་པའམ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའམ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའམ། ཟུང་འཇུག་ཐོབ་པ་ཞེས་བྱ་སྟེ། འདི་སངས་རྒྱས་ཆུང་ངུའི་གནས་ཐོབ་པ་ཡིན་པས། མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཐ་སྙད་ཐོབ། དེ་ཕྱིན་ཆད་ལས་ཉོན་གྱི་དབང་གིས་སྐྱེ་འཆི་ཡེ་མེད་ཅིང༌། ཡེ་ཤེས་ཀྱི་སྐུ་དེ་ཡང་རྒྱུན་ཆད་པ་མེད་པའི་ཕྱིར། རྟེན་དེ་ལ་བརྟེན་ནས་མཐར་ཐུག་གི་རྫོགས་པའི་སངས་རྒྱས་དངོས་སམ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དོ། །དེ་ལྟ་ན་དང་པོར་མིའི་ལུས་དང༌། ཕྱིས་ཟུང་འཇུག་གི་སྐུ་སྟེ་ལུས་གཉིས་བརྒྱུད་པའི་ཕྱིར་ཚེ་གཅིག་ལུས་གཅིག་ཏུ་མི་འགྱུར་རོ་སྙམ་ན། སྤྱིར་གོང་དུ་སྨོས་པ་ལྟར་ཟུང་འཇུག་ཐོབ་པ་ལ་ཡང་སངས་རྒྱས་པར་འཇོག་པ་དང༌། ཐུན་མོང་གི་དངོས་གྲུབ་རབ་མཐའ་ཞིག་ཐོབ་པ་ལ་ཡང་སངས་རྒྱས་པར་འཇོག་པ་སོགས་རྣམ་གཞག་དུ་མ་ཞིག་ཡོད་པས། ཆོས་སྐད་ཕྱོགས་གཅིག་ལ་ཞེན་དུ་མི་རུང་ལ། འོན་ཀྱང་འདིར་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་བྱས་ན་ཡང༌།


TNT04_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཐར་པ་ཆ་མཐུན་བསྐྱེད་པ་ནས། ཕྱིས་མཐར་ཐུག་གི་གནས་ཐོབ་ཀྱི་བར་དུ་འཆི་སྲིད་ཀྱིས་བར་མ་ཆོད་པའི་ཕྱིར་ཚེ་གཅིག་ཁོ་ན་ཡིན་པ་དང༌། སྤྱིར་ལུས་ལ་རྣམ་སྨིན་གྱི་ལུས་སྔ་ཕྱི་གཉིས་སུ་མ་ཟད་ལུས་ཇེ་བཟང་ཇེ་བཟང་དུ་འགྲོ་བའི་རྣམ་འགྱུར་དུ་མ་ཞིག་བརྒྱུད་ཡོད་ཀྱང༌། རྣམ་སྨིན་ཤ་ཁྲག་གི་ལུས་རིགས་རྒྱུན་མ་ཆད་པའི་ངང་ནས་གནས་གྱུར་པ་ཡིན་གྱི། ཤུལ་དུ་ལུས་པའི་ཚུལ་གྱིས་བོར་བ་མ་ཡིན་པའི་ཕྱིར་དང༌། རྣམ་སྨིན་གྱི་ལུས་གཉིས་པ་གསར་དུ་བླངས་པ་མེད་པའི་ཕྱིར་ལུས་གཅིག་ཁོ་ནར་བརྗོད་དོ། །དོན་དམ་པར་ན་ཡེ་ཤེས་ཀྱི་ལུས་ནི། གཉུག་མའི་ལུས་ཡིན་པའི་ཕྱིར། རྣམ་སྨིན་ཟད་པ་ན་དེ་གསལ་བར་མཐོང་བ་ཙམ་ཡིན་གྱི། གསར་དུ་ལུས་བླངས་པ་ཁོ་ན་ཡང་མིན་ཞིང༌། ཡེ་ཤེས་ཀྱི་སྐུ་དེ་ནི་ལུས་རང་ཡང་མིན་པས། ལུས་གཅིག་དང་དུ་མའི་ཐ་སྙད་འཇོག་པའི་གཞི་ཡང་མ་ཡིན་ནོ། །གང་དག་སངས་རྒྱས་ཀྱི་ཡེ་ཤེས་མངོན་འགྱུར་བ་ཐོབ་ཀྱང༌། མི་གཙང་བའི་ལུས་གནས་མ་གྱུར་པར་འདོད་པ་དང༌། ཤ་ཁྲག་གི་ལུས་འདི་ཀ་ཡེ་ཤེས་ཀྱི་སྐུར་འདོད་པ་སོགས་ནི། གཏི་མུག་གིས་ཀུན་ནས་བསླངས་ཤིང་རྒྱུད་འགྲེལ་ཆེན་པོ་རྣམས་ལས་བཀག་མོད་ཀྱང༌། དགག་སྒྲུབ་ཀྱི་སྤྲོས་པ་འདིར་མི་འཆད་དོ། །ཉེ་ལམ་མྱུར་ལམ་ཁྱད་པར་ཅན་ཞེས་པ་ནི། དེང་སང་འགའ་ཞིག་གིས་སྐྱེ་བོ་རྨོངས་པ་རྣམས་མགུ་བར་བྱ་བའི་ཕྱིར། གོ་བ་ཙམ་གྱིས་གྲོལ། ཐོས་པ་ཙམ་གྱིས་གྲོལ་ཞེས་སོགས་ཟབ་ཟབ་མང་པོ་སྨྲ་བ་ནི། ཚིག་གི་ཤུགས་བསྐྱེད་པ་ཙམ་ཁོ་ནར་ཟད་ལ། སེམས་ནམ་མཁའ་ལ་ཡས་པ་དང༌། ད་ནི་ཐོད་པ་མི་འགེལ་ལོ་ཞེས་སྐྱེ་བ་མི་ལེན་པ་ཙམ་ལ་སངས་རྒྱས་ཐོབ་པའི་དོན་དུ་སྨྲ་བ་སོགས་ནི། བླུན་གཏམ་ཁོ་ན་ཡིན་པས་མཁས་པའི་དཔྱད་གཞིར་ཡང་མི་རུང་ངོ༌། །དེས་ན་ཉན་རང་གི་ལམ་ཁོ་ནས་སངས་རྒྱས་མི་ཐོབ་ཅིང༌། ཕར་ཕྱིན་ཐེག་པར་བསྐལ་པ་གྲངས་མེད་གསུམ་དང༌། རྒྱུད་སྡེ་འོག་མ་རྣམས་ལ་ཡང་བསྐལ་པ་བརྒྱད་དང་གསུམ་དང་སྐྱེ་བ་བཅུ་དྲུག་སོགས་གསུངས་པ་རྣམས་རིང་


TNT04_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དང༌། ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་ཡང་བླ་མེད་ཀྱི་ལམ་ལས་ཀྱང་བསྐྱེད་རིམ་ལ་འཆད་རྒྱུ་མ་ཡིན་པས། རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ཉེ་ལམ་མྱུར་ལམ་ཡིན་ནོ། །རྒྱུད་ཀྱི་རྒྱལ་པོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་ཤིང་གསང་བའི་དོན། མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མ་སྦས་པར་གསལ་བར་བསྟན་པ་ཞེས་པ་ནི། དེ་ལ་རྒྱུད་སྡེ་སོ་སོའི་རྩ་རྒྱུད་ཅེས་པ་ལ། རྩ་རྒྱུད་བཤད་རྒྱུད་གཉིས་ཀྱིས་ཟླས་ཕྱེ་བའི་རྩ་རྒྱུད་དང༌། རྩ་རྒྱུད་བསྡུས་རྒྱུད་གཉིས་ཀྱིས་ཟླས་ཕྱེ་བའི་རྩ་རྒྱུད་གཉིས་ཡོད་པ་ལས། ཕྱི་མའི་དབང་དུ་བྱས་ཏེ། གསང་འདུས་ཀྱི་རྩ་རྒྱུད་རྒྱས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྒྱས་པ་རྣལ་འབྱོར་རྗེས་སུ་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་དང༌། སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པ་དང༌། དགྱེས་རྡོར་འབུམ་ཕྲག་ལྔ་པ་དང༌། འཁོར་ལོ་བདེ་མཆོག་མངོན་བརྗོད་འབུམ་པ་ལ་སོགས་པ་རྩ་རྒྱུད་རྒྱས་པ་དེ་རྣམས་སུ་རྡོ་རྗེའི་རྣལ་འབྱོར་འདི་མ་སྦས་པར་རྒྱས་ཤིང་གསལ་པོར་བསྟན་མོད་ཀྱང༌། དེ་དག་ཤམྦྷ་ལ་སོགས་རྡོ་རྗེའི་གནས་ཁྱད་པར་ཅན་དང༌། དཔའ་བོ་མཁའ་འགྲོའམ། ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱི་གནས་ན་བཞུགས་པ་ཡིན་གྱི། འཛམ་གླིང་ལྷོ་ཕྱོགས་འདིར་མི་རྣམས་ལ་ཐུན་མོང་དུ་སྤྱོད་པའི་ཡུལ་དུ་མ་གྱུར་པས། རེ་ཞིག་བོར་ཏེ་བསྡུས་རྒྱུད་ཀྱི་དབང་དུ་བྱས་ནས། གསང་བ་འདུས་པ་སྟོང་བཞི་བརྒྱ་པ་དང༌། །འཁོར་ལོ་བདེ་མཆོག་ལེའུ་ལྔ་བཅུ་རྩ་གཅིག་པ་དང༌། དགྱེས་རྡོར་བརྟག་པ་གཉིས་པ་སོགས་རྒྱ་གར་དང་བོད་ལ་སོགས་པ་འཛམ་གླིང་ལྷོ་ཕྱོགས་ཀྱི་ཡུལ་ཀུན་དུ་དར་བ། བསྡུས་རྒྱུད་འདི་དག་ཏུ་དབང་བཞི་པའི་དོན་རྡོ་རྗེའི་རྣལ་འབྱོར་འདི། རྡོ་རྗེའི་ཚིག་གིས་རྒྱས་བཏབ་ཅིང་སྦས་པ་ཡིན་ལ། དུས་འཁོར་ལ་ནི་རྩ་རྒྱུད་རྒྱས་པ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་གསལ་ལ་རྒྱས་པར་བསྟན་པ་བཞིན་དུ།


TNT04_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་དུ་ཡང་མ་སྦས་པར་གསལ་བར་བསྟན་པའི་ཕྱིར། བསྡུས་རྒྱུད་གཞན་དང་མི་འདྲའོ། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའམ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ཞེས་བརྒྱུད་གཞུང་རྣམས་ལས་ཀྱང་དོན་དུ་མ་ལ་བཤད་ཅིང༌། རྒྱ་བོད་ཀྱི་ལུགས་སྲོལ་ཐ་དད་ལ། རང་བློའི་ལམ་ལས་དྲངས་པའི་འདོད་ཚུལ་མང་ཞིང༌། སྒྲུབ་བྱེད་དུ་འདོད་པའི་སྨྲ་བའང་མང་མོད་ཀྱི། གཞན་རྣམས་སྐབས་ཀྱི་དོན་མ་ཡིན་པས། འདིར་ནི་ཐེག་པ་བླ་ན་མེད་པའི་ལམ་གྱི་ནང་ནས་ཀྱང༌། རྫོགས་རིམ་གྱི་ཕྱག་ཆེན་དེ་ཡིན་ལ། དེ་ལའང་འདོད་ཚུལ་མང་པོ་ཡོད་པ་དག་བཤད་ཀྱི་མི་ལང་བས། སྐབས་འདིར་དཔལ་དུས་ཀྱི་འཁོར་ལོ་དང་སེམས་འགྲེལ་སྐོར་གསུམ་གྱི་དགོངས་པས། རྣམ་པར་མི་རྟོག་པ་མཚན་མ་མེད་པའི་རིམ་པ་ལས། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་སྒོམ་པ་ཉིད་ལམ་གྱི་རྐངས་སུ་བྱས་ཏེ། གཞན་ཕྱག་རྒྱ་གསུམ་ལྟར་ན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་སམ། བཞི་ལྟར་ན་ལས་དང་ཆོས་དང་དམ་ཚིག་སྟེ། ཕྱག་རྒྱ་གསུམ་གྱི་ལམ་དེ་རྣམས་གང་དང་གང་སྐབས་སུ་བབ་པ་དེ་དང་དེར་ལམ་དངོས་གཞིའི་བོགས་དབྱུང་བའི་བོགས་འདོན་ནམ། ལམ་གྱི་སྣ་འཁྲིད་པའི་ཕྱིར་དུ་སྦྱོར་བ་ཡིན་ནོ། །སྐབས་འདིར་ཕྱག་ཆེན་གྱི་རྣམ་གཞག་ཞིབ་མོར་གོ་དགོས་ཀྱང༌། གཞན་ལ་འཆད་མི་དགོས་པའི་དབང་དུ་བྱས་ནས་བཞག་གོ །ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་གཟུགས། ཆོས་ཉིད་དོན་དམ་པའི་སངས་རྒྱས་རྡོ་རྗེ་འཛིན་ཆེན་པོའི་སྐུ་རྡོ་རྗེའི་རྣམ་ཆ་མཐོང་བ་དང༌། གསུང་རྡོ་རྗེ་ཉམས་སུ་མྱོང་བར་བྱེད་པ་དང༌། ཐུགས་རྡོ་རྗེ་དང༌། ཡེ་ཤེས་རྡོ་རྗེར་རང་ཉིད་ཞུགས་པའི་སྒོ་ནས་གདོད་མའི་རྡོ་རྗེ་བཞི་པོ་དེ། སྒྲུབ་པ་པོས་མངོན་དུ་བྱེད་པའི་ཐབས་ཡིན་པས་ཕྱིར། རྡོ་རྗེའི་རྣལ་འབྱོར་ཞེས་བྱ་ལ། དེ་ཡང་མངོན་སུམ་ལམ་བྱེད་ཡིན་གྱི་མོས་པ་ལམ་བྱེད་ཙམ་མ་ཡིན་ནོ། །དམིགས་བཅས་


TNT04_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བའི་སྔགས་ཀྱི་ལམ་གཞན་རྣམས་ཀྱང་ཡེ་ཤེས་ཀྱི་སྣ་འདྲེན་པར་བྱེད་པ་སོགས་སྤྱིར་ཐབས་མི་ཟབ་པ་ཏ་མ་ཡིན་ཞིང༌། ཐེག་པ་འོག་མ་རྣམས་ལས་ཐབས་ཀྱི་སྒོ་ནས་ཤིན་ཏུ་ཟབ་པར་ཡང་གྲུབ་མོད་ཀྱང༌། མངོན་སུམ་ལམ་བྱེད་རྡོ་རྗེའི་རྣལ་འབྱོར་འདི་ལ་བལྟོས་ན་དེ་དག་མི་ཟབ་སྟེ། དང་པོར་ཉམས་མྱོང་སྐྱེ་བ་ཡང་ཤིན་ཏུ་བུལ་བ་དང༌། ཕྱི་ནང་གི་སྤྲོས་པ་ལ་བརྟེན་པའི་ཕྱིར་དང༌། ཡུན་རིང་དུ་གོམས་ཀྱང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་མི་ནུས་པར། སླར་ཡང་རྡོ་རྗེའི་རྣལ་འབྱོར་འདི་ལ་འཇུག་དགོས་པ་སོགས་ཀྱི་ཕྱིར། ལམ་གཞན་རྣམས་མི་ཟབ་ལ་འདི་ཆེས་ཟབ་པར་གྲུབ་པས་ཟབ་ལམ་ཞེས་བྱའོ། །དེ་ལ་ཆོས་ཟབ་མོ་འདི་ཉིད་སྟོན་པར་བྱེད་པ་ལ་འཕགས་ཡུལ་ལ་སོགས་པར་བླ་མ་དམ་པའི་མན་ངག་ཅེས་སམ། ཞལ་གྱི་གདམས་པ་ཞེས་པའམ། དེ་ཁོ་ན་ཉིད་སྦྱིན་པ་ཞེས་བྱ་ལ། བླ་མ་མཆོག་གི་ཞལ་ལུང་ཞེས་ཀྱང་གྲགས་ཀྱི། འཁྲིད་ཅེས་པའི་ཐ་སྙད་མེད་ཀྱང་བོད་ཡུལ་འདིར་འཁྲིད་ཅེས་གྲགས་སོ། །དེ་ཡང་སྐྱེས་བུ་དམ་པ་རྣམས་ཀྱིས་མཛད་པའི་བརྡ་ཆད་ཡིན་ཞིང་དོན་དང་ཡང་ཤིན་ཏུ་མཐུན་ཏེ། ཐར་པའི་ལམ་དུ་འཁྲིད་པར་བྱེད་པའི་ཐབས་ཡིན་པས་སོ། །དེ་ཡང་དོན་བཞི་སྟེ། གང་འཁྲིད་ན་སྐབས་སུ་བབ་པ་རྡོ་རྗེ་སློབ་མའི་སེམས་རྒྱུད་འཁྲིད་པར་བྱེད། གང་དུ་འཁྲིད་པར་བྱེད་ན་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་རྫོགས་པའི་སངས་རྒྱས་ཀྱི་སར་འཁྲིད། གང་གིས་འཁྲིད་པར་བྱེད་ན་བླ་མ་དམ་པས་འཁྲིད་པར་བྱེད་དེ། དེ་ཡང་རྒྱུད་རྣམས་ལས་བླ་མའི་མཚན་ཉིད་མཐའ་ཡས་པ་ཞིག་བཤད་ཀྱང༌། རྫོགས་རིམ་གྱི་ཡེ་ཤེས་བསྐྱེད་པར་གྱུར་པའི་བདག་རྐྱེན་ནི། རྒྱུད་ཀྱི་རྒྱལ་པོ་ལས། སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་པ་འདི་རྣམ་པ་ཀུན་ཏུ་དགོས་པའི་མེད་མི་རུང་ཡིན། མཚན་ཉིད་གཞན་རྣམས་ཚོགས་ན་ནི་ལེགས་ལ། མ་ཚང་ཡང་འདི་ངེས་པར་དགོས་སོ། །དེའི་དོན་ཡང༌། སངས་རྒྱས་


TNT04_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞལ་ཞེས་པས་སངས་རྒྱས་འབྱུང་བའི་སྒོ་སྟེ། རྡོ་རྗེའི་རྣལ་འབྱོར་ཟུང་འཇུག་གི་ལམ་འདི་ཡིན་ལ། དེ་འདྲ་ཐུགས་ལ་འཁྲུངས་པས་ཐུགས་རྒྱུད་ལ་གནས་ཤིང༌། ཞལ་ལ་གནས་པ་སྟེ་ཆོས་ཟབ་མོ་འདི་སློབ་མའི་སེམས་རྒྱུད་ལ་འགོད་པའི་ཕྱིར། ཆོས་སྟོན་པ་ལ་མཁས་པའོ། །དེ་ལྟར་ན་ཡན་ལག་དྲུག་གི་མན་ངག་རྣམས་ལ་རང་བྱན་ཆུད་ཅིང༌། སློབ་མ་རྗེས་སུ་འཛིན་པའི་བརྩེ་བ་ཁྱད་པར་ཅན་མངའ་བ་དང༌། ལམ་འདི་ཉིད་བསྒོམ་པའི་ཉམས་རྟོགས་མ་འཁྲུལ་པ་གཉིས་འཛོམས་པའོ། །ཉམས་རྟོགས་ཀྱང་རབ་ཏུ་རིམ་པ་དྲུག་ཀ་ཐོབ་ན་སྨོས་མ་དགོས་ཀྱང༌། ད་ལྟ་རྙེད་པར་དཀའ། འབྲིང་དུ་ན་ཐོག་མར་དགེ་བའི་རྟོགས་པ་མཐར་ཕྱིན། བར་དགེའི་རྟོགས་པ་རྗེས་མཐུན་པ་མངའ་བ་ཞིག་དགོས། ཆུང་ངུ་ལ་ཡང་སོར་སྡུད་ཕྱིན་ཅི་མ་ལོག་པ་ཐོབ་ཅིང༌། བསམ་གཏན་གྱི་ཉམས་མྱོང་ཅི་རིགས་པ་མངའ་ན། ལམ་འདིའི་རྩ་བ་ཚུགས་པ་ཡིན་པས་དེ་ཙམ་ཕྱིས་ཀྱང་རུང་ངོ༌། །ཚུལ་ཇི་ལྟར་འཁྲིད་པ་ནི། ཡིད་ཆེས་གསུམ་དང་ལྡན་པའི་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་སྒོ་ནས་འཁྲིད་པ་ཡིན་ཏེ། དཔལ་དྲི་མེད་འོད་ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལ་ཡིད་ཆེས་པ་དང༌། དེ་ནས་བླ་མ་ལ་ཡིད་ཆེས་པ་དང༌། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ། ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་ རོ། །རྣམ་པ་གཞན་དུ་ན་ཡིད་ཆེས་པ་གསུམ་མེད་པར་ལམ་གང་བླ་མས་སློབ་མ་ལ་བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་པོར་མི་འགྱུར་ཏེ། སློབ་མ་བླུན་པའི་དད་པ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་འགྱུར་རོ། །ཞེས་གསུངས་ཏེ། དེའི་དོན་ནི། ཡིད་ཆེས་གསུམ་ལྡན་གྱི་ལམ་དང་ཕྲད་ན། སྐལ་ལྡན་གྱི་གང་ཟག་གཅིག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཡིན། དེ་ཡང་རྒྱུད་ལ་ཡིད་ཆེས་ཙམ་ཡོད་ཀྱང༌། བླ་མ་ལ་ཡིད་ཆེས་མེད་ན་མ་འོངས་པ་ཡུན་རིང་པོ་ལོན་པའི་འོག་ཏུ་སྐྱེ་བ་གཞན་ཞིག་ལ་སངས་རྒྱས་ཐོབ་པར་འགྱུར་བའི་


TNT04_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཙམ་ཡིན་མོད་ཀྱང༌། འཕྲལ་དུ་ཉམས་མྱོང་མི་སྐྱེ་བས་ཚེ་འདི་ལ་མཆོག་ཐོབ་པར་མི་ནུས་སོ། །རྒྱུད་ལ་ཡིད་ཆེས་པ་མེད་ན་ནི། བླ་མ་ལ་ཡིད་ཆེས་པ་མཚན་ཉིད་དང་ལྡན་པའང་མི་འབྱུང་ལ། སློབ་དཔོན་དེ་ལ་ཡིད་ཆེས་འདྲ་རུང་བ་འཕྲལ་གྱི་མྱོང་བས་གྲུབ་པ་ཐན་ཐུན་ཡོད་དུ་ཆུག་ཀྱང༌། ཡང་དག་པའི་ལམ་ལ་ཡིད་ཆེས་པའི་རྟགས་མ་ཡིན་ཏེ། ལས་ཚོགས་ཐན་ཐུན་དང་རྫོགས་རིམ་ལྟར་སྣང་གི་ཉམས་ཐན་ཐུན་ཙམ་སྐྱེ་སྲིད་ཀྱང་ཡང་དག་པའི་ལམ་དུ་མི་འགྱུར། ཞེས་པའོ། །དེ་ལ་ཡིད་ཆེས་གསུམ་དང་བྲལ་བ་ཁ་ཅིག་ནི། བླུན་པོ་རང་གཙོ་མཁན་གྱི་ཟོག་ཆོས་དང༌། རྟོག་གེ་བ་མཁས་འདོད་ཅན་གྱི་བློས་བཏགས་ཙམ་ཡིན་པས། དགོས་པ་ཐམས་ཅད་ཀྱིས་སྟོངས་ལ། ཁ་ཅིག་ནི་དེ་བས་ཀྱང་ཐུ་སྟེ་ནག་ཕྱོགས་ཀྱི་འདྲེ་གདོན་འགའ་ཞིག་གིས་བྱས་པས། འཕྲལ་གྱི་བྱིན་རླབས་ལྟར་སྣང་གིས་མགོ་བསྐོར་ཏེ། བསོད་ནམས་དམན་པ་དག་དེ་ལ་ཡིད་ཆེས་སྐྱེ་ན། ཚེ་འདིར་བཀྲ་མི་ཤིས་ཤིང༌། ཕྱི་མ་ངན་སོང་དུ་འཁྲིད། གཞན་ཁ་ཅིག་ནི་རྒྱལ་བས་གསུངས་པའི་ཆོས་རྣམ་དག་ཡིན་དུ་ཆུག་ཀྱང༌། བར་སྐབས་སུ་བྱིན་རླབས་ཀྱི་བརྒྱུད་པ་ཆད་པས། ད་ལྟ་ཉམས་མྱོང་འཕྲལ་དུ་སྐྱེད་མི་ནུས་ཏེ། བརྒྱུད་པ་གཏུན་ནས་མེད་ན། གསང་སྔགས་རང་ཉིད་ལེན་པ་དམྱལ་བའི་རྒྱུར་གྲགས་པ་དང༌། ཚིག་བཤད་དང་ལག་ལེན་ཁྲིགས་བཀོད་ཙམ་གྱི་དབང་ཆོག་ལ་རྒྱུན་ཡོད་དུ་ཆུག་ཀྱང༌། ཉམས་ལེན་གྱི་རྒྱུན་ཆད་ཅིང་བྱིན་རླབས་ཡལ་བ་རྣམས་ནི་གཟུགས་བརྙན་ཙམ་མོ། ཡང་ཁ་ཅིག་སྤྱིར་ཆོས་རྣམ་དག་ཡིན་ཞིང་བྱིན་རླབས་ཀྱང་མ་ཆད་མོད་ཀྱི། བསྐྱེད་རིམ་དངོས་སམ། ཕྲ་ཐིག་ལ་རྫོགས་རིམ་དུ་མིང་དུ་བཏགས་པ་དང༌། སྟོང་རྐྱང་བསྒོམ་པ་ལ་རྫོགས་རིམ་གྱི་མིང་བཏགས་པ་རྣམས་ཀྱང་འཕྲལ་དུ་ཡིད་ཆེས་ཀྱི་རྟགས་མེད་ཅིང༌། དབང་པོ་རྣོན་པོས་བསྒོམས་ཀྱང་ཚེ་འདིར་མཆོག་མི་ཐོབ་སྟེ། སངས་རྒྱས་སྒྲུབ་པའི་ལམ་མ་ཚང་བའི་ཕྱིར་རོ། །


TNT04_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་དེ་དག་གི་ནང་ན་འཇིག་རྟེན་པའི་དངོས་གྲུབ་ཐོབ་པ་ཙམ་ནི་སྲིད་དོ། །ཡིད་ཆེས་གསུམ་དང་ལྡན་པར་གྱུར་ན་ནི། ལམ་ཡོངས་སུ་དག་པར་འགྱུར་རོ་ཞེས་སངས་རྒྱས་སྒྲུབ་པའི་ལམ་ཆ་ཚང་ལ་མ་ནོར་བ་ཡིན་པའི་དོན་ནོ། །དེ་ལས་རྒྱུད་ལ་ཡིད་ཆེས་པ་ནི། ཆོས་དེ་སངས་རྒྱས་ཀྱིས་རྒྱུད་ལས་གསལ་བར་གསུངས་པ་ཞིག་དགོས་པ་ཡིན་ན། རྡོ་རྗེའི་རྣལ་འབྱོར་འདི་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཚང་ཞིང་གསལ་བར་གསུངས་པ་དང༌། འཁོར་ལོ་སྡོམ་པ་རྩ་རྒྱུད་ལས། སྔགས་བཟླས་པ་དང་བསམ་གཏན་དང༌། །བདེ་བས་ཀྱང་ནི་འགྲུབ་པར་འགྱུར། །ཞེས་བསམ་གཏན་འཛིན་པ་ཏིང་འཛིན་ཏེ་འབྲས་བུའི་ཡན་ལག་གསུམ་གསལ་བར་གསུངས་པས། རྒྱུའི་ཡན་ལག་གསུམ་ཤུགས་ལ་གོ་བ་དང༌། དགྱེས་རྡོར་རྩ་རྒྱུད་ལས། སོ་སོའི་མཚན་ཉིད་བརྡ་ཐབས་ཀྱིས་གསུངས་ནས། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །ཞེས་སོགས་སྦྱོར་དྲུག་ཡིན་པར་གསུངས་པ་དང༌། དེ་བཞིན་དུ་མཁའ་འགྲོ་རྒྱ་མཚོ་ལས་ཀྱང༌། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང༌། རྗེས་སུ་དྲན་དང་ཏིང་ངེ་འཛིན། སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ །ཞེས་སོགས་གསུངས། གཞན་ཡང་རྒྱུད་ཀྱི་རྒྱལ་པོ་ཕལ་ཆེར་ལས། རྡོ་རྗེའི་རྣལ་འབྱོར་འདི་ཅི་རིགས་པར་གསུངས་པ་ཁོ་ན་ཡིན་ཞིང༌། ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་ཤིན་ཏུ་རྒྱས་ཤིང་གསལ་བ་མཐའ་གཅོད་དང་བཅས་པས་ཡང་ནས་ཡང་དུ་བསྟན་ཞིང༌། རྩ་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་དང༌། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་སྙིང་པོ་འཇམ་དཔལ་མཚན་བརྗོད་སོགས་ཀྱང་ལམ་འདི་ཁོ་ན་སྟོན་པ་དང༌། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱིས་ཀྱང་རྒྱས་པར་བསྟན་པ་ཡིན་ནོ། །གཉིས་པ་བླ་མ་ཡིད་ཆེས་པ་ནི། བརྒྱུད་པའི་ཐུགས་སངས་རྒྱས་ཉིད་ནས་བརྩམས་ཏེ། རྩ་བའི་བླ་མའི་བར་དུ་གཅིག་ནས་གཅིག་ཏུ་བརྒྱུད་པ། བྱིན་རླབས་མ་ཉམས་ཤིང་ཉམས་མྱོང་རྒྱུན་མ་ཆད་


TNT04_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་ལ་ཟེར་ཏེ། ཚིག་རྐྱང་དང༌། དམ་ཉམས་དང༌། འདྲེས་ཁྱེར་གྱི་ལྷད་མ་ཞུགས་པ་ཅིག་དགོས་སོ། །དེ་ཡང་དངོས་སམ་བརྒྱུད་པའི་བླ་མ་ཞིག་ལ། བདུད་ཀྱི་བར་ཆད་ཞུགས་པའམ་འདྲེས་ཁྱེར་ན། དེ་ལས་བརྒྱུད་པའི་ཆོས་དེ་བསྒོམ་པ་ཀུན་ལའང་བར་ཆད་ཚན་ཆེ་བ་རེ་ངེས་པར་འོང་བ་ཡིན། བླ་མའི་མིང་ཅན་བརྒྱུད་པ་ལ་དམ་སེལ་ཡོད་པ་ཞིག་བྱུང་ན། དེ་ནས་བརྒྱུད་པའི་ཆོས་བསྒོམས་ཀྱང་ཡོན་ཏན་མི་སྐྱེ། ཉོན་མོངས་ལྡང༌། འབྲེལ་བ་ཅན་ཐམས་ཅད་ལ་བཀྲ་མི་ཤིས་སོ། །དེ་དག་མ་ཡིན་ཡང་ཚིག་བརྒྱུད་རྐྱང་པ་ལ་ཤོར་ན། དེ་ཞུས་ནས་བསྒོམས་ཀྱང་ཉམས་མྱོང་སྐྱེ་དུས་མེད། བསྒོམ་མ་བསྒོམ་མེད་པ་འདྲ་བ་འོང༌། རྫུན་ཆུང་ན་བླ་མ་དེ་ན་རེ། དཔེ་ཆ་འདིའི་ནང་ན་ནི་དེ་ཙུག་གདའ། ང་ལ་ནི་ཡོད་མ་མྱོང་ངོ་ཟེར། འགའ་ཞིག་རྫུན་པོ་ཆེ་ཡིན་ན། སློབ་མ་བསླུ་བའི་ཕྱིར། ཉམས་མྱོང་འདྲ་ཡོད་སྐད་བྱེད་པའང་འོང༌། འགའ་ཞིག་གནས་སྐབས་ཀྱི་མན་ངག་ལག་ལེན་ཕྲན་བུ་ལའང་རྡུགས་ཏེ་འདི་བྱ་འདི་བྱེད་མེད་པའི་རིགས་ཀྱང་འོང་བས། དེ་དག་ནི་བླ་མ་ལ་ཡིད་ཆེས་པའི་མི་མཐུན་ཕྱོགས་ཡིན། དེ་ལ་ཆོས་འདི་ནི་ད་ལྟའི་བར་དུ་བྱིན་རླབས་ཀྱི་རྒྱུན་མ་ཆད། གདམས་ངག་གི་ལག་ལེན་མ་ནུབ། ཉམས་མྱོང་གི་ཡོན་ཏན་སྐྱེ་བཞིན་པ་ཡིན་ཏེ། ད་ལྟའི་བར་གྱི་རྡོ་རྗེ་སློབ་དཔོན་རྣམས་ལའང༌། སོར་སྡུད་ཀྱི་ཉམས་མྱོང་ཕྱིན་ཅི་མ་ལོག་པ་དངོས་དང༌། སྲོག་རྩོལ་དང་རྗེས་དྲན་རྗེས་མཐུན་པ་ཐུགས་ལ་འཁྲུངས་པ་མང་པོ་དངོས་སུ་ཡོད། རྒྱུའི་ཡན་ལག་གསུམ་གྱི་ལག་ལེན་དང་ཉམས་མྱོང་མ་ནོར་བར་ཡོད་པའི་ཕྱིར། འབྲས་བུའི་ཡན་ལག་གསུམ་ད་ལྟ་དངོས་སུ་མ་ཐོབ་ཀྱང༌། ཕྱིས་ཀྱི་རྟེན་འབྲེལ་བསླུ་མེད་དུ་འགྲིག་པ་ཡིན་ནོ། །དེ་ལྟ་ན་ཆོས་འདི་ནི་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་སྟོབས་ཀྱིས་བོད་ཡུལ་འདིར་ཡང་ལོ་ཙཱ་བ་ཆེན་པོ་དུ་མས་སྤྱན་དྲངས་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་རྩ་འགྲེལ་ལ། ལོ་པཎ་


TNT04_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་པའི་འགྱུར་མི་འདྲ་བ་བཅུ་དྲུག་ནི་ངེས་པར་ཡོད་ལ། ཤོང་འགྱུར་སོགས་བོད་ཡུལ་ཉིད་དུ་འགྱུར་བཅོས་བྱས་པའང་མང་དུ་ཡོད་པས། སྤྱིར་འགྱུར་གྱི་རྣམ་གྲངས་ཉི་ཤུ་རྩ་བཞི་ཙམ་ཡོད་པར་གྲགས་ན། དེ་ཐམས་ཅད་ལ་ཡང་རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་རེ་ཡོད་དགོས་ཤིང༌། དེ་དག་ལ་མ་གཏོགས་པའི་ལོ་པཎ་གཞན་འགའ་ཞིག་དུས་འཁོར་གྱི་དབང་དང་རྒྱུད་བཤད་མ་མཛད་ཀྱང༌། རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་མ་ནོར་བར་ཡོད་པའང་མང་དུ་བྱུང་བས། སྤྱིར་ནི་སྦྱོར་དྲུག་གི་མན་ངག་ལ་རྣམ་གྲངས་ཤིན་ཏུ་མང་བ་ཞིག་བྱུང་ནའང༌། རིགས་ལྡན་སྤྲུལ་པའི་སྐུ་ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་ཀྱི་ཞལ་སྔ་ནས། སྦྱོར་བ་ཡན་ལག་དྲུག་པའི་མན་ངག་བཀའ་ཡོད་ཅིང་ལྷད་མེད་པ་རིགས་མི་འདྲ་བ་བཅུ་བདུན་གསན་ཞིང༌། ལམ་གྱི་ངོ་བོ་ལ་ཁྱད་མེད་ཀྱང་གདམས་པ་སོ་སོའི་ཆེ་བར་དགོངས་ཏེ། རེ་རེ་བཞིན་ཉམས་ཁྲིད་དུ་ཉམས་སུ་བཞེས་ཏེ་གདམས་ངག་དང་མཐུན་པའི་ཉམས་མྱོང་སྐུ་ཉམས་སུ་བསྟར་པར་མཛད་དོ། །དེ་ལ་སྦྱོར་དྲུག་ལུགས་སྲོལ་བཅུ་བདུན་ནི། ལོ་ཙཱ་བ་ཆེན་པོ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་སྦྱོར་དྲུག་གི་མན་ངག སྦྱོར་དྲུག་གི་སྒོས་ཀྱི་རྒྱུད་ཆུང་འགྲེལ་པ་དང་བཅས་པ་དང༌། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱི་ལུགས་ཀྱི་སྦྱོར་དྲུག་དང༌། ཁྲོམ་ལོ་ཙཱ་བ་པདྨ་འོད་ཟེར་གྱི་སྦྱོར་དྲུག་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བླ་མ་ནག་པོ་མངོན་ཤེས་ཅན་ལ་གསན་པའི་སྦྱོར་དྲུག་དང༌། ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ་ནས་བརྒྱུད་པའི་སྦྱོར་དྲུག་ལ་འབྲོ་ལུགས་སུ་གྲགས་པའི་སྦྱོར་དྲུག་དང༌། རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་པཎྜི་ཏ་ས་མནྟ་ཤྲཱི་ལ་གསན་པའི་སྦྱོར་དྲུག་དང༌། ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱིས་མཛད་པའི་སྦྱོར་འཕྲེང་གི་ལུགས། སེ་ལོ་དང་གཉོས་སྟོན་འོད་མ་ནས་བརྒྱུད་པ་འདི་ལ་ཙ་མི་ལུགས་རང་དུ་གྲགས་པ་དང༌། རས་ཆུང་རྡོ་རྗེ་གྲགས་པའི་ཨ་མོ་གྷ་བཛྲ་ལ་གསན་པའི་སྦྱོར་དྲུག་དང༌། ཙ་མི་ནས་བརྒྱུད་པ་ཡིན་ཡང་སྦྱོར་འཕྲེང་ལུགས་དང་མི་གཅིག་པ་དཔལ་ཆེན་རྒ་ལོ་ནས་བརྒྱུད་པ་


TNT04_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གསུམ་སྟེ། རྒ་ལོས་དུས་འཁོར་རང་ལུགས་ཀྱི་སྦྱོར་དྲུག་ཞང་འཚལ་བ་སོགས་ལ་གནང་བ་དང༌། མ་རྒྱུད་ཀྱཻའི་རྡོ་རྗེའི་སྦྱོར་དྲུག་བླ་མ་ས་སྐྱ་པ་ཆེན་པོ་ལ་གནང་བ་དང༌། ཕ་རྒྱུད་གསང་བ་འདུས་པའི་སྦྱོར་དྲུག་དགེ་བཤེས་སྐྱུ་ར་ཨ་སྐྱབས་ལ་གནང་བ་དང་གསུམ་མོ། རྒ་ལོས་ཙ་མི་ལ་གསན་པ་ཡིན་ཡང༌། སྦྱོར་འཕྲེང་གི་ལུགས་དང་རྒ་ལོ་ལུགས་གཉིས་གདམས་ངག་སྟོན་ཚུལ་མི་འདྲ་བ་ཆེར་ཡོད་པས་ལུགས་སོ་སོར་བགྲོང་ངོ༌། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་དཔྱལ་ལོ་ཆོས་བཟང་ལ་གནང་བ། དགྱེས་རྡོར་ནཱ་རོ་འགྲེལ་ཆེན་གྱི་མན་ངག་ཏུ་མཛད། དཔྱལ་པས་ནཱ་རོ་པའི་སྒྲོམ་ལྡེར་གྲགས་པའི་ཡི་གེ་ཡང་ཡོད་པ་དང༌། པཎ་ཆེན་གྱིས་ཆོས་རྗེ་ས་སྐྱ་པཎ་ཆེན་ལ་གནང་བ་སྙན་བརྒྱུད་རྡོ་རྗེའི་ཚིག་དྲུག་གིས་ཁྱད་པར་དུ་བྱས་པ་སྟེ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་ལུགས་གཉིས་སོ། །གྲུབ་ཐོབ་དཔེ་མེད་འཚོའི་ལུགས་ཀྱི་སྦྱོར་དྲུག་སློབ་དཔོན་རཏྣ་རཀྵི་ཏ་ལ་པནྜི་ཏ་བི་བྷུ་ཏི་ཙནྡྲས་གསན་པ་བི་བྷུ་ཏིའི་རིང་བརྒྱུད་དུ་གྲགས་པ་དང༌། ཕྱིས་བལ་ཡུལ་གྱི་སྠཾ་བི་ཧ་རར་གྲུབ་ཐོབ་ཤཱ་བཱ་རིའི་ཞལ་མངོན་སུམ་དུ་བསྟན་དུས་གནང་བའི་སྦྱོར་དྲུག་ཉེ་བརྒྱུད་དེ་བི་བྷུ་ཏིའི་ལུགས་གཉིས་སོ། །ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་བླ་མ་བལ་པོའི་པཎ་ཆེན་ཉི་དབང་སྲུང་བ་དང༌། འཕགས་ཡུལ་གྱི་སྐྱེས་མཆོག་ར་ཧུ་ལ་ཤྲཱི་བྷ་དྲ་ལ་གསན་པའི་མན་ངག་ཀྱང་ཡོད་ལ། མན་ལུང་གུ་རུར་གྲགས་པ་གྲུབ་ཆེན་པུཎྱ་ཤྲཱིའམ། རྒྱ་གར་གྱི་ཡུལ་དུ་གྲུབ་ཆེན་དཱི་པཾ་ཀ་རར་གྲགས་པ་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཏེ་ད་ལྟ་རི་བོ་པོ་ཏ་ལ་ན་བཞུགས་པ་དེས། དང་པོར་འབྲོ་ལུགས་གཙོ་བོར་གྱུར་པ་རྭ་འབྲོ་གཉིས་འདུས་ཀྱི་མན་ངག་བསྒོམ་པར་མཛད་པ་ཡིན་ཡང༌། ཕྱིས་གྲུབ་པ་བརྙེས་པས་བརྒྱུད་པ་གཞན་ལ་མ་ལྟོས་མོད། གང་ལྟར་ཡང་དེས་མཛད་པའི་མཚན་བརྗོད་སྦྱོར་དྲུག་སྟེ། དེ་ལྟར་ན་ལུགས་སྲོལ་བཅུ་བདུན་ནོ། །སྡོམ་ནི། གྱི་ཇོ་རྨ་ཁྲོམ་ཇོ་བོ་དང༌། །འཕྲོ་རྭ་ཙ་མི་རྡོ་རྗེ་


TNT04_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །རྒ་ལོའི་གསུམ་དང་ཁ་ཆེའི་གཉིས། །བི་བྷུ་ཏི་གཉིས་ཆག་མན་ལུངས། །ཞེས་སོ། །པཎ་ཆེན་བི་བྷུ་ཏི་ཙནྡྲའི་ལུགས་ཀྱི་ཉེ་བརྒྱུད་ལ། མར་སྟོན་གཡང་འབར། ལྷོ་པ་གཞོན་ཚུལ། ཉེག་པོ་ཆོས་ལྡན་ཏེ་དངོས་སློབ་གསུམ་ལ་རྣལ་འབྱོར་སེངྒེ་འབུམ་གྱིས་ཞུས། དེ་ལ་ཀུན་སྤངས་ཆེན་པོས་གསན། ཡང་བི་བྷུ་ཏིའི་དངོས་སློབ་དཔྱལ་སྟོན་པདྨ་ཅན་ལ། ཀུན་མཁྱེན་ཆོས་སྐུ་བས་གསན། དེ་ལ་ཀུན་སྤངས་ཆེན་པོས་གསན་པའམ། དཔྱལ་པདྨོ་ཅན་དངོས་ལའང་གསན་ནོ། །བུ་སྟོན་ཆེན་པོའི་གསུང་བགྲོས་གཅིག་ལ། ཀོ་བྲག་པ་ནས་བརྒྱུད་པ་དེད་པས་ཆོག་པ་གཅིག་ཀྱང་ཡོད་པར་བཤད། དོན་ལའང་ཡོད་པར་འདུག ད་ལྟ་ཡོངས་སུ་གྲགས་པ་བི་བྷུ་ཏི་དངོས་སློབ་བཞིའི་ལུགས་གསན་པར་བྱེད། འདི་རྣམས་ལའང་ནང་སེལ་མི་འདྲ་བ་ཕྲན་ཚེགས་ཡོད་པས། ལུགས་ཐ་དད་དུ་བྱས་ན་སྦྱོར་དྲུག་མི་འདྲ་བ་ལུགས་ཉི་ཤུར་འགྲོ། སྐབས་འདིར་བརྒྱུད་པ་ཐ་དད་པའི་རྣམ་ཐར་མཐའ་དག་ནི་འཆད་པ་དང་འབྲི་བར་དཀའ། འབྲོ་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་རགས་རིམ་ཙམ་བཤད་ཐུབ་ན་ལེགས་ཏེ་ཡི་གེ་ལོགས་སུ་ཡོད། བརྒྱུད་པ་གཞན་རྣམས་ཀྱི་རྣམ་ཐར་ཁྲིགས་ཆགས་སུ་མི་དགོས་ཀྱང༌། གཏམ་རྒྱུད་རྣམ་ཐར་ངོ་མཚར་ཆེ་བ་ཆོས་འདི་ཉིད་དང་འབྲེལ་བ་འཆད་རྒྱུ་ཡོད་ན་ཐོ་རེ་ལོང་ངེ་བ་བཤད་པར་བྱའོ། །བི་བྷུ་ཏི་ཙནྡྲའི་ལུགས་ཀྱི་ལོ་རྒྱུས་ཅུང་ཟད་ཙམ་བརྗོད་ན། འདིའི་རིང་བརྒྱུད་རྩ་བ་ཐུག་ས་དེ་གྲུབ་ཐོབ་དཔེ་མེད་འཚོ་ཡིན། དེ་ཡང་གྲུབ་ཐོབ་དཔེ་མེད་འཚོ་དེ་རྟེན་དགེ་སློང༌། རིག་པའི་གནས་ཐམས་ཅད་ལ་མཁས་པ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱང་མཁྱེན། འཕགས་པ་སྤྱན་རས་གཟིགས་ཀྱང་ཡི་དམ་དུ་མཛད་པ་ཞིག་ཡིན། འཁྲུངས་ཡུལ་མ་ག་དྷ་པ། རིགས་རྗེ་རིགས། སྡེ་པ་མང་པོས་བཀུར་བ་ཡིན་ནོ་ཞེས་གསུང་རྒྱུན་ལས་འབྱུང༌། གང་ལྟར་ནའང་ཁོང་གི་རྒྱ་གར་ཤར་ཕྱོགས་ཡུལ་ལི་ཁར་ཤིང་འཕེལ། ཁ་སརྦ་ཎ་


TNT04_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་གི་གཙུག་ལག་ཁང་དུ་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཡང་དག་པའི་གནས་ལུགས་བསྒོམས་ཤིང༌། འཕགས་པ་འཇིག་རྟེན་དབང་ཕྱུག་བསྒྲུབས་ཀྱང་རྟག་མཚན་ཅུང་ཟད་ཀྱང་མ་བྱུང་བས་ཐུགས་མུག་སྟེ། ནམ་ཕྱེད་ཙམ་ན་མནལ་དུ་ཅུང་ཟད་སོང༌། དེར་ཁ་སརྦཎས་ལུང་བསྟན་པ། བུ་བི་ཀྲ་མ་པུ་རིར་སོང་ཞིག་འདོད་པའི་དོན་འགྲུབ་པར་འགྱུར་རོ་གསུང༌། དེའི་ནང་པར་རང་གི་སློབ་མ་ལེགས་པའི་བུ་དང་ལྷན་ཅིག་རིམ་གྱིས་ཆས་ཏེ། ནམ་ཞིག་བི་ཀྲ་མ་པུ་རིར་ཕེབས་པའི་ཉིན་མོར་སྣ་ཚོགས་པའི་ཟློས་གར་དང་ལྟད་མོ་དུ་མ་འདུག་པ་གཟིགས་པས། དེའི་རྐྱེན་གྱིས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས། ནུབ་མོ་འཁོར་གྱི་འཁྱམས་ཤིག་ཏུ་བཞུགས་པས་ནམ་ཕྱེད་ཙམ་ན་རང་གི་ལྷག་པའི་ལྷའམ་དཔལ་དུས་ཀྱི་འཁོར་ལོ་ཉིད། ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་ཅན་གྱི་ཆ་བྱད་དུ་བྱོན་ནས། བུ་དེ་ཁོ་ན་ཉིད་འདི་ཡིན་ནོ་ཞེས་གསུངས་པ་གསན་པ་ཙམ་གྱིས་སྐད་ཅིག་དེ་ལ་ཉམས་རྟོགས་ནི་ཡན་ལག་དྲུག་གི་རིམ་པ་རྫོགས། གནས་ལུགས་ཀྱི་དོན་གཟིགས། མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཐོབ་ཆེན་པོར་གྱུར་ཀྱང༌། སེམས་ཅན་གྱི་དོན་དུ་ལོ་མང་པོར་འགྲོ་དོན་མཛད་ཅིང༌། མི་ལུས་ཀྱི་རྣམ་པ་དེ་ཀས་བཞུགས། གཡང་ས་དང༌། ཆུ་དང༌། མེ་དང༌། དུག་དང༌། མཚོན་དང༌། མི་དང་མི་མ་ཡིན་པ་གང་གིས་ཀྱང་གནོད་པས་མི་ཚུགས། རྩིག་པ་དང་རི་ལ་ཐོགས་པ་མེད། སྐུ་ལུས་ཀྱི་བཀོད་པ་དང༌། གསུང་གི་སྣང་བ་མང་པོ་ཅིག་ཅར་འབྱུང༌། སྟག་དང༌། གླང་པོ་ཆེ་དང༌། ཀླ་ཀློའི་དཔུང་རེངས་པར་མཛད། མཐར་སྐུ་ལུས་མ་སྤངས་པར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས། སློབ་དཔོན་ཨ་བྷ་ཡཱ་ཀ་ར་དང་དུས་མཚུངས་ཡིན། དེས་སློབ་དཔོན་དཔལ་འཛིན་སྡེ་ལ་བཤད། དེས་འོད་བྱེད་ལྷ་ལ་བཤད། དེས་རྒྱལ་པོའི་བླ་མ་ཆོས་འབྱུང་ཞི་བ་ལ་བཤད། དེས་ཉི་མ་དཔལ་ཡེ་ཤེས་ལ་བཤད། དེ་ལ་པཎ་ཆེན་རཏྣ་


TNT04_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵི་ཏས་གསན། དེ་ལ་བི་བྷུ་ཏི་ཙནྡྲས་གསན་ཏེ། དེ་ཐམས་ཅད་ཀྱང་རིག་པའི་གསན་ལྔ་ལ་མཁས་ཤིང༌། གསང་སྔགས་ཀྱི་རྒྱུད་ཐམས་ཅད་ལ་མཁྱེན་པ་རྒྱས་པ། དུས་ཀྱི་འཁོར་ལོའི་ཚུལ་ཁོང་དུ་ཆུད་པ། མཛད་པ་ཆོས་ལས་མི་འདའ་བ། ཐུན་མོང་གི་ནུས་པའི་རྟགས་ཅི་རིགས་པ་མངའ་ཞིང༌། རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་ཤར་བ་ཤ་སྟག་གོ །ཉེ་བརྒྱུད་ནི་གྲུབ་ཐོབ་ཤཱ་བཱ་རིས་བི་བྷུ་ཏི་ཙནྡྲ་ལ་དངོས་སུ་གནང་བ་ཡིན་ཏེ། དེ་ལ་བི་བྷུ་ཏི་ཙནྡྲ་ནི་རྒྱ་གར་ཤར་ཕྱོགས་བྷ་ལེནྡྲར་ཚོང་དཔོན་ཞིག་གི་སྲས་སུ་འཁྲུངས། རྟེན་དགེ་སློང་སྡེ་པ་ནི་མང་པོས་བཀུར་བ། བི་ཀྲ་མ་ཤྲཱི་ལ་སོགས་མ་ག་དྷ་དང༌། ཨོ་ཊི་བི་ཤ་སོགས་སུ་ཡང་བསླབ་སྦྱངས་ཅི་རིགས་པ་མཛད། གཙོ་བོར་ཤར་ཕྱོགས་བྷཾ་ག་ལའི་ཡུལ་ན་ཆོས་འཁོར་ཛ་གད་ད་ལ་བྱ་བའི་ཆོས་གྲྭ་བཟང་ལ་རྒྱ་ཆེ་བ་ཡོད་པ་དེར་བསླབ་སྦྱངས་མཛད་པས་སྡེ་སྣོད་གསུམ་དང༌། ཕྱི་རོལ་ཀྱི་རིག་པའི་གནས་ལ་ཤིན་ཏུ་མཁས་པར་གྱུར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་རྒྱ་གར་དུ་ལོ་གསུམ་དང༌། བོད་ཡུལ་དུ་ལོ་བཅུ་གཅིག་བསྟེན། ས་སྡེ་ལྔ་དང། གསང་སྔགས་ཀྱི་ཆོས་ཤིན་ཏུ་མང་བ་སོགས་མདོ་སྔགས་ཀྱི་གསན་པ་མཐའ་ཡས་པ་མཛད། ཁ་ཆེ་པཎ་ཆེན་རྩ་བའི་བླ་མར་འཛིན། དྲང་སྲོང་སྲིན་པོ་རིར་བདེ་མཆོག་གི་ལྷ་ཁང་བཞེངས། འཇིམ་བཟོ་བི་བྷུ་ཏི་རང་གིས་མཛད། རབ་གནས་ཁ་ཆེ་པཎ་ཆེན་ལ་ཞུས། དེ་ནས་བལ་ཡུལ་དུ་བྱོན་ཏེ། བུདྡྷཱ་ཤྲཱི་སོགས་མཁས་གྲུབ་གཞན་ལའང་སྔར་མ་གསན་པའི་གཞུང་གདམས་པ་ཅི་རིགས་པ་གསན། ཁྱད་པར་པཎ་ཆེན་རཏྣ་རཀྵི་ཏ་ལ་དུས་འཁོར་བདེ་མཆོག་སོགས་མང་པོ་ཞིག་མཁས་ཉན་དུ་མཛད། ལྷག་པར་དུས་འཁོར་གྱི་རྒྱུད་བཤད་ལ་ནན་ཏན་ཆེན་པོ་མཛད་ཅིང༌། ཆེས་མཁས་པའི་པཎ་ཆེན་དུ་གྱུར། སྦྱོར་དྲུག་གི་ཉམས་ཁྲིད་བསྐྱར་མ་ལ་རྩོལ་བ་ཆེན་པོ་དང་ངོ་སྤྲོད་མཛད་པས། རྩ་རླུང་དབང་དུ་འདུས། ཉམས་རྟོགས་ཁྱད་པར་ཅན་འཁྲུངས། ཕྱིས་སྠཾ་བྷི་ཧ་རའི་


TNT04_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོར་ཕེབས། ཆོས་ཀྱི་སྒོ་རྣམ་གྲངས་མང་པོ་གསུངས། འཕྲེང་བ་སྐོར་གསུམ། ཐུབ་པ་དགོངས་རྒྱན། མན་ངག་སྙེ་མ་སོགས་ལའང་རྐང་ཚུགས་ཀྱི་གྲྭ་བཙུགས་ཤིང༌། ལྷག་པར་དུས་འཁོར་ལ་བཤད་སྒྲུབ་གཉིས་ཀ་རྩལ་འདོན་དུ་མཛད། ཡི་དམ་འཕགས་པ་འཇམ་དཔལ་དང༌། རྡོ་རྗེ་ཕག་མོ་སྔ་མོ་ནས་ཞལ་གཟིགས། ཕྱིས་འཁོར་ལོ་སྡོམ་པ་དང་དུས་འཁོར་ཡང་གཟིགས། བདེ་མཆོག་གི་དབང་མཛད་པས། ཡེ་ཤེས་དབབ་པའི་དུས་བལ་པོ་ཀིརྟི་ཤྲཱི་བྱ་བ་ཞིག་དང༌། རྒྱ་གར་ཐ་རུ་བའི་བཙུན་པ་མ་ནོ་ར་ཏ་བྱ་བ་སྐལ་ལྡན་གཉིས་ལ་ནམ་མཁའི་ཡེ་ཤེས་ཕེབས་ཏེ། དབང་གྲལ་ནས་མི་སྣང་བར་གར་སོང་ཆ་མེད་དུ་ཡལ། དེ་སོགས་ཡ་མཚན་པའི་ལྟས་དུ་མ་མངའ། ཡང་བོད་དུ་ཕེབས་ཏེ་འགྲོ་དོན་ཆེར་བྱུང༌། མདོ་སྔགས་ཀྱི་བསྟན་བཅོས་མང་པོ་ལ་རང་འགྱུར་ཡང་མཛད། ཡང་བལ་ཡུལ་དུ་བྱོན་ཏེ། དགུང་ལོའང་མང་རབ་སོང་སྐབས། རྣལ་འབྱོར་བ་གཞོན་ནུ་སྙན་ལ་རྭ་དུང་བཅུག་པ་གཅིག་བྱུང་ནས། སྣ་ལེན་ཅུང་ཟད་ཅིག་མཛད་ནས་གྲང་ཁང་ཞིག་ཏུ་བསྐྱལ། དེར་སྒྲ་སློབ་པའི་པཎ་ཆུང་ཞིག་གིས་བལྟས་པས། རླུང་མི་རྒྱུ་བ་དང༌། ལུས་ཀྱི་མདོག་དབྱིབས་སྣ་ཚོགས་སུ་འགྱུར་བ་སོགས་ངོ་མཚར་བའི་རྟགས་འགའ་རེ་འདུག་ནས། བླ་མ་པཎྜི་ཏ་ལ་ཞུས་པས་པཎྜི་ཏས་ཀྱང་དེ་སྤྱན་དྲངས་ཏེ་ཡིད་ཀྱི་དྲི་བ་བྱས་ཚད་ལ་ཐོགས་མེད་དུ་ལན་ཤར་ཤར་བྱུང༌། ཉིད་སུ་ཡིན་ཞུས་པས། གྲུབ་ཐོབ་ཤཱ་བཱ་རི་པ་ཡིན་གསུངས། མཆོག་ཏུ་དགྱེས་ཤིང་གུས་ནས་རྗེས་སུ་གཟུང་བར་ཞུས་པས་སྦྱོར་དྲུག་གསུངས། ཡི་གེར་བཀོད་པ་ད་ལྟའི་གཞུང་ཆུང་འདི་ཡིན། སྤྱིར་ཟབ་མོའི་གདམས་པ་མཐའ་ཡས་པས་ཚིམས་པར་མཛད་ཅིང་རྒྱུད་བྱིན་གྱིས་བརླབས། ཞག་ཉི་ཤུ་རྩ་གཅིག་ཙམ་དངོས་སུ་བཞུགས་པར་ཡང་གྲགས། དེ་ནས་གང་དུ་བཞུད་ཞུས་པས།


TNT04_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་ཨོ་རྒྱན་དུ་འགྲོ། སྐལ་ལྡན་འགའི་དོན་བྱེད། དེ་ནས་དཔལ་གྱི་རི་ལ་ཀ་འགྲོ་གསུང་སྟེ་མི་སྣང་བར་གྱུར། དེར་སློབ་དཔོན་བི་བྷུ་ཏི་ཙནྡྲ་ནི་བྱིན་རླབས་ཀྱི་སྟོབས་ཀྱིས་ཉམས་རྟོགས་མཐར་ཕྱིན་པ་སྐད་ཅིག་ལ་བརྙེས། འཛིན་པའི་ཡོན་ཏན་མཐར་ཐུག་པའི་རྟགས་ཐོབ། མི་རིང་བ་ཞིག་ན་ཐུགས་དགོངས་ལ་བོད་ན་སྐལ་ལྡན་མང་པོ་ཡང་ཡོད། ཉེ་བརྒྱུད་ཀྱི་ཆོས་ཟབ་མོ་འདི་དར་ན་ཅི་མ་རུང་དགོངས། དུས་དེ་ཙ་ན་བོད་སྒོམ་ལ་གྲུབ་ཐོབ་ཀོ་བྲག་པ་ལས་བཟང་བ་དང་མཚན་གྲགས་ཆེ་བ་མེད། སྔར་ནས་སློབ་མའང་ཡིན་པས་རྡོ་སྐུ་མཛད་བརྒྱད་བརྐོས་མ་གཅིག ཀ་རའི་གླང་པོ་ཆེ་གཅིག་སོགས་བསྐུར་ནས། ང་ལ་ཆོས་ཟབ་མོ་ཁྱད་པར་ཅན་གསར་པ་ཡོད་པས་ཉན་པར་ཤོག་གསུང་པའི་འཕྲིན་བཏང༌། དེར་ཀོ་བྲག་པས་བདག་གཅིག་པུ་དེར་ཡོངས་ཀྱང་སེམས་ཅན་ལ་ཕན་ཐོགས་ཆེ་རྒྱུ་མ་མཆིས། བླ་མ་ཉིད་བོད་དུ་ཕེབས་ན་སྐལ་ལྡན་དཔག་ཏུ་མེད་པའི་འགྲོ་དོན་ཡོང་བས། བོད་དུ་ཅིས་ཀྱང་ཕེབས་པར་ཞུ་ཞེས་སྤྱན་འདྲེན་བཏང་བས་ཞུ་བ་དེ་ལ་པཎ་ཆེན་ཐུགས་དགྱེས་ཏེ། ཀྱི་རོང་ཚུན་ཆད་ལ་ཕེབས་བསུའི་མཐུན་རྐྱེན་མང་པོ་དང་བཅས་ཕེབས། འདི་སྐབས་ཀྱང་བོད་དུ་ལོ་གསུམ་སོང༌། དྲང་སྲོང་སྲིན་པོ་རིར་ཡང་ཕེབས། དིང་རི་གླ་འཁོར་དུ་ལོ་ངོ་གཉིས་ཙམ་བཞུགས། སྤྱིར་ཆོས་ཞུ་བ་ཤིན་ཏུ་མང༌། སྒོས་སུ་སྦྱོར་དྲུག་ཞུ་བ་མང་ཞིང༌། ཉམས་རྟོགས་ཁྱད་པར་ཅན་སྐྱེས་པ་མང་དུ་བྱུང༌། ཉེ་བརྒྱུད་ལ་ཕྱིས་བརྒྱུད་པ་ཟིན་ཞིང་འགྲོ་དོན་ཅན་གྱི་སློབ་མ་དགུ་བྱུང་བར་གྲགས། དེ་སྐབས་སྒོམ་ཆེན་མཚན་གྲགས་ཆེ་བ་རྒོད་ཚང་བས་ཀྱང་འདིའི་ཞབས་ལ་གཏུགས་པ་ཡིན་ཏེ། ཁོང་རང་གི་བཀའ་འབུམ་དུ་བལྟས་པས་གསལ། བླ་སྒྲུབ་ཕྱི་ནང་གསང་གསུམ་གྱི་གཞུང་ཆུང་བི་བྷུ་ཏི་ལ་ཞུས། གཞུང་ཆུང་དེ་དག་ལ་ཁོང་བས་མཆན་བུ་དང་ས་དཔྱད་ཀྱང་མཛད་གདའ། རྣམ་


TNT04_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ན་བགྲོས་མི་འདུག་སྟེ་སློབ་མ་ཚོས་གསུངས་པ་ཡིན་ལས་ཆེ། དེ་ནས་པཎ་ཆེན་བལ་པོར་བཞུད་དེ། དེ་རྗེས་ཀྱང་ལོ་མང་རབ་སོང་བ་ན་མི་སྣང་བའི་དངོས་གྲུབ་བརྙེས་པ་ལ་རྩོད་པ་མེད། འཛིན་པ་མཐར་ཕྱིན་ནས་ཡུན་རིང་ལོན་པས་ཟུང་འཇུག་བརྙེས་པ་ཡིན་ཏེ་མཆི། སྐུ་གདུང་མ་བྱུང༌། གང་ལྟར་ཡང་སློབ་དཔོན་དེ་ཡུལ་ཤིན་ཏུ་གཉན་པ་ཞིག་ཏུ་འདུགསྔོན་རོང་པ་ཤེར་སེང་དང་རྡོ་རྗེ་རྒྱལ་མཚན་པ་སོགས་ཀྱིས་ཀྱང་ཞལ་སྨོད་མང་པོ་མཛད་དེ། ནང་གི་སྙེ་མའི་འགྱུར་དེ་མ་བདེ་བ་ཞིག་འདུག་པས་འཁྲུལ་གཞི་བྱུང་ནས་དོན་མ་དགོངས་པར་མ་ཟད། ཕྱིས་བྱུང་གི་ས་སྐྱ་བར་འདོད་པ་རྣམས་བརྙེས་ཐབས་དང་སྐུར་འདེབས་བྱེད་དེ། འུར་འབྲོགས་ལངས་པ་ཁོ་ནར་ཟད་དོ། །དེའི་རྒྱུ་མཚན་ཁ་ཆེ་པཎ་ཆེན་ས་སྐྱར་ཕེབས་དུས་པཎ་ཆུང་གཞན་རྣམས་ཀྱིས་རྗེ་བཙུན་གྲགས་པ་ལ་ཕྱག་ཕུལ། བི་བྷུ་ཏིས་མ་ཕུལ། རྗེ་ས་པཎ་གྱིས་དེའི་སྔོན་དུ་སདྒྷ་ཤྲཱི་ལ་སྒྲ་དང༌། ད་ན་ཤྲཱི་ལ་ལ་ཚད་མ་གསན། དེ་དུས་པཎ་ཆུང་གཞན་རྣམས་ལའང་ཆོས་འབྲེལ་རེ་ཙམ་ཞུས། རྫོང་པ་བཟང་པོ་མཛད་པ་ལ། བི་བྷུ་ཏི་དེ་དུས་ནས་པཎ་ཆུང་དགུའི་ནང་ནས་མཁས་ཤོས་ཡིན། དེ་དུས་པཎ་ཆེན་རང་དུ་ཀ་ཡོད་ཀྱང༌། ཆོས་ཀྱང་མ་གསན། རྫོང་པ་ཡང་མ་མཛད་སྐད། བི་བྷུ་ཏི་ནི་དེ་སྔོན་ནས་འབྲི་ཁུང་པ་དང་འབྲེལ་ཆགས་ཡོད། ལན་བར་པ་ཕེབས་སྐབས་ཀྱང་འབྲི་ཁུང་གླིང་དུ་འཕྲིན་ལས་ཆེར་བྱུང༌། དེ་རྗེས་སྲིན་པོ་རི་བའི་དགེ་བཤེས་ཞིག་ཡིན་ནམ་ཡང་ཟེར། འབྲི་ཁུང་བའི་ཕྱོགས་འཛིན་ཞིག་ཡིན་ནམ་ཡང་ཟེར་ཏེ། རྗེ་བཙུན་ཆེན་པོའི་རྩ་ལྟུང་འཁྲུལ་སྤོང་གི་གྲུབ་མཐའ་ལ་དགག་པ་ཡོད་པའི་སྡོམ་གསུམ་འོད་འཕྲེང་ཟེར་བའི་གཞུང་ཆུང་དེ་བརྩམས་ནས། བི་བྷུ་ཏི་ཙནྡྲས་མཛད་དོ་ཞེས་ཁ་འཕངས་བྱས་འདུགགྲུབ་མཐའ་བི་བྷུ་ཏའི་བཞེད་པ་ནི་ཡིན་ཡོད་པར་ཡང་གདའ། ཕྱིས་ཀྱི་ས་སྐྱ་བ་རྣམས་བོད་རྩོམ་


TNT04_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱ་རྩོམ་གྱི་ཉམས་ནི་མེད། དགག་པ་དེ་མཐོང་བས་སྙིང་ན་བ་ཡིན་ཏེ། འོད་འཕྲེང་གི་གཞུང་དེ་བོད་རྩོམ་སང་སང་སྔོན་རྟགས་ཅན་ཡིན་པས། བི་བྷུ་ཏིས་མ་མཛད་པར་ངེས། ཁོང་ལ་ཚིག་པ་དེ་ཙམ་ཟ་མི་དགོས། དཔེར་ན་རྒྱུད་བརྫུས་མ་གཅིག་གི་ནང་ན། ལྟ་སྤྱོད་ལོག་པ་འདུག་ཀྱང༌། དེ་རྡོ་རྗེ་འཆང་ལ་ཁག་མེད་པ་དང་འདྲ། ལར་སྡོམ་གསུམ་འོད་འཕྲེང་གི་ལུགས་དེ་ལའང་ལུང་རིག་གིས་གནོད་བྱེད་ཡོད་ན་ཁྱོགས་ཤོག རྗེ་བཙུན་གྲགས་རྒྱལ་ལ་ཕྱག་མ་ཕུལ་བ་དང༌། དགག་པ་བྱས་པ་ཙམ་ལ་སྙིང་འཁམ་པ་ནི་གུ་དོག་ཙམ་ཡིན་གྱི། མཁས་པའི་བྱ་བ་མ་ཡིན་ནོ། །དེ་ན་མཁས་པ་ཡིན་དུ་རེ་ན་མཁས་པ་ལ་འོས་པ་ཞིག་བྱས་ན་དགའ་འོ། །དེ་ལྟར་བརྒྱུད་པ་ཐ་དད་པ་དུ་མའི་ནང་ནས། སྔོན་འགྲོ་དངོས་གཞི་ཐོག་མཐའ་བར་གསུམ་ཐམས་ཅད་དུ་རྩ་བའི་རྐང་ནི་འགྲོ་ལུགས་ཀྱི་མན་ངག་ལ་གཞུང་སྲོང་བར་མཛད་དེ། གཞན་ཐམས་ཅད་ལས་མན་ངག་རྒྱས་པའི་ཕྱིར་དང༌། བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་རྟགས་མངོན་གྱུར་གྱི་གྲུབ་བརྙེས་འབའ་ཞིག་ཡིན་པས་བྱིན་རླབས་ཀྱི་བཀའ་བབས་འགྲན་ཟླ་མེད་པའི་ཕྱིར་རོ། །དེའི་འོག་ནས་བི་བྷུ་ཏི་ཙནྡྲའི་ཉེ་བརྒྱུད་ལ་གཙོ་བོར་མཛད་དེ། གདམས་པ་ཟབ་ཅིང་བཀའ་གསར་མ་ཉིད་ཀྱི་ཕྱིར་བྱིན་རླབས་ཀྱི་བཀའ་བབས་ཀྱང་ཆེ་བ་ཡིན་པས་ཐོག་མཐའ་བར་གསུམ་ཀུན་ཏུ་འཕྲ་བཀོད་པའི་ཚུལ་སྟོན་པར་མཛད་དོ། །དེ་ལས་གཞན་བརྒྱུད་པ་སོ་སོའི་མན་ངག་ཐམས་ཅད་ཀྱང༌། དཔལ་ཇོ་ནང་པའི་ལུགས་འདི་ལ་འདུས་ཏེ། ཉམས་ལེན་གྱི་སྤྱི་ཁོག་ནི་ཐམས་ཅད་འདྲ་བས་ཟློས་པའི་ཚུལ་གྱིས་སྟོན་མི་དགོས་ལ། སྲོག་རྩོལ་སོགས་ཀྱི་སྐབས་སུ་མི་འདྲ་བའི་ཁྱད་པར་ཟབ་ཁྱད་ཡོད་ཚད་རྣམ་གྲངས་སུ་བཀོད་ནས་འདུས་པ་མཛད་པ་ཡིན་ནོ། །དེ་ལྟར་ན་རྒྱུད་དང་བླ་མ་ལ་ཡིད་ཆེས་ཞེས་བྱ་སྟེ། རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲལ། གྲུབ་ཐོབ་


TNT04_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བསྒོམས། པནྡི་ཏ་རྣམས་ཀྱིས་བཤད། ལོ་ཙཱ་བ་རྣམས་ཀྱིས་བསྒྱུར། ཚད་མར་གྱུར་པའི་སྐྱེས་བུ་ཐམས་ཅད་ཀྱིས་རྩིས་སུ་མཛད། རྒྱལ་བའི་བསྟན་པ་གཅེས་པར་འཛིན་པའི་མཁས་སྒྲུབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཉན་བཤད་སྒོམ་སྒྲུབ་མཛད་པའི་ཐེ་ཚོམ་དང་རྩོད་པའི་གཞི་ཐམས་ཅད་དང་བྲལ། སྲིད་པ་གསུམ་དུ་ཉི་ཟླ་ལྟར་གྲགས་པའི་ཆོས་ཡིན། མཁས་པས་མ་བཅོས། བླུན་པོས་མ་བསླད། རྒྱལ་བའི་བཀའ་མདོ་རྒྱུད་ཀྱི་དགོངས་པ་དྲང་ཐལ་ལེ་བ། ཉམས་དང༌། རྨི་ལམ་དང༌། ཞལ་གཟིགས་མ་དང༌། གཏེར་མ་དང༌། ལུང་བསྟན་མ་ཡིན་ཟེར་ནས་ཁུངས་མེད་རྫབ་རྫུབ་རབ་རིབ་ལ་སྐྱབས་འཚོལ་མི་དགོས་པ། ལེགས་ལེགས་བསྡུས་པ་མ་ཡིན་པ། བློ་བཟོའི་རིས་གཅོད་མ་བྱས་པ། སྒོམ་ཆེན་འགའ་ཞིག་གིས་འཚོ་བའི་དོན་དུ་བརྩམས་པ་དང༌། བླ་དཔོན་འགའ་ཞིག་གིས་རང་གི་འཁོར་དང་ཡོན་བདག་མགོ་རྨོངས་པའི་ཆེད་དུ་བྱས་པའི་གྱབས་སྐོར་དང་རྫུས་ཆོས་དང༌། ལོག་ཆོས་ཀྱི་བསྲེ་བསླད་ཡེ་མ་ཞུགས་པ། རྣམ་དག་ལེགས་པའི་ལམ་འདི་ལྟ་བུ་ལ་འཇུག་པ་སྐལ་བ་བཟང་བ་ཡིན་ནོ། །བདག་ཉིད་ལ་ཡིད་ཆེས་པ་ཞེས་པ་ནི། ཆོས་དེ་རང་གིས་ཉམས་སུ་བླངས་པས་བཤད་ཚོད་དང་མཐུན་པའི་ཉམས་མྱོང་སྐྱེས་ཙ་ན། ཆོས་དེ་སློབ་མ་རྣལ་འབྱོར་པ་བདག་ཉིད་ཀྱིས་ཉམས་སུ་མྱོང་བའི་སྒོ་ནས་ཆོས་ལ་ཡིད་ཆེས་ཚད་མ་རྙེད་པ་སྟེ། དེ་ཡང་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་གསུངས་ཤིང༌། དགྱེས་པ་རྡོ་རྗེ་ལས་ཀྱང༌། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡིན་གཟུགས་སུ་སེམས་པ་ཡིས། །རྒྱུན་མི་ཆད་པར་ཉིན་མཚན་གཅིག །བསྒོམ་པ་ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་


TNT04_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐབས་གཞན་ཡོན་མ་ཡིན། །ཞེས་གསུངས་ཏེ། དམིགས་པ་ལ་རྩེ་གཅིག་ཏུ་གནས་པས་ཉིན་མོ་གཅིག་དང་མཚན་མོ་གཅིག་གོམས་པར་བྱས་ན། དུས་དེ་ཉིད་དུ་ལམ་རྟགས་སྔོན་མ་རྣམས་འཆར་ཐུབ་པ་ཞིག་དགོས་ཏེ། ཉི་མ་ཤར་ན་དུས་དེ་ཉིད་དུ་འོད་འབྱུང་དགོས་པ་བཞིན་ནོ། །གཞན་དུ་ན་མི་རྟོགས་པ་དང༌། གཏུམ་མོ་བསྒོམ་པ་སོགས་ཟླ་དྲུག་གམ་ལོའམ་ལོ་གསུམ་སོགས་ཡུན་རིང་དུ་གོམས་པ་ལས་ཕྱིས་རྟགས་རྣམས་འབྱུང་བ་དང༌། དེ་ལྟར་འབྱུང་ངོ་ཞེས་བླ་མས་ལུང་སྟོན་ཡང༌། བདག་ཉིད་ལ་ཡིད་ཆེས་པ་རྣམ་དག་མ་ཡིན་ཞིང༌། འཐད་པའང་མ་ཡིན་ཏེ། ཉིན་ཞག་དང་པོ་བསྒོམ་པ་དེ་ཀ་ཡང་དག་པའི་དེ་ཁོ་ན་ཉིད་བསྒོམ་པ་ཡིན་ན། དེ་ཉིད་དུ་དེའི་རྟགས་འབྱུང་བ་འཐད་ལ། དེ་ནི་དེ་ཁོ་ན་ཉིད་བསྒོམ་མ་ཡིན་ན། དེ་དག་དམིགས་རྣམ་ལ་ཁྱད་མེད་པས། ཕྱིས་བསྒོམ་པ་རྣམས་ཀྱང་ཡང་དག་པ་མ་ཡིན་པར་འགྱུར་ལ། དེ་ཡང་འདོད་ན་ཁྱེད་ཀྱི་ཆོས་དེ་དངོས་གནས་ལ་དེ་བཞིན་བདེན་མོད། ཕྱིན་ཅི་ལོག་གི་ལམ་ཡུན་རིང་གོམས་པ་ལས། ཡང་དག་པའི་རྟགས་འབྱུང་བ་ཡང་མི་རིགས་ཤིང་ཡང་རྟགས་དེ་ཡང་ལོག་པའི་རྟགས་ཡིན་ན་ནི། ཕྱིན་ཅི་ལོག་ཁོ་ན་ཡུན་རིང་དུ་གོམས་པ་ལ་རྩོལ་པ་བྱེད་པའི་བླ་མ་དང༌། སློབ་མ་དེ་དག་ནི་ངོ་མཚར་ཅན་བརྗོད་པ་ལས་འདས་པ་ཞིག་གོ །ཡང་ཉིན་ཞག་དང་པོ་ནས་བསྒོམས་པ་དེ་རྣམ་དག་ཡིན་ཡང་དེའི་རྟགས་ནི་ཕྱིས་ཡུན་རིང་པོ་ནས་འབྱུང་ངོ་ཞེ་ན། ཉི་མ་དེ་རིང་ཤར་བ་ཡི། །འོད་ཟེར་ནང་པར་འབྱུང་བ་མཚར། །ཞེས་པ་དང་འདྲའོ། །དེ་ལྟ་བས་ན་རྩ་བཟང་ན་ཐུན་ཐུན་མཚམས་གཅིག །འབྲིང་ལ་ཉིན་མཚན་གང་རུང་གཅིག ཐམས་མས་ཀྱང་ཉིད་ཞག་


TNT04_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུགས་གཅིག་བསྒོམས་པས་རྟགས་སྣང་འཆར་བར་ཐེ་ཚོམ་མེད་པའི་ལམ་ནི་ཆོས་འདི་ཁོ་ན་ཡིན་ནོ། །འོ་ན་ད་ལྟ་འཁྲིད་བཏབ་པ་རྣམས་ལ་ཞག་འགའ་ཤས་ནས་རྟགས་སྣང་འབྱུང་བ་མང་དུ་མཐོང་བ་དང་མི་འགལ་ལམ་སྙམ་ན། ལས་དང་པོ་པས་ཐུན་བཞིར་བསྒོམས་ན། རེས་འགའ་དམིགས་པ་ལ་སེམས་གནས་ཀྱང་ཕལ་ཆེར་མི་གནས་པས་གང་དམིགས་པ་ལ་སེམས་བརྟད་པ་སྔ་ཕྱིར་བྱུང་བ་རྣམས་བསྡོམས་པས་ཉིན་ཞག་གཅིག་གི་ཚད་དུ་སླེབ་པ་ན། ངེས་པར་རྟགས་སྣང་འཆར་ཞིང༌། རྣམ་པར་མི་རྟོག་པའི་སྒོམ་ཅུང་ཟད་ཙམ་རྩོལ་མེད་རང་བབས་སུ་འབྱུང་སྟེ། རྡོ་རྗེ་འབེབས་པའི་ཆ་ཤས་ཡིན་ནོ། །དེས་ན་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་རྒྱུན་མ་ཆད་པ་ཞག་གཅིག་ཐུབ་དགོས་པ་གཏན་ནས་མིན་ཡང༌། ཐུན་མཚམས་སྤྱོད་ལམ་དང་སེམས་ཡེངས་པའི་གུས་ཏེ་སྒོམ་བྱས་པ་ལ་མི་ཐེ་བས། ནམ་མཁའི་རྣལ་འབྱོར་ཞག་གཅིག་བསྒོམ་པ་ལ་རྟགས་མེད་པ་མི་སྲིད་པར་གསུངས་པ་དང༌། རྣམ་གཡེང་དང་བསྲེས་ཀྱིན་བསྒོམས་པས། ཞག་གཉིས་གསུམ་དུ་རྟགས་མ་བྱུང་བ་ལ་འགལ་བ་སྡེབ་རྒྱུ་ག་ལ་ཡོད། སྤྱིར་དེང་སང་གི་མིས་ཀྱང་ཆོས་འདིའི་སྒོམ་ལ་ཞུགས་པའི་ཉི་མ་དང་པོ་ཉིད་ནས་རྟགས་སྣང་དང་རྡོ་རྗེ་འབེབས་པ་ཐོབ་པ་མང་དུ་འབྱུང་བ་མངོན་སུམ་དུ་གྲུབ་པ་འདིར་སྣང་ཞིང༌། ཞག་ཤས་བསྒོམས་པས་མི་འབྱུང་བ་ནི་མི་སྲིད་དོ། །དེ་ལ་མ་མཐའ་ཡང་ཞག་གཅིག་གི་མཐའ་འཛིན་པའི་རྒྱུ་མཚན་ནི་ཉིན་ཞག་གཅིག་པོ་དེའམ་ཞག་སྔ་ཕྱི་སྣ་ཚོགས་པ་བསྡོམས་པ་ཡིན་ཡང་རུང་སྟེ། ཞག་གཅིག་གི་ཚད་དུ་ལོངས་པ་ན་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། མི་རྟོག་པའི་ཡེ་ཤེས་ཀྱིས་གནད་དུ་བསྣུན་པར་སོང་བའི་རྟེན་འབྲེལ་ལས་ཐེ་ཚོམ་མེད་པ་ཡིན་ལ། དབང་པོ་རྣོ་བ་ལ་ནི་དབུགས་སུམ་བརྒྱ་དྲུག་ཅུ་ཙམ་ལ་ཡང་འབྱུང་བ་ལ་སོགས་པ་ངེས་པ་མེད་དོ། །དེས་ན་ཆུ་ཚོད་གཅིག་དང༌། དུས་སྦྱོར་གཅིག་དང༌། དུས་སྦྱོར་གཉིས་


TNT04_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅུ་གཉིས་ཀྱི་བར་དུ་ཅི་རིགས་པར་སྦྱར་རོ། །གཞན་ཡང་འདི་ལྟར་ཤེས་དགོས་ཏེ། སྟོང་རྐྱང་ཙམ་བསྒོམ་པ་ལ་ནི་རྟགས་སྣང་མི་འབྱུང་བ་ཤས་ཆེ་ལ། བྱུང་ཡང་རྩིས་སུ་མི་བྱེད་དོ། །ཕྲ་ཐིག་སོགས་བསྒོམས་པས་དུ་སོགས་འཆར་བ་ནི་བེམ་པོའི་རླུང་རགས་པའི་དབུ་མར་ཐིམ་པའི་ཉམས་ཙམ་ཡིན། དེ་ནི་རླུང་གི་མདངས་སམ་རྩའི་མདངས་ཞེས་བྱ། སྤྱིར་ལམ་དུ་འགྱུར་མོད་ཀྱང་འཁྲུལ་ཤེས་ཡིན་ཞིང་རྣམ་པ་ཐམས་ཅད་པར་འཆར་བའང་མ་ཡིན་ནོ། །ཆོས་འདི་ལས་བྱུང་པའི་རྟགས་སྣང་གི་གཙོ་བོ་རྣམས་ནི་མི་རྟོག་པའི་སྟོབས་ཀྱིས་མ་དག་པའི་རྩ་རླུང་ཐིག་ལེ་ཅུང་ཟད་ཐིམ་པས། དེ་མ་ཐག་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་ཅུང་ཟད་མངོན་དུ་གྱུར་པའི་ཕྱིར། ཆོས་ཉིད་ཀྱི་མདངས་ཡིན་ལ། དེའི་ཕྱིར་རྣམ་པ་ཕྱོགས་རེ་ཙམ་མ་ཡིན་པར་རྣམ་པ་མཐའ་ཡས་པར་འཆར་བ་ཡིན་ནོ། །དེས་ན་ལམ་འབྲས་དང་ཆོས་དྲུག་སོགས་ལས་འཆད་པའི་རྟགས་སྣང་དང༌། སྦྱོར་དྲུག་པ་ལ་འབྱུང་བའི་སྟོང་གཟུགས་གཉིས། དུ་སོགས་སུ་མཚུངས་པའི་འདྲ་ཆོས་ཙམ་ཡོད་ཀྱང་ངོ་བོ་བཟང་ངན་ཤིན་ཏུ་ཁྱད་ཆེ་སྟེ། རྒྱུ་མཚན་དེ་ཉིད་ཀྱིས་ན། ཆོས་དེ་དག་ཏུ་སྟོང་གཟུགས་ཀྱི་ཐ་སྙད་མི་མཛད་ལ། འདིར་སྟོང་གཟུགས་དང་རྫོགས་རིམ་གྱི་ལྷ་ཡིན་པར་འཇོག་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་རྟོག་བཅས་དེ་དག་ཏུ་དུ་སོགས་འཆར་བ་ནི། རྟོགས་པ་དེ་ཤིན་ཏུ་གོམས་པ་ལས། འདོད་འཇིགས་མྱ་ངན་སོགས་དང་མཚུངས་པར་རྟོག་མེད་གསལ་སྣང་འཁྲུལ་པ་ཅན་ཞིག་སྐྱེ་ལ། དེ་ལ་བརྟེན་ནས་དུ་སོགས་འཆར་ཏེ། མདོར་ན་རྣམ་རྟོག་འཁྲུལ་པའི་རྒྱུ་ལས་བྱུང་བའི་ཕྱིར། ཡེ་ཤེས་ཀྱི་དབུ་མ་ལ་རེག་མི་ཐུབ་བོ། ལུགས་འདིའི་སྟོང་གཟུགས་ནི་རྣམ་པར་མི་རྟོག་པའི་སེམས་ཀྱིས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཕྱིར། ཐོག་མར་རགས་པའི་རྩ་དབུ་མ་ལ་བརྟེན་ནས་དེ་མ་ཐག་ཏུ་ཡེ་ཤེས་ཀྱི་རྩ་དབུ་མ་ལ་རེག་པར་འགྱུར་བའི་ཕྱིར་ཏེ། སྒོམ་བྱེད་ལམ་གྱི་ཡེ་ཤེས་དང༌། བསྒོམ་བྱ་ཡེ་ཤེས་


TNT04_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩ་གཉིས་ཀར་མི་རྟོག་པའི་ཡེ་ཤེས་སུ་མཚུངས་པའི་ཕྱིར་དེས་དེ་ལ་གནད་དུ་བསྣུན་ཐུབ་ལ། རྣམ་རྟོག་སྒོམས་པས་ཡེ་ཤེས་ཀྱི་རྩ་ལ་གནད་དུ་བསྣུན་མི་ཐུབ་སྟེ། བཅོས་མ་དང་བཅོས་མིན་གྱི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར། ནམ་མཁའ་ལ་ཁུ་ཚུར་བསྣུན་མི་ནུས་པ་བཞིན་ནོ། །མདོར་ན་རྟོག་པ་ལས་བྱུང་བའི་རྟགས་སྣང་དང་མི་རྟོག་པ་ལས་བྱུང་བའི་རྟགས་སྣང་མི་འདྲ་བར་ཤེས་པར་བྱའོ། །སྤྱིར་འདི་ལ་མུ་བཞི་ཡོད་དེ། རྟོག་བཅས་ཀྱི་སྒོམ་པ་ཡིན་ཞིང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་དང་མི་བསྣུན་པ་གཉིས། རྟོག་མེད་ཀྱི་སྒོམ་པ་ལའང་རྡོ་རྗེ་ལུས་ལ་གནད་དུ་བསྣུན་པ་དང་མི་བསྣུན་པ་སྟེ་བཞིའོ། །གཏུམ་མོ་འཁོར་ལོ་བཞི་པ་ལྟ་བུ་གསང་སྔགས་ནང་པའི་ཕྲ་ཐིག་གི་རྣལ་འབྱོར་རྣམས་ནི། རྟོག་བཅས་ཡིན་ཞིང་ལུས་ལ་གནད་དུ་བསྣུན་པའི་མུ་ཡིན་ལ། བོད་ཡུལ་འདིར་སེམས་འཁྲིད་དུ་གྲགས་པའི་མི་རྟོག་པ་རྣམས་ནི་མི་རྟོག་པ་ཡིན་ཡང་ལུས་ལ་གནད་དུ་མི་བསྣུན་པའི་མུའོ། །དཔྱད་སྒོམ་གྱི་སྟོང་ཉིད་སྒོམ་པ་དང༌། ངེས་འབྱུང་སྙིང་རྗེ་ཕལ་པ་སོགས་རྣམ་རྟོག་ཀྱང་ཡིན་ལ་རྡོ་རྗེ་ལུས་ལ་གནད་དུ་མི་བསྣུན་པའི་མུའོ། །རྡོ་རྗེའི་རྣལ་འབྱོར་འདི་ནི་རྣམ་པར་མི་རྟོག་པའི་སྒོམ་པ་ཡང་ཡིན་ལ། རྡོ་རྗེ་ལུས་ལ་གནད་དུ་བསྣུན་པའི་མུའོ། །དེ་དག་ལས་བོད་ཡུལ་འདིར་གྲགས་པའི་ཕྱག་རྫོགས་ཞི་གཅོད་ལ་སོགས་པ་ཕལ་ཆེ་བ་ནི། རྫོགས་རིམ་ཡིན་པར་འདོད་ཅིང་གྲགས་མོད་ཀྱང༌། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་མེད་པའི་ཕྱིར་དང༌། ཐེག་ཆེན་མདོ་ལུགས་དང༌། ཉན་ཐོས་དང༌། ཁ་ཅིག་འཇིག་རྟེན་པའི་ཏིང་ངེ་འཛིན་ཀུན་དང་ཡང་ཐུན་མོང་ཡིན་པའི་ཕྱིར་རྫོགས་རིམ་མ་ཡིན་ལ། ཡང་ཁ་ཅིག་རྫོགས་རིམ་གྱི་སྐད་དོད་ནི་ཥྤནྣ་མ་བཅོས་པ་དང༌། མ་བརྟགས་པ་ལ་འཇུག་ཅིང༌། པ་རི་ནི་ཥྤནྣ་ཞེས་པ་ཡོངས་སུ་གྲུབ་པ་ལའང་འཇུག་པས། སྒྲ་བཤད་དེ་དག་ཚང་བའི་ཕྱིར་རྫོགས་རིམ་ཡིན་ནོ་སྙམ་ན། སྒྲ་བཤད་ཕྱོགས་


TNT04_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཚང་བ་ཙམ་གྱིས་དེ་དང་དེ་ཡིན་པར་མི་འགྱུར་ཏེ། ཆུ་ལས་སྐྱེས་དང་ཆུ་སྐྱེས་བཞིན། །ཞེས་པ་ལྟར་ཡིན་པ་དང་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཤེར་མདོ་དང༌། རྒྱུད་བླ་དང༌། ཟླ་བ་སྒྲོན་མེའི་མདོ་དང༌། རིག་ཚོགས་ཀྱི་གཞུང་ལ་སོགས་པའི་དངོས་བསྟན་ཡིན་པར་ཁས་ལེན་བཞིན་དུ། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྫོགས་རིམ་ཡང་ཡིན་ནོ་ཞེས་སྨྲ་བ་ནི། ཆེས་འགལ་བར་སྨྲ་བ་ཡིན་མོད་ཀྱི། ཕྱོགས་འཛིན་གྱི་གདོན་གྱིས་བསླད་པས་རིག་པ་རྣལ་མར་མེད་པ་དེ་དག་ལ་སྨྲས་ཀྱང་དགོས་པ་མི་སྣང་བས་རེ་ཞིག་བཏང་སྙོམས་སུ་བཞག་གོ །འོད་ཟེར་འགྲོ་འོང་ལ་དམིགས་པ་སོགས་དང༌། རགས་པའི་ཁམས་ཙམ་ཁོ་ན་ལ་འགྲོ་འོང་གི་བྱ་བ་བྱེད་ནུས་ཀྱི་ལས་རྒྱ་ཡེ་རྒྱ་སོགས་འདི་རྣམས་ཀྱང་རྫོགས་རིམ་དངོས་མ་ཡིན་ཏེ་རྣམ་པར་རྟོག་པའི་སྒོམ་པ་ཡིན་པའི་ཕྱིར་དང༌། ཁ་ཅིག་ལུས་ངག་གི་བྱ་རྩོལ་གཙོ་བོར་སྟོན་པའི་རྣམ་འགྱུར་ཙམ་ཡིན་པའི་ཕྱིར་རོ། །འོ་ན་འདི་དག་རྒྱུད་གཞུང་ཚད་ལྡན་ནས་རྫོགས་རིམ་དུ་བཤད་པ་མིན་ནམ་ཞེ་ན། འདི་དག་ཀྱང་མན་ངག་གི་གནད་དང་ལྡན་ན་རྫོགས་རིམ་གྱི་ཉེ་བའི་རྒྱུ་བྱེད་པ་ཡོད་ཅིང༌། རྫོགས་རིམ་དང་རྣམ་པ་འདྲ་བ་ཉིད་ཀྱི་ཕྱིར། རྫོགས་རིམ་གྱི་མིང་གིས་བཏགས་པ་སྟེ། འདི་དག་གི་རགས་པའི་རྩ་དབུ་མར་བེམ་ཆོས་ཀྱི་རླུང་ཐིམ་པ་སོགས་དང༌། རྡུལ་ཆོས་ཀྱི་ཐིག་ལེ་འཆིང་བ་ཙམ་སོགས་ཡོད་པས། ལུས་ལ་གནད་དུ་བསྣུན་པ་ཙམ་ཡིན་མོད། ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེ་ལ་རེག་པར་མི་ནུས་པ་དང༌། གནས་ལུགས་སྒོམ་པའང་མ་ཡིན་པའི་ཕྱིར་དང༌། །རྣམ་པར་རྟོག་པ་ཅན་ཉིད་ཀྱི་ཕྱིར་རྫོགས་རིམ་དངོས་མ་ཡིན་ཏེ། བསྐྱེད་རིམ་དངོས་དང་རྫོགས་རིམ་བཏགས་པ་བ་ཡིན་ཞེས་བྱའོ། །དེ་ལྟ་ན་ཡང་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཙམ་ནི་ཡིན་ཏེ། དབང་བསྐུར་བ་དང་ལྷ་བསྒོམ་སྔགས་བཟླས་


TNT04_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བཞིན་ནོ། །མི་རྟོག་པ་མ་ཡིན་ཞིང་ལུས་ལ་གནད་དུ་བསྣུན་པ་ཡང་མ་ཡིན་པའི་མུ་རྣམས་ནི། དངོས་སུ་རྫོགས་རིམ་མ་ཡིན་པར་མ་ཟད། དེ་དག་རྫོགས་རིམ་ཡིན་ཞེས་སྨྲ་མཁན་ཡང་ཆེར་མེད་པའི་དཔྱད་པ་མི་དགོས་མོད། ཡང་རྣམ་པ་གཅིག་ཏུ་ན་མུ་གསུམ་པོ་དེ་དག་ཐམས་ཅད་ཀྱང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རྒྱུད་སྦྱང་བའི་ཐབས་དང༌། སྔོན་འགྲོར་ནི་འགྱུར་དུ་རུང་བ་ཤ་སྟག་ཡིན་པས། རྡོ་རྗེའི་རྣལ་འབྱོར་འདི་ལ་བརྟན་པ་ཅུང་ཟད་ཐོབ་ན། དེ་དག་ལ་འདིས་རྒྱས་བཏབ་སྟེ་བསྒོམས་ན། ལམ་འདིའི་བོགས་འདོན་དུ་འགྲོ་བ་དང༌། གསེར་འགྱུར་རྩིས་ལྕགས་གསེར་དུ་འགྱུར་བ་ལྟར་དེ་དག་ཀྱང་རྫོགས་རིམ་དུ་གནས་འགྱུར་བའི་སྐབས་ནི་ཡོད་དོ། །དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་གནས་ལུགས་བསྒོམ་པ་ཡང་ཡིན། སྒོམ་པ་དེ་ཁོ་ནས་རྡོ་རྗེ་ལུས་ལ་ཕྱིན་ཅི་མ་ལོག་པར་གནད་དུ་བསྣུན་པ་ཡང་ཡིན་པའི་གཞི་མཐུན་པ་ཞིག་བྱུང་ན། དེ་ནི་རྫོགས་རིམ་དངོས་ཡིན་ཏེ། དེ་ཡང་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ལས་གཞན་ལ་མེད་དོ། །ཡང་འདི་སྙམ་དུ་ད་ལྟ་ཕྱག་ཆེན་དུ་གྲགས་པ་འདི་ལྟ་བུ་མི་རྟོག་པའི་གནས་ལུགས་བསྒོམ་པ་ཡིན་ལ། དེའི་སྟེང་དུ་གཏུམ་མོ་དང་ལས་རྒྱ་སོགས་ཀྱིས་རྡོ་རྗེ་ལུས་ལ་གནད་དུ་བསྣུན་ན་བདེ་སྟོང་ཕྱག་ཆེན་དུ་འགྱུར་བ་དང༌། མི་རྟོག་པ་དང་ལུས་ལ་གནད་དུ་བསྣུན་པ་གཉིས་ཀར་ཚང་བས། རྡོ་རྗེའི་རྣལ་འབྱོར་དང་ཁྱད་མེད་པར་འགྱུར་སྙམ་ན། ཉམས་མྱོང་རྣམ་པ་འདྲ་རུང་ཡོད་དུ་ཆུག་ཀྱང༌། དེ་ནི་རྒྱུ་ཐ་དད་གཉིས་འདུས་པའི་བཅོས་མ་ཡིན་པས། ཡེ་ཤེས་ཀྱི་རྩ་སོགས་ལ་གནད་དུ་བསྣུན་མི་ནུས་ཏེ། རྩི་བརྒྱ་མང་དུ་སྡོམ་ན་ཡང༌། ཁང་པའི་གདུང་མ་བཟོད་པར་དཀའ། །ཞེས་པ་ལྟར་ཡིན་པས་སོ། །རྡོ་རྗེའི་རྣལ་འབྱོར་འདིར་ནི་ཐབས་གཞན་གྱིས་བྱས་པ་མ་ཡིན་པར་མི་རྟོག་པའི་ཡེ་ཤེས་གཅིག་པོ་དེས་རྡོ་རྗེ་ལུས་ལ་གནད་དུ་བསྣུན་པར་


TNT04_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན་པའི་ཕྱིར་ཤིན་ཏུ་ཁྱད་ཆེ་སྟེ་སྐར་མའི་ཚོགས་པ་དང་ཉི་མ་བཞིན་ནོ།། འདིར་གང་ལ་གནད་དུ་བསྣུན་རྒྱུའི་རྡོ་རྗེ་ལུས་ནི་སྟེང་འོག་རྩ་དྲུག་དང༌། རྩ་འཁོར་ལོ་དྲུག་དང༌། དེ་དག་གི་རླུང་དང་ཐིག་ལེ་སོགས་ཡིན་གྱི། ལུས་ཙམ་པོ་ལ་མི་འཇོག་གོ །དེ་ལྟར་ན་ལམ་ཐམས་ཅད་ལས་ཆེས་ཁྱད་པར་དུ་གྱུར་པའི་རྡོ་རྗེའི་རྣལ་འབྱོར་འདི་ནི། ཉམས་མྱོང་ལ་ཞག་དུས་ཐེབས་པ། གྲུབ་ཐོབ་ལ་ཟླ་དུས་ཐེབས་པ། སངས་རྒྱས་ལ་ལོ་དུས་ཐེབས་པའི་ཆོས་གཞན་གང་དང་ཡང་མི་མཉམ་པ་ཡིན་ནོ། །འདི་དག་ལ་གོང་དུ་བཤད་པ་ལྟར་གོ་བ་ཆགས་དགོས་ལ། འཁྲིད་འདེབས་པའི་སྐབས། སྤྲོས་བཤད་དང་མཐའ་གཅོད་དེ་དག་འཆད་མི་འཆད་སྐབས་དང་བསྟུན་འཚལ། དེ་ཡན་ཆད་ནི་འཁྲིད་དམིགས་མ་ཚུགས་གོང་ཐོག་མའི་འཇུག་སྒོའི་སྐབས་ཀྱི་གསུང་བགྲོས་ཡིན་ཏེ། ཆོས་ཐུན་གསུམ་བཞི་ལྔ་སོགས་ཇི་ལྟར་འཚམ་པ་རེ་མཛད་དོ། །བར་དུ་དགེ་བ་གཞུང་། སྔོན་འགྲོ་ཐུན་མོང་བའི་དམིགས་པའི་སྐབས་སུ་འདི་སྐད་ཅེས། སྦྱོར་དྲུག་ལ་བོད་སྔ་རབས་པ་རྣམས་ཀྱི་ཡིག་རྙིང་རྣམས་བསྡུས་པ་ཙམ་དང༌། འཐོར་ཐབས་སུ་ཡོད་པ་དང༌། མན་ངག་གབ་པའི་ཕྱིར་ཁྲིགས་ཆགས་སུ་བསྒྲིགས་པ་ཙམ་མེད། སྔོན་ཤིན་ཏུ་བཀའ་ཡང་གཉན་པ་ལ། ཆོས་རྗེ་ཀུན་སྤངས་ཆེན་པོས་ཡུན་རིང་དུ་དགོངས་པ་བརྟད་དེ། ཡི་དམ་མཁའ་འགྲོ་རྣམས་ལ་གསོལ་བ་བཏབ་པ་ན། ཆོས་རྒྱལ་རིགས་ལྡན་རྣམས་དང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་བཀའི་གནང་བ་བྱུང་བ་ལ་བརྟེན་ནས་བཀའ་རྒྱ་བཀྲོལ་ཏེ་འཁྲིད་ཡིག་རྒྱས་པ་མཛད། ཀུན་སྤངས་ཆེན་པོའི་འཁྲིད་ཡིག་འདི་སྦྱོར་དྲུག་གི་འཁྲིད་ཡིག་ཁྲིགས་ཆགས་མ་ཀུན་གྱི་ཐོག་མ་ཡིན་པའི་ཕྱིར་དང༌། བརྒྱུད་པ་ཁུངས་ལྡན་གྱི་སྦྱོར་དྲུག་ཕལ་ཆེ་བ། ཆོས་རྗེ་འདི་ལས་བརྒྱུད་པའང་ཡིན་པའི་ཕྱིར། རང་གི་བློས་བཏགས་གཙོ་བོར་བྱས་པའི་ཡི་གེ་རྣམས་མ་གཏོགས། སྦྱོར་དྲུག་གི་འཁྲིད་ཡིག་ཕྱི་མ་ཕལ་ཆེ་བ་ཡང༌།


TNT04_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གཞི་བརྟེན་མཛད་པ་ཡིན་ནོ། །དེ་ཡང་ཅི་ལྟ་བུ་ཞེ་ན། མཁས་མཆོག་བུ་སྟོན་རིན་པོ་ཆེའི་ལུགས་ཀྱང༌། དང་པོར་མཁན་ཆེན་ཐར་ལོ་ལ་བི་བྷུ་ཏིའི་ལུགས་གཅིག་གསན། རྗེ་རོང་པ་རྡོ་རྗེ་རྒྱལ་མཚན་ལ་དབང་རྒྱུད་ཞིབ་མོར་གསན་ཀྱང༌། རྭ་བའི་སྦྱོར་དྲུག་ལ་ཚིག་འཁྲིད་མ་གཏོགས་དོན་འཁྲིད་མི་བཞུགས་པས། སྦྱོར་དྲུག་མཐའ་རྒྱས་རང་དེ་ཕྱིས་འཕགས་འོད་ཡོན་ཏན་རྒྱ་མཚོ་ལ་གསན་པ་ཡིན། ཁོང་གིས་ཀུན་སྤངས་ཆེན་པོ་ལ་སྦྱོར་དྲུག་གི་ཉམས་འཁྲིད་དང༌། རྒྱུད་སྙིང་གི་བཤད་པ་ཚར་མང་དུ་གསན། བྱང་སེམས་རྒྱལ་བ་ཡེ་ཤེས་ལ་ཡང་གསན་ཏེ། བུ་ལུགས་ཀྱི་སྦྱོར་དྲུག་ཀྱང་གཙོ་བོར་ཀུན་སྤངས་ཆེན་པོ་ལས་བརྒྱུད་པ་ཡིན་ཞིང༌། ཁྲིད་ཡིག་མཛད་པའང༌། ཀུན་སྤངས་ཆེན་པོའི་ཁྲིད་ཡིག་ལ་རྩོམ་གདན་མཛད་པར་འདུག ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པས་ཀྱང༌། དང་པོར་ཀུན་སྤངས་ཆེན་པོའི་དངོས་སློབ་བྲག་ཁ་བ་གྲགས་པ་སེངྒེ་ལ་གསན། ཡང་ཀུན་སྤངས་ཆེན་པོའི་དངོས་སློབ་སྲོན་པ་ཀུན་རྒྱལ་དེའི་སློབ་མ་སྲོན་པ་ཆོས་དཔལ་བཟང་པོ་དང༌། སྲོན་པ་བསོད་ནམས་རྒྱལ་མཚན་གཉིས་ཀ་ལ་ཉམས་འཁྲིད་དུ་གསན། ཕྱིས་བུ་སྟོན་རིན་པོ་ཆེ་ལའང་གསན། ཁྲིད་ཡིག་རྩོམ་པར་མཛད་པ་ནི་སྲོན་ལུགས་གཙོ་ཆེ་བས། ཀུན་སྤངས་ཆེན་པོའི་བཀའ་སྲོལ་ཉིད་ཡིན་ནོ། །ཡང་ཨོ་རྒྱན་བསྙེན་སྒྲུབ་ཏུ་གྲགས་པ་ནི། ཀུན་སྤངས་ཆེན་པོ་དང་དུས་མཉམ་དུ་བྱུང་བ་ཡིན་ཡང༌། སྤུང་བཀྲ་ཨོ་རྒྱན་པ་རིན་ཆེན་དཔལ་བ་རང་གིས་ཞལ་གཟིགས་ཀྱི་ཆོས་ཡིན་གྱི། ལོ་པཎ་སྡེབ་པ་རྒྱ་གར་ནས་བསྒྱུར་བ་མ་ཡིན། རྒྱ་གར་པཎྜི་ཏ་ནགས་རིན་གྱི་ལུགས་ནི་དུས་ཕྱིས་བྱུང་བ་ཡིན། དེ་མིན་གཞན་པར་སྐབས་དང་ཕྱིས་སྦྱོར་དྲུག་གི་མན་ངག་བྱུང་བ་ཐམས་ཅད། ཀུན་སྤངས་ཆེན་པོ་འདི་ལས་མ་བརྒྱུད་པ་མེད་པ་ལྟ་བུ་སྟེ། ཆོས་འདིའི་བསྟན་པའི་མངའ་བདག་གཅིག་པུ་བ་ཡིན་ནོ། །དེས་ན་ཀུན་སྤངས་ཆེན་པོའི་གསུང་ལ་བརྟེན་པར་འདྲ་ཡང༌།


TNT04_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་གཞན་འགའི་ལུགས་ཀྱིས། སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་མི་འབྱེད་པར། སྔོན་འགྲོའི་འཁྲིད་ཐུང་གསུམ་ཞེས་མདོར་བསྡུས་རེ་མཛད་པའི་ལུགས་འདུག་ཀྱང༌། ལས་དང་པོ་པ་ལ་སྔོན་འགྲོས་རྒྱུད་སྦྱོང་བ་གལ་ཆེ་བས། དཔལ་ཇོ་ནང་པའི་ལུགས་ཀྱི་སྔོན་འགྲོ་རྒྱས་པར་མཛད་པས། ཐུན་མོང་གི་སྔོན་འགྲོ་རང་ལའང་དམིགས་སྐོར་ལྔ་བྱེད་པ་ལགས། །སྐྱབས་འགྲོའི་དམིགས་པ་འབོགས་པ་ལ། ཆོས་ཐུན་གཅིག་སོང་བའི་མཚམས་སུ། སྐྱབས་འགྲོའི་གོ་དོན་བཤད་མི་དགོས་ན་དེར་ཟད། དགོས་ན་ཅི་རིགས་པ་འཚམ་ཞིང་རན་པར་བཤད་དགོས་ཏེ། དེ་ཡང་ཕྱོགས་མཚོན་ན་འདི་ལྟར། སྤྱིར་སྐྱབས་སུ་འགྲོ་བ་ཞེས་བྱ་བ་སྐྱབས་ཞུ་བ་ལ་ཟེར། སྐྱབས་སུ་སོང་བ་ཞེས་འདས་པའི་སྒྲ་བྱུང་ན། སྐྱབས་ཞུས་གྲུབ་པའི་དོན་ཡིན། དེ་ཡང་རང་ལ་འཇིགས་སྐྲག་གང་ཡང་མེད་ཅིང་རང་དབང་ཐོབ་པར་ཡོད་ན། སུ་ལའང་སྐྱབས་འཚོལ་མི་དགོས་པས། གང་སྐྱབས་འཚོལ་བ་དེ་ནི་འཇིགས་པ་ཡོད་ཅིང༌། དེ་ལས་སྐྱོབ་པའི་སྐྱབས་དོན་དུ་གཉེར་བ་ཡིན་པས། སྐྱབས་སུ་འགྲོ་བའི་རྒྱུ་འཇིགས་པས་ཉེན་པ་ཡིན། དེ་ལ་འཇིག་རྟེན་པའི་སྐྱབས་འགྲོ་དང༌། འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་གཉིས་ཡོད། དང་པོ་ལ་ཚེ་འདི་ཁོ་ནའི་ཕྱིར་གྱི་སྐྱབས་འགྲོ་དང༌། གཏན་གྱི་སྐྱབས་འགྲོར་རློམ་པ་གཉིས་ཡོད། དེའི་དང་པོ་ནི། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ཀུན་དགའ་ར་བ་མཆོད་རྟེན་དང༌། །ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང༌། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར། རི་རྫོང་ལ་བློ་བརྟད་འཆའ་བ་ལྟ་བུ་སེམས་མེད་ལ་ཡང་སྐྱབས་སུ་འགྲོ། རི་དང་ལྷ་རྟེན་སོགས་ལ་གནས་པའི་མི་མ་ཡིན་དང༌། གཞན་ཡང་ལྷ་ཕྲན་ནམ་ཡི་དྭགས་སུ་གཏོགས་པའི་ཡུལ་ལྷ་གཞི་བདག་སྡེ་བརྒྱད་ལྷ་མ་སྲིན་ལ་སོགས་པ་ལ་སྐྱབས་སུ་འགྲོ་བ་དང༌།


TNT04_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལ་སོགས་པ་མིའི་འགྲོ་བ་ཁ་དྲག་དབང་པོ་ཆེ་ལ་བློ་གཏོད་པ་རྣམས་ཡིན་ཏེ། གྲུབ་མཐས་བློ་ཁ་མ་བསྒྱུར་བའི་འཇིག་རྟེན་ཕལ་པ་བླུན་པོ་རྣམས་ཀྱི་བསམ་པ་ཡིན། ཚེ་འདི་པ་སྐྱབས་ཁོ་ན་སྟེ་མིག་རྒྱང་ཤིན་ཏུ་ཐུང་བ་ཡིན། གཉིས་པ་ནི། སྐྱབས་ཀྱི་ཡུལ་ཁྱབ་འཇུག་དང༌། དྲག་པོ་དང༌། སེར་སྐྱ་དང༌། ལྷ་རྒྱལ་པ་དམ་པ་སོགས་འཇིག་རྟེན་གྱི་ལྷ་དང༌། འཇིག་རྟེན་གྱི་དགེ་སྦྱོང་ཆེན་པོ་རྣམས་ལ་དམིགས་ནས། དེ་དག་སྐྱོབ་པ་རྣམ་དག་མ་ཡིན་ཡང༌། སྐྱོབ་པ་མཐར་ཐུག་ཡིན་སྙམ་ལོག་པར་གཟུང་སྟེ། ཚེ་འདི་ཕྱི་གཉིས་དང་ཐར་པའི་རེ་ལྟོས་ཞུ་བ་སྟེ། སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་མུ་སྟེགས་བྱེད་ལ་སོགས་པ་རྣམས་ཀྱི་སྐྱབས་འགྲོ་ཡིན། གཉིས་པ་འཇིག་རྟེན་ལས་འདས་པ་ལ་ཡང་བསམ་སྦྱོར་རྒྱ་ཆུང་བ་ཐེག་དམན་ཉན་རང་གཉིས་ཀྱི་སྐྱབས་འགྲོ་དང༌། རྒྱ་ཆེ་བ་ཐེག་ཆེན་གྱི་སྐྱབས་འགྲོ་གཉིས་ཡོད་པ་ལས། འདིར་ཐེག་ཆེན་ཡིན། དེ་ལ་ཡང་ཐུན་མོང་བ་མདོ་ལུགས་དང༌། ཐུན་མོང་མ་ཡིན་པ་སྔགས་ཀྱི་ལུགས་ཞེས་དབྱེ་བ་ཅུང་ཟད་ཙམ་ཡོད་པ་ལས། འདིར་སྔགས་ལུགས་ལྟར་བྱ། ཡང་སྐྱབས་ཡུལ་འཇིག་རྟེན་ལས་འདས་པ་དཀོན་མཆོག་གསུམ་ཡིན་ཡང༌། བསམ་པ་ཚེ་འདིའམ་ཕྱི་མ་འཁོར་བའི་བདེ་བ་ཐོབ་འདོད་ལས་མེད་ན། འཇིག་རྟེན་པའི་སྐྱབས་འགྲོ་ལས་མ་འདས་མོད། ཡུལ་མཆོག་ལ་དམིགས་པའི་ཕྱིར། ཕུགས་ཀྱི་བག་ཆགས་ཁྱད་པར་ཅན་འཇོག་ཅིང༌། གནས་སྐབས་ཀྱི་ཕན་ཡོན་ཡང་གཞན་རྣམས་ལས་ཆེས་ལྷག་པར་ཆེའོ། །དེ་ལ་འཇིག་རྟེན་པའི་སྐྱབས་འགྲོ་རྣམས་ནི། སྐྱབས་འགྲོའི་མིང་ཅན་ཙམ་ལས་མཚན་ཉིད་པ་མ་ཡིན་ལ། དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡོད་དོ། །འཇིག་རྟེན་འདས་པའི་སྐྱབས་འགྲོ་ཞེས་པ། སྐྱབས་སུ་འགྲོ་ལུགས་སམ་ངོ་བོའི་སྒོ་ནས་འཇིག་རྟེན་ལས་འདས་མ་འདས་གཉིས་ཀ་ཡོད་ཀྱང༌། སྐྱབས་ཡུལ་འཇིག་རྟེན་ལས་འདས་པ་ཁོ་


TNT04_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ནར་ངེས་པའི་ཕྱིར། དེ་སྐད་ཅེས་བྱ་སྟེ། ནང་པ་སངས་རྒྱས་པའི་སྐྱབས་འགྲོ་མཚན་ཉིད་ཚང་བ་ཐམས་ཅད་ཡིན། དེ་ལ་དབྱེ་ན། ཉན་རང་ཐེག་ཆེན་གསུམ་ཡོད་ཀྱང་ཐམས་ཅད་སྤྱིར་དགེ་བ་འབའ་ཞིག་ཡིན་ཞིང༌། སྒོས་སུ་དད་པ་དང་ཚུལ་ཁྲིམས་ཀྱིས་བསྡུས་པ་ཡིན། དེ་ལ་སྐྱབས་སུ་འགྲོ་པའི་ཡུལ་གང་ཡིན་ལ་ནི། གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང༌། དེ་ཐམས་ཅད་རིགས་པས་དཔྱད་ན་སོང་ཚོད་ལ་འདི་ལྟ་བུ་ཞིག་ལས་མི་འདའ་འོ་ཞེས་སོ་སོའི་འདོད་པ་སྨྲ་བ་ཡིན་གྱི། དམིགས་པ་བསྒོམ་པ་དང་ལག་ལེན་དུ་འདེབས་པ་ལ་མི་འདྲ་བའི་འགལ་བ་ཆེར་མེད་ཅིང༌། ཐེག་པ་ཆེ་ཆུང་གི་དབང་གིས་རྒྱ་ཆེ་ཆུང་གི་འདོར་ལེན་ཅུང་ཟད་ཙམ་ནི་ཡོད་དོ། །དེས་ན་སྤྱིར་ཐུན་མོང་དུ་མདོ་སྔགས་གཉིས་ཀ་འདྲ་བ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཆོས་ཀྱི་སྐུ་ཡིན་ལ། སངས་རྒྱས་རང་སྣང་གི་སྐུ་སྐྱེ་འགག་དང་བྲལ་བ་དེ་དང༌། ངེས་པ་ལྔ་ལྡན་གྱི་སྐུ་དེ་དང༌། དེ་ཉིད་ཀྱི་གསུང་སྒྲ་སྐད་ཐམས་ཅད་པ་སྟེ། གསུམ་པོ་དེ་ལོངས་སྐུས་བསྡུས་པ་དང༌། བཟོ་དང་སྐྱེ་བ་དང་མཆོག་གི་སྤྲུལ་སྐུ་སོགས་སངས་རྒྱས་དངོས་ཀྱི་སྤྲུལ་པ་ཐམས་ཅད་སྤྲུལ་པའི་སྐུས་བསྡུས་པ་སྟེ། མདོར་ན་མོས་པའི་ཡུལ་གྱི་སངས་རྒྱས་དཀོན་མཆོག་ནི་སྐུ་གསུམ་གྱིས་བསྡུས་པ་ཐམས་ཅད་ཡིན་ལ། །ཆོས་དཀོན་མཆོག་ནི་ལུང་དང་རྟོགས་པ་གཉིས་ལས། དང་པོ་ནི། ཆོས་གསུང་རབ་མིང་ཚིག་ཡི་གེར་སྣང་བ་དང༌། ངག་ཏུ་བརྗོད་པ་རྣམས་ཡིན་ལ། རྟོགས་པའི་ཆོས་ནི་མཐར་ཐུག་གི་ཞི་བ་མྱང་འདས་ཆོས་དབྱིངས་དེ་བཞིན་ཉིད་དང༌། དེ་ཉིད་སྒྲིབ་པས་དག་པའི་ཆ་ནས་ཞི་བ་མྱང་འདས་འགོག་བདེན་འབྲས་བུའི་ཆོས་དང༌། གནས་ལུགས་དེ་རྟོགས་པ་ཡང་ཡིན། འབྲས་བུ་དེ་མངོན་དུ་བྱེད་པའི་སྐབས་ཀྱང་ཡིན་པས་ལམ་གྱི་ཡེ་ཤེས་ནི་ལམ་བདེན་གྱི་ཆོས་ཞེས་བྱ་སྟེ། ངོ་བོ་བྱང་ཆུབ་ཀྱི་ཕྱོགས་ཆོས་རྣམས་ཡིན་ལ། དེ་ཡང་འཕགས་རྒྱུད་ཀྱི་ལམ་རྣམས་ལམ་བདེན་དང་ཆོས་དཀོན་མཆོག་ཡིན་པར་རྩོད་པ་མེད། ཚོགས་སྦྱོར་གྱིས་བསྡུས་པ་རྣམས་


TNT04_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཕྱོགས་མཐུན་ཡིན་པས། ཇི་སྲིད་ཚོགས་སྦྱོར་གྱི་ལམ་མ་ཐོབ་པ་དེ་སྲིད་དུ་སྐྱབས་ཡུལ་དུ་བྱེད་དགོས་པས། དེ་ལྟར་ལུང་རྟོགས་ཀྱིས་བསྡུས་པའི་ཆོས་རྣམས་སོ། །འཕགས་པ་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པ་རྣམས་ཐེག་ཆེན་པའི་སྐྱབས་ཡུལ་གྱི་དགེ་འདུན་དངོས་ཡིན། དེ་དང་རྗེས་སུ་མཐུན་ཞིང༌། ཉན་རང་འཕགས་པ་ལས་ཀྱང་བཟང་བའི་ཕྱིར་ཚོགས་སྦྱོར་གྱི་ཕྱིར་མི་ལྡོག་ཐོབ་པ་རྣམས་ཀྱང་སྐྱབས་ཡུལ་གྱི་ཁོངས་སུ་བསྡུ་ལ། ཉན་རང་འཕགས་པ་རྣམས་ཐེག་ཆེན་གྱི་སྐྱབས་ཡུལ་དུ་བྱེད་མི་བྱེད་ལུགས་གཉིས་ཡོད་པ་དོན་ལ་མི་འགལ་ཏེ། ཐེག་ཆེན་པའི་སྐྱབས་ཡུལ་དངོས་མ་ཡིན་པ་དང༌། ཇི་སྲིད་དུ་འཕགས་པ་དེ་དག་དང་ཡོན་ཏན་མཉམ་པར་མ་གྱུར་གྱི་བར་དུ། སྐྱབས་སུ་འོས་པའི་ཡང་ཕྱིར་རོ། །གཞན་ཡང་མདུན་དུ་བཞག་པའི་སངས་རྒྱས་ཞེས་མདོ་ལས་གསུངས་པའི་ཕྱིར། ཆོས་དང་དགེ་འདུན་ལ་ཡང་རིགས་འགྲེ་པས། མདུན་བཞག་གི་སངས་རྒྱས་ནི་སྐུ་གཟུགས་དང་མཆོད་རྟེན་ལྟ་བུ། མདུན་བཞག་གི་ཆོས་ནི་བཀའི་གླེགས་བམ་དང༌། སྔགས་ཀྱི་ཡི་གེའི་གཟུགས་སོགས་དང༌། མདུན་བཞག་གི་དགེ་བདུན་ནི་སོ་སོ་སྐྱེ་བོའི་དགེ་འདུན་ཚུལ་ཁྲིམས་དང་ལྡན་ངེས་པ་རྣམས་སོ། །གཞན་ཡང་ཆོས་ཡང་དག་པར་བསྡུད་པའི་མདོ་ལས། སངས་རྒྱས་བཅུ་གསུངས་པའི་སྐབས་ན། མཁན་པོ་དང་སློབ་དཔོན་སོགས་ཀྱང་རྣམ་གྲངས་པའི་སངས་རྒྱས་སུ་བཤད་པ་ཡོད་པས། མདོ་ལུགས་ལས་ཀྱང༌། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་བླ་མ་བསྡུ་བ་ཞིག་བཤད་ཅིང༌། སངས་རྒྱས་དང་འདྲ་བར་མོས་གུས་བྱེད་མོད། རྫོགས་པའི་སངས་རྒྱས་དངོས་སུ་བསྒོམ་པ་རང་ནི་མིན་པར་བཞེད་དོ། །ཡང་སྐུ་གཟུགས་གླེགས་བམ་ལ་སོགས་པ་ལ་ནི་གུས་པ་བྱེད་དགོས་པར་གྲུབ་མོད་ཀྱང༌། སེམས་མེད་བེམ་པོའི་བཀོད་པ་ཙམ་ཡིན་པའི་ཕྱིར། སྐྱབས་ཡུལ་གྱི་ཁོངས་སུ་མི་བསྡུའོ་སྙམ་ན། འདིར་རིགས་པས་དཔྱད་


TNT04_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱབས་འགྲོ་བྱེད་པ་འདི་ཀུན། ཕུགས་ཀྱི་བརྟད་སོ་གང་ལ་སྐྱབས་ཞུས་པར་འགྲོ་ཞེས་དཔྱད་ནས། འདི་ལས་མི་འདའ་ཞེས་གྲུབ་མཐའ་རྣམ་པར་འཇོག་པའི་སྐབས་ཀྱི་སྐྱབས་ཡུལ་ཡིན་མིན་གྱི་གོ་བ་ཙམ་སྟེ། དེ་འདྲ་ཉམས་ལེན་གྱི་སྐབས་འདིར་མི་དགོས་ཤིང༌། འདིར་མོས་པའི་སྒོ་ནས་དམིགས་ཡུལ་དུ་བྱེད་པ་ཉིད་གཙོ་ཆེ་བས། མདུན་བཞག་གི་དཀོན་མཆོག་གསུམ་དཀོན་མཆོག་གསུམ་དངོས་ཡིན་པར་མོས་ཏེ་སྐྱབས་སུ་འགྲོ་བའི་ཕྱིར། བེམ་ཆོས་དང་སོ་སོ་སྐྱེ་བོ་ལ་སྐྱབས་འགྲོ་བྱས་པར་མི་འགྲོའོ། །དེས་ན་གྲུབ་མཐའི་དཔྱད་པ་ཁ་ཐལ་ནས་དད་པ་དང་མོས་གུས་ལ་གནོད་པ་ཤིན་ཏུ་མང་ལ། དམིགས་པ་བསྒོམ་པའི་སྐབས་སུ་དཔྱད་པ་མེད་པར་རྒྱ་བཀྱེད་ནས་དད་པ་མཁུལ་ཆེ་བར་བྱེད་དགོས་སོ། །དེ་དག་ཀྱང་ཇི་སྲིད་སྙིང་པོ་ལ་མཆིས་ཀྱི་བར་དུ། ཞེས་འབྱུང་བ་ལྟར། སངས་རྒྱས་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བར་བཤད་པ་ནི། དེ་ལྟར་སྨོས་པའི་སྐྱབས་གནས་དེ་གསུམ་གྱི་ཐུན་མོང་གི་དབང་དུ་བྱས་པ་ཡིན་ལ། སངས་རྒྱས་དཀོན་མཆོག་ནི་གཏན་གྱི་སྐྱབས་ཡུལ་ཡིན་པའི་ཕྱིར། དེ་རང་ནི་བྱང་ཆུབ་མ་ཐོབ་བར་ཞེས་པའི་ངོས་གཟུང་ཡང་མེད་དོ། །དེས་ན་མཐར་ཐུག་གི་སྐྱབས་གནས་ནི། སངས་རྒྱས་ཉག་གཅིག་ཡིན་ཏེ། རྒྱུད་བླ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། ཞེས་སོ། །མཐར་ཐུག་གི་ཆོས་དང་མཐར་ཐུག་གི་དགེ་འདུན་ཡང་སངས་རྒྱས་ཉིད་ཡིན་ཏེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །ཡང་ཇི་སྐད་དུ། མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་འཕགས་པ་ཐོགས་མེད་ཀྱིས་གསུངས་སོ། །དེས་ན་སངས་རྒྱས་མ་ཡིན་པའི་སྐྱབས་ཡུལ་རྣམས་ནི། སངས་རྒྱས་ཐོབ་པ་རྣམས་ཀྱི་སྐྱབས་སུ་མི་འགྱུར་བས། གནས་སྐབས་པའམ་རེ་ཞིག་པའི་སྐྱབས་


TNT04_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡིན་ ནོ། །སངས་རྒྱས་དཀོན་མཆོག་ནི་དེ་དག་དང་མི་འདྲ་སྟེ། སྐྱབས་སུ་སོང་པ་རྣམས་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ། སངས་རྒྱས་ཀྱི་སྐྱབས་འོག་དང༌། དེས་གྲིབ་མས་བསྐྱངས་པའི་ཚུལ་ཙམ་ཡིན་ལ། ནམ་སངས་རྒྱས་ཐོབ་པ་ནས་འཇིགས་པ་ཐམས་ཅད་དང་བྲལ་ཞིང༌། སྐྱབས་ཡུལ་ཉིད་ལ་འདུན་པ་ལས་ཆེས་ལྷག་པའི་འདྲེས་པ་ཉིད་དུ་གྱུར་ནས། ནམ་དུའང་སོ་སོར་བྱེ་བ་དང༌། ཕན་ཚུན་སྤོང་བ་མི་སྲིད་པའི་ཕྱིར། རྟག་ཏུ་སྐྱབས་གནས་མ་སྤངས་པས་གཏན་གྱི་སྐྱབས་ཞེས་བྱའོ། །དེས་ན་བྱང་ཆུབ་མ་ཐོབ་བར་ངུ་ཟེར་བ་འདི། བྱང་ཆུབ་ཐོབ་ནས་རེ་ལྟོས་མེད་ཅེས་བླུན་པོ་རྣམས་ཀྱི་ཁ་ནས་རྒྱུ་བ་ལ་ཡིད་བརྟན་ཅི་ཡང་མེད་དོ། །རེ་ལྟོས་ཏེ་ཐེག་ཆེན་འཕགས་པ་སུ་ལའང་མེད་དེ། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལ་རེ་བ་མི་འབྱུང༌། རང་སྟོབས་ཀྱིས་ས་ལམ་རྩོལ་མེད་དུ་བགྲོད་པ་ལ་གཞན་ལ་ལྟོས་གཞག་མེད་པའི་ཕྱིར་རོ། །སངས་རྒྱས་ཐོབ་ནས་སྐྱབས་གཞན་དོར་བ་དེའང་རང་སྤངས་ལ་སོང་བ་ཡིན་གྱི་བརྙས་ཆོས་བྱས་ནས་བོར་བ་ག་ལ་ཡིན། མཐར་ཐུག་གི་སྐྱབས་ལ་བལྟོས་ཏེ་ནམ་མཁའ་མ་ཞིག་བར་རམ་འཁོར་བ་མ་སྟོངས་བར་རམ། གཏན་ནས་གཏན་དུ་རྟག་པར་སྐྱབས་སུ་འགྲོའོ་ཞེས་བྱ་ཡི། དུས་མཚམས་ངེས་པ་ཅན་གཟུང་དུ་མེད་དོ། །གཞན་ཡང་རྒྱས་པར་ན། རྒྱན་དང་རྒྱུད་བླ་སོགས་ལས་དྲངས་ཏེ་བཤད་ན་རུང་ངོ༌། །ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱིས། སྤྱི་ཁྱབ་ཀྱི་དཀོན་མཆོག་གསུམ་དང༌། ཁྱད་པར་གྱི་ཡུལ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལའང་སྐྱབས་སུ་འགྲོ་དགོས་པས། སྐྱབས་འདིར་སྐྱབས་འགྲོ་དྲུག་སྐོར་དུ་མཛད་དོ། །འོ་ན་དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་མི་འཐད་དོ་སྙམ་ན་མ་ཡིན་ཏེ། ཡི་དམ་ལྷ་ཚོགས་ནི་སངས་རྒྱས་དཀོན་མཆོག་གི་ནང་ཚན་ཡིན། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་ནི་དགེ་འདུན་དཀོན་མཆོག་གི་ནང་ཚན་ཡིན། འཇིག་རྟེན་པ་ལ་ནི་སྐྱབས་སུ་མི་འགྲོ། བླ་མ་ནི་དཀོན་


TNT04_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ཀའི་ངོ་བོ་ཡིན་པའི་ཕྱིར་རོ། །འོ་ན་གསུམ་གྱིས་ཆོག་པ་ལ་དྲུག་གི་ཅི་བྱ་སྙམ་ན། གསུམ་དུ་མ་འདུས་པ་མིན་ཡང༌། དགོས་པ་ཁྱད་པར་ཅན་གཞན་ཡོད་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གསང་སྔགས་འདིར་དངོས་སུ་བཀའ་དྲིན་ཐོབ་པའི་ཡུལ་དེའི་བྱིན་རླབས་འཇུག་དགོས་པ་དང༌། བཀའ་དྲིན་དྲན་དགོས་པའི་ཕྱིར་བླ་མ་ལ་ལོགས་སུ་སྐྱབས་སུ་འགྲོ་བ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་རྣམས་ཞུ་བའི་ཡུལ་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། བར་ཆད་སེལ་བ་དང་གནས་སྐབས་ཀྱི་འདོད་དོན་རྣམས་འགྲུབ་པའི་འཕྲིན་ལས་འཚོལ་དགོས་པའི་ཕྱིར། ཆོས་སྐྱོང་སྲུང་མ་སྟེ་དེ་རྣམས་ལ་གལ་པོ་ཆེའི་ཚུལ་གྱིས་སྒོས་སུ་ནན་ཆགས་བྱེད་པས་སྐྱབས་སུ་འགྲོ་བ་ཡིན་ནོ། །སྐྱབས་འགྲོ་བཞི་སྐོར་བྱེད་པ་རྣམས་ཡི་དམ་ཆོས་སྐྱོང་རྩལ་དུ་མི་འདོན་པའི་དབང་དུ་བྱས་པ་ཡིན་གཞན་འདྲ། རྩ་བའི་བླ་མ་ལ་སྐྱབས་གནས་ཀུན་འདུས་པ་ནི། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་གསུངས་པ་དང༌། རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ལས། སློབ་དཔོན་དག་ནི་སངས་རྒྱས་ཉིད་དེ་རབ་མཆོག་ས་གཞི་དག་ལ་ཆོས་ནི་དེ་ཡིས་བསྟན་པའོ། །དགེ་འདུན་གང་ཞིག་དེར་གནས་རབ་ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །ཞེས་སོགས་རྒྱས་པར་གསུངས། དེས་ན་སྔགས་ཀྱི་སྒོར་ཞུགས་པ་རྣམས། རྩ་བའི་བླ་མ་དང་ཡི་དམ་ལ་སྐྱབས་གནས་གཞན་ཐམས་ཅད་ལས་རྩལ་འདོན་དུ་བྱེད་པ་ངེས་པར་དགོས་ཤིང༌། བརྒྱུད་པའི་བླ་མ་རྣམས་ནི་བཀའ་དྲིན་དྲན་པ་དང༌། རྩ་བའི་བླ་མའི་འཁོར་དུ་སྨོས་པ་ཙམ་ཡིན། མཁའ་འགྲོ་ཆོས་སྐྱོང་ནི་སྒོས་སུ་བསྟེན་ཞིང་སྒྲུབ་ན་འདིར་ཡང་གལ་ཆེ་ལ། གཞན་དགེ་འདུན་ལ་བསྡུས་པས་ཀྱང་ཆོག་པས་མཐའ་གཅིག་ཏུ་ངེས་པ་ཡང་མེད་དོ། །སྤྱིར་གསང་སྔགས་པའི་ལུགས་ཀྱི་སྐྱབས་འགྲོའི་དམིགས་པ་སྒོམ་ཚུལ་ལ་དཀྱིལ་འཁོར་ཆེན་པོ་གཅིག་གི་ནང་དུ་སྐྱབས་གནས་ཐམས་ཅད་


TNT04_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་བ་དང༌། བླ་མ་གཅིག་པུར་བསྡུ་བ་སོགས་རྣམ་གྲངས་མ་ངེས་པ་སྣ་ཚོགས་ཡོད་པས་དམིགས་པའི་རིམ་པ་ལ་ངེས་པ་མེད། གོ་བབས་སྔར་བཤད་པ་བཞིན་ཡིན་ནོ། །དོན་ཚན་གཉིས་པ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ནི། དགྲ་དང་གདོན་དང་ནད་ལ་སོགས་པ་ཚེ་འདིའི་འཇིགས་པ་བྱུང་གི་དོགས་པ་རྣམས་ཀྱང་འཇིགས་པ་དེ་ལས་སྐྱོབ་ནུས་སམ་སེམས་པ་རེ་ལ་འབད་དེ་སྐྱབས་འཚོལ་བ་བཞིན་དུ། རང་ཅག་རྣམས་འཁོར་བའི་གནས་འདིར་ཚེ་འདི་ཕྱི་བར་དོ་ཐམས་ཅད་དུ་འཇིགས་པའི་རྣམ་གྲངས་དཔག་ཏུ་མེད་པ་ཞིག་ནི་འདུག འཇིགས་པ་དེ་རང་སྟོབས་ཀྱིས་ཟློག་ནུས་པའི་གོ་སྐབས་ནི་མི་འདུག་པས། དེ་ལས་སྐྱོབ་པའི་སྐྱབས་ཞིག་འཚོལ་དགོས་པར་བྱུང༌། དེ་ཡང་འཇིག་རྟེན་འདིའི་ཕ་མ་ལ་སོགས་པའི་ཉེ་དུ་དང༌། ཡར་གྱི་དཔོན། མར་གྱི་གཡོག་ཐད་ཀར་རང་དང་མཉམ་པའི་གྲོགས་པོ་སོགས་སུས་ཀྱང་སྐྱོབ་པའི་ནུས་པ་མི་འདུག ཇི་སྐད་དུ། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང༌། །སྲོག་འཆད་པ་ཡི་ཚོར་བ་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་པའི་ཚུལ་དུ་དེ་དག་གིས་ཤི་བ་ཕན་ཆད་མཐོང་ཐོས་ཙམ་ཡང་མེད་ན། ཕན་ཐོགས་ཏ་ག་ལ་ཡོད། ཚེ་འདིར་ཡང་སྐྱོབ་ནུས་པ་ཙམ་མེད། ཕན་ལས་གནོད་ཆེ་བ་ཁོ་ན་ཡིན། དེར་མ་ཟད་ཁྱབ་འཇུག་དབང་ཕྱུག་ལ་སོགས་པ་ལྷ་དབང་ཆེ་བར་གྲགས་པ་རྣམས་དང༌། འཁོར་ལོས་བསྒྱུར་རྒྱལ་ལ་སོགས་པ་མི་རྫུ་འཕྲུལ་ཆེ་བ་རྣམས་ཀྱིས་ཀྱང༌། ཚེ་འདིའི་གནོད་པ་ཅུང་ཟད་ལས་སྐྱོབ་ནུས་པ་སྲིད་མོད། མི་འཁྱོབས་པ་ཡང་ཆེས་མང་ཞིང༌། ལས་འབྲས་ཀྱི་བླང་དོར་བག་ཙམ་བསྟན་ནས། སྐྱེ་བ་རེ་གཉིས་ངན་སོང་ལས་སྐྱོབ་པ་ཙམ་རེས་འགའ་ཡོད་པ་ལྟར་ཡང་སྣང་མོད། ཕལ་ཆེར་བླང་དོར་གྱི་གནས་ཀྱང་ལོག་པས། གནས་སྐབས་སུ་ཡང་ངན་སོང་ལས་སྐྱོབ་མི་ཐུབ། སྒོས་སུ་འཁོར་བ་ལས་འདྲེན་པའི་ནུས་པ་ནམ་ཡང་མེད་དེ། དེ་རྣམས་ཉིད་ཀྱང་འཁོར་བ་ལས་མ་ཐར་འཁོར་བར་འཁྱམས། ཉོན་མོངས་ཀྱིས་སེམས་


TNT04_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲུགས་པས་རང་དབང་མ་ཐོབ་པའི་ཕྱིར་རོ། །དེས་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་འདི་ཕྱི་བར་དོ་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་ནུས། དཀོན་མཆོག་གསུམ་དུ་མ་གཏོགས་པ་སུས་ཀྱང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པ་མེད་པས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ནོ། །དོན་ཚན་གསུམ་པ་ཇི་ལྟར་སྐྱོབ་པའི་ཚུལ་ནི། སངས་རྒྱས་ལ་སྟོན་པ་ཞུ་སྟེ། བླང་དོར་གྱི་གནས་མི་ཤེས་པ་སྟོན་མཁན་ཞུ་བ་དང༌། ཆོས་ལ་སྐྱབས་དངོས་ཏེ། སངས་རྒྱས་ཀྱིས་བླང་དོར་བསྟན་པ་དེ་ཀ་ཆོས་ཡིན་པས། ཆོས་ཀྱི་ནང་ནས་འབྱུང་བ་བཞིན་དུ་ལག་ལེན་ལ་བཏབ་པས། འཇིགས་པ་ཀུན་ལས་ཐར་བདེ་བ་ཐམས་ཅད་ཐོབ་པའི་ཕྱིར་རོ། །དགེ་འདུན་ལ་ཟླ་གྲོགས་ཏེ། རྒྱུས་མེད་ཀྱི་ལམ་དུ་འགྲོ་བ་ལ་ལམ་སྣ་བ་འཚོལ་བ་ལྟ་བུ་ཡིན། དཔེར་ན་ལམ་སྣ་བ་གར་སོང་ལ་འགྲོ་དགོས་པ་ལྟར་དེ་རྣམས་གང་མཛད་བྱེད་དགོས་པའོ། །དེ་ནི་འཕགས་པ་རྣམས་མངོན་སུམ་དུ་མཇལ་བའི་དབང་དུ་བྱས་པ་ཡིན་མོད་ཀྱང༌། འཕགས་པ་རྣམས་ལས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མན་ངག་དང་ལག་ལེན་གྱི་རྒྱུན་ཡོད་པའི་སོ་སོ་སྐྱེ་བོའི་དགེ་འདུན་རྣམ་དག་ཡོད་ན་དེ་ལ་ཡང་དམིགས་བརྟད་དུ་རུང་སྟེ། དུས་དེང་སང་ནི་འདི་གཙོ་ཆེ་ལ། གསང་སྔགས་པའི་ནི་བླ་མ་ཉིད་སྟོན་པ་དང༌། བླ་མ་ཉིད་ལམ་སྣ་བར་བྱེད་པ་ཡིན་ནོ། །གཞན་ཡང་སངས་རྒྱས་ནི་མཁྱེན་བརྩེ་ནུས་གསུམ་མཐའ་ཡས་པ་མངའ་བའི་ཕྱིར། མཁྱེན་པའི་སྐྱབས་སུ་སོང་བའི་སེམས་ཅན་ཐམས་ཅད་འཇིགས་པ། སྡུག་བསྔལ་ལས་ཉོན་རྣམས་ལས་སྐྱོབ་པའི་ཐབས་མ་ལུས་པ་མཁྱེན། བརྩེ་བས་སེམས་ཅན་གྱི་དོན་ལ་བཏང་སྙོམས་མི་མཛད་པར་རྟག་ཏུ་སྐྱོབ་པར་ཡང་མཛད། ནུས་པས་སྐལ་བ་དང་འཚམས་པར་སྐྱོབ་ཐུབ་པའང་ཡིན་པས། སངས་རྒྱས་ཀྱིས་སྐྱབས་ཐུབ་པ་ཡིན། དགེ་འདུན་འཕགས་པ་ཡང་རླབས་ཆེ་ཆུང་གི་ཁྱད་ཙམ་མ་གཏོགས། དེ་དང་ཕྱོགས་མཚུངས་ཏེ། མཁྱེན་བརྩེ་ནུས་གསུམ་ཁྱད་པར་ཅན་མངའ་བས་


TNT04_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་འོས་ཤིང་སྐྱོབ་པར་མཛད་པ་ཡིན། སྐྱོབ་ལུགས་ཀྱི་གཙོ་བོ་ནི། སངས་རྒྱས་དགེ་འདུན་དང་བཅས་པས་གསུངས་པའི་དམ་པའི་ཆོས་ལྟར་བསྒྲུབས་པས་རྒྱུ་ཉོན་མོངས་སྤངས་པ་ན། འབྲས་བུ་སྡུག་བསྔལ་དང་འཇིགས་པ་ཐམས་ཅད་ལས་གྲོལ་འགྲོ་བའི་ཚུལ་འདི་ཡིན། སྐྱོབ་ལུགས་ཀྱི་རྣམ་གྲངས་གཞན་ནི་འཇིགས་པ་དང་སྡུག་བསྔལ་གྱི་རྒྱུ་སྤང་པ་ཁོ་ན་ལ་མ་རག་སྟེ། མཚན་གཟུང་བ་དང༌། ཕྱག་འཚལ་བ་དང༌། གསོལ་བ་བཏབ་པ་ཙམ་གྱིས་ཀྱང་འཇིགས་པ་བཅུ་དྲུག་ལ་སོགས་པ་ཉེར་འཚེ་ཐམས་ཅད་ལས་དངོས་སུ་སྐྱོབ་པར་མཛད་ཅིང༌། ངན་སོང་དུ་སྐྱེ་བར་འགྱུར་བ་ཡང་གཏན་ནས་ཟློག་པའམ། ཐག་སྲིང་བར་བྱེད་པ་སོགས་སྒོ་ཐམས་ཅད་ནས་སྐྱོབ་པར་མཛད་དོ། །དོན་ཚན་བཞི་པ་སྐྱབས་སུ་སོང་བའི་ཚད་ནི། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། སྐྱབས་གནས་གཞན་མི་འཚོལ་བ་སྟེ་ཁྱད་ཆོས་བཞི་ཚང་ན། སྐྱབས་འགྲོ་རྣམ་དག་ཏུ་འགྱུར་བའོ། །དེ་ལ་ཡོན་ཏན་ཤེས་པ་ནི། དཀོན་མཆོག་གསུམ་པོ་ཉིད་ཀྱི་ཡོན་ཏན་རགས་པ་རྣམས་ཤེས་པ་སྟེ། དཀོན་མཆོག་རྗེས་དྲན་གྱི་མདོ་ལྟ་བུའམ། རྒྱན་རྣམ་གཉིས་སོགས་གཞུང་རྣམས་ལས་བཤད་པ་ཇི་ལྟར་རིགས་པ་གོ་ཞིང་ཡིད་ཆེས་པའོ། ཁྱད་པར་ཤེས་པ་ནི། སྤྱིར་སངས་རྒྱས་ལ་སྐྱབས་སུ་སོང་བས། གཞན་གཉིས་ཞོར་ལ་འབྱུང་བ་སོགས་གསུམ་པོ་ཕན་ཚུན་ནམ་ཡང་འབྲལ་བ་མེད་པའི་ཕྱིར། སྐྱབས་གཅིག་ཁོ་ནས་ཆོག་པ་ལྟར་འདུག་ཀྱང༌། ཇི་སྐད་དུ། ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། ཞེས་པ་ལྟར། དགོས་པ་ལ་བལྟོས་ནས་གསུམ་དུ་གྲངས་ངེས་བྱེད་པ་དང༌། གནས་སྐབས་གཙོ་ཆེ་བའི་དབང་དུ་བྱས་ནས། སྐྱབས་གནས་གསུམ་པོ་ཉིད་ཀྱི་སོ་སོའི་ཁྱད་པར་དང༌། དགོས་པ་དང༌། སྐྱོབ་ཚུལ་རྣམས་ཤེས་པ་དང༌། སྟོན་པ་གཞན་ལས་སངས་རྒྱས་ལྷག་ཚུལ་དང༌། ལམ་ལོག་པ་ལས་དམ་པའི་ཆོས་ཆེས་


TNT04_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་འཕགས་ཚུལ་དང༌། མུ་སྟེགས་བྱེད་ཀྱི་ཚོགས་པ་སོགས་ལས་དགེ་འདུན་ཆེས་ཁྱད་པར་དུ་འཕགས་ཚུལ་རྣམས་ལེགས་པར་ཤེས་ཤིང་ཡིད་ཆེས་རྙེད་པའོ། ཁས་ལེན་པ་ནི། ཡོན་ཏན་ཤེས་པའི་རྒྱུ་མཚན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་དམ་བཅས་པའོ། །སྐྱབས་གནས་གཞན་མི་འཚོལ་བ་ནི། ཁྱད་པར་ཤེས་པ་ལ་བརྟེན་ནས། དཀོན་མཆོག་གསུམ་ལས་གཞན་གཅིག་ཡིན་ན་ཆེ་བ་ཆེ་བར་གྲགས་པ་གང་ལའང་ཡིད་མི་བརྟོན་ན། འདྲེ་བཀྲེན་སོགས་ལ་སྐྱབས་སུ་འགྲོ་བ་ལྟ་ག་ལ་ཞིག་སྐྱབས་གནས་གཞན་མི་འཚོལ་བ་འདི་མེད་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་མཐོང་བས་སྐྱབས་སུ་ཁས་བླངས་པ་ཙམ་ཀྱིས་སྐྱབས་འགྲོ་རྣམ་དག་ཏུ་མི་འགྱུར་ཏེ། བློ་རྩེ་གཉིས་དང་མ་བྲལ་བའི་ཕྱིར་རོ། །ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་མེད་ན་ནི། ཁས་བླངས་པ་དང་སྐྱབས་གཞན་མི་འཚོལ་བ་ཙམ་ཡོད་དུ་ཆུག་ཀྱང༌། བླུན་དད་ཁོ་ནས་ཞུགས་པ་ཙམ་ཡིན་པས་ལམ་དུ་འགྱུར་བ་ཤིན་ཏུ་དཀའོ། །དེས་ན་ཁྱད་པར་བཞི་ཆར་ཚང་བ་དགོས་སོ། །དོན་ཚན་ལྔ་པ་སྐྱབས་སུ་སོང་བའི་ཕན་ཡོན་ནི། སྐྱབས་སུ་སོང་མ་ཐག་རྒྱུད་འགྱུར་བའི་ཁྱད་པར་ནང་པ་སངས་རྒྱས་པའི་གྲར་ཆུད་པའོ། །སྡོམ་པ་གསུམ་གྱི་རྟེན་དུ་འགྱུར་བ་སྟེ། སྐྱབས་སུ་མ་སོང་བ་ལ་ཆོ་གས་བླངས་པའི་སྡོམ་པ་གསུམ་སྐྱེ་བ་མེད་པའི་ཕྱིར་རོ། །སྔར་བྱས་ཀྱི་སྡིག་པ་ཟད་པ་དང་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་བ་ནི། སྐྱབས་སུ་སོང་བ་ལ་བརྟེན་ནས་ཕྱིས་སྡིག་སྦྱོང་དང་དགེ་བ་གསར་བ་སྒྲུབ་པ་སོགས་དཔག་ཏུ་མེད་པར་འཕེལ་བ་རྣམས་ཕར་བཞག །སྐྱབས་འགྲོ་བྱས་པ་ཉིད་ཀྱིས་སྡིག་པ་མང་པོ་བྱང་བ་དང༌། སྦྱིན་སོགས་ཕལ་པ་ལས་ཆེས་ལྷག་པའི་ཕན་ཡོན་ཡོད་པའོ། །བཞི་པོ་དེ་སྐྱབས་སུ་སོང་མ་ཐག་ནས་འབྱུང་སྟེ། སྐྱེས་བུ་དམ་པའི་གྲངས་སུ་ཆུད། སྔར་རྒྱུད་ངན་པ་ཡིན་པ་ལས་བཟང་པོར་གྱུར་པའི་དོན་ཡིན་ནོ། །ཚེ་འདིར་འབྱུང་བའི་ཕན་ཡོན་ནི་འཇིགས་པ་བཅུ་དྲུག་དང༌། དུས་མ་ཡིན་པའི་འཆི་བ་བརྒྱད་སོགས་ཕྱི་ནང་གི་བར་ཆད་གང་གིས་ཀྱང་


TNT04_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚུགས་པ་དང༌། བསམ་པའི་དོན་ཆོས་དང་མི་འགལ་བ་རྣམས་ཡིད་བཞིན་དུ་འགྲུབ་པ་གཉིས་སོ། །ཚེ་ཕྱི་མའི་འབྲས་བུ་ནི། ངན་སོང་དུ་མི་ལྟུང་བའམ་སྐྱེས་ཀྱང་མྱུར་དུ་ཐོན་པ་དང༌། མཐོ་རིས་སུ་ཡང་བདེ་བ་ཐོབ་པ་དང༌། དེར་ཡང་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པ་སྟེ་གསུམ་མོ། །མཐར་ཐུག་གི་ཕན་ཡོན་ནི་སངས་རྒྱས་མྱུར་དུ་ཐོབ་པར་འགྱུར་བ་སྟེ། ཕན་ཡོན་རྣམ་པ་བཅུ་པོ་དེ་དག་ཇི་ལྟར་འོས་པ་བརྗོད་ དོ། །སྒོས་སུ་ཐེག་ཆེན་གྱི་སྐྱབས་འགྲོ་ལ་ནི། མདོ་རྒྱན་ལས། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེ་སྟེ། །དེས་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་གསུངས་པ་ལྟར་དང༌། ཐེག་དམན་ལས་སྐྱབས་ཏེ། བླ་ན་མེད་པའི་སངས་རྒྱས་ཉིད་མྱུར་དུ་ཐོབ་པར་འགྱུར་བའི་ངེས་པ་ཐོབ་པ་ཡིན་ནོ། །དོན་ཚན་དྲུག་པ་སྐྱབས་འགྲོའི་བསླབ་བྱ་ནི། སྐྱེས་བུ་དམ་པ་ལ་བརྟེན་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱེད་པ། ཆོས་ཀྱི་རྗེས་སུ་འབྲང་བའི་ཆོས་སྒྲུབ་པ་སྟེ་བཞི་ཚན་དང་པོ་དང༌། དབང་པོ་མི་རྒོད་པ་དང་སྡོམ་པ་ཅི་ནུས་སུ་ལེན་པ་དང༌། སེམས་ཅན་ལ་སྙིང་རྗེ་ཆེ་བ་དང༌། དཀོན་མཆོག་མཆོད་པ་ལ་བརྩོན་པ་ལ་བསླབ་ཅེས་བཞི་ཚན་ཕྱི་མ་སྟེ་བརྒྱད་འཕགས་པ་ཐོགས་མེད་ཀྱིས་གསུངས་པ་ལྟར་བཤད་ཀྱང་རུང༌། མཆོག་གསུམ་གྱི་ཡོན་ཏན་དྲན་པས་རྟག་ཏུ་དད་པ་སྒོམ་ཞིང་གསོལ་བ་འདེབས་པ་དང༌། བཀའ་དྲིན་དྲན་པས་རྟག་ཏུ་མཆོད་པ་དང༌། སྙིང་རྗེ་དྲན་པས་སྐྱེ་བོ་གཞན་རྣམས་སྐྱབས་འགྲོ་ལ་འགོད་པ་དང༌། སྐྱབས་འགྲོའི་ཕན་ཡོན་དྲན་པས་ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བསྒོམ་པ་དང༌། སྐྱབས་སུ་མ་སོང་བའམ་སྐྱབས་འགྲོ་བཏང་བའི་ཉེས་དམིགས་དྲན་པས་སྲོག་དང་བདོས་ཀྱང་སྐྱབས་ཡུལ་མི་སྤོང་བ་དང༌། ཡིད་ཆེས་དྲན་པས་བདེ་སྡུག་མཐོ་དམན་གནས་སྐབས་ཅི་བྱུང་ཡང་དཀོན་མཆོག་ལ་མི་འཁང་ཞིང་གཞན་ལ་བློ་མི་


TNT04_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་པ་སྟེ། དོན་ཚན་དྲུག་གི་སྒོ་ནས་བཤད་ཀྱང་རུང་ལ། ཡང་མདོར་བསྡུས་ན་དང་པོ་ཉིད་ནས་ཉེ་བར་མཁོ་ཞིང་གལ་ཆེ་བའི་བསླབ་བྱ་ནི། བླ་མ་དཀོན་མཆོག་ལ་དད་པ་སྒོམ། སྐུར་འདེབས་སོགས་སྡིག་མི་གསོག །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད། ཕྱག་འཚལ་བ་དང་བསྟོད་པ་སོགས་གུས་པའི་སྤྱོད་ལམ་ལ་བསླབ། དཀོན་མཆོག་གསུམ་གྱི་རྟེན་ལ་དཀོན་མཆོག་དངོས་སུ་འདུ་ཤེས་པའི་སྒོ་ནས་མཆོད་པ་ཅི་འགྲུབ་བྱེད། འཁོར་རྣམ་བཞི་ལ་གུས་པ་བསྐྱེད། རྟེན་གསུམ་ས་རྗེན་ལ་འཇོག་པ་དང༌། འོ་བརྒྱལ་བའི་གནས་སུ་འཇོག་པ་དང༌། འགོམ་ཡུགས་གཏོང་བ་དང༌། བཙོངས་ཏེ་སྐུ་བླུད་ཟ་བ་དང༌། གཏེད་པར་འཇོག་པ་སོགས་རྣམ་པ་ཀུན་ཏུ་སྤོང་བ་གལ་ཆེ། ཡང་མདོ་སྡེ་མྱང་འདས་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་གཞན་དག་ལ་ ནི། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་པའང་གྲགས་ཆེ་བ་ལྟར་བསླབ་དགོས་མོད། འདིའི་ཐོག་མཐའ་གཉིས་པོ་ཅུང་ཟད་སླ་ཡང་བར་བ་ནི་ཤིན་ཏུ་དཀའ་སྟེ་འདི་ལ་ཁ་དང་ལག་ལེན་མཐུན་པར་བྱུང་ན་ནི་ངོ་མཚར་ཆེ། དོན་ཐོག་ཏུ་མ་ཁེལ་ན་ཁ་བཤད་ཆལ་ཆོལ་ཙམ་རེ་རང་ཏ་ཀུན་གྱིས་ཤེས་ཏེ་མདོ་ཙམ་མི་གདའོ། །དོན་ཚན་བདུན་པ་ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་ཁྱད་པར་ནི། ཐུན་མོང་པ་ཐེག་དམན་པའི་ལུགས་ལ་དུས་ཇི་སྲིད་འཚོའི་བར་དང༌། ཁྱད་པར་ཅན་ཐེག་ཆེན་གྱི་ལུགས་ལ་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་རོ། །བསམ་པའི་ཁྱད་པར་ཡང༌། ཐེག་དམན་ནི་གཙོ་བོར་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཙམ་དང་ཐེག་ཆེན་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་རོ། །སྨོན་ལམ་གྱི་ཁྱད་པར་ཡང༌། སོ་སོའི་བྱང་ཆུབ་ཏུ་སྨོན་


TNT04_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདེབས་པའོ། །སྐྱབས་ཡུལ་དང༌། ཆོ་ག་དང་བྱེད་ལས་སོགས་ལ་ནི་རྒྱ་ཆེ་ཆུང་གི་ཁྱད་པར་ཙམ་ཡོད་ཀྱང༌། གོང་མའི་ནང་དུ་འོག་མ་འདུས་པའི་ཕྱིར་འགལ་བ་ནི་མ་ཡིན་ནོ། ཁྱད་པར་གསང་སྔགས་ཀྱི་ལུགས་ལ། དུས་ཀྱི་ཁྱད་པར་མཐའ་མེད་པ་དང་བསམ་པའི་ཁྱད་པར་སེམས་ཅན་རྣམས་མྱུར་དུ་སྐྱོབ་པར་འདོད་པ་དང༌། སྨོན་ལམ་གྱི་ཁྱད་པར་ལམ་འཇུག་པ་བདེ་བས་འབྲས་བུ་ལྷན་སྐྱེས་ཀྱི་སྐུ་ཐོབ་པར་འདོད་པ་རྣམས། ལྷག་པོར་བསྣན་པས་དོན་འགྲུབ་པ་ཡིན་ནོ། །སེམས་བསྐྱེད་ཀྱི་དམིགས་པ་ཕོག་པའི་རྗེས་སུ། དོན་ཅུང་ཟད་འཆད་པར་སྤྲོ་ན་གཉིས་ཏེ། བྱང་ཆུབ་ཀྱི་སེམས་བཤད་པ་དང༌། ཚད་མེད་བཞི་བཤད་པའོ། །དང་པོ་ལ་དོན་ཚན་ཐོག་མ་བྱང་ཆུབ་སེམས་ཀྱི་ངོ་བོ་ངོས་བཟུང་བ་ནི། སྤྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ། དོན་དམ་དབྱིངས་དེ་བཞིན་ཉིད་ལ་འཇུག་པ་ཡང་ཡོད། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་ཡང་འཇུག་སྟེ། དོན་དམ་སེམས་བསྐྱེད་ཅེས་པའང་དེ་རྒྱུད་ལ་སྐྱེས་པའི་མིང་ཡིན། དེ་ལྟ་ན་ཡང་ཀུན་རྫོབ་དོན་དམ་གྱི་དབྱེ་བ་མ་བྱས་པར། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་མ་སྐྱེས་དང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་མ་ཟིན་སོགས་བྱང་ཆུབ་སེམས་ཀྱི་ཐ་སྙད་འཇུག་པའི་གཞི། གྲགས་ཆེ་བ་གཙོ་ཆེ་ཤོས་ནི་བརྩེ་བ་སྙིང་རྗེ་ཆེན་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་གྲགས་པ་འདི་ཡིན་ནོ། །ཐེག་ཆེན་འདིར་སྙིང་རྗེ་དང་སྙིང་རྗེ་ཆེན་པོའི་ཁྱད་པར་ཅུང་ཟད་ཡོད་དེ། སྙིང་རྗེ་ནི་གཞན་གྱི་སྡུག་བསྔལ་མི་བཟོད་ཅིང་འབྲལ་བར་འདོད་པ་ཙམ་ཡིན་ལ་དེ་ནི་ཚད་མེད་བཞིའི་ནང་གི་སྙིང་རྗེ་ཡིན། སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མིང་སྟེ། དེ་ཡང་དེའི་རྩ་བ་སྙིང་རྗེར་འདོད། །ཅེས་གསུངས་པ་ལྟར་རྒྱུ་བྱམས་སྙིང་རྗེ་རླབས་པོ་ཆེ་ལས་བྱུང་བ། གྲོགས་སེམས་ཅན་གྱི་དོན་གྱི་ཁུར་ཆེན་པོ་བདག་ཉིད་ཀྱིས་འཁྱེར་བའི་སྙིང་སྟོབས་ལྷག་བསམ་ཅན། ངོ་བོ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་དེ། དེའི་སྐབས་ཀྱི་གཞན་དོན་དུ་ཞེས་པ་ནི།


TNT04_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་པའི་ཆེད་དུ་ཞེས་པའོ། །དོན་ཚན་གཉིས་པ་དབྱེ་བ་ནི། སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་གཉིས་སུ་དབྱེ་བའམ། བདག་གཞན་མཉམ་པ་དང་བརྗེ་བའི་བྱང་ཆུབ་ཀྱི་སེམས་གཉིས་སུ་དབྱེ་བའོ། །དེ་ལ་སྨོན་པ་བྱང་སེམས་ནི། གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཙམ་ཡིན་ལ། འཇུག་པ་བྱང་སེམས་ནི་སངས་རྒྱས་ཐོབ་པའི་ཕྱིར་དུ། ཕྱིན་དྲུག་དང་བསྡུ་དངོས་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཕྲལ་དུ་སྦྱོར་བར་འདོད་པའོ། །འདི་ལ་འཇུག་པ་དང་བྲལ་བའི་སྨོན་པ་རྐྱང་པའང་ཡོད་ལ། འཇུག་པ་རྐྱང་པ་མེད། འཇུག་སེམས་རྒྱུད་ལ་ཡོད་པའི་གང་ཟག་དེ་ལ། སྨོན་སེམས་ཀྱང་ཡོད་པས་ཁྱབ་མོད། བློའི་སྤུ་རིས་མི་གཅིག་གོ །བདག་གཞན་མཉམ་བརྗེ་གཉིས་ནི། མཉམ་པ་གཙོ་བོ་ཡིན་ལ། བརྗེ་བ་ནི་དེའི་གེགས་སེལ་བོགས་འདོན་ཡིན་ནོ། །དེ་ལ་མཉམ་པ་ནི། བདག་དང་སེམས་ཅན་ཐམས་ཅད་རང་བཞིན་མེད་པར་ཡང་མཉམ། ཆོས་ཉིད་ཡེ་ཤེས་གཅིག་ཏུ་ཡང་མཉམ། སེམས་ཅན་གྱི་དོན་ཉིད་བདག་གི་འདོད་དོན་ཡིན་པས་འདོད་པའི་དོན་ཡང་མཉམ། བདག་དང་སེམས་ཅན་བདེ་བ་འདོད་པར་མཉམ། སྡུག་བསྔལ་མི་འདོད་པར་མཉམ། བདེ་བ་སྒྲུབ་དགོས་དང་སྡུག་བསྔལ་སེལ་དགོས་སུའང་མཉམ། གལ་ཆེ་ཆུང་གི་དབྱེ་བ་མེད་པ་དང་གཅེས་མི་གཅེས་ཀྱི་དབྱེ་བ་མེད་པར། གཉིས་ཀ་གཅེས་པར་མཉམ་སྟེ། དེའི་ཕྱིར་བདག་སངས་རྒྱས་ཐོབ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་འདོད་པའོ། །འདིར་གལ་ཆེ་བར་མཉམ་པ་ནི། སེམས་ཅན་གཞན་ཐམས་ཅད་ཕྱོགས་གཅིག་ཏུ་བྱས་པ་དང༌། བདག་གཅིག་པུ་མཉམ་པའི་དོན་མ་ཡིན། སེམས་ཅན་གང་ཡང་རུང་བ་ཞིག་དང་བདག་ཉིད་མཉམ་པ་ན། སེམས་ཅན་ནི་ཤིན་ཏུ་མང་པོར་གྱུར་ན་བདག་ལས་ལྷག་པ་ཁོ་ན་ཡིན་ནོ། །དེ་ལྟ་ན་ཡང་སེམས་ཅན་རྣམས་བྱང་ཆུབ་ཐོབ་འདོད་བདག་གིས་བྱེད་པ་བཞིན་དུ།


TNT04_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་བྱང་ཆུབ་དེ་ཐོབ་འདོད་ཡིན་པས། འབྲས་བུ་གཅིག་ལ་སྦྱོར་འདོད་མཉམ་པའི་ཕྱིར་བདག་གཞན་མཉམ་པའོ། །བདག་གཞན་བརྗེ་བ་ནི། འཁོར་བ་པ་རྣམས་བདག་ཉིད་བདེ་བ་དང་བཟང་བར་འདོད་པ་ཙམ་གཞན་སུ་ལའང་མི་འབྱུང་སྟེ། འགྲོ་བ་གཞན་ཁ་ཅིག་སྡུག་བསྔལ་བར་འདོད། འགའ་ཞིག་བཏང་སྙོམས་སུ་འཇོག ཉེ་དུ་སོགས་ཉུང་ཟད་ཅིག་ལ་བདེ་བར་འདོད་པ་སྲིད་ཀྱང༌། བདག་རང་ལས་མི་གཅེས་ཤིང་གལ་ཆུང་བ་ཁོ་ནར་སེམས་པ་ལས། བྱང་ཆུབ་སེམས་དཔའ་ནི་གཞི་བདག་གཞན་གཉིས་ཀྱི་སྟེང་དུ། གལ་ཆེ་ཆུང་བརྗེས་ཏེ། བདག་མི་གཅེས་ཤིང༌། སེམས་ཅན་གང་ཅི་ཡང་རུང་བ་གཅིག་ཀྱང་བདག་ལས་ཆེས་ཤིན་ཏུ་གཅེས་པར་འཛིན་པ་ཡིན་ཏེ། གཞན་བདེ་བའི་ཕྱིར་བདག་ཉིད་སྡུག་བསྔལ་ལ་ཡང་འཇུག་པར་སྤྲོ་བ་དང༌། རང་ཉིད་མ་གྲོལ་ན་སེམས་ཅན་ཞིག་ཐོག་མར་གྲོལ་བར་འགྱུར་ལ། བདག་གྲོལ་བའི་ཐབས་བྱས་ན། སེམས་ཅན་དེ་རེ་ཞིག་མི་གྲོལ་བའི་རིགས་ཤིག་འདུག་ན། བདག་འཁོར་བར་གནས་ནས་འཁོར་བའི་སྡུག་བསྔལ་མྱོང་བ་ལ་མི་འདོད་པ་མེད་ཅིང༌། སེམས་ཅན་དེ་ཐོག་མར་གྲོལ་བར་འདོད་པས། དེའི་ཐབས་ལ་བརྩོན་པར་བྱེད་པའོ། །དེས་གཞན་རྣམས་ལའང་རིགས་འགྲེ་སྟེ། བདག་གཞན་མཉམ་པ་ལ་རང་དོན་ཡིད་བྱེད་ཅུང་ཟད་འདྲེ་བ་སྲིད་པས། བདག་གཞན་བརྗེ་བ་བསྒོམས་ན་དེ་དག་པར་འགྱུར་བས་བདག་གཞན་མཉམ་པའི་གེགས་སེལ་བ་ཡིན་ནོ། །བདག་གཞན་མཉམ་པ་ཉིད་དུ་མ་གྱུར་པ་ལ། འདི་ཡི་ས་ལ་དོར་བས་མཉམ་པར་འདྲེ་བའི་ཕྱིར་བོགས་འབྱིན་པའང་ཡིན་ནོ། །རྩ་བ་བདག་གཞན་མཉམ་པ་ཡིན་བརྗེ་བ་འདི་ཡན་ལག་ཡིན་ཡང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྨད་དུ་བྱུང་བ་ཕལ་ཆེར། བདག་གཞན་བརྗེ་བ་འདིས་བྱེད་ཅིང༌། ཐབས་མཁས་ཀྱི་ཁྱད་པར་མཆོག་གཅིག་ཡིན་


TNT04_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདི་མེད་དུ་མི་རུང་བའི་གལ་པོ་ཆེ་ཡིན་ཏེ། རྒྱལ་པོའི་བྱ་བ་བློན་པོས་བྱེད་པ་བཞིན་ནོ། །དོན་ཚན་གསུམ་པ་སྒྲ་དོན་ནི་དོན་དམ་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་ཞེས་ཟེར་བ། དེ་བཞིན་ཉིད་ནི་བྱང་ཆུབ་ཀྱི་ངོ་བོ་ཡིན་ལ། སེམས་ཉིད་ཀྱང་ཡིན་པའི་ཕྱིར༌། ཀྱི་ཞེས་པ་དྲུག་པའི་སྒྲ་ནི་གཞི་མཐུན་བསྡུ་བ་ཡིན་ནོ། །དེ་ཉིད་རྟོགས་པའི་ལམ་གྱི་ཡེ་ཤེས་ནི། བྱང་ཆུབ་ཀྱི་རང་བཞིན་དངོས་སུ་མཐོང་ཞིང༌། དེ་ལ་དམིགས་པའི་ཤེས་པ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱ་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འདི་ནི། བྱང་ཆུབ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ནས་རང་གཞན་རྣམས་དེ་ཐོབ་འདོད་ཀྱི་འདུན་པ་དང་བཅས་པའི་སེམས་པ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། འདི་ཀུན་རྫོབ་བྱང་སེམས་སུ་འཇོག །སྔ་མ་གཉིས་པོ་དོན་དམ་བྱང་སེམས་ཡིན་ནོ། །དེ་ལྟ་ན་ཡང་ཆོས་དབྱིངས་ལ་དོན་དམ་བྱང་སེམས་ཞེས་བརྗོད་ཀྱི། སེམས་བསྐྱེད་ཀྱི་ཐ་སྙད་མི་འཇུག གཞན་གཉིས་ལ་དོན་དམ་སེམས་བསྐྱེད་དང༌། ཀུན་རྫོབ་སེམས་བསྐྱེད་ཅེས་འཇོག་པའི་སྐབས་མང་ངོ༌། །དེ་ཡང་སེམས་དང་སེམས་བསྐྱེད་ཀྱི་ཁྱད་པར་ཅི་སྙམ་ན། ངོ་བོ་དང་རྫས་ཀྱི་སྒོ་ནས་ཁྱད་མེད། གནས་སྐབས་ཀྱི་ཁྱད་པར་ལས་མིང་འདོགས་བྱེད་པ་ཡིན་ཏེ། སེམས་བསྐྱེད་པ་ཞེས་པ་ལ་འཇོག་མཚམས་གཉིས་ལས། གཅིག་ནི་སྨོན་སེམས་མི་འདོར་བར་དམ་བཅས་པ་དང༌། འཇུག་སྡོམ་ཆོ་གས་བླངས་པ་ལ་སྨོན་པ་སེམས་བསྐྱེད་པ་དང༌། འཇུག་པ་སེམས་བསྐྱེད་པ་ཞེས། སྨོན་འཇུག་གི་བྱང་སེམས་གཉིས་པོ་དེ། ཚུལ་ཁྲིམས་ཀྱི་ངོ་བོར་སྐྱེས་པས་ཤིན་ཏུ་བརྟན་ཞིང་སྟོབས་ཆེ་ལ། ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པའོ། །དེས་ན་སེམས་བསྐྱེད་འདི་དམ་བཅའ་འམ། ཆོ་གས་བླངས་པའི་བྱང་ཆུབ་ཀྱི་སེམས་ཁྱད་པར་དམ་བཅའ་དང་འབྲེལ་བའི་བྱང་ཆུབ་སེམས་ཀྱི་མིང་ཡིན། འདིའི་ལྟར་ན་སེམས་བསྐྱེད་ཡིན་པ་ལ་བྱང་སེམས་ཡིན་པས་ཁྱབ་ཀྱང༌། བྱང་


TNT04_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཙམ་ལ་སེམས་བསྐྱེད་ཀྱིས་མ་ཁྱབ་བོ། །ཡང་སེམས་བསྐྱེད་ཀྱི་འཇོག་ཚུལ་གཉིས་པ། བྱང་ཆུབ་ཀྱི་སེམས་རྩོལ་བས་རྒྱུད་ལ་སྐྱེས་ཤིང་བློ་ལ་ཤར་བ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཟེར་བ་ནི། སེམས་དེ་རྩོལ་བས་བསྐྱེད་པའི་ཕྱིར་སེམས་བསྐྱེད་དེ། འཇོག་ཚུལ་འདི་ལ་ཀུན་རྫོབ་བྱང་སེམས་ཡིན་ཚད་དེའི་སེམས་བསྐྱེད་ཀྱང་ཡིན་ནོ། །ཁྲིད་རིམ་ཀུན་ཏུ་སྐྱབས་འགྲོ་སེམས་བསྐྱེད་ཅེས་པའི་སེམས་བསྐྱེད་ནི་ཕྱི་མ་འདི་ཡིན་ཏེ། བྱང་ཆུབ་ཀྱི་སེམས་དྲན་པར་བྱེད་པ་ལ་ཟེར་རོ། །དོན་ཚན་བཞི་པ་ཁྲིད་དམིགས་ཀྱི་སེམས་བསྐྱེད་གཉིས་ངོས་འཛིན་པ་ནི། སྐབས་འདིར་སེམས་བསྐྱེད་གཉིས་ཀྱི་ཆོ་ག་དང༌། བྱང་སྡོམ་གྱི་རྣམ་གཞག་རྒྱས་པར་བཤད་ཀྱིས་མི་ལང་ཞིང༌། སྐབས་ཀྱི་དོན་མ་ཡིན་པས་མི་འཆད་དོ། །འདིར་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་ལས། དུས་ཀུན་ཏུ་ནི་བྱང་ཆུབ་སེམས་ཀྱང་འགྲོ་བ་དང་ནི་འགྲོ་བར་འདོད་པ་རྣམ་པ་གཉིས་སུ་འགྱུར། །ཐར་པར་འཇུག་པས་དམན་ཞིང་སྨོན་པ་རྣམ་པར་སྤངས་པ་དག་ནི་ཐམས་ཅད་དུས་སུ་བདུད་ཀྱི་སེམས། །ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། ཞེས་བསྒོམ་པ་ནི། དཔེ་འགྲོ་བར་འདོད་པ་དང་མཚུངས་པའི་དོན་སྨོན་པ་བྱང་སེམས་ཡིན་ལ། དེའི་ཕྱིར་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པར་བགྱིའོ་སྙམ་པ་ནི། དཔེ་ལམ་དུ་འགྲོ་བ་དང་མཚུངས་པའི་དོན་འཇུག་པ་བྱང་སེམས་ཡིན་ནོ། །བདག་མ་འོངས་པ་དུས་གཞན་ཞིག་ན་སྦྱིན་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱའོ་སྙམ་པ་ཙམ་སྤྱོད་པ་ལ་སློབ་འདོད་རྒྱ་ཡན་པ་ཡིན་གྱི་འཇུག་སེམས་སུ་མི་འགྲོ་ལ། འདིར་ངོ་བོ་ནི། ད་ལྟ་ཉིད་སློབ་འདོད་ཡིན་ཞིང༌། སེམས་འདི་ཉིད་ཀྱིས་བསྐུལ་ནས། བྱང་ཆུབ་ཀྱི་རྒྱུའི་དགེ་བ་གཅིག་ལ་འཕྲལ་དུ་འཇུག་པ་ཞིག་ཀྱང་དགོས་སོ། །དེས་ན་རྡོ་རྗེའི་རྣལ་འབྱོར་


TNT04_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག་ཡིན་པའི་ཕྱིར། དེ་བསྒོམ་པར་འདོད་ཅིང་བསམ་པ་དེ་དང་འབྲལ་བར་ལག་ལེན་ལ་འཕྲལ་དུ་སྦྱོར་བས་སྒོམ་ཡང་སྒོམ་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་མཆོག་ཏུ་གྱུར་པ་ཡིན་ལ། སྤྱིར་འཇུག་སེམས་དང་འཇུག་སེམས་ཀྱི་སྡོམ་པའི་ཁྱད་པར་ཕྱེད་པར་བྱའོ། །སློབ་དཔོན་ཞི་བ་ལྷས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་པར་བྱ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་བཤད་པའང་གོང་དུ་དྲངས་པ་ལྟར། དཔལ་དུས་ཀྱི་འཁོར་ལོའི་དགོངས་པའི་རྗེས་སུ་འབྲངས་ཏེ་བཤད་པ་ཡིན་ནོ་ཞེས་ཁོ་བོ་སྨྲའོ། །རྒྱུ་མཚན་འདིས་ཀྱང་དུས་འཁོར་གྱི་ཆོས་ཅི་རིགས་པ་འཕགས་ཡུལ་དུ་སྔ་མོ་ནས་བྱོན་པར་ཡང་གྲུབ་བོ། །དོན་ཚན་ལྔ་པ་ཕན་ཡོན་ནི། གང་ཟག་དེ་ཐེག་ཆེན་པར་འགྲོ་མི་འགྲོ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་མ་སྐྱེས་ལ་རག དགེ་བ་གང་ཡང་རུང་བ་བྱས་པ་དེ་སངས་རྒྱས་སྒྲུབ་བྱེད་དུ་འགྲོ་མི་འགྲོ་ཡང༌། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་མ་ཟིན་ལ་རག་སྟེ། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་སྐྱེས་མ་ཐག་ཐེག་པ་ཆེན་པོ་བར་ཆུད་བ་དང༌། ཚུལ་ཁྲིམས་རྣམ་པ་གསུམ་སོགས་བསླབ་པ་གསུམ་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཐོབ་པ་དང༌། ནམ་ཞིག་ན་རྫོགས་པའི་བྱང་ཆུབ་ཐོབ་ངེས་པར་འགྲོ་བས། བྱང་ཆུབ་ཀྱི་རྩ་བ་ཚུགས་པ་དང༌། ཇི་སྐད་དུ། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་དང༌། དེས་ན་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་པ་ལྟར་སྔར་བྱས་ཀྱི་སྡིག་པ་མང་པོ་ཞིག་འབྲས་བུ་གཏན་ནས་འབྱིན་པར་མི་ནུས་པའི་ཚུལ་གྱིས་དག་པར་འགྱུར་ལ། ཁ་ཅིག་ད་ལྟ་རྣམ་སྨིན་ཐག་སྲིངས་པའི་ཚུལ་གྱིས་འབྲས་


TNT04_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཕྱི་འགྱངས་སུ་གྱུར་པའི་བར་དེར། གཉེན་པོ་དགེ་བ་གཞན་གྱིས་འཇོམས་པར་བྱེད་དོ། །དེ་ལྟར་ན་སེམས་བསྐྱེད་པ་ཙམ་གྱིས་སྡིག་པའི་ཚོགས་དཔག་ཏུ་མེད་པར་བྱང་བར་འགྱུར་རོ། །དཔའ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དངོས་སམ་བརྒྱུད་པའི་སྒོ་ནས་ཕན་ཡོན་ཚད་མེད་པར་གསུངས་ཤིང༌། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་པར་འགྱུར། །ཞེས་བཤད་པ་ལྟར་དགེ་བ་ཟད་པ་མེད་པ་དང༌། སེམས་བསྐྱེད་ཀྱིས་མ་ཟིན་པའི་སྦྱིན་སོགས་དགེ་བ་བསྐལ་པར་བསྒྲུབས་པ་ལས་ཀྱང༌། བྱང་ཆུབ་ཀྱི་སེམས་བསྐྱེད་ཙམ་ཉིད་ཀྱང་ཕན་ཡོན་ཆེ་སྟེ། སེམས་བསྐྱེད་པ་ཙམ་ཁོ་ནའི་རྣམ་པར་སྨིན་པས་ཀྱང༌། བརྒྱ་བྱིན་དང་འཁོར་ལོས་བསྒྱུར་རྒྱལ་གྱི་གོ་འཕང་ལན་བརྒྱ་སྟོང་འབུམ་ཕྲག་ཏུ་འགྱུར་བའང་ཡོད། སེམས་བསྐྱེད་ཉིད་ལ་བརྟེན་ནས་ཕྱིས་རིམ་གྱིས་འབྱུང་བའི་ཕན་ཡོན་ནི། བླ་ན་མེད་པའི་སངས་རྒྱས་ཀྱང་འགྲུབ་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་སོ། །སངས་རྒྱས་རྣམས་ལ་མཆོད་པའི་མཆོག་ཀྱང་འདི་ཡིན་ཏེ། མདོ་ལས། གངྒཱའི་བྱེ་མ་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་ནས། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ནས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས། ཟང་ཟིང་གི་མཆོད་པ་ཅི་ཙམ་ཆེ་ཡང་སྒྲུབ་པའི་མཆོད་པ་གཅིག་གིས་ཟིལ་གྱི་གནོན་པ་ཡིན་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སྒྲུབ་པའི་མཆོད་པ་རྣམས་ཀྱི་ནང་ནས་ཀྱང་བླ་ན་མེད་པ་ཆེས་མཆོག་ཡིན་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་གདུང་རིགས་རྒྱུན་


TNT04_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཆད་པར་བྱས་པའི་ཕྱིར་མཆོད་པའི་མཆོག་གོ །གཞན་ཡང་ངན་འགྲོ་ལས་ནི་བཟློག་བགྱིད་ཅིང༌། མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང༌། སྤྱོད་འཇུག་ལས། འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང༌། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང༌། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང༌། །བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །ཞེས་གསུངས་པ་ལྟར་ཡིན་ཞིང༌། འཇུག་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ནི། སེམས་དེ་བསྐྱེད་མ་ཐག་པ་ནས། སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་སེལ། བདེ་བས་ཚིམ་པར་བྱེད། གཏི་མུག་ལ་སོགས་པ་ཉོན་མོངས་ཐམས་ཅད་འཇོམས་པར་བྱེད་པའི་སེམས་ཅན་གྱི་དོན་ཕྱོགས་མེད་རིས་མེད་ལ་ཞུགས་པ་ཡིན་ཏེ། གང་ཞིག་བདེ་བས་འཕོངས་པ་དང༌། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་བྱེད་ཅིང༌། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ལ། །གཏི་མུག་ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲའང་ག་ལ་ཡོད། །ཕན་བཏགས་ལན་ལོན་གང་ཡིན་པ། །དེ་ཡང་རེ་ཞིག་བསྔགས་འོས་ན། །མ་བཅོལ་ལེགས་པར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། །ཞེས་གསུངས། དོན་ཚན་དྲུག་པ་སྤངས་པའི་ཉེས་དམིགས་ནི། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་ཉམས་ན། སོ་སོ་ཐར་པའི་ཕས་ཕམ་བཞི་ཕོག་པ་ལས་ཀྱང་ལྕི་བ་ལྟ་ཅི་སྨོས། མཚམས་མེད་ལྔ་ལས་ཀྱང་ཆེས་ཉེས་དམིགས་ཆེ་བས། དམྱལ་བ་མནར་མེད་དམ་ངན་སོང་གི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་ཡང་ནས་ཡང་དུ་མྱོང་བ་དང༌། གཞན་ཡང་རང་དང་གཞན་གྱི་དོན་ཉམས་ལུགས་མང་པོ་དང༌། མི་འདོད་པ་དང་སྡུག་བསྔལ་མཐའ་


TNT04_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པ་དག་འབྱུང་བར་བཤད་དོ། །དོན་ཚན་བདུན་པ་བསླབ་བྱ་ནི། སྤྱིར་ཉམས་སུ་བླང་བྱའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་བསླབ་བྱར་འགྲོ་བ་ཡིན། ཁྱད་པར་དུ་འཇུག་སྡོམ་ལ་རྩ་བ་བཞི་དང་སྦོམ་པོ་ཞེ་དྲུག་སྤོང་བ་སོགས་དང་ནམ་མཁའི་སྙིང་པོའི་མདོ་ལས་རྩ་ལྟུང་བཅུ་བཞི་གསུངས་པ་སྤོང་བ་སོགས། འཕྲལ་གྱི་འཇུག་ལྡོག་ལ་ཉེ་བར་མཁོ་བ་སྤང་བྱ་ལྡོག་པའི་ཚུལ་ཁྲིམས་ཀྱི་བཅས་པ་རྣམས་དང༌། ཕར་ཕྱིན་དྲུག་དང་བསྡུ་དངོས་སོགས་བླང་བྱ་སྒྲུབ་པའི་བསླབ་པར་བྱ་བ་རྣམས་ཡིན་མོད་ཀྱི། དེ་དག་རེ་ཞིག་འདིར་རྒྱས་པར་མི་འཆད། བྱང་ཆུབ་ཀྱི་སེམས་བསྒོམ་ཕྱིན་ཆད་འདི་གལ་ཆེ། སེམས་ཅན་བློས་སྤངས་པ་དང༌། མི་མཐུན་པའི་སེམས་བསྐྱེད་པ་གཉིས་ཀྱིས་སེམས་བསྐྱེད་གཏོང་སྟེ་ཆོ་གས་བླངས་པའི་སྡོམ་པ་ཡིན་ན་འཇིག་པ་ལྟ་ཅི་སྨོས། དམ་བཅས་པ་ཙམ་གྱིས་སེམས་རྒྱུན་ཡང་འཇིག་པར་འགྱུར་རོ། །སེམས་ཅན་བློས་སྤངས་པ་ནི། སེམས་ཅན་གཅིག་གམ་མང་པོ་ཡིན་ཡང་རུང༌། གནས་སྐབས་རེ་ཞིག་བློས་སྤངས་སྐྱང༌། ཕུགས་བློས་མ་བཏང་ན་སྤངས་པ་དངོས་སུ་མི་འགྱུར་ལ། ཡུལ་སེམས་ཅན་གཅིག་ཁོ་ན་ཡིན་ཡང༌། འཕྲལ་ཕུགས་ཐམས་ཅད་དུ་བློས་སྤངས་ན་ཉེས་པ་འདིར་འགྱུར་རོ། །མི་མཐུན་པའི་སེམས་ནི། ལོག་ལྟ་སྐྱེས་པའམ་རྫོགས་པའི་སངས་རྒྱས་ཐོབ་འདོད་ལྡོག་པ་དང༌། བྱང་ཆུབ་ཀྱི་སེམས་ལ་ཕན་ཡོན་མེད་སྙམ་སྐུར་འདེབས་ཀྱིས་ལོག་པར་གཟུང་པས་བྱང་ཆུབ་ཀྱི་སེམས་སྤོང་བར་བྱེད་དམ་སྐུར་འདེབས་མེད་ཀྱང་བྱང་སྡོམ་གྱི་བསླབ་པ་ཕུལ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ལ་རྟག་ཏུ་ཕན་འདོགས་པ་ཁོ་ན་ཡིན་པའི་ཕྱིར། དེ་ཐམས་ཅད་ཀྱི་རྩ་བ་སེམས་ཅན་བློས་མི་སྤང་བ་ལ་ཐུགཡང་དག་པར་ཐེག་ཆེན་ལ་ཞུགས་པ་དེ་གནོད་བྱེད་ཚུན་ལ་བདེ་བར་འདོད་པའི་བསམ་པ་ཡོད་ཕྱིན། གཞན་ཉེས་བྱས་གྲངས་མེད་པས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྩ་བ་ནས་གཞོམ་པར་མི་ནུས་སོ། །གནས་སྐབས་སུ་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་


TNT04_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

མི་བརྗེད་པའི་རྒྱུ། དཀར་པོའི་ཆོས་བཞི་ལ་བསླབ། བརྗེད་པའི་རྒྱུ་ནག་པོའི་ཆོས་བཞི་སྤོང༌། དེ་ཡང་ནག་པོ་རེའི་གཉེན་པོར་དཀར་པོ་རེ་འབྱུང་སྟེ། ཟུང་བཞི་ཡ་བརྒྱད་ཀྱི་བསླབ་བྱ་ཟེར། དཀར་ཆོས་བཞི་ལ་བསླབས་ན། ནག་པོ་བཞི་སྤོང་བ་དེའི་ཁོངས་སུ་འདུས་པས་ལོགས་ན་མེད། དེ་ཡང་མཆོད་འོས་བསླུ་བ་ནག་པོའི་ཆོས་ཀྱི་གཉེན་པོར། ཤེས་བཞིན་གྱི་བརྫུན་མི་སྨྲ་བ་དཀར་པོའི་ཆོས་ཏེ་ཟུང་གཅིག བྱང་ཆུབ་སེམས་དཔའ་ལ་མི་བསྔགས་པ་བརྗོད་པ་ནག་པོའི་གཉེན་པོར། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པ་བྱེད་པ་དཀར་པོའི་ཆོས་ཏེ་ཟུང་གཉིས། གཞན་འགྱོད་པའི་གནས་མ་ཡིན་པ་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་ནག་པོའི་ཆོས་ཀྱི་གཉེན་པོར། རང་གིས་ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་འབྲེལ་ཡོད་ཐམས་ཅད་ཐེག་པ་གསུམ་གྱི་དགེ་བ་ལ་འགོད་པ་དཀར་པོའི་ཆོས་ཏེ་ཟུང་གསུམ། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པ་ནག་པོའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་ལྷག་པས་བསམ་པས་གནས་པ་དཀར་པོའི་ཆོས་ཏེ་ཟུང་བཞིའོ། །དེ་ལ་གཡོ་སྒྱུས་གནས་པ་ནི། གཡོ་སྒྱུས་ཀུན་ནས་བླངས་པའི་ལུས་ངག་གི་སྤྱོད་པ་ཡིན་ལ་ལྷག་པའི་བསམ་པ་ནི། གཞན་གྱི་དོན་ལ་རང་གིས་འཁུར་འཁྱེར་བ། ཁེ་དང་རྒྱལ་ཁ་གཞན་ལ་འབུལ་བ་ལྟ་བུའམ། ཡང་ན་ཕྱི་ནང་དང་བག་འཛོམས་ཀྱྀས་སྒྲུབས་པ་མེད་པར་ཕ་བུའམ་ཕུ་ནུ་ལྟ་བུར་གསོང་པོར་སྨྲ་ཞིང་ནང་མ་བརྟོན་པའི་དོན་ཡང་ཡིན་གསུང་ངོ༌། །གཉིས་པ་ཚད་མེད་བཞི་བཤད་པ་ལ། ཚད་མེད་བཞི་པོ་འདི་ནི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བའི་རྒྱུ་དང༌། སྐྱེས་པ་བརྟན་པར་བྱེད་པ་དང༌། འཕེལ་བར་བྱེད་པའི་ཐབས་བླ་ན་མེད་པ་ཡིན་པས། གང་ཐེག་པ་ཆེན་པོ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཐམས་ཅད། ཚད་མེད་བཞིའི་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་བྱའོ། །དེ་ལ་དོན་ཚན་དང་པོ་ཚད་མེད་བཞི་དང་བྲལ་བའི་ཉེས་དམིགས་ནི། །ཉོན་མོངས་དུ་མས་དཀྲུགས་པར་འགྱུར་ཏེ། གནོད་སེམས་དང༌། རྣམ་པར་འཚེ་བ་དང༌། གཞན་བདེ་བ་ལ་མི་དགའ་བ་དང༌། འདོད་པ་ལ་འདུན་པའི་


TNT04_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་རྣམས་གཉེན་པོ་མེད་པས་རང་གར་སྤྱོད་པ་ན། ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་མང་པོ་འཕེལ་བ་དང༌། འདོད་འདུན་དང༌། གནོད་སེམས་ལ་བརྟེན་ནས་ཉོན་མོངས་གཞན་མང་པོའང་འཕེལ་བར་འགྱུར་བས། འདི་དང་ཕྱི་མའི་ཉེས་དམིགས་མཐའ་མེད་དུ་སྐྱེད་པར་བྱེད་དོ། །དེ་སྐད་དུ་ཡང་མདོ་རྒྱན་ལས། བྱང་ཆུབ་སེམས་དཔའ་གནོད་སེམས་དང༌། །རྣམ་འཚེ་མི་དགའ་གནོད་སེམས་དང༌། །འདོད་པའི་འདོད་ཆགས་དང་ལྡན་པ། །ཉེས་དམིགས་རྣམ་པ་མང་ལ་ རེག །ཅེས་གསུངས་ཤིང༌། ཉེས་དམིགས་ཀྱང་འདི་ལྟར། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམས་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་ཐོབ། །ཞེས་གསུངས་ཏེ་ཉེས་དམིགས་འདི་རྣམས་ཉོན་མོངས་ཐམས་ཅད་དང༌། ཉེས་པར་སྤྱད་པ་སྤྱིའི་ཉེས་དམིགས་ཀྱང་ཡིན་མོད། དེ་ཐམས་ཅད་ཀྱི་རྩ་བའམ་གཙོ་བོ་ནི་འདོད་འདུན་གནོད་སེམས་མི་དགའ་བ་རྣམས་ཡིན་པའི་ཕྱིར། དེ་རྣམས་ཀྱི་ཉེས་དམིགས་སུ་སྨོས་སོ། །དོན་ཚན་གཉིས་པ་ཚད་མེད་སྒོམ་པའི་ཕན་ཡོན་ནི། དེ་ཉིད་ལས། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་འཁོར་བ་ཡོངས་མི་གཏོང༌། །ཞེས་གསུངས་པ་ལྟར། བྱམས་པས་གནོད་སེམས་ཀྱི་གཉེན་པོ་བྱེད། སྙིང་རྗེས་རྣམ་པར་འཚེ་བའི་གཉེན་པོ་བྱེད། དགའ་བས་མི་དགའ་བའི་གཉེན་པོ་བྱེད། བཏང་སྙོམས་ཀྱིས་ཉེ་རིང་དང༌། འདོད་པ་ལ་འདུན་པ་དང༌། གནོད་སེམས་གཉིས་ཀར་གྱི་གཉེན་པོ་བྱེད། དེ་ལྟར་ན་ཚད་མེད་བཞིས་ཉོན་མོངས་དེ་རྣམས་སྤོངས་པར་བྱེད་དེ། དེ་དག་སྤངས་པས་ཉོན་མོངས་ཀྱི་ཉེས་དམིགས་དེ་དག་ཕྱིས་མི་འབྱུང་ངོ༌། །སྤོང་ཚུལ་བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་ནས་སྤོང་པ་སོགས། མངོན་པ་ལས་མང་དུ་བཤད་ཀྱང༌། རེ་ཞིག་མི་མཁོ་བས་བཞག་གོ །


TNT04_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་སོགས་ཉོན་མོངས་ཀྱི་ས་བོན་སྤོང་བྱེད་མ་ཡིན་པར་བཤད་པ་རྣམས་ནི། འཇིག་རྟེན་པ་དང་ཉན་ཐོས་ཀྱི་དབང་དུ་བྱས་ཏེ་སྤྱི་ལྡོག་ནས་བཤད་པ་ཡིན། བྱང་ཆུབ་སེམས་དཔའ་དབང་རྟུལ་ཐབས་ལ་མི་མཁས་པའང་དེ་འདྲར་འགྱུར་མོད། དེ་དག་ལ་ནི་ཉོན་མོངས་དེ་རྣམས་མངོན་འགྱུར་བ་འགོག་ཅིང་མགོ་གནོན་གྱི་གཉེན་པོ་ཙམ་ཡིན་མོད་ཀྱང༌། བྱང་ཆུབ་སེམས་དཔའ་ཐབས་མཁས་ཅན་གྱི་ཚད་མེད་བཞི་ནི། ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ཉོན་མོངས་རྣམས་ཀྱི་ས་བོན་དང་བག་ཆགས་འཇོམས་པའི་གཉེན་པོ་ཡང་ཤིན་ཏུ་བྱེད་དོ། །དེས་ན་བྱམས་པ་ཡིན་པའི་ལྡོག་ཆ་ཙམ་ནས་ས་བོན་འཇོམས་པའི་གཉེན་པོར་མི་འགྲོ་བ་དང༌། བྱམས་པ་ཚད་མེད་པའི་ཏིང་ངེ་འཛིན་གྱིས་ས་བོན་འཇོམས་ནུས་པའི་དབྱེ་བ་ཕྱེད་དགོས་པས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཞེས་པའི་ཚིག་རྐྱང་གི་ཁ་སྐད་རགས་པ་སྦོམ་ཡོར་ཙམ་ཁྱར་བའི་འོལ་ཆོད་ལ་མཁས་པའི་རྣམ་དཔྱོད་ཡིན་པར་རློམ་པ་ནི། མི་མཁས་པའི་རྣམ་ཐར་རོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་དུ་སྐྱེ་བའི་ཉོན་མོངས་སྤངས་ཀྱང༌། སྨོན་ལམ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཁོར་བར་སྐྱེ་བ་བླངས་ཏེ། སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་པའི་སྤྱོད་པ་རྨད་དུ་བྱུང་བ་ཐམས་ཅད་ཀྱང༌། ཚད་མེད་པ་བཞིའི་མཐུ་ཡིན་ཏེ། དེ་ལྟར་ན་ཉོན་མོངས་ཉེས་དམིགས་དང་བཅས་པ་སྤོང་བ་དང༌། འཕགས་མཆོག་རྣམས་སེམས་ཅན་གྱི་དོན་མཛད་པ་ནི། ཕན་ཡོན་གྱི་གཙོ་བོ་སྨོས་པ་ཡིན་ནོ། །གཞན་ཡང་ཚད་མེད་ཀྱི་བྱེད་ལས་འབྲས་བུ་ལྔའི་སྒོ་ནས་བཤད་པ་ཡང་ཕན་ཡོན་ཉིད་དེ། ཇི་སྐད་དུ། ཚངས་པའི་གནས་པའི་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེས་ནི་ཚོགས་རྣམས་རྫོགས་བྱེད་ཅིང༌། །སེམས་ཅན་རྣམས་ཡོངས་སྨིན་པར་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ཡི་མི་མཐུན་ཕྱོགས་དང་འབྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་ཟད་པས་ཀྱང་མི་འགྱུར་རོ། །ཞེས་སོ། །ཕན་ཡོན་


TNT04_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་པ་འོག་ཏུའང་འཆད་དོ། །དོན་ཚན་གསུམ་པ་ངོ་བོ་ནི། སེམས་ཅན་རྣམས་སྔར་མེད་ཀྱི་བདེ་བ་གསར་པ་དང་ཕྲད་པར་འདོད་པ་ནི་བྱམས་པ་དང༌། ད་ལྟར་ཡོད་པའི་སྡུག་བསྔལ་དང་འབྲལ་ཞིང་ཕྱིན་ཆད་ཀྱང་སྡུག་བསྔལ་འབྱུང་པའི་སྒོ་འགོག་པར་འདོད་པ་ནི་སྙིང་རྗེ་དང༌། སེམས་ཅན་གཞན་རྣམས་ད་ལྟར་བདེ་བ་ལ་དམིགས་ནས་དགའ་ཞིང་ཡི་རང་བས་དྲངས་པའི་ཡིད་བདེ་ནི་དགའ་བ་དང༌། དེ་གསུམ་གྱི་དྲངས་པའི་ཞེ་སྡང་མེད་པ་དང་མཚུངས་པར་ལྡན་པའི་མ་ཆགས་པའི་སེམས་ཀྱི་ཁྱད་པར་ནི། བཏང་སྙོམས་ཡིན་པར་བཤད་དེ། དེ་ལྟར་ན་བཏང་སྙོམས་ཉིད་དགེ་བའི་སེམས་སོགས་པ་རྐང་ཚུགས་ཤིག་ཡིན་ཏེ། མ་ཆགས་པ་དང་མི་སྡང་བའི་རྒྱུ་ལས་བྱུང་བ་ཉེ་རིང་མེད་པར་སེམས་སྙོམས་པ་ཡིན་ལ། བྱམས་སོགས་དང་པོ་གསུམ་ལ་རྗེས་སུ་ཆགས་པའི་ཆ་ཤས་འདྲེ་བ་སྲིད་ལ་དེ་ནི་ཉོན་མོངས་ཡིན་པས་སྐྱོན་རྗེས་སུ་འབྲངས་པ་སྟེ། བཏང་སྙོམས་ཀྱིས་སྐྱོན་དེ་སེལ་བའི་ཕྱིར་བཏང་སྙོམས་ལ་མ་ཆགས་པ་དང༌། ཉོན་མོངས་མེད་པ་དང་མ་འདྲེས་པའི་མཚན་ཉིད་ཅན་ཞེས་གསུངས་སོ། །སྙིང་རྗེ་ནི་གཞན་བདེ་བ་ལ་བར་ཆད་སེལ་བའི་རྣམ་པ་ཅན་དང༌། བྱམས་པ་དང་དགའ་བ་གཉིས་སེམས་ཅན་བདེ་བ་འདོད་པ་དངོས་ཡིན་པས། དེ་གསུམ་ཆར་བདེ་བའི་བསམ་པ་ཙམ་ཡིན་ལ། བཏང་སྙོམས་ནི། ཞེ་སྡང་མེད་པའི་ཕྱོགས་ནས་བདེ་བ་བསམ་པའི་མཚན་ཉིད་ཀྱང་ཡོད་ལ། བདག་ཉིད་མ་ཆགས་ཤིང་སེམས་ཅན་རྣམས་མ་ཆགས་མི་སྡང་བ་ལ་འགོད་པའི་བསམ་པ་ཉིད་ཀྱི་ཕྱིར་ཕན་པའི་བསམ་པ་ཉིད་ཡིན་པས། བཏང་སྙོམས་ནི་ཕན་བདེ་གཉིས་ཅར་གྱི་བསམ་པའོ། །བྱམས་སོགས་བཞིའི་ངོ་བོ་ནི་དེ་ལྟར་ཡིན་ལ། ཚད་མེད་པར་འགྱུར་བ་ལ་ཡུལ་སེམས་ཅན་དཔག་ཏུ་མེད་པ་ལ་དམིགས་ཤིང༌། རྣམ་པ་བདེ་བ་དཔག་ཏུ་མེད་པ་ལ་འགོད་པ་དང༌། སྡུག་བསྔལ་དཔག་ཏུ་མེད་པ་འབྲལ་བར་འདོད་པ་སོགས་དང༌། ཡུལ་སེམས་ཅན་དཔག་མེད་ཀྱི་བདེ་བ་དཔག་མེད་ལ་དམིགས་ནས་དགའ་ཞིང་ཡིད་རངས་པས་དྲངས་པའི་ཡིད་བདེ་དང་། ངོ་བོ་དགྲ་གཉེན་བར་མའི་བྱེ་བྲག་མེད་པ་ཐམས་ཅད་མཉམ་སྙོམས་པར་བདེ་བ་འདོད་པ་སོགས་དགོས་སོ། །དེ་ལྟར་ན་བྱམས་པ་ཚད་


TNT04_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སོགས་ཀྱི་མཚན་ཉིད་དེ་འདྲ་ཡིན་ལ། དམིགས་རྣམ་དེ་འདྲ་དང་ལྡན་པའི་སྒོ་ནས་སེམས་རྩེ་གཅིག་པར་གནས་པ་ནི་ཚད་མེད་བཞིའི་ཏིང་ངེ་འཛིན་ནོ། །ཚད་མེད་འདི་རྣམས་མོས་པ་ཡིད་བྱེད་ཙམ་ཡིན་ཡང༌། དགེ་བ་བླ་ན་མེད་པ་ཡིན་ཏེ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་ཕྱིར་རོ། །དོན་ཚན་བཞི་པ་དབྱེ་བ་ནི། བརྟན་པ་རྣམས་ཀྱི་དེ་དག་བདེ་འདོད་དང༌།། སྡུག་བསྔལ་གྱི་ཉམ་ཐག་དང་བདེ་བ་དང༌། །ཉོན་མོངས་ཅན་དང་དེ་དག་བསྟན་བཅོས་དང༌། །དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །ཞེས་གསུངས་ཏེ། ཚད་མེད་བཞི་པོ་རེ་རེ་ཡང་སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པ་གསུམ་གསུམ་དུ་དབྱེའོ། །ཉོན་མོངས་ཅན་དང་ཞེས་པ་ཡན་ཆད་སེམས་ཅན་ལ་དམིགས་པའི་དབང་དུ་བྱས་པ་སྟེ། བདག་དང་སེམས་ཅན་དང་གང་ཟག་ཏུ་འཛིན་པ་ཆེད་དུ་བཀག་པ་མ་ཡིན་པར། སེམས་ཅན་རྣམས་བདེ་བར་འདོད་པ་ནས། སེམས་ཅན་ཆགས་སྡང་གི་ཉོན་མོངས་ཅན་རྣམས་ཉོན་མོངས་མེད་པ་ལ་འགོད་པར་འདོད་པའི་བར། སེམས་ཅན་ལ་དམིགས་པའི་བྱམས་སོགས་བཞི་སྟེ། འདི་ལ་ཁ་ཅིག་སེམས་ཅན་བདེན་པར་འཛིན་པ་དགོས་པར་འདོད་པ་ནི་མི་འཐད་དོ། །ད་ལྟ་སེམས་ཅན་དུ་སྣང་བ་རྣམས་ཀྱི་ཤུལ་ན་སེམས་ཅན་རྗེས་སུ་མེད་པར། ཕུང་ཁམས་སྐྱེ་མཆེད་ཙམ་ཞིག་སྟེ་ཕུང་སོགས་ཀྱི་ཚོགས་པ་ལ་སེམས་ཅན་དུ་བཏགས་པ་ཙམ་དུ་ཤེས་ནས། དམིགས་ཡུལ་ཕུང་སོགས་ལ་དམིགས་ཏེ། གང་ཟག་བཏགས་ཡོད་ཙམ་དུ་ཆོས་སྡེ་སྣོད་ལས་གསུངས་པ་ཡིད་ཆེས་པའི་རྒྱུ་མཚན་དམིགས་བརྟད་དུ་བྱས་ནས། ཕུང་སོགས་ཀྱི་རྒྱུན་ལ་བདེ་བ་དང༌། ཉོན་མོངས་མེད་པའི་བར་དུ་འགོད་པའི་བསམ་པ་ནི་ཆོས་ལ་དམིགས་པའོ། །འདིར་ཡང་ཆོས་ལ་དམིགས་པར་འཇོག་པ་ལ། ཕུང་སོགས་ཆོས་སུ་བདེན་པར་འཛིན་པ་དགོས་སོ་ཟེར་བའང་འཁྲུལ་ཏེ། གང་ཟག་བདེན་མེད་ཀྱི་རྣམ་པར་མ་ཤར་བ་ཙམ་དང༌། གང་ཟག་བདེན་ཡོད་དུ་འཛིན་པ་གཉིས་ཁྱད་ཆེ་ཞིང༌། ཕུང་སོགས་ཆོས་སྟོང་ཉིད་ཀྱི་རྣམ་པ་ཅན་


TNT04_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཤར་བ་ཙམ་དང༌། ཆོས་བདེན་དངོས་སུ་འཛིན་པ་གཉིས་ཀྱང་ཤིན་ཏུ་མི་འདྲ་བའི་ཁྱད་མི་ཕྱེད་བའི་སྨྲ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་སྙིང་རྗེ་གསུམ་ཀར་ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་འཕགས་མཆོག་རྣམས་ལའང་ཡོད་པར། རྒྱུད་སྡེ་མཆོག་ནས་གསུངས་པའི་ཕྱིར། གང་ཟག་དང་ཆོས་སུ་ཞེན་པའི་མཚན་ཉིད་ཅན་དུ་མི་འཐད་དོ། །ཡང་སོ་སོ་སྐྱེ་བོ་རྣམས་སེམས་ཅན་དང་ཆོས་སུ་ཞེན་པ་མ་སྤངས་པ་ཡིན་མོད། འཕགས་པའི་གང་ཟག་རྣམས་ཀྱི་རྒྱུད་ལ་དེ་དང་དེར་ཞེན་པ་མེད་ཀྱང༌། དེའི་རྒྱུད་ཀྱི་ཤེས་པ་ཡིན་ཚད་དེ་དང་དེ་བདེན་མེད་དུ་རྟོགས་པའི་རྣམ་པ་ཅན་དུ་འཆར་དགོས་པ་མ་ཡིན་ནོ། །ཡང་ཆོས་ཕུང་སོགས་ལ་དམིགས་པ་དང༌། ཆོས་སྡེ་སྣོད་ལ་དམིགས་པ་གཉིས་ཆོས་ལ་དམིགས་པའི་འཇོག་མཚམས་སོ་སོར་འདོད་པ་ཡང་གཞུང་དོན་གོ་བ་མ་ཡིན་ནོ། །དེས་ན་བསྟན་བཅོས་དང་བཅས་པས་ཆོས་ལ་དམིགས་པ་བསྟན། སེམས་ཅན་དང་ཕུང་སོགས་ཆོས་རང་བཞིན་གྱིས་སྟོང་པར་མཐོང་ནས། སེམས་ཅན་དང་ཆོས་སུ་སྣང་བ་ཙམ་གྱིས་འཁྲུལ་པ་རྣམས་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཟད་པར་བཞེད་པ་ཙམ་ནི། དམིགས་པ་མེད་པའི་བྱམས་སོགས་ཚད་མེད་བཞི་ཡིན་ནོ། །དེ་ཡང་དམིགས་མེད་བྱམས་སོགས་བཞི་པོ་རིམ་པས་ཡང་དག་པའི་མཐའ་རྟོགས་པ་དང༌། འཁྲུལ་པ་ཟད་པ་དང༌། མཐའ་ལ་གནས་པ་དང༌། འཕེལ་ཟད་གཉིས་བྲལ་གྱི་དགོངས་པ་སེམས་ཅན་རྣམས་ལ་ཤར་བའོ། །ཚད་མེད་འདི་དག་བསམ་གཏན་ལ་བརྟེན་དགོས་པར་འདོད་པ། ཉན་ཐོས་བྱེ་བྲག་སྨྲ་བའི་རྣམ་རྟོག་ཡིན། མདོ་སྡེ་པ་ཡན་ཆད་འདོད་ཁམས་ནའང་ཡོད་པར་འདོད་པ་ལྟར། འདི་ཡང་སྨྲ་མོད། སྤྱིར་བྱང་ཆུབ་སེམས་དཔའ་ཐབས་མཁས་ཀྱི་ཁྱད་པར་ལ། ཚད་གཟུང་མི་ནུས་པ་ཉིད་བསམ་པར་བྱ་བ་ཡིན་ནོ། །དོན་ཚན་ལྔ་པ་ཐེག་ཆེན་ལམ་གྱི་ངོ་བོར་གྱུར་པའི་ཚད་མེད་བཞི་ཐུན་མོང་མ་ཡིན་པའི་མཚན་ཉིད་ནི། ཇི་སྐད་དུ་རྒྱན་ལས། བརྟན་པའི་ཚངས་པ་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་


TNT04_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་གསུངས་ཏེ། མི་མཐུན་ཕྱོགས་གནོད་སེམས་ལ་སོགས་པ་སྤངས་པ་དང༌། འཁོར་གསུམ་རྣམ་པར་མི་རྟོག་པའི་ལྟ་བས་ཟིན་པ་དང༌། སེམས་ཅན་དང་ཆོས་དང་དེ་བཞིན་ཉིད་དེ་དམིགས་པའི་ཡུལ་རྣམ་པ་གསུམ་ལ་འཇུག་པ་དང༌། བདེ་འདོད་དང་སྡུག་བསྔལ་སྤོང་འདོད་ཙམ་གྱི་བསམ་པ་ཁོ་ན་ལ་མི་འཇོག་པར། སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བྱེད་པའི་ལས་ཅན་ཏེ་ཁྱད་པར་བཞི་དང་ལྡན་པའོ། །འདིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས། དམིགས་པ་གསུམ་ལ་འཇུག་པ་གཞི་གཅིག་ལ་འདུ་བར་བཤད་པ་ཡང་གོ་དགོས་ཏེ། དེས་ན་སེམས་ཅན་དང་ཆོས་ལ་དམིགས་པ་ཡང་སྟོང་ཉིད་ཀྱིས་ཟིན་པ་ཡོད་དོ། །ད་ནི་འཕྲོས་དོན་གལ་ཆེ་ལ་ཉེ་བར་མཁོ་བ་ཅུང་ཟད་བཤད་ན། གཞན་ཡང་རིན་ཆེན་ཕྲེང་བ་ལས། །རྫིའུ་བཙོས་གསུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་སུ་སྦྱིན་པ་བས། །བྱམས་པ་ཡུད་ཙམ་ཐེངས་གཅིག་གི །བསོད་ནམས་དག་ནི་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་སྲུང་བ་ དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱི་གནོད་མེད་ དང༌། །འཐབ་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ། །ཞེས་བྱམས་པའི་ཕན་ཡོན་བརྒྱད་བཤད་པ་ནི། སྙིང་རྗེ་སོགས་གཞན་གསུམ་པོའི་ཡང་ཕན་ཡོན་ཡིན་ཞིང༌། དེ་བཞིན་དུ་བཤེས་སྤྲིང་ལས། བྱམས་དང་སྙིང་རྗེ་བདག་དང་དགའ་བ་དང༌། །བཏང་སྙོམས་རྟག་ཏུ་ཡང་དག་གོམས་མཛོད་ ཅིག །གོང་མ་བརྙེས་པར་མ་གྱུར་དེ་ལྟ་ནའང༌། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། ཚད་མེད་བཞི་རབ་ཏུ་གོམས་པར་བྱས་པས། ཚངས་པའི་འཇིག་རྟེན་བསམ་གཏན་དང་པོར་སྐྱེ་བ་ཡང་ཡང་གསུངས་ཤིང༌། དེ་ཉིད་ཀྱི་ཕྱིར་ཚངས་པའི་གནས་པ་བཞི་ཞེས་གསུང་རབ་ཀུན་ཏུ་གྲགས་སོ། །འདིར་མཐའ་ཅུང་ཟད་དཔྱད་ན། བྱམས་སོགས་སྒོམས་པ་ཙམ་གྱིས་འདོད་པ་ལ་ཆགས་


TNT04_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མི་ནུས་པས། ཚངས་པར་སྐྱེ་བ་མི་འཐད་གཞུང་རྣམས་ལས་དེར་སྐྱེ་བར་གསུངས་པ་ནི། བསམ་གཏན་དང་པོའི་ཉེ་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་འོག་ཏུ་ཉེར་བསྡོགས་ཉིད་ལ་བརྟེན་པའམ་བསམ་གཏན་དངོས་གཞི་བསྒྲུབས་ཏེ་དེ་ལ་བརྟེན་ནས་ཚད་མེད་བཞི་བསྒོམས་པའི་འབྲས་བུ་ཚངས་པར་སྐྱེ་བའོ་སྙམ་ན། དེ་འདྲ་གཞུང་གི་དགོངས་པ་མ་ཡིན་ཏེ། ཚད་མེད་བཞི་མེད་ཀྱང་ཉེར་བསྡོགས་རྫོགས་པར་ཐོབ་ལ་མ་ཉམས་པ་ཡོད་ན་ཚངས་པར་སྐྱེ་ངེས་པའི་ཕྱིར། ཚད་མེད་བཞི་སྨོས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་འདོད་ཡོན་མ་སྤངས་བསམ་གཏན་དང་པོའི་ཏིང་ངེ་འཛིན་རྒྱུད་ལ་མ་སྐྱེས་པར་ཚངས་གནས་སུ་སྐྱེ་བ་མིན་ཡང༌། འདོད་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཚད་མེད་བཞི་བསྒོམས་པས། འདོད་ཉོན་སྲབས་ཏེ། ཚད་མེད་བཞི་པོ་ཉིད་ཉེར་བསྡོགས་སུ་འགྱུར་ཏེ་དེ་ལས་དངོས་གཞི་སྐྱེ་ལ། འབྲས་བུ་རྒྱུའི་རྗེས་སུ་འཇུག་པ་ཉིད་ཀྱི་ཕྱིར། དངོས་གཞི་ཡང་ཚད་མེད་དང་མཚུངས་པར་ལྡན་པ་ཁོ་ན་འབྱུང་ངོ༌། །བྱམས་སོགས་གསུམ་གྱིས་ཁོང་ཁྲོ་དང། བཏང་སྙོམས་ཀྱིས་འདོད་པའི་འདོད་ཆགས་སྤངས་པས་གཙོ་བོ་བཅོམ་པ་ན་འཁོར་བྲོས་པ་ལྟར་འདོད་ཉོན་གཞན་རྣམས་ཤུགས་ལ་སྤངས་ཏེ། འདོད་པ་ལ་ཆགས་བྲལ་དུ་འགྱུར་བ་ཡིན་པས། འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་བྱེད་ཕྱི་ན་ཞི་རགས་ཀྱི་རྣམ་པ་ཅན་ཁོ་ན་བསྒོམ་དགོས་ཀྱི་གཞན་མེད་དོ་སྙམ་དུ་སེམས་པ་ནི། ཕྱོགས་གཅིག་ལས་གཞན་མ་རྟོགས་མི་མཐོང་བའོ། །དེས་ན། གང་གི་འཕགས་དང་ལྷ་དང་ཚངས་པ་ཡི། །གནས་པ་དཔེ་མེད་རྒྱ་ཆེན་རྟག་ཏུ་གནས། །ཞེས་འཕགས་པའི་གནས་པ། ལྷའི་གནས་པ། ཚངས་པའི་གནས་པ། ཞེས་རྣམ་གྲངས་མི་འདྲ་བ་གསུམ་དུ་གསུངས་པའང༌། ལྷའི་གནས་པ་ལ་མ་བརྟེན་པའི་ཚངས་པའི་གནས་པ་ཞིག་ཡོད་པའི་དབང་གིས་ཡིན་ཏེ། གཞན་དུ་ན་ལྷའི་གནས་པ་ལས་ཚངས་པའི་གནས་པ་གཞན་དུ་མེད་པར་ཐལ་བས།


TNT04_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རྣམ་གཞག་ཉམས་པར་འགྱུར་རོ། །དེས་ན་མངོན་པ་ལས་ཞི་རགས་ཀྱི་དམིགས་རྣམ་ཅན་གཙོ་བོར་བཤད་ཀྱང༌། དེར་ཁྱབ་མཐའ་འཆའ་བ་མིན་ལ། མདོ་སྡེ་རྣམས་ལས་ཚད་མེད་བཞི་གཙོ་བོར་གསུངས་ཏེ། སེམས་སྦྱོང་བ་ལ་གལ་ཆེ་བར་དགོངས་ཏེ། དགོས་དོན་འགྲུབ་པ་མཉམ་པོ་ལ། ཞི་རགས་ལས་འདི་བསོད་ནམས་རྒྱ་ཆེ་བའི་ཕྱིར་རོ། །འཁྲིད་ཀྱི་སྐབས་སུ་མཐའ་དཔྱོད་འདི་རིགས་འཆད་མི་དགོས་ཀྱང༌། འདི་ན་མཛོད་གཞུང་སོགས་ལ་ཕྲན་ཚེགས་སྦྱངས་པར་རློམ་པ་རྣམས། ཆེས་ཁྱད་པར་དུ་འཕགས་པ་ངེས་དོན་ཐེག་པ་ཆེན་པོའི་ལུགས་སྲོལ་ལ་ནོར་བའོ་སྙམ་ལོག་པར་རྟོག་པ་འབྱུང་སྲིད་པས། དེ་དག་གི་བློ་མུན་བསལ་བའི་ཕྱིར་སྔ་ཕྱིར་ཅུང་ཟད་ཙམ་བརྗོད་དོ། །དེ་ལྟར་ཚད་མེད་བཞིའི་ནང་ནས་ཀྱང༌། ཆེས་གཙོ་བོར་གྱུར་པ་ནི་སྙིང་རྗེ་སྟེ། སྙིང་རྗེ་ཡོད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་འབྱུང་ལ། སྙིང་རྗེ་མེད་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་མི་འབྱུང་ ངོ༌། །དང་པོའི་རྒྱུ་མཚན་ནི། རྒྱན་ལས། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་ བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་རྗེ་དང༌། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེའོ། །ཞེས་བཀྲེན་ཞིང་འཕོངས་པ་ལ་སྙིང་རྗེ་ཡོད་ན་ངེས་པར་སྦྱིན་པ་གཏོང་བ་སོགས་རང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པ་དང༌། གཞན་ཕར་ཕྱིན་ལ་འཇུག་པ་ཐམས་ཅད་འབྱུང་ངོ༌། །ཕྱི་མའི་རྒྱུ་མཚན་ཡང༌། རྒྱན་ལས། སྙིང་རྗེ་དང་ནི་བཟོད་དང་སེམས་པ་དང༌། །སྨོན་ལམ་སྐྱེ་བ་སེམས་ཅན་ཡོངས་སྨིན་བྱེད། །དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ལྗོང་ཤིང་ཆེན་པོ་ཡིན། །རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱོད་བཟོད་པ་ཉིད་མི་འགྱུར། །བློ་ལྡན་སྡུག་བསྔལ་མི་བཟོད་ན། །སེམས་ཅན་དོན་སེམས་ཉིད་མི་འགྱུར། །སེམས་པ་དང་ནི་བྲལ་བའི་བློ། །སྐྱེ་བ་དཀར་པོ་རྣམ་དག་ཏུ། །སྨོན་ལམ་འདེབས་པར་མི་འགྱུར་རོ། །སྐྱེ་བ་བཟང་པོ་མ་ཐོབ་ན། །སེམས་ཅན་ཡོངས་སྨིན་བྱེད་


TNT04_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར། །སྙིང་རྗེའི་འཆུ་བ་བྱམས་པ་ སྟེ། །དེ་སྡུག་བསྔལ་ནི་བདེ་བ་ཡི། །སངས་རྒྱས་ཚུལ་བཞིན་ཡིད་བྱེད་པས། །ཡལ་ག་བདེ་ཆེན་འཕེལ་བ་དང༌། །སྨོན་ལམ་རྒྱུན་ནི་མ་ཆད་པས། །ལོ་མ་འདོར་ལེན་རྐྱེན་རྣམ་གཉིས། །གྲུབ་པ་དེ་ཕྱིར་མེ་ཏོག་དང༌། །འབྲས་བུ་དོན་ཡོད་ཤེས་པར་བྱ། །ཞེས་གསུངས་ཏེ། བྱམས་པ་ལ་སོགས་པ་ནི་སྙིང་རྗེ་འཕེལ་བར་བྱེད་པའི་རྒྱུ་ཡིན་ལ། སྙིང་རྗེ་ཡོད་ན་སེམས་ཅན་གྱི་དོན་དུ་དཀའ་སྤྱད་བཟོད་པར་ནུས། བཟོད་པ་དེ་ཡོད་ན་སེམས་ཅན་ཐམས་ཅད་ཀྱི་དོན་བདག་ཉིད་ཀྱིས་ཁུར་དུ་ཁྱེར་བའི་གཞན་དོན་སེམས་པ་ཁྱད་པར་ཅན་འབྱུང༌། དེས་གཞན་དོན་གྱི་སྨོན་ལམ་ཁྱད་པར་ཅན་བཏབ་པ་ནི། བསམ་བཞིན་དུ་སྲིད་པ་ལེན་པའི་སྐྱེ་བ་ཁྱད་པར་ཅན་འབྱུང་སྟེ། དེ་ལས་འགྲོ་བའི་དོན་མཐའ་ཡས་པར་སྤྱོད་དོ། །རྒྱུ་དེ་རྣམས་ཀྱིས་ཚོགས་གཉིས་རྫོགས་སངས་རྒྱས་སུ་འགྱུར་བ་ཡིན་ན། གལ་ཏེ་སྙིང་རྗེ་སྤངས་པར་གྱུར་ན། དེ་དག་ཐམས་ཅད་མི་འབྱུང་བས། བྱང་ཆུབ་འདོད་པ་རྣམས་ཀྱིས་སྙིང་རྗེ་ལ་ནན་ཏན་དུ་བསྒྲུབ་པར་བྱའོ། །ཡི་གེ་བརྒྱ་པའི་འཁྲིད་དམིགས་ཕོག་ཚར་མཚམས་སྡིག་བཤགས་ལ་སོགས་པའི་གོ་དོན་ཅུང་ཟད་བརྗོད་ན། སྤྱིར་ཤེས་ལྡན་རྣམས་ཀྱིས་བླང་དོར་དུ་བྱེད་དགོས་པའི་ལས་ནི། དགེ་སྡིག་གཉིས་སུ་ངེས་པའོ། །དེ་ཡང་ལས་ནི། རྒྱུའི་དུས་སུ་ཆུང་ཡང་འབྲས་བུའི་དུས་སུ་འཕེལ་ཆེ་བ་དང༌། དཀར་ནག་གི་འབྲས་བུ་བདེ་སྡུག་སོ་སོར་ངེས་པ་དང༌། རང་གིས་མ་བྱས་པ་དང་མི་འཕྲད་པ་དང༌། བྱས་པ་རྣམས་གཉེན་པོས་བཅོམ་ན་མ་གཏོགས་ཆུད་མི་འཛའ་བ་སྟེ། ཁྱད་ཆོས་བཞི་པོ་རྣམས་ཀྱི་དོན་གོ་བདེ་བར་བཤད། ཁྱད་པར་དུ་སྡིག་པ་མི་དགེ་བའི་ལས་ལ་ངོ་བོ་ངོས་བཟུང་བ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་{བསྐྱེད་}:བསྐྱང་ལས་ནི་མི་དགེ་བ། །ཞེས་གསུངས་པ་ལྟར། ཞེ་སྡང་གི་རིགས་སུ་གྱུར་ཚད་དང༌། འདོད་པ་ལ་འདུན་པའི་འདོད་ཆགས་དང༌། ལས་འབྲས་ལ་རྨོངས་པའི་གཏི་


TNT04_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མུག་གིས་དངོས་སུ་ཀུན་ནས་བསླངས་པའི་ལས་ཐམས་ཅད་སྡིག་པ་མི་དགེ་བའི་ལས་ཡིན་ནོ། །དེ་ལ་ལས་ཀྱི་ངོ་བོ་དངོས་ནི། སེམས་པ་ཡིན་ཞིང༌། དེ་དང་མཚུངས་པར་ལྡན་པའི་ཤེས་པ་འདུ་བྱེད་དུ་གྱུར་པ་གཞན་རྣམས་ཀྱང༌། ལུས་ངག་གི་བྱ་བ་དང་མ་འབྲེལ་ན། ཡིད་ཀྱི་ལས་སམ་སེམས་པའི་ལས་སུ་འགྱུར། སྦྱོར་བ་ལུས་ངག་ཏུ་ཐོན་ཐུབ་པའི་ནུས་པ་ཅན། འདུ་བྱེད་སེམས་པ་དེ་ཉིད་ཀྱིས་བསྐུལ་བའི་ལུས་ངག་གི་རྣམ་འགྱུར་དང་འབྲེལ་བ་དེ་ནི། བསམ་པའི་ལས་སམ་ལུས་ངག་གི་ལས་ཡིན་ནོ། །ལུས་ངག་གི་ལས་ཐམས་ཅད་ལ་ཡིད་ལས། སྔོན་དུ་འགྲོ་བ་ཡིན་པས། ཡིད་ཀྱི་ལས་རྐྱང་པ་དང་ལུས་ངག་གི་ལས་ཞེས་དབྱེའོ། །དེ་ལ་སྐབས་འདིར་སྲོག་གཅོད་སོགས་མི་དགེ་བ་བཅུ་རགས་རིམ་ཙམ་བཤད་ཅིང༌། ཇི་སྐད་དུ། དེ་ལས་ཆེ་ལོང་བསྡུས་ནས་ནི། དགེ་དང་མི་དགེ་ཅི་རིགས་པ། ལས་ཀྱི་ལམ་ནི་བཅུ་གསུངས་སོ། །ཞེས་འབྱུང་བ་ལྟར། སྐྱེ་བོ་ཕལ་ཆེར་ལ་འབྱུང་ཉེ་བའི་སྡིག་པའི་ལས་རགས་རིམ་ནི་མི་དགེ་བ་བཅུར་འདུས་ལ། གཞན་ལ་བརྙེས་པ་དང་ལོག་འཚོ་ལ་སོགས་པ། སྤྱིར་གཞན་ཡང་སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་གྲངས་མཐའ་ཡས་མོད་ཀྱི། དེ་དག་རྣམས་རྣམ་སྨིན་ངན་སོང་གསུམ་གྱི་སྐྱེ་བ་འཕེན་པ་སྟེ། རིན་ཆེན་འཕྲེང་བ་ལས། ཆགས་པའི་ཡི་དྭགས་འགྲོ་བར་འགྱུར། །ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྲོ །ཞེས་གསུངས་པ་ལྟར་རམ་སྡིག་པ་ཆེར་སྤྱད་པ་དམྱལ་བ་དང༌། འབྲིང་དུ་སྤྱད་པས་ཡི་དྭགས་དང༌། ཆུང་ངུར་སྤྱད་པས་དུད་འགྲོར་འཕེན་པ་ཤས་ཆེ། དེ་དག་ཏུ་སྐྱེས་པས་སྡུག་བསྔལ་ངོས་དྲག་ལ་ཡུན་རིང་བ་དཔག་ཏུ་མེད། རྒྱུ་མཐུན་བའི་འབྲས་བུ་ནི། ལྷ་མིར་སྐྱེས་པའི་ཚེ་སྔར་གྱི་ལས་ཀྱི་འབྲས་བུའི་ལྷག་མ། ཚེ་ཐུང་བ་དང༌། ནད་མང་བ་སོགས་སྡུག་བསྔལ་དང་གནོད་པ་དཔག་ཏུ་མེད་པ་འབྱུང༌། བདག་པོའི་འབྲས་བུ་ཡང༌། ཕྱི་རོལ་ཡུལ་ཕྱོགས་ལ་ལོ་ཉེས་དང་དུས་ལོག་སོགས་སྡུག་བསྔལ་གྱི་རྐྱེན་ཅི་སྙེད་ཅིག་འབྱུང་བ་ཡིན་ནོ། །རྣམ་པར་


TNT04_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བ་དགེ་བའི་ལས་ལ་ནི། སྡིག་ལས་ཀྱི་འབྲས་བུ་དེ་དག་ཕྱིན་ཅི་ལོག་པའི་བདེ་བ་དང༌། གཞན་ཡང་ཕུན་སུམ་ཚོགས་པ་ཇི་སྙེད་པ་འབྱུང་ངོ༌། །དེ་སྐད་དུ། ཞི་བ་ལྷས་ཀྱང༌། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །དེ་ཡི་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་སྒོམས་པས་སོ། །སྡུག་བསྔལ་ཡིད་མི་བདེ་བ་དང༌། །འཇིགས་པ་རྣམ་པ་སྣ་ཚོགས་དང༌། །འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་སྤྱོད་ལས་འབྱུང་བར་འགྱུར། །ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་བསོད་ནམས་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །སྡིག་པ་བྱེད་པ་བདེ་འདོད་ཀྱང༌། །གང་དང་གང་དུ་འགྲོ་འགྱུར་བ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། །རྒྱ་ཆེ་དྲི་བཟང་བསིལ་པའི་པདྨོའི་སྙིང་པོར་གནས། །རྒྱལ་བའི་གསུང་སྙན་ཟས་ཀྱིས་གཟི་བརྗིད་བསྐྱེད་བྱས་ལ། །ཐུབ་འོད་ཀྱིས་རྒྱས་པདྨ་ལས་བྱུང་ལུས་མཆོག་ཅན། །རྒྱལ་པའི་མདུན་གནས་བདེ་གཤེགས་སྲས་སུ་དགེ་བས་འགྱུར། །གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང༌། །རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ། །འབར་པའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷག་ཤིང༌། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྷུང་བ་མི་དགེ་མང་པོས་འགྱུར། །ཞེས་གསུངས་པ་ལྟར་ རོ། །སྐབས་འདིར་མི་དགེ་བ་བཅུའི་རང་བཞིན་དང༌། དེ་དག་གི་རྣམ་སྨིན་ངན་སོང་གི་སྡུག་བསྔལ་ཅི་རིགས་པ་དང༌། རྒྱུ་མཐུན་པ་དང་བདག་འབྲས་ཀྱི་དབྱེ་བ་རྣམས་ཇི་ལྟར་འཚམ་པ་བཤད། འཁོར་བ་ལ་སྐྱོ་བ་སྐྱེད་ཅིང༌། མི་དགེ་བའི་ལས་ལ་བློ་ལྡོག་ཏུ་གཞུག་གོ །སྐབས་འདིར་ཐུན་མཚམས་ཀུན་ཏུ་སྡིག་བཤགས་གལ་ཆེ། དེ་ལ་བཤགས་བྱའི་ཉེས་པ་ནི། མཚམས་མེད་ལྔ། ཉེ་བ་ལྔ། མི་དགེ་བ་བཅུ། སྡོམ་པ་


TNT04_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་འགལ་བའི་ཉེས་ལྟུང་རྣམས་གཙོ་བོར་སྨོས་པའི་སྡིག་པ་མི་དགེ་བའི་ལས་རང་གིས་བགྱིས་པ་དང༌། གཞན་བྱེད་དུ་བཅུག་པ་དང༌། བྱས་པ་ལ་རྗེས་སུ་ཡི་རང་བ་དང༌། སྡིག་ལས་བྱས་པ་ལ་བསྟོད་པ་བརྗོད་པ་སོགས་མདོར་ན་ནག་པོ་ཕྱོགས་མཐུན་དང་བཅས་པ་ཐམས་ཅད་བཤགས་པར་བྱ་བ་ཡིན་ཏེ་སྦྱོང་བར་བྱེད་པའི་མཐོལ་བཤགས་ཞེས་བྱ་བ་ལ། ཉེས་པ་བྱས་པ་གསངས་ཤིང་སྦས་ན། སྡིག་པའི་ས་བོན་བཏབ་པ་ལ་གཡོ་རྒྱུའི་ཆུ་དྲངས་པ་ལྟ་བུ་ཡིན་པས། སྡིག་པ་ཇེ་འཕེལ་དུ་འགྱུར། མ་སྦས་ཤིང་སྐྱོན་དུ་ཤེས་པའི་སྒོ་ནས་བསྒྲགས་ན། བདེན་པས་མཐའ་བསྡོམས་པ་ཡིན་པས། ཅུང་ཟད་སྟོབས་ཆུང་དུ་འགྲོ་བ་དང༌། ནམ་ཡང་འཕེལ་བར་མི་འགྱུར་དེས་ན་བདག་གིས་ཉེས་པ་འདི་ལྟ་བུ་བགྱིས་སོ་ཞེས་བཤགས་པའི་ཡུལ་གཙོ་བོར་གྱུར་པའི་ཚོགས་སུ་སྒྲོག་པ་ནི་མཐོལ་བ་ཡིན་ལ། བདག་གིས་འདི་ལྟར་བགྱིས་པ་ནི་ཤིན་ཏུ་ཉེས་ཤིང་བླུན་ཞེས་འགྱོད་པ་དྲག་པོས་སེམས་གདུང་བ་དང་བཅས་ཏེ་ལས་དེ་སྐྱོན་དུ་ཁས་ལེན་པ་ནི་བཤགས་པ་སྟེ། རང་ཉིད་ཉེས་པ་དང་བཅས་པས་ཞུམ་ཞིང་དམའ་བའི་གནས་སུ་ཞུགས། གཞན་ཉེས་པ་དེ་དང་མི་ལྡན་པ་རྣམས་མངོན་པར་མཐོ་ཞིང༌། མཆོག་དང་ངོ་མཚར་ཅན་དུ་ཤེས་པས་གུས་པས་གཙུག་ཏུ་འཁུར་བའི་བློས་ཀུན་ནས་བླངས་ཏེ། ཉེས་སྤྱོད་བགྱིས་པ་ལ་ངོ་ཚ་ཡང༌། གསོང་པོར་སྨྲ་བའི་སྒོ་ནས་ཁྱེད་རྣམས་ཀྱིས་བརྩེ་བས་རྗེས་སུ་གཟུང་དུ་གསོལ། ལས་འདི་དག་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་པ་ནི་བཤགས་པའི་དོན་གྱི་སྙིང་པོའོ། །དེ་ལྟ་བུའི་མཐོལ་བཤགས་དེ་ཡང་ཁྱད་ཆོས་སྟོབས་བཞི་ཚང་བ་ཞིག་དགོས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་


TNT04_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ། །ཞེས་གསུངས། དེ་ལ་མཐོལ་བཤགས་དངོས་ཀྱི་སྐབས་སུ་སྔར་བྱས་ཀྱི་སྡིག་པ་ལ། དུག་འཐུང་བ་ལྟ་བུའི་འགྱོད་སེམས་དྲག་པོ་སུན་འབྱིན་པའི་སྟོབས་དང༌། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་པའི་སྡོམ་སེམས་དྲག་པོ་སླར་ལྡོག་པའི་སྟོབས་རྣམས་དགོས་སོ། །སྐབས་དེར་འགྱོད་སེམས་དང་སྡོམ་སེམས་གཉིས་ཀ་མེད་མི་རུང་དུ་དགོས་པར་མཉམ་ཡང༌། ལྡོག་སེམས་མེད་ན་ནི་འགྱོད་སེམས་ཀྱང་རྣམ་དག་མ་ཡིན་པས། བཤགས་པ་ཁ་ཙམ་ཚིག་ཙམ་དུ་འགྲོ་བ་ཤེས་ཆེ་བས། ཕྱིན་ཆད་སྡོམ་སེམས་ཁོ་ན་གལ་ཆེའོ། །རྟེན་གྱི་སྟོབས་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྟེ། སྔར་སྐྱབས་འགྲོ་མ་བླངས་ན། སྐྱབས་འགྲོ་བླང་བར་བྱ་ལ། སྐྱབས་འགྲོ་མ་བླངས་བར་བཤགས་པ་ལན་བརྒྱ་སྟོང་ཕུལ་བ་བས། སྐྱབས་འགྲོ་བླངས་པའི་བཤགས་པ་ལན་འགའ་ཟུང་ཕུལ་བ་ཡང་སྡིག་པ་བྱང་སྟོབས་ཆེ་བས། སྔར་སྐྱབས་འགྲོ་བླངས་ཟིན་པ་ཡིན་ན་སྐབས་དེར་སྐྱབས་འགྲོ་གསར་པ་ལེན་མི་དགོས་ཀྱང༌། ཡང་ཡང་གསལ་བཏབ་པས། བླངས་པ་དང་འདྲ་བའི་དོན་འགྲུབ་ཅིང༌། ཡང་སྔར་སྐྱབས་འགྲོ་ཆོ་གས་བླངས་པ་ཡེ་མེད་ཀྱང༌། སྐབས་དེར་སྐྱབས་འགྲོ་སྙིང་ནས་དྲན་པར་བྱས་ན་ཡང་སྔ་མ་དང་རྗེས་སུ་མཐུན་པའི་སྡིག་པ་འདག་སྟོབས་འབྱུང་ངོ༌། །དེ་བཞིན་དུ་སེམས་བསྐྱེད་པ་ལའང་རིགས་འགྲེ་མོད། སྤྱིར་སེམས་བསྐྱེད་ཆོ་གས་བླངས་ཕྱིན། སྐྱབས་འགྲོའང་སྔོན་དུ་འགྲོ་བས་ཁྱབ་སྟེ། རྟེན་གྱི་སྟོབས་སེམས་བསྐྱེད་བླངས་པ་ཡིན་ན་སྐྱབས་འགྲོ་སེམས་བསྐྱེད་གཉིས་ཀར་ཚང་བ་ཡིན་ལ། སྐྱབས་འགྲོ་བླངས་ཤིང་སེམས་བསྐྱེད་མེད་པར། བཤགས་པ་ལན་འབུམ་ཕྲག་བྱས་པ་ལས་ཀྱང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བཤགས་པ་འགའ་ཟུང་བྱས་པ་ཡང་སྡིག་པ་འདག་སྟོབས་ཆེའོ། །སེམས་བསྐྱེད་ཆོ་གས་བླངས་པ་མེད་ན་ནམ་དགོས་པའི་ཚེ། བྱང་ཆུབ་ཀྱི་སེམས་དྲན་པར་བྱས་


TNT04_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་སྐྱབས་འགྲོ་གསལ་ཐེབས་པར་མ་ངེས་པས། ཆོ་གས་མ་བླངས་པའི་དད་པ་ཙམ་གྱི་སྐྱབས་འགྲོ་དང༌། བྱང་ཆུབ་ཀྱི་སེམས་དྲན་པ་ཙམ་རྟེན་དུ་བྱས་ན། སྐྱབས་འགྲོ་རྐྱང་པ་རྟེན་ཆུང་ངུ་དང༌། སེམས་བསྐྱེད་རྐྱང་པ་རྟེན་ཆེན་པོ་དང༌། གཉིས་ཀར་འཛོམ་ན་རབ་ཏུ་གྱུར་པ་ཞེས་བྱའོ། །ཆོ་གས་བླངས་པ་ནི། སྐྱབས་འགྲོ་ཡོད་པ་ཙམ་ལ་སེམས་བསྐྱེད་ཡོད་པར་མ་ངེས་ཀྱང༌། སེམས་བསྐྱེད་ཡོད་ཕྱིན་སྐྱབས་འགྲོ་མེད་པ་མི་སྲིད་པས། མུ་གསུམ་མ་གཏོགས་བཞིའི་དབྱེ་བ་མི་རུང་ངོ༌། །ཆོ་གས་སྡོམ་པ་ལེན་པའི་རིགས་ལ། སྐྱབས་སེམས་གཉིས་རྟེན་གྱི་སྟོབས་སུ་བཤད་པ་ནི། ཁྱིམ་པ་དང་རབ་བྱུང་ཐུན་མོང་གི་དབང་དུ་མཛད་པ་ཡིན་ལ། གཞན་སྡོམ་པའི་ཁྱད་པར་གང་བླངས་ཀྱང་རྟེན་གྱི་སྟོབས་སུ་འགྱུར་བས། སྐབས་འདིར་དབང་བསྐུར་ཞུས་ཏེ་དམ་ཚིག་གསར་དུ་ལེན་པའམ་གསོ་བར་བྱེད་པ་ཉིད་གནད་དུ་ཆེའོ། །དེའི་ཕྱིར་སྐྱབས་སེམས་ཐོབ་ཅིང་དབང་བསྐུར་མ་ཐོབ་པས་ལོ་མང་པོར་སྡིག་པ་བཤགས་པ་བས། དབང་བསྐུར་ཐོབ་པས་བཤགས་པ་ཉིན་གཅིག་བྱས་པ་ཡང་སྡིག་པ་འདག་ཚབ་ཆེའོ། །ཡང་རྟེན་གྱི་སྟོབས་ཞེས་བྱ་བ་བཤགས་པ་འབུལ་བའི་ཡུལ་ལ་ངོས་འཛིན་པའང་ཡོད་དེ། བཤགས་ཡུལ་ཇི་ཙམ་བཟང་བ་དེ་ཙམ་སྡིག་པ་འདག་སྟོབས་ཆེ་བར་ངེས་པས། དེ་ལྟར་ཡང་རུང་བའི་ཕྱིར། རྟེན་གྱི་སྟོབས་ལ་དབྱེ་ན། རང་རྒྱུད་ཀྱི་རྟེན་དང་བཤགས་ཡུལ་གྱི་རྟེན་གཉིས་སུ་དབྱེ་བར་བྱའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྤྱིར་དགེ་བ་བྱས་པ་ཐམས་ཅད་སྡིག་པའི་གཉེན་པོར་འགྱུར་བ་ཡིན་མོད་ཀྱི། སྐབས་འདིར་གང་ཞིག་སྡིག་པའི་ལས་བྱས་པ་དེ་དང་དེའི་གཉེན་པོར། ཆེད་དུ་དམིགས་ནས་སྒྲུབས་པའི་དགེ་བ་རྣམས་ལ། གཉེན་པོ་ཀུན་ཏུ་སྤྱོད་པ་ཞེས་བྱ། དེ་ཡང་སྡིག་སྦྱོང་ལ་དམིགས་ནས་དགེ་བ་གང་བསྒྲུབས་ཀྱང་དེར་འགྱུར་བ་ཡིན་མོད། གཉེན་པོ་ཀུན་ཏུ་སྤྱོད་པའི་སྒོ་དྲུག་ཅེས་གྲགས་པ་ནི་འགྲུབ་སླ་ཞིང་ཕན་ཡོན་ཆེ་བ་འགའ་ཞིག་ཉེ་བར་མཁོ་བས་བསྡུས་པའོ། །དེ་ལ་དང་པོ་མཚན་བཟུང་


TNT04_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་བརྟེན་པ་ནི། མདོ་རྣམས་ལས་སངས་རྒྱས་བྱང་ཆུབ་སེམས་དཔའ་མང་པོ་ཞིག་ལ་འདིའི་མཚན་བཟུང་བ་ཙམ་གྱིས་ལས་སྒྲིབ་བྱང་བར་འགྱུར་ཞེས་དམིགས་བསལ་གསུངས་པ་རྣམས། རང་ཉིད་བརྗོད་ཅིང་གཞན་ལའང་སྒྲོག་པ་སྟེ། མཚན་དེ་ཡང་བརྗེན་པར་མི་བཟུང་ཆེ་བ་འདོགས་དང་བཅས་པས་བཟུང་བར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཚལ་ལོ། །ཞེས་པ་ལྟ་བུའོ། །མདོ་རྒྱན་ལས། སངས་རྒྱས་མཚན་མི་གྲགས་པར་སངས་རྒྱས་མཚན། །ཡང་དག་སྒྲགས་པས་དེ་དག་ཁམས་གཞན་འགྱེད། ཅེས་པ་ལྟར་ཕན་ཡོན་ཆེ་སྟེ། བོད་ལས་གཞན་པ་ཆོས་དར་བའི་ཡུལ་གཞན་རྣམས་ན་སྲོལ་ཀ་ཡང་ཤིན་ཏུ་དར་རོ། །གཉིས་པ་སྐུ་གཟུགས་བཞེངས་པ་ཡང༌། སྤྱིར་སངས་རྒྱས་བྱང་སེམས་འཕགས་པའི་སྐུ་གཟུགས་བཞེངས་པ་ཐམས་ཅད་ཡིན་ཡང༌། སྡིག་སྦྱོང་ལ་དམིགས་བསལ་དུ་གསུངས་པ་རྣམས་གཙོ་ཆེ་སྟེ། སྐུ་གཟུགས་ཁོ་ནར་མ་ཟད་སངས་རྒྱས་ཀྱི་མཆོད་རྟེན་ནམ། བཀའི་གླེགས་བམ་བཞེངས་པ་རྣམས་ཀྱང་ངོ༌། །གསུམ་པ་མཆོད་པ་ལ་བརྟེན་པ་ནི། རྟེན་གསུམ་མཆོད་པ་དང༌། དགེ་འདུན་མཆོད་པ་དང༌། མཎྜལ་མཆོད་པ་དང༌། གསང་སྔགས་ལ་ཞུགས་པས་ནི། དཀྱིལ་འཁོར་མཆོད་པ་དང༌། འཁོར་ལོའི་མཆོད་པ་དང༌། མཆོད་པ་ཐམས་ཅད་ཀྱི་མཆོག་བླ་མ་མཉེས་པར་བྱེད་པའོ། །བཞི་པ་མདོ་སྡེ་ཟབ་མོ་ལ་བརྟེན་པ་ནི། སངས་རྒྱས་ཀྱི་བཀའ་མཉམ་པོ་ལ་ཁྱད་ཆེར་མེད་ཀྱང༌། གཙོ་བོར་སྡིག་སྦྱོང་ལ་བསྔགས་པར་གསུངས་པའི་མདོ་རྒྱུད་ཟབ་མོ་ཀློག་པ་དང༌། ཁ་ཏོན་བྱེད་པ་ལ་སོགས་པའོ། །ལྔ་པ་བཟླས་པ་ལ་བརྟེན་པ་ནི། ཆེད་དུ་བསྔགས་པར་གསུངས་པའི་གཟུངས་སྔགས་ཟབ་མོ་རྣམས་བཟླ་བ་སྟེ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་སོགས་


TNT04_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དྲུག་པ་སྟོང་པ་ཉིད་ལ་མོས་པ་ནི། བདག་མེད་པ་དང་དེ་བཞིན་གཤེགས་པའི་སྙིང་པོའི་དོན་བསྒོམ་ཞིང༌། གལ་ཏེ་སྒོམ་པར་མི་ནུས་ན་ཡང༌། མོས་པ་ཡང་ཡང་བསྐྱེད་པ་སྟེ། ཁྱད་པར་དུ་སྡིག་པའི་ལས་ཉིད་དང༌། བྱེད་པ་པོ་གང་ཟག་དང༌། སྡིག་པའི་ས་བོན་འཛིན་པའི་རྣམ་ཤེས་དང༌། འབྲས་བུ་སྡུག་བསྔལ་དང་བཅས་པ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུའི་འདུན་པ་དང་མོས་པ་སྦྱོང་བའང་ཡིན་ནོ། །དེ་ལྟར་ན་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བྱེད་པ་ལ། དང་པོར་སུན་འབྱིན་པ་འགྱོད་པ་དྲག་པོ་གལ་ཆེ་ན། ལས་འབྲས་ལ་ཡིད་ཆེས་བརྟན་པོ་ཡོད་པ་ཞིག་ཡིན་ན་ཤུགས་ལ་འགྱོད་པ་སྐྱེ་ཡང༌། དེང་སང་ཕལ་ཆེར་ལ་དེ་མེད་པའི་ཕྱིར། གཞན་གྱི་ཚིག་ཕྱིར་འབྲངས་པའི་གཡམ་ལ་རྒྱུགས་ཙམ་ལས། འགྱོད་སེམས་ཤུགས་དྲག་མི་ཡོང་བས། རྒྱུ་མཚན་བསམ་གྱིན་འགྱོད་པ་བསྐྱེད་དགོས་སོ། །དེ་ཡང་སྡིག་པ་བྱས་པས་ཚེ་འདིར་སྐྱེ་བོ་ཐམས་ཅད་ཀྱིས་སྨོད། སྐྱེ་བོ་ངན་པའི་གྲལ་ཆུད། ལྷ་དང་སྲུང་མ་རྣམས་ཁྲེལ། འབྱུང་པོ་རྣམས་ཀྱིས་གླགས་བལྟ། བྱུར་ཆགས་མང་པོ་འཕྲལ་དུ་ལྡང༌། གཉེན་ཚན་དང་གྲོགས་དང་འཁོར་གཡོག་སོགས་རང་དང་འབྲེལ་ཅན་ཐམས་ཅད་ལ་གྲིབ་མས་ནོན་པ་སོགས་བཀྲ་མི་ཤིས། རང་ཡང་མ་ནོང་བཀུར་བས་བློ་མི་བདེ། རྨི་ལམ་ཐམས་ཅད་ཀྱང་མི་འཚམས་པ་ཁོ་ན་རྨི། ཡ་རབས་བློ་ལྡན་ཐམས་ཅད་ཁྲེལ་བར་འགྱུར། འཆི་ཁར་ནད་དང་སྡུག་བསྔལ་སྣ་ཚོགས་ལྡང༌། སེམས་ལ་འགྱོད་པ་དུ་མ་འབྱུང༌། འཆི་བ་རང་གི་ཚེ་འཇིགས་པ་དང་གནད་གཅོད་ཀྱི་སྡུག་བསྔལ་གཞན་པས་ཆེ། ཤི་བའི་འོག་ཏུ་ངན་སོང་གསུམ་གྱི་སྡུག་བསྔལ་དཔག་ཏུ་མེད། དུས་གཞན་ཞིག་ན་ལས་གཞན་གྱིས་མཐོ་རིས་སུ་སྐྱེས་ཀྱང༌། ལས་ཀྱི་ལྷག་མའི་འབྲས་བུ་སྡུག་བསྔལ་སྣ་ཚོགས་པ་འབྱུང༌། སྡིག་པ་བྱས་པས་བག་ཆགས་ངན་པ་སོས་ཐེབས་ཏེ། སྐྱེ་བ་གཞན་དུ་ཡང་ཉོན་མོངས་ཤུགས་དྲག་ཅིང༌། སྡིག་པ་ལ་


TNT04_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་འགྱུར་བས། སྡུག་བསྔལ་རྒྱུན་མི་འཆད་དུ་འཕེལ་བར་འགྱུར། བདག་འདི་ལྟ་བུའི་བྱ་བ་མ་ཡིན་པ་བྱེད་པ་ཤིན་ཏུ་རང་གླེན་ཞིང་གཏི་མུག་པ་ཨང༌། འབྱུང་པོས་ཟིན་ནམ་ཅི། སྨྱོ་བ་ཡིན་ནམ་ཅི། ལས་འདི་ལ་ཁྱེ་བོགས་ཡེ་མི་འདུག་པ་ལ་དེ་ཙམ་དུ་དགའ་བ་སྐྱེ་བ་ཨང༌། ཉེས་དམིགས་འདི་ཙམ་ཅིག་འདུག་པ་ལ། སྣ་ཅིག་ཀྱང་མ་དྲན། མ་ཤེས་པ། སྐྱོབ་པའི་ལྷ་ཞིག་ཀྱང་མེད་དམ། ཤ་ཚ་བའི་གྲོས་འདེབས་པ་ཅིག་ཀྱང་མེད་པ་ཨ། ཨ་ཙམ་ལས་ངན་འདི་ལྟ་བུ་བྱས་ཟིན་པ་ཨཾ་སྙམ་དུ་འདུན་པ་དྲག་པོ་སྦྱངས། དེ་ལྟར་སྡིག་པ་ཉེས་དམིགས་ཆེ་ཡང་གལ་པོ་ཆེའི་དོན་གཞན་སྒྲུབ་དགོས་མང་པོ་ཡོད་པས། མི་བྱེད་ཀ་མེད་པ་ཡིན་སྙམ་ན། དེ་ཡང་ཤིན་ཏུ་བླུན་ཏེ། སྡིག་པ་བྱེད་པ་ནི། ཡང་ན་རང་གི་ལུས་སྲོག་འཚོ་བའི་ཕྱིར་ཡིན། ཡང་ན་ནོར་དང་ལོངས་སྤྱོད་ཀྱི་ཕྱིར་ཡིན། ཡང་ན་ཁ་དྲག་དང་གཏམ་གྲགས་པའི་ཕྱིར་ཡིན། ཡང་ན་དགྲ་འདུལ་བའི་ཕྱིར་ཡིན། ཡང་ན་གཉེན་སྐྱོང་བའི་ཕྱིར་ཡིན་ན། ཁ་དྲག་པ་ནི་གཞན་ལ་གནོད་པ་ཙམ་ཡིན། གཏམ་ནི་བྲག་ཆ་དང་འདྲ། དགྲ་གཉེན་ནི་འཕྲལ་འཕྲལ་འགྱུར་ཞིང་འཇིག ནོར་རྫས་ལོངས་སྤྱོད་ནི། ཕུགས་ལྟ་ཅི་སྨོས། ཡད་ཡུད་རེ་ཡང་རྟག་མི་ཐུབ། ལུས་སྲོག་ཀྱང་ནས་འཇིག་ཆ་མེད་ཅིང་འདོར་བས། དགོས་དོན་མེད་པའི་བྱ་བ་དེ་དག་གི་ཕྱིར་དུ། རྟག་ཏུ་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ལས་ངན་ཁམ་པོ་ཆེ་འདི་ལྟ་བུ་གསོག་ཏུ་ག་ལ་རུང་སྙམ་དུ་བསྒོམ། དཔའ་བྱིན་གྱིས་ཞུས་པའི་མདོ་ལས། ཕ་མ་སྤུན་ཟླ་བུ་དང་ཆུང་མ་དང༌། །བྲན་དང་ནོར་དང་རྩ་ལག་ཚོགས་རྣམས་ཀྱང༌། །ཤི་བའི་རྗེས་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུས་སུ། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འོང༌། །དེ་དག་དེ་ཚེ་བདག་གི་སྐལ་མི་ལེན། །ཞེས་གསུངས། གང་གི་དོན་དུ་བསམས་བསམས་ཏེ་འབད་པ་དུ་


TNT04_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མས་སྡིག་པ་བྱས་པའི་དགྲ་གཉེན་ནོར་རྫས་སོགས་དེ་དག་ནི། རང་ངན་སོང་དུ་འཁྱམས་ཕན་འདོགས་དགོས་པའི་དུས་སུ། ཐོ་ཕྱིར་ཡང་སླེབ་མི་འོང༌། སྡིག་པ་བྱས་པའི་འབྲས་བུ་ནི། རང་ཁོ་ནས་མྱོང་དགོས་པས་སྡིག་པ་བྱས་པ་དེ་བདག་རང་གཅིག་པུ་ལ་སྡུག་གྱོང་ཁོ་ན་ཡིན་སྙམ་དུའང་བསམས། དེ་ལྟར་སྡིག་པ་བྱས་པ་དེ་དོན་མེད་མ་ལེགས་པ་ཆེན་པོ་ཞིག་བྱུང་འདུག་ཀྱང༌། ད་བཅོས་ཐབས་མེད་སྙམ་ན་མ་ཡིན་ཏེ། མདོ་ལས། གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བས་འགེབས་པར་བྱེད་པ་སྟེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ཏུ་གསལ། །ཞེས་གསུངས་ཏེ། ཕྱིན་ཆད་སྡིག་པ་སྤངས་པའི་སྒོ་ནས། བསམ་པ་དག་པས་དགེ་བ་ལ་འབད་ན། ཉི་མའི་འོད་ཀྱིས་མུན་པ་བསལ་བ་ལྟར། སྡིག་པ་ཐམས་ཅད་བྱང་བར་འགྱུར་བའི་ཕྱིར། སྟོབས་བཞི་ལ་འབད་དགོས་སོ། །འོ་ན་སྦྱོང་ཐབས་ཡོད་པའི་ཕྱིར། རིམ་པས་གོ་ལེ་སྦྱངས་པས་ཆོག་སྙམ་ན་མ་ཡིན། ཚེ་ཐུང་ཞིང་ཚེ་ལ་ངེས་པ་མེད་པས་འཕྲལ་དུ་སྦྱོང་ཐབས་ལ་འབད་དགོས། ཇི་སྐད་དུ། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་འཆི། །ཇི་ལྟར་འདི་ལས་ངེས་ཐར་པར།། མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཞེས་འབྱུང་བ་ལྟར་རོ། །སྐབས་འདིར། སྡིག་སྒྲིབ་སྦྱོང་བ་ཡི་གེ་བརྒྱ་པའི་འཁྲིད་ཅེས་པའི་སྡིག་སྒྲིབ་ནི། དངོས་གཞི་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་མྱོང་འཕྲལ་དུ་སྐྱེ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་རགས་པ་འགའ་ཞིག་ཡིན་ལ། དེ་ཡང་སྡིག་སྒྲིབ་ཉེས་ལྟུང་ཞེས་པ་ལྟར། ཚེ་འདིར་བསགས་པའི་སྡིག་པ་རྣམས་དུས་ཉེ་བས་ཉམས་མྱོང་སྐྱེ་བ་ལ་སྒྲིབ་ཚབས་ཆེ། སྡིག་པ་གཞན་པས་ཀྱང་སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་སྒྲིབ་ཚབས་ཆེ། ཁྱད་པར་དུ་དམ་ཚིག་འགལ་འཁྲུལ་དང༌། དཀོར་སྐུ་གླུད་ཟོས་པ་སོགས་ལྷག་པར་ཉམས་མྱོང་སྐྱེ་བ་ལ་གེགས་ཆེ་བས། དེ་རྣམས་སྦྱོང་བ་ལ་རྡོར་སེམས་ཡིག་བརྒྱའི་སྒོམ་བཟླས་དང་


TNT04_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་འདི་བསྔགས། སྤྱིར་སྒྲིབ་སྦྱོང་གི་ཡི་གེ་བརྒྱ་པ་ལ། རྩ་བ་ནས་མི་འདྲ་བ་གཉིས་ཡོད་དེ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་དང༌། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའོ། །དང་པོ་ནི་དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ལས་འབྱུང༌། གཉིས་པ་ལ་ལྷ་སོ་སོའི་མཚན་སྔགས་སྤོས་ན། རྒྱུད་སྡེ་རབ་འབྱམས་ནས་འབྱུང་བའི་འཇིག་རྟེན་འདས་པའི་ལྷ་ཇི་ཙམ་པ་དེ་ཙམ་གྱི་ཡིག་བརྒྱ་མཐའ་ཡས་པར་འགྱུར་ལ། དེ་ཡང་སྔགས་རིགས་གཅིག་པས་ཡིག་བརྒྱ་ཞེས་སྨོས་ཀྱི། ཡི་གེའི་གྲངས་བརྒྱར་མ་ངེས་ཏེ། ལྷའི་མཚན་རིང་ཐུང་གི་དབང་གིས་སྣ་ཚོགས་པར་འགྱུར་རོ། །དེ་ལྟ་བུའི་འགྲེས་སྦྱར་བ་མ་ཡིན་པར་རྩ་བའི་དབྱེ་བ་ནི་གཉིས་ཏེ། རྡོར་སེམས་ཞི་བའི་ཡི་གེ་བརྒྱ་པ་དང༌། རྡོར་སེམས་ཁྲོ་བོ་ཧེ་རུ་ཀའི་ཡི་གེ་བརྒྱ་པའོ། །དང་པོ་ནི་དེང་སང་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པར་གྲགས་པ་འདི་ཡིན་ལ། དེ་ལའང་ཡོ་ག་དང་མཐུན་པར་འཁོར་ལོས་བསྒྱུར་བ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་དཔའ་བོ་གཅིག་པ་བསྒོམ་པ་དང༌། གསང་སྔགས་ནང་པའི་ལུགས་དེ་བཞིན་གཤེགས་པ་ཁ་སྦྱོར་ལྷན་སྐྱེས་སུ་བྱེད་པ་གཉིས་ཡོད་དེ་སྔགས་ནི་འདྲའོ། །ཧེ་རུ་ཀའི་ཡིག་བརྒྱ་འདི་ནི། སྔགས་ཀྱི་རྣམ་པ་ཕལ་ཆེར་སྔ་མ་དང་འདྲ་ཡང༌། འགྲེས་སྦྱར་བ་མ་ཡིན་ཏེ། དཔལ་མངོན་བརྗོད་བླ་མའི་རྒྱུད་ལས་གསལ་བར་གསུངས་སོ། །སྐབས་འདིའི་ལྷ་རྡོ་རྗེ་སེམས་དཔའ་ལ་གཞན་ལུགས་པ་ཁ་ཅིག དུས་འཁོར་གྱི་རང་ལུགས་ཡིན་པར་རློམ་ནས་སྔོན་པོ་ཞལ་གསུམ་ཕྱག་དྲུག་པར་བྱེད་པའང་བྱུང་སྟེ། དེ་ནི་གསར་དུ་བློས་བཅོས་པའི་རང་བཟོ་ཁོ་ནར་ཟད་དོ། །ཅིའི་ཕྱིར་ཞེ་ན། ལྷ་དེ་དུས་འཁོར་ལས་གསུངས་ཀྱང༌། སྡིག་སྒྲིབ་སྦྱོང་བ་ལ་གཞན་ལས་ལྷག་པའི་ཕྱིར་དུ་ཡང་མ་གསུངས་ལ། དེའི་སྔགས་ཀྱང་ཡི་གེ་བརྒྱ་པ་མ་ཡིན་པའི་ཕྱིར་རོ། །ཡིག་བརྒྱ་འདི་ཡང་སྒྲིབ་སྦྱོངས་དང༌། ཉམས་ཆགས་བསྐང་བ་དང༌།


TNT04_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་གདབ་པའི་སྔགས་ཡིན་གྱི། རྡོར་སེམས་ཡིན་ཚད་ཀྱི་སྔགས་སུ་མི་འགྱུར་བའི་ཕྱིར། ལྷ་དེ་ལྟ་བུ་བསྒོམས་ནས་སྔགས་ཡིག་བརྒྱ་བཟླ་བ་ནི། རྡོར་སེམས་ཀྱི་ལྡོག་པར་གཅིག་པ་ཙམ་ལ་བསམས་པར་འདུག་ཀྱང༌། དཔེར་ན། སྒྱུ་འཕྲུལ་དྲྭ་བའི་རྣམ་སྣང་ཞལ་གསུམ་ཕྱག་དྲུག་པ་བསྒོམས་ནས། སྔགས་ངན་སོང་སྦྱོང་རྒྱུད་ལས་བྱུང་བའི་དུརྒ་བཟླས་པ་ལྟ་བུར་འགྱུར་བའི་ཕྱིར་མི་འཐད་དོ། །འབྲོ་ལུགས་ཀྱི་བླ་མ་གོང་མ་འགའ་རེས། ཡབ་རྡོར་སེམས་ཞི་བ་དཀར་པོ་ལ་ཡུམ་དམར་མོས་འཁྱུད་པ། སྔགས་ཞི་བའི་ཡིག་བརྒྱ་བཟླ་བ་སོགས་མཛད་འདུག་པ་སྤྱིར་མི་ལེགས་པ་མ་ཡིན་མོད། ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པ་མན་ཆད་ཀྱི་ཕྱག་བཞེས་ལ། རྡོར་སེམས་ཧེ་རུ་ཀ་སྤྱི་དང་མཐུན་པར་མཛད་པ་ཉིད་ཁུངས་བཟང་ཞིང་ཆེས་ལེགས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་སྤྱིར་སྦྱོར་དྲུག་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་པས་དུས་འཁོར་ཁོ་ནའི་བསྐྱེད་རིམ་དང་སྦྲེལ་དགོས་པའི་ཉེ་ཚེ་བ་མིན་ལ། ཅི་སྟེ་བསྐྱེད་རིམ་དུས་འཁོར་ཁོ་ན་དང་སྦྲེལ་དུ་ཆུག་ཀྱང༌། ཡན་ལག་ཕྲ་མོ་དམིགས་བསལ་མེད་པ་རྣམས་ལ། གཞན་དང་མི་མཐུན་པའི་ཁྱད་ཆོས་ཡོད་མི་དགོས་ཏེ། དཔེར་ན་སྐྱབས་འགྲོ་སེམས་བསྐྱེད་བཞིན་ནོ། །དེས་ན་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལས། ཡིག་བརྒྱའི་མན་ངག་ལོགས་པ་མ་གསུངས་ཤིང་ད་ལྟའི་འདི་རྒྱུད་ཀྱི་གསུངས་པ་མངོན་བརྗོད་བླ་མ་ཡིན་ཡང༌། བླ་མེད་ཀྱི་གསང་བ་སྤྱི་ལ་འཇུག་པ་ཡིན་པས་སྐབས་འདིར་སྦྱོར་བ་ཤིན་ཏུ་ལེགས་སོ། །དཔལ་དུས་འཁོར་ཉིད་ཀྱི་དབང་དུ་བྱས་ན་ཡང༌། དུས་འཁོར་སྣ་ཚོགས་གཙོ་བོ་འདི་ལྷ་རིགས་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་ཟུང་དུ་འཇུག་པ་ལས་རྡོར་སེམས་གཙོ་ཆེ་བ་ཙམ་ཡིན་མོད་ཀྱང༌། སྐུའི་རྣམ་འགྱུར་ཁྲོ་ཉམས་ཅན་དུ་ཡོད་པའི་ཕྱིར། ཧེ་རུ་ཀའི་ཆ་ཤས་སུ་ཡང་འགྱུར་བ་དང༌། དུས་འཁོར་རྡོ་རྗེ་འཇིགས་བྱེད་ནི་ཧེ་རུ་ཀ་དངོས་ཀྱང་ཡིན་པའི་ཕྱིར། སྐབས་འདིར་ཡང་རྡོར་སེམས་ཞི་བ་


TNT04_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཧེ་རུ་ཀའི་ལུགས་སུ་བྱས་ན་འབྲེལ་ཆགས་ཤིང༌། དུས་ཀྱི་འཁོར་ལོ་དང་འཁོར་ལོ་སྡོམ་པ་ལྷ་རིགས་མཚུངས་པ་དང༌། རྡོ་རྗེ་བཞི་དང་རིགས་དྲུག་སྟོན་པར་མཚུངས་པ་སོགས། ཕན་ཚུན་ཁ་འགེངས་བྱེད་ན་འབྲེལ་ཆགས་ཆེ་བའི་རྒྱུ་མཚན་མང་དུ་ཡོད་མོད། རྒྱས་པར་མ་སྨོས་སོ། །སྐབས་འདིའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ནི། བདག་བསྐྱེད་ཀྱི་ཚུལ་མ་ཡིན། མདུན་བསྐྱེད་ཀྱི་རིགས་སུ་གཏོགས་ཏེ། རང་ལས་གཞན་པའི་ཚུལ་གྱིས་ལྷ་སྒྲུབ་པ་ལ། ཕལ་ཆེར་དུ་མདུན་བསྐྱེད་ཀྱི་ཐ་སྙད་འཇོག་པའི་ཕྱིར་རོ། །སྤྱི་བོར་བསྒོམ་པ་ནི། རིགས་བདག་གམ་རྩ་བའི་བླ་མ་ཡིན་པའི་དོན་དང༌། བདུད་རྩིའི་ཆུ་རྒྱུན་གྱིས་སྡིག་སྒྲིབ་བཀྲུ་བ་སོགས་ལ་དམིགས་པ་གསལ་བའི་ཕྱིར་རོ། །འདི་ལ་ཡང་ཆོ་ག་རྒྱས་པར་ན་གདན་པད་ཟླ་བ་ས་བོན་དང༌། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་འོད་ཟེར་སྤྲོ་བསྡུ་དང་བཅས་པ་ལས་དམ་ཚིག་པ་བསྐྱེད། རྡོ་རྗེ་བཞིའམ་རིགས་དྲུག་བྱིན་གྱིས་བརླབས། ཡེ་ཤེས་པ་སྤྱན་དྲངས་མཆོད། དགུག་གཞུག་བྱ། དབང་ལྷ་སྤྱན་དྲངས་མཆོད་དེ་རིགས་བདག་གིས་རྒྱས་གདབ། སླར་ཡང་མཆོད་བསྟོད་བྱེད་པའོ། །ཅུང་ཟད་རྒྱས་པ་ནི། དབུ་རྒྱན་རང་ཆས་བསྒོམས་ནས། དབང་བསྐུར་གྱི་སྐོར་རྣམས་བོར་བ་ཡིན། དཀྱུས་སུ་བཤད་པ་ནི་འབྲིང་པོའམ་བསྡུས་པ་ཡིན་ཏེ། ཐོག་མ་ཉིད་ནས་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བསྒོམས་པས། དམ་ཡེ་དབྱེར་མེད་ཡིན་པའི་ཕྱིར་ཡེ་ཤེས་དགུག་གཞུག་མི་དགོས་ལ། རང་རིགས་མཚོན་བྱེད་རྡོར་སེམས་ཀྱི་དབུ་རྒྱན་ཙམ་བྱས་ཀྱང་རུང་མོད། ངོ་བོ་ཉིད་ཀྱི་རིགས་ལ་རྒྱས་བཏབ་མེད་པས་དབང་བསྐུར་ལྟ་ཅི་སྨོས་རིགས་བདག་ཀྱང་ངེས་བཟུང་དུ་མི་དགོས་རྡོ་རྗེ་བཞིའི་ས་བོན་དགོད་པ་ཡང་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་བཞི་འདུས་པ་མཚོན་བྱེད་ཙམ་ཡིན་གྱི་བྱིན་རླབས་ཁོ་ནའི་དོན་མ་ཡིན་ནོ། །ཤིན་ཏུ་བསྡུ་ན་རྡོར་སེམས་ཡབ་ཡུམ་གདན་དང་བཅས་པ་སྐད་ཅིག་གིས་བསྐྱེད་པ་ཁོ་ན་སྟེ། སྤྱིར་སྐྱེད་ཆོག་


TNT04_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྡུས་བཞི་པོ་གང་ལྟར་བྱས་ཀྱང་རུང་ངོ༌། །འདིར་རྡོ་རྗེ་བཞིའི་ས་བོན་དུས་འཁོར་ཉིད་ལ་གཙོ་བོར་གྲགས་པ་ཡིན་མོད། མངོན་བརྗོད་བླ་མ་ལས་ཀྱང་ལྟེ་བར་ཡེ་ཤེས་རྡོ་རྗེ་འགོད་པར་བཤད་དོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་སྤྱན་འདྲེན་པ་འདི་ནི། ཡེ་ཤེས་སྤྱན་འདྲེན་གྱི་རིགས་མ་ཡིན། འོག་ཏུ་སྡིག་སྒྲིབ་བཀྲུ་བའི་དམིགས་པ་དགོས་པ་ལ། དེའི་དོན་དུ་བྱིན་བརླབས་བསྡུ་བ་ཡིན་ནོ། །ཡིག་བརྒྱ་བཟླ་བའི་སྐབས། སྔགས་དོན་དང་མཐུན་པར་གསོལ་བ་འདེབས་པ་ཡིན་ཡང༌། བདུད་རྩིའི་རྒྱུན་གྱིས་བཀྲུ་བའི་དམིགས་པ་འདི་ཡང་དམིགས་པའི་རྟེན་འབྲེལ་གྱི་སྒོ་ནས་སྡིག་སྒྲིབ་སྦྱོང་བ་ལ་བསྔགས་པ་ལྟ་ཅི་སྨོས། འཕྲལ་དུའང་ནད་གདོན་སོགས་ཕན་ཡོན་ཕྲ་མོ་ཁ་ཐག་ཉེ་བ་ཡང་དུ་མ་ཡོད་དོ། །ཡབ་ཀྱི་ཐུགས་ཀར་ས་བོན་སྔགས་འཕྲེང་དང༌། དེ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་གྱིས་ཡབ་ཀྱི་སྐུ་གང༌། རྡོ་རྗེའི་ལམ་ནས་པདྨར་བརྒྱུད་དེ་ཡུམ་གྱི་སྐུ་ཡང་གང༌། ཡབ་ཡུམ་གཉིས་ཀར་གྱི་སྐུའི་ཆ་ཐམས་ཅད་ལས་བདུད་རྩི་འབབ་པར་བསྒོམ་པ་ཡང་ཡོད། དམིགས་པ་དེའི་སྟེང་དུ། ཡུམ་གྱི་ཐུགས་ཀར་ཡང་ས་བོན་སྔགས་འཕྲེང་བསྒོམས་ནས། དེ་ལས་ཀྱང་བདུད་རྩིའི་རྒྱུན་བབས་ཏེ། ཡུམ་གྱི་སྐུ་གང༌། ཡབ་ཡུམ་གཉིས་ཀར་གྱི་སྐུ་ལས་བདུད་རྩི་འབེབས་པ་ཡང་ཡོད། སྐུའི་སྦྱོར་མཚམས་ལས་བདུད་རྩིའི་རྒྱུན་འབེབས་པ་ཡང་ཡོད། ཡབ་རྐྱང་བའི་སྐུ་ལས་འབབས་པའང་ཡོད་དེ། སྐབས་འདིར་དེ་དག་འདམ་ཁ་ཙམ་སྤྱིར་ཡིན་ཡང༌། དཀྱུས་སུ་བཤད་པ་ཉིད་ལག་ལེན་གྱི་རྒྱུན་ཡིན། ལར་རྡོར་སེམས་ཡབ་རྐྱང་སེམས་དཔའི་སྐྱིལ་ཀྲུང་ཅན་ལ་ཞབས་ཀྱི་མཐེ་བོང་ནས་འབེབས་པ་སོགས་ཡོད་པས་གཅིག་ཏུ་ངེས་པ་མེད་དེ། རང་རང་གི་མན་ངག་ལས་འབྱུང་བ་བཞིན་དུ་དཔྱད་པ་མེད་པར་བཟུང་ངོ༌། །བདག་ནི་མི་ཤེས་སོགས་ཚིགས་བཅད་དང་ཚིག་ལྷུག་པའི་བཤགས་པ་སྟེ། སྒོམ་ཐེངས་འདི་ལ་སྟོབས་བཞི་ཡང་ཚང་


TNT04_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྟེན་གྱི་སྟོབས་ལས་བཤགས་ཡུལ་ནི་ཆེས་མཆོག་ཏུ་གྱུར་པ་བླ་མ་རྡོ་རྗེ་སེམས་དཔའ་དང༌། སངས་རྒྱས་བྱང་སེམས་འཕགས་ཚོགས་ཐམས་ཅད་ཡིན་ལ། རང་རྒྱུད་ཀྱི་རྟེན་སྐྱབས་འགྲོ་སེམས་བསྐྱེད་གསལ་འདེབས་པ་ནི། ཐུན་གྱི་འགོར་ཡང་བྱེད་ཅིང༌། སྔགས་དོན་བསམ་པ་དང༌། བདག་དང་སེམས་ཅན་ཐམས་ཅད་ཅེས་སོགས་ལའང་ཚང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་ལྷ་བསྒོམ་སྔགས་བཟླས་ཉིད་ཡིན། བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །ཞེས་པ་མཐོལ་བ་དང༌། བླ་མ་མགོན་པོས་སྐྱོབས་མཛོད་ཅིག །ཅེས་པ་བཤགས་པ་ཡིན་ཏེ། འཐོལ་བཤགས་དེ་གཉིས་ལ། སུན་འབྱིན་པ་དང༌། སླར་ལྡོག་པ་གཉིས་ཚང་སྟེ། དམ་ཚིག་འགལ་ཉམས་ཞེས་པས་ལྟུང་བའི་ཉེས་དམིགས་དྲན་པ་དང༌། མི་ཤེས་རྨོངས་ཞེས་པས་སྔར་བྱས་ལ་འགྱོད་པ་དངོས་བསྟན་ལ། དེ་བྱུང་ཙ་ན་ད་ནི་ཉེས་དམིགས་ཤེས་པས་སླར་ལྡོག་ཅེས་པའང་ཤུགས་ལ་འབྱུང༌། སྐྱོབས་མཛོད་ཅིག་ཞེས་པའང་ད་ཕྱིན་ཆད་མི་བགྱིད་པས་རྗེས་སུ་གཟུང་དུ་གསོལ་ཞེས་པར་འགྲོ་བས། སླར་ལྡོག་པའི་སྟོབས་སོ། །གསོལ་འདེབས་གོང་མ་འཕྲིན་ལས་འཆོལ་བའི་ཚུལ་ཡིན། ཕྱི་མ་བཤགས་པ་དང་འབྲེལ་བས་བཟོད་གསོལ་ཡིན་ནོ། །ཇོ་བོ་རྗེ་ཨ་ཏི་ཤའི་གསུང་གིས། གསང་སྔགས་ཀྱི་ཉེས་ལྟུང་ཕྲ་མོ་འདི་རྟག་ཏུ་འབྱུང་ཉེ། དཔེར་ན་ས་ཕྱོགས་རྡུལ་ཆེན་པོ་གཅིག་ཏུ་མཎྜལ་ཕྱིས་ཏེ་བཞག་ན། དེ་མ་ཐག་རྡུལ་གྱིས་ཐིབ་ཐིབ་འགེངས་པ་དང་འདྲ་གསུང་པ་ལ། འོ་ན་ལམ་རྒྱུད་ལ་སྐྱེ་བའི་དུས་ཙམ་མི་ཡོང་ངམ་ཞུས་པས། འོན་ཀྱང་གསང་སྔགས་ཐབས་ལ་མཁས་པ་མང་བས། ཉེས་ལྟུང་ཕྲ་མོ་ཤིན་ཏུ་མང་པོ་ཡང༌། ཐབས་སྣ་རེས་སྐད་ཅིག་གིས་དག་པར་འགྱུར་གསུང་ནས་རྡོར་སེམས་དང་ཡིག་བརྒྱའི་སྒོམ་བཟླས་ཟབ་ཅིང་རྒྱས་པ་ཞིག་གནང་བར་གདའ། འདི་ལ་བརྩོན་པར་བྱས་ན་ཉེས་ལྟུང་ཕྲ་མོ་དང་འབྲིང་པོ་རྣམས་རྩ་བ་ནས་འདག་ཆེན་པོ་རྣམས་ཀྱང་མི་འཕེལ་ཞིང༌། མགོ་


TNT04_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ཏེ་རིམ་གྱིས་བྱང་བར་འགྱུར་གསུང༌། དེ་སྔོན་བོད་ན་གསང་སྔགས་པ་སོ་སོ་ལ་ཡིག་བརྒྱའི་གདམས་ངག་མང་དུ་ཡོད་ཀྱང༌། རང་རང་གི་སློབ་མ་ཉུང་ཤས་རེ་མ་གཏོགས་སྤྱི་ལ་མ་ཁྱབ། ཇོ་བོའི་གསུང་དེས་རྐྱེན་བྱས་ནས། སྔགས་པར་གཏོགས་སོ་ཅོག་གསར་རྙིང་ཐམས་ཅད་ལ་ཆོས་འདིའི་འུར་ལངས་པ་ཡིན་སྐད་དོ། །མཎྜལ་འབུལ་བའི་སྐབས་སུ། མཎྜལ་འབུལ་ཚུལ་གྱིས་ལག་ལེན་དང་ངག་འདོན་རྣམས་བྱང་བའི་རྗེས་སུ། གོ་བབས་ཅུང་ཟད་བརྗོད་དགོས་ཏེ། གོ་བ་རགས་རིམ་ཙམ་མེད་ན་དམིགས་པ་བསྒོམ་མི་ཤེས་པའི་ཕྱིར་རོ། །དེ་ལ་ཆོས་འདི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་པ་ཡིན་ཞིང༌། འདུས་པ་ལ་སོགས་པ་བསྡུས་རྒྱུད་ཤས་ཆེ་བ་ཞིག་ལ། འཇིག་རྟེན་ཁམས་ཀྱི་རྣམ་གཞག་ལོགས་པ་མེད་པས། རྣལ་འབྱོར་རྒྱུད་མན་ཆད་མངོན་པའི་ལུགས་ཇི་བཞིན་བྱེད། བླ་མེད་མང་རབ་ཅིག་ལ་མེའི་དཀྱིལ་འཁོར་ལྷག་པོར་འདོད། སྤྱི་རགས་པ་མངོན་པ་དང་འདྲ། མཁའ་འགྲོ་རྒྱ་མཚོ་དང༌། རྡོ་རྗེ་མཁའ་འགྲོ་སོགས་ནས་འཇིག་རྟེན་ཁམས་ཀྱི་རྣམ་གཞག་ལོགས་སུ་རྒྱས་པར་གསུངས་པ་མེད་ཀྱང༌། དཀྱིལ་འཁོར་གྱི་དག་པ་དང༌། ལས་ཚོགས་ཀྱི་ཞོར་ལ་ཚིག་ཟུར་གསུངས་པ་རྣམས་དུས་འཁོར་དང་མཐུན་ ནོ། །དེས་ན་འཇིག་རྟེན་ཁམས་མངོན་པའི་ལུགས་དང་འདྲ་བར་བསྒོམས་ཀྱང༌། འགལ་བ་མེད་མོད་ཀྱི། གཙོ་བོ་བླ་མ་རྣམས་ཀྱི་ཕྱག་ལེན་གྱི་རྒྱུན་དང༌། སྨིན་གྲོལ་རྒྱུད་བཤད་བརྒྱུད་པ་གཅིག་པའི་འབྲེལ་ཆགས་དང༌། གསུང་རབ་ཐམས་ཅད་ཀྱི་མཐར་ཐུག་ཐེག་པ་མཐོ་བའི་དབང་ལས། དུས་འཁོར་གྱི་ལུགས་སུ་བསྒོམ་པ་ཉིད་གཙོ་བོར་བྱའོ། །དེས་ན་མཎྜལ་གྱི་གཞི་རྟེན་དུ། རླུང་མེ་ཆུའི་དཀྱིལ་འཁོར་རྣམས་བསྒོམ་ནུས་ནའང་ལེགས། མ་བསྒོམས་ཀྱང་མི་འགལ་ཏེ། མཎྜལ་གྱི་ས་གཞི་ལ་ཆུ་མེ་རླུང་གི་བགྲོས་མེད་པར་དབང་ཆེན་གསེར་གྱི་ས་གཞི་ཞེས་པ་ཁོ་ན་འདོན་པའི་ཕྱིར་རོ། །དཀྱིལ་འཁོར་བཞི་ཆར་བསྒོམ་པ་ལའང༌། ཟླུམ་པོ་ཕྱེད་གཤགས་ཀྱི་རྣམ་པ་བྱེད་པ། དུས་འཁོར་རང་


TNT04_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཡིན་པས་གཙོ་ཆེ་ཡང༌། དམིགས་པའི་སྐབས་རྣམ་པ་གསལ་བའི་ཆེད་དུ། མཆོད་རྟེན་བང་རིམ་ཟླུམ་པོ་བཞི་པ་ལྟ་བུ་སྒོམས་ཀྱང་མི་འགལ་ཏེ། འདིར་རྒྱས་པར་མ་སྤྲོས། དེས་ན་སའི་དཀྱིལ་འཁོར་གསེར་གྱི་རང་བཞིན་ཟླུམ་པོ་ཐད་ཀར་དཔག་ཚད་འབུམ་ཕྲག་གཅིག དེའི་དབུས་སུ་རི་རབ་དཔངས་སུ་དཔག་ཚད་འབུམ། རྩ་བའི་རྒྱ་ལ་རིའི་སྙིང་པོ་དཔག་ཚད་བཅུ་དྲུག་དང༌། འགྲམ་སྟེགས་ཁོར་ཡུག་ལ་ཞེང་དང་དཔངས་སུ་སྟོང་ཕྲག་གཅིག་པ་ཡིན་པས། དེའི་རྒྱ་ལ་ཐད་ཀར་བརྩིས་ན་སྟོང་ཕྲག་བཅོ་བརྒྱད་ཡོད། རི་རབ་ནི་མཚམས་དེ་ནས་སྟེང་དུ་ཅུང་ཟད་ཇེ་སྦོམ་དུ་སོང་ཞིང༌། དཔངས་སུ་དཔག་ཚད་འབུམ་ཡོད་པ་ལས། ཕྱེད་གོང་མ་དཔག་ཚད་ལྔ་བཅུའི་སྟེང་ནས། གདེངས་ཁ་ཕྱི་ལ་འཕྱར་བ། རྭ་རྣམས་སྐྱེ་བའི་གཞི་སྙིང་པོའི་ཕྱོགས་སུ་སྲབ་འཐུག་ལ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དབྱིབས་ཟླུམ་པོ་ཕྱིར་འཕགས་པའི་རྩེ་ཁོར་ཡུག་ཇེ་སྲབ་ཏུ་སོང་བའི་དབུས་ནས་ཐད་ཀར་གཞལ་ན་དཔག་ཚད་སྟོང་ཕྲག་ལྔ་བཅུ་པ། དེའི་སྟེང་དུ་དཔག་ཚད་སྟོང་ཕྲག་ཉེར་ལྔའི་དཔངས་གྱེན་དུ་འཕགས་པའི་རིའི་རྩེ་མོ་ལྔ་དབུས་དང་ཕྱོགས་བཞི་ཡོད་པ། དཔེར་ན་རྡོ་རྗེ་རྩེ་མོ་ལྔ་པ་འདྲ་ཟེར་ཡང༌། མེ་ལོང་གི་སྟེང་དུ་བཤོས་བུ་ལྔ་བཞག་པ་ལྟ་བུའོ། །རི་རབ་དེའི་རྩ་བ་ནས་རྭའི་རྩེ་མོའི་བར་གྱི་ཁ་དོག་ནི། ཤར་ཨིནྡྲ་ནཱི་ལ་ཏེ་ཁ་དོག་སྔོན་པོ། ལྷོ་པདྨ་རཱ་ག་སྟེ་དམར་པོ། བྱང་ཟླ་བ་ཆུ་ཤེལ་ཏེ་དཀར་པོ། །ནུབ་ཀརྐ་ཏ་ན་སྟཻ་སེར་པོ། དབུས་མརྐ་ཏ་སྟེ་ལྗང་ཁུར་གསལ་བཏབ། དམིགས་པ་གསལ་ཞིང་གོ་ནུས་ན་རི་རབ་དེ་ལ་གླིང་དྲུག་མཚོ་དྲུག་རི་དྲུག་གིས་བསྐོར་བ་སྒོམ་དགོས་པས། དེ་དག་གི་རྣམ་གཞག་འཆད་དགོས་ལ། བློ་འཁོབས་ཆུང་ན་རེ་ཞིག་དེའི་དམིགས་པ་དོར་ཏེ་ཡོད་པར་མོས་པ་ཙམ་བྱ། གསེར་གྱི་ས་གཞི་དེ་ལ། པདྨ་འདབ་མ་བཅུ་གཉིས་ལྟ་བུར་མཚམས་བཅད་པའི་རེ་ཁ་གྱེན་དུ་འཕགས་པ། དངོས་གནས་ལ་རི་ཡིན་ཞིང༌། རྣམ་པ་གྱང་གིས་བཅད་པ་འདྲ་བ་ཞིག་ཡོད་པ། དེ་ལྟ་བུའི་སའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་ཆུས་ཁྱབ་


TNT04_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། དབུས་སུ་གྱེན་དུ་འཕགས་པའི་གླིང་རྣམས་ནི། རྒྱུད་ལས། སའི་སྟེང་དུ་དཔག་ཚད་སྟོང་ཕྲག་རྣམས་ནི་རི་དང་ཀླུ་དང་གཟའ་དང་ཕྱོགས་རྣམས་དག་ཏུ་འགྱུར། །ཞེས་གསུངས་པ་ལྟར། ཤར་ལུས་འཕགས་པོ་དབྱིབས་ཟླ་གམ་རྒྱར་དཔག་ཚད་སྟོང་ཕྲག་བདུན། བཅད་ཁ་ནང་དུ་བསྟན་པ། ལྷོ་འཛམ་བུ་གླིང་གྲུ་གསུམ་རྩེ་མོ་ཕྱིར་བསྟན་རྒྱར་སྟོང་ཕྲག་བརྒྱད། བྱང་སྒྲ་མི་སྙན་དབྱིབས་ཟླུམ་པོ་རྒྱར་སྟོང་ཕྲག་དགུ། ནུབ་བ་གླང་སྤྱོད་རྒྱར་སྟོང་ཕྲག་བཅུ་དབྱིབས་གྲུ་བཞིའོ། །ལུས་དང་ལུས་འཕགས་ལ་སོགས་པའི་གླིང་ཕྲན་རྣམས་ལ་རྒྱ་ཚད་ངེས་ཅན་མ་གསུངས་ཀྱང༌། དམིགས་པས་བསྒོམས་པའི་ཚེ། རང་རང་གི་གླིང་དབུས་མ་ལས་ཅུང་ཟད་ཆུང་བ་རེ་བསྒོམ་དབྱིབས་དབུས་མ་དང་འདྲ། འདིར་སའི་ཁོར་ཡུག་དུམ་བུ་བཅུ་གཉིས་ལ་སོ་སོའི་དབུས་སུ་རི་བོ་ལྟར་སྟེང་དུ་འཕགས་པའི་མཚན་མ་ཟླ་གམ་ལ་སོགས་པར་གསུངས་པ་ཡོད་པ་སྟཻ། །ད་ལྟ་མི་རྣམས་སྤྱོད་པའི་གླིང་བཅུ་གཉིས་ཡིན་ལ། གླིང་བཅུ་གཉིས་ཞེས་མི་གསུང་བར་དུམ་བུ་བཅུ་གཉིས་ཞེས་གསུངས་པའི་སྐབས་མང་བ་ནི། མཚན་མ་བཅུ་གཉིས་པོ་མ་ཡིན་པའི་གླིང་ཕྲན་གཞན་དུ་མ་ཡོད་པ་ཡང་འདུ་དགོས་པའི་ཕྱིར་དང༌། དེ་དག་ཐམས་ཅད་སྡོམ་པ་གླིང་ཆེན་པོ་བདུན་གྱི་ནང་ཚན་གྱི་འཛམ་གླིང་ཆེན་པོ་ཞེས་བྱ་བའི་གླིང་གཅིག་ཏུ་གོ་དགོས་པའི་ཕྱིར་ཡིན་ཏེ། ཤར་ལུས་འཕགས་པོ་དང་འཛམ་གླིང་ཆུང་ངུར་གྲགས་པའི་ལྷོ་འཛམ་བུ་གླིང་དང་བྱང་སྒྲ་མི་སྙན་སོགས་ནི་གླིང་བདུན་པ་འཛམ་གླིང་ཆེན་པོའི་ནང་སེལ་ཡིན་གྱི། རེ་རེ་ནས་གླིང་རང་རྐང་ཚུགས་པ་མ་ཡིན་པ་ལ་དགོངས་སོ། །གླིང་རྣམས་ལ་དངོས་པོ་ལ་ཁ་དོག་ངེས་པ་ཅན་མེད་ཀྱང་རང་རང་གི་འབྱུང་བའི་ཁམས་མཚོན་པའི་ཕྱིར། ཤར་གླིང་གསུམ་རླུང་སྟེ་ནག་པོ། ལྷོའི་གསུམ་མེ་སྟེ་དམར་པོ། །བྱང་གི་གསུམ་ཆུ་སྟེ་དཀར་པོ། ནུབ་ཀྱི་གསུམ་ས་སྟེ་སེར་པོར་སྒོམ། ཕྱི་ལྕགས་རི་ནི་འདིར་རྡོ་རྗེའི་རི་ཞེས་གསུངས་ཏེ། སའི་ཁོར་ཡུག་གི་མཐའ་ལ་སྐོར་བ་ཡིན། སྔར་འོག་གཞི་ལ་ཆུ་མེ་རླུང་གསུམ་མ་སྒོམ་ན། སྐབས་འདིར་ཡང་དེ་ཚུན་


TNT04_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀ་གསལ་བཏབ་པས་ཆོག ཆུ་མེ་རླུང་གི་ཁོར་ཡུག་སྒོམ་མི་དགོས་སོ། །འདིར་ཅུང་ཟད་རྒྱས་པར་སྒོམ་ན་རི་མཚོ་གླིང་གི་རྣམ་གཞག་ནི་འདི་ལྟ་བུ་ཞིག་སྟེ། རྒྱུད་ལས། ལན་ཚྭ་ཆང་དང་ཆུ་དང་འོ་མ་ཞོ་དང་མར་དང་སྦྲང་རྩིའི་རྒྱ་མཚོ་བདུན་ཏེ་རི་བོ་ནི། །འོད་སྔོན་མནྡྷ་ར་རི་ནི་ཥ་ཊ་དང་ནོར་བུའི་འོད་དང་དྲོ་ཎ་བསིལ་རི་རྡོ་རྗེའོ། །གླིང་ནི་ཟླ་བ་འོད་དཀར་དག་དང་རབ་མཆོག་ཀུ་ཤ་དང་ནི་མིའམ་ཅི་དང་ཁྲུང་ཁྲུང་དང༌། །དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པ་འཛམ་བུ་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། །ཤར་དུ་རླུང་ནི་ཤིན་ཏུ་ཟླུམ་པོར་འགྱུར་ཏེ་མི་ཡི་བདག་པོ་ལྷོ་རུ་མེ་ནི་གྲུ་གསུམ་མོ། །བྱང་དུ་ཆུ་ནི་ཕྱེད་ཀྱི་ཟླ་བ་དག་དང་ནུབ་ནི་གསེར་མཆོག་ས་ནི་ཆུ་ཡི་གཏེར་གྱི་ཟུར། །ཞེས་པ་དང༌། ཆུ་གཏེར་དྲུག་པོ་ཐམས་ཅད་དག་ཀྱང་ཟླ་བ་ཟླ་བ་གཅིག་གིས་དམན་པའི་སྟོང་ཕྲག་རེ་རེ་སྟེ། །གླིང་རྣམས་དང་ནི་རི་རྒྱུད་མཆོག་རྣམས་དག་ཀྱང་དེ་ལྟའི་སྟོང་ཕྲག་སྟོང་ཕྲག་ཉི་ཤུ་རྩ་ལྔ་ནི། །འཛམ་བུ་གླིང་གི་ཡངས་པ་དག་དང་ལན་ཚྭའི་ཆུ་ཡི་གཏེར་ནི་འབུམ་ཕྲག་ཕྱེད་ཀྱི་ཚད་ཡིན་ཏེ། །ཞེས་གསུངས་ཏེ་དབུས་ཀྱི་ལྷུན་པོའི་རྩ་བ་འགྲམ་སྟེགས་ཟླུམ་པོ་དེའི་འཁོར་ཡུག་ཏུ་དཔག་ཚད་སྟོང་ཕྲག་ལྔ་བཅུ་ང་བཞི། དབུས་ཀྱི་ཐད་ཀར་གཞལ་ན་སྟོང་ཕྲག་བཅོ་བརྒྱད་པ་དེའི་འོག་གཞི་རི་རབ་ཀྱི་འགྲམ་སྟེགས་ལ་འབྲེལ་བའི་ཚུལ་གྱི་ཁོར་ཡུག་ཏུ་བསྐོར་བའི་ས་གཞི། ཞེང་དུ་དཔག་ཚད་བརྒྱད་བརྒྱ་དགུ་བཅུ་པ་ཞིག་ཡོད་པ་ནི་ཟླ་བའི་གླིང་ཞེས་བྱ། གླིང་དེའི་ཕྱི་ཁོར་ཡུག་ལ་འོབས་ཀྱི་ཚུལ་གྱིས་བསྐོར་བ། ཁ་ཞེང་དཔག་ཚད་བརྒྱད་བརྒྱ་དགུ་བཅུ་པ་ནི། སྦྲང་རྩིའི་རྒྱ་མཚོ་ཞེས་བྱ། དེའི་ཕྱི་རོལ་ཁོར་ཡུག་ཏུ་ལྕགས་རི་ཟླུམ་པོས་བསྐོར་བ་ལྟ་བུར། འོད་སྔོན་ཞེས་བྱ་བའི་རིས་བསྐོར་བ་སྟེ། རི་དེའི་ས་མཚམས་ཀྱི་རྩ་བའི་ཞེང་སྲབ་འཐུག་ལ་ཡང༌། དཔག་ཚད་བརྒྱད་བརྒྱ་དགུ་བཅུའོ། །དེས་རིགས་འགྲེ་སྟེ། རི་དེའི་རྩ་བ་དང་འབྲེལ་བར་འོད་དཀར་གྱི་གླིང་གི་ཁོར་ཡུག་ཏུ་བསྐོར་བ་དང༌། དེའི་ཕྱི་ལ་མར་གྱི་རྒྱ་མཚོས་ཁོར་ཡུག་ཏུ་བསྐོར་བ་དང༌། དེའི་ཕྱི་ནས་མནྡྷ་ར་ཞེས་བྱ་བའི་རིས་


TNT04_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་སོགས་གོ་བར་བྱ་སྟེ། ཀུ་ཤའི་གླིང་དང༌། ཞོའི་རྒྱ་མཚོ་དང༌། རི་བོ་ནི་ཥ་ཊ་དང༌། མིའམ་ཅིའི་གླིང་དང༌། འོ་མའི་རྒྱ་མཚོ་དང༌། རི་ནོར་བུའི་འོད་དང༌། ཁྲུང་ཁྲུང་གི་གླིང་དང༌། ཆུའི་རྒྱ་མཚོ་དང༌། རི་བོ་དྲོ་ཎ་ཞེས་བྱ་བ་དང༌། དྲག་པོའི་གླིང་དང༌། ཆང་གི་མཚོ་དང༌། བསིལ་བའི་རིའམ། ཁ་བའི་རི་སྟེ་དེ་ལྟར་ན། རི་རབ་མ་གཏོགས་པའི་རི་དྲུགགླིང་དྲུག མཚོ་དྲུག་སྟེ་བཅོ་བརྒྱད་དེ་དག་ནི་ཞེང་དུ་དཔག་ཚད་བརྒྱད་བརྒྱ་དགུ་བཅུ་རེར་མཉམ་ལ། དཔངས་ཀྱི་ཚད་གསལ་བར་གསུངས་པ་མེད། བསིལ་རིའི་ཕྱི་རོལ་རིའི་རྩ་བ་དང་འབྲེལ་བར། འཛམ་གླིང་ཆེན་པོས་ཁོར་ཡུག་ཏུ་བསྐོར་བ་ཡིན་ཞིང། འོན་ཀྱང་གླིང་ཆུང་བཅུ་གཉིས་སོགས་གླིང་ཆུང་མང་པོ་ཡོད་པ་རྣམས་མ་གཏོགས། བར་ལན་ཚྭའི་རྒྱ་མཚོའི་ཆུ་ལག་གིས་ཁྱབ་པ་ཡིན། འོན་ཀྱང་ས་དུམ་བུ་བཅུ་གཉིས་པོ་རེ་རེ་ལ། ནང་མཐའི་རྒྱ་ལ་དཔག་ཚད་ཁྲི་ཉིས་སྟོང་ལྔ་བརྒྱ་དང༌། ཕྱི་མཐའི་ཞེང་ལ་ཉི་ཁྲི་ལྔ་སྟོང་རེ་ཡོད་དོ། །དེ་ཕན་ཆད་ལན་ཚྭའི་རྒྱ་མཚོ་ཆུའི་ཁོར་ཡུག་ནི། ཞེང་དཔག་ཚད་འབུམ་ཕྲག་ཕྱེད་ཀྱི་ཚད་ཅན་ནོ། །བར་གྱི་རི་མཚོ་གླིང་དྲུག་པོ་ནི། ཡོངས་སུ་བསྡོམས་པ་ལ་ཕྱོགས་རེར་དཔག་ཚད་སྟོང་ཕྲག་བཅུ་དྲུག་རེའི་ཞེང་ཡོད། དེ་དག་རི་རབ་ཀྱི་གདེངས་ཀའི་འོག་ཏུ་ཆུད་པ། གདེངས་ཀའི་མཐའ་དང༌། བསིལ་བའི་རིའི་ཕྱི་ལོགས་སྟེང་འོག་ཏུ་ཐད་ཀར་འབབ་པ་ཙམ་བྱའོ། །དེ་ལ་སྤྱིར་མཎྜལ་གྱི་ཆོ་ག་རྒྱས་པ་རྣམས་ལ་ས་བོན་དང་སྔགས་སོགས་མང་དུ་འབྱུང་ཡང༌། ཉིན་རེ་བཞིན་ལན་རེ་ཙམ་མ་གཏོགས་མཎྜལ་གྱི་འཁྲིད་ཀྱི་སྐབས་མཎྜལ་བརྒྱ་སྟོང་མང་པོ་བསྙེན་པའི་ཚུལ་དུ་བྱེད་པ་ལ། དེ་ལྟ་བུ་མི་འགྲུབ་པས། དེང་སང་མཎྜལ་ཚིག་ཙམ་གྱིས་འབུལ་བ་འདི་ལ་ཐམས་ཅད་ཕྱག་ལེན་མཛད། དེ་ལ་ཚོམ་བུ་སོ་བདུན་དང་ཉེར་ལྔ་དང༌། ཉེར་གསུམ་མ་དང་བདུན་མ་སོགས་རྣམ་གྲངས་མང་པོ་འདུག་ཀྱང༌། ཚོམ་བུ་མང་ཉུང་དང་དེ་དང་མཐུན་པའི་ངག་གི་བརྗོད་ཚུལ་མང་ཉུང་ཙམ་མ་གཏོགས། སྐད་ཅིག་གིས་བསྐྱེད་པའི་ཕྱིར་ཆོ་ག་བསྡུས་པ་ཡིན་པར་འདྲ་ཞིང༌། ཚོམ་བུ་ལྷག་པོ་རྣམས་དམིགས་པ་གསལ་བར་བྱེད་པའི་ཁྱད་ཙམ་མ་


TNT04_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས། དམིགས་ཡུལ་རྒྱ་ཆེ་ཆུང་ཡང་ འདྲའོ། །དེ་ལྟར་ན་ཡང་དཔལ་ལྡན་གསང་འདུས་ལས། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པས་སྦྱྀན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ཞེས་གསུངས་པའི་ལག་ལེན་གྱི་དབང་དུ་བྱས་ནས་རྒྱལ་སྲིད་རིན་པོ་ཆེན་སྣ་བདུན། དབང་སྔོན་སོགས་རིན་པོ་ཆེ་བདུན་གྱི་གཏེར་ཏེ། བརྒྱད་པོ་དེ་ས་བོན་ལས་སྐྱེད་ཅིང་སྔགས་ཀྱིས་འབུལ་བར་མཎྜལ་གྱི་ཆོ་ག་ཆེན་མོ་རྣམས་ལས་ཀྱང་བཤད་འདུག གང་ལྟར་ཡང་སྐབས་འདིར་སྤྲོས་པ་ལ་དགའ་ན་ཐུན་གྱི་འགོ་འཇུག་གཉིས་སུ། ཚོམ་བུ་སོ་བདུན་མ་ལྟ་བུ་ཚིག་ཅུང་ཟད་རྒྱས་པ་ཡང་འགའ་ཤས་འབུལ་ན་ནི་ལེགས། ངེས་པར་དགོས་པ་རང་ཡང་མིན། དཀྱུས་མ་གྲངས་སུ་བཅད་པ་རྣམས་གཞན་ཀུན་ལ་གྲགས་པའི་ཚོམ་བུ་བདུན་མའི་སྟེང་དུ། སྒྲ་གཅན་དུས་མེ་བསྣན་པའི་ཚོམ་བུ་དགུ་པ་ཉིད་ལ་མཛད། དེ་ལ་མཎྜལ་གྱི་ཆོ་ག་རྒྱས་པ་མ་ལྕོགས་ཕྱིན། མཎྜལ་རྒྱུ་རིན་པོ་ཆེ་ལས་གྲུབ་པ་ཡིན་ན་ཆུང་ཡང་མི་ཏོ། རྫ་དང་ཤིང་སོགས་རྒྱུ་ངན་ན། རྒྱ་ཆེ་བ་དགོས་ཞེས་གསུང་རྒྱུན་ལས་འབྱུང༌། དེ་ཡང་འབྱོར་པ་དང་བསྟུན་པའི་དབང་དུ་བྱས། ཡེ་མ་འབྱོར་ན་གཡམ་ལེབ་སོགས་ཀྱིས་ཀྱང་རུང་གསུང༌། ཚོམ་བུའི་འབྲུ་ནི་འབྱོར་ལྡན་ཡིན་ན། བསྐྱར་ལྡབ་མི་བྱེད་པར་ཚར་རེ་རེ་བཞིན་གྱིས་འབྲུ་དེ་ཟུར་དུ་སྤུངས་ནས། ཚོམ་བུའི་འབྲུ་གསར་བ་འབའ་ཞིག་འབུལ། དེ་ལྟར་རིམ་པས་བསགས་པའི་མཎྜལ་གྱི་མཆོད་འབྲུ་རྣམས་བླ་མ་དཀོན་མཆོག་ལ་འབུལ་གྱིས་རང་གིས་ལོངས་མི་སྤྱོད། འབྱོར་པ་མེད་ན་གཅིག་པོ་དེ་བསྐྱར་གྱིན་འབུལ་བ་ལས་འོས་མེད། དྲི་བཟང་གི་ཆུས་ཀྱང་བྱུག་སྟེ་འབྱོར་པ་དང་བསྟུན་རྒྱུ་གང་འབྱོར་ཡིན། སྔོན་བོད་འདིར་བཀའ་གདམས་པའི་མཎྜལ་སྐམ་པོ་དང༌། སྔགས་པའི་མཎྜལ་རློན་པ་ཞེས་གྲགས་ཤིང༌། མདོ་སྔགས་ཀྱི་ཁྱད་ཡིན་ཚུལ་བྱེད་ཀྱང༌། མདོ་སྔགས་ལ་སྐམ་རློན་ལ་ཁྱད་མེད། བརྒྱུད་པ་སོ་སོའི་ཕྱག་ལེན་གྱིས་ཁྱད་ཅིག་ཡིན་པར་འདུག །འདིར་ནི་


TNT04_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ལེགས་པར་ཕྱིས་པ་སེམས་ཀྱི་རང་བཞིན་དྲི་མ་མེད་པ་དང༌། དྲི་བཟང་གི་ཆུས་བྱུགས་པ་སེམས་ལ་བྱང་ཆུབ་ཀྱི་སེམས་ཀྱི་རླན་གྱིས་ཁྱབ་པ་མཚོན། མཎྜལ་གྱི་གཞི་གསེར་གྱི་ས་གཞི་དང༌། དྲི་བཟང་རྒྱ་མཚོར་ཡང་བསྒོམ་མོ། །ཨོཾ་བཛྲ་རེ་ཁེ་ཞེས་པའི་སྐབས་སུ། གསེར་གྱི་ས་གཞིའི་མཐའ་ལ་རྡོ་རྗེའི་རིའམ་ལྕགས་རིས་བསྐོར་བ་བསྒོམ། དེ་རྗེས་དབུས་སུ་ཧཱུཾ་ཞེས་པ་མཎྜལ་གྱི་བགེགས་བསལ་བ་ཡིན་གྱི། ས་བོན་ཧཱུཾ་ལས་རི་རབ་བསྐྱེད་པ་མ་ཡིན། འདིར་བསྡུས་པ་ཡིན་སྐད་ཅིག་གིས་བསྐྱེད་པ་ཡིན་པས་ས་བོན་མི་དགོས། ས་བོན་རང་བྱེད་ན་ཧཾ་ལས་རི་རབ་བསྐྱེད་པ་ཡིན་གྱི་ཧཱུཾ་མ་ཡིན་ནོ། །དེའི་ཚེ་ན་ཡ་ལས་ལུས་འཕགས་སོགས་ཚོམ་བུ་ཐམས་ཅད་ལ་ས་བོན་བྱེད་དོ། །འདིར་དེ་ལྟར་མིན། དབུས་སུ་རི་རབ་ཀྱི་ཚོམ་བུ་བཀོད་པ་ན། དམིགས་པས་གསལ་ཐེབས་ཤིང་སྤྲོས་པ་ལ་མོས་པས་རི་རབ་ཀྱི་རྗེས་འབྲངས་སྒོམ་ན་མངོན་པ་སོགས་ཀྱི་ལུགས་ལྟར་ན། གསེར་གྱི་རི་དང༌། རོལ་མཚོ་རྣམས་སམ། དུས་འཁོར་རང་ལུགས་ལྟར་ན་གླིང་དྲུག །མཚོ་དྲུག་རི་དྲུག་རྣམས་ཀྱང་སྒོམ། དེ་རྣམས་མི་ཤེས་པ་དང༌། མི་གསལ་བ་དང༌། སྒོམ་པར་མི་སྤྲོ་ན་རི་རབ་ཁོ་ནས་ཆོག་གོ །ཚོམ་བུ་དགུ་མའི་དབང་དུ་བྱས་ན། ཤར་ལུས་འཕགས་པོ་ཞེས་བརྗོད་པ་དང་ཤར་དུ་ཚོམ་བུ་གཅིག་ཁོ་ན་འགོད་ཀྱང༌། དམིགས་པས་ཤར་གྱི་གླིང་གསུམ་ག་བསྒོམ་དགོས། དེས་གཞན་གསུམ་ལའང་རིགས་འགྲེ། དེ་རྣམས་ཀྱི་ནང་དུ་ཚོམ་བུ་ཆུང་བ་རེ་རེ་འགོད། དམིགས་པས་ནི་གླིང་གི་ནང་དུ་མི་བྱེད། གླིང་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་ཟླ་ཉི་སྒྲ་དུས་བཞི་འགོད་པར་བསམ་པ་ནི། ལྷོར་ཉི་མ་དང་བྱང་དུ་ཟླ་བ་སྤྱི་དང་མཐུན། ཤར་དུ་སྒྲ་གཅན་ཁ་དོག་མཐིང་ནག ནུབ་ཏུ་དུས་མེ་ཁ་དོག་སེར་པོ། དེ་གཉིས་ཀར་ཡང་དྭངས་ཤིང་འཚེར་ལ་འོད་ཟེར་འཕྲོ་བ། །དབྱིབས་ཟླུམ་པོའོ། །བཞི་པོ་དེ་གྲུབ་པ་དང་མཉམ་དུ་གཟའ་སྐར་གྱི་ཚོགས་མཐའ་དག་ཀྱང་བསྒོམ། སྐོར་ཕྱོགས་ཀྱི་རིམ་པ་གཡས་སྐོར་དུ་བྱས་ཀྱང་ཆོག་མོད་ཀྱི། གཙོ་ཆེར་རླུང་


TNT04_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཆུ་སའི་དབྱེ་བས་ཤར་ལྷོ་བྱང་ནུབ་ཅེས་པའི་རིམ་པའོ། །དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཞེས་པའི་སྐབས། འཇིག་རྟེན་གྱི་ཁམས་སྟཻ་མཆོད་རྫས་འདོད་པའི་ཡོན་ཏན་ཉེར་སྤྱོད་རིམ་གྲོ་པ་སོགས་དགོས་འདོད་ཐམས་ཅད་ཀྱིས་བྱུར་བུར་བཀང་སྟེ་འབུལ་བར་མོས་པ་ནི་ངེས་པར་བྱེད་དགོས་ལ། དམིགས་པ་རྒྱ་ཆེ་ཞིང་གསལ་ན་འཇིག་རྟེན་གྱི་ཁམས་མང་པོ་ཞིག་འདོད་དགུས་བཀང་སྟེ་ཕུལ་བར་བསྒོམས་ནས། ནམ་མཁས་གར་ཁྱབ་མཆོད་པས་བཀང་སྟེ་ཕུལ་ཡོད་སྙམ་པའི་མོས་པ་ཙམ་བྱེད། དམིགས་པ་རྒྱ་ཆུང་ན་དངོས་སུ་ཞིང་ཁམས་གཅིག་པོ་དེ་ཁ་དམིགས་ནས་མཁའ་ཁྱབ་ཏུ་ཕུལ་སྙམ་པ་བྱ། མཎྜལ་ཚིགས་བཅད་མ། བདག་གི་ལུས་ངག་ཡིད་གསུམ་ཞེས་སོགས་འདི་བོད་དུ་འགྱུར་བའི་རྒྱུད་ན་མེད་ཀྱང་སྤྱིར་རྒྱུད་ཚིག་ཡིན། སློབ་དཔོན་ཙཱ་རི་ཏ་དང༌། རྙོག་མེད་དཔལ་གྱི་མཎྜལ་གྱི་ཆོ་ག་སོགས་ན་ཡོད། བདག་གི་ཞེས་པ་བདག་གཞན་དང༌། ཐུབ་པའི་སྐྱེས་མཆོག་ཅེས་པ་བླ་མ་ཡི་དམ་ཞེས་པར་འདོན་པར་སྤོས། ཚིག་རྐང་སྙོམས་པའི་ཕྱིར་བཟང་པོ་ཞེས་པ་བླ་མ་གོང་མ་རྣམས་ཀྱིས་བཅུག་པ་ཡིན། འདི་ཐུན་མོང་མ་ཡིན་པའི་ལག་ལེན་ཡིན་པའི་ཕྱིར་གལ་ཆེ། ས་གཞི་སྤོས་ཀྱི་སོགས་སྤྱི་འགྲོ་དེ་མི་སྤྲོ་ན་མ་བྱས་ཀྱང་ཆོག་གོ །དེ་ལྟར་མཎྜལ་འབུལ་བ་འདི་སྔ་མ་ལ་ཁ་གསོ་ཙམ་མི་བྱེད་པར། རེ་རེ་བཞིན་ཚོམ་བུ་སྔ་མ་བསལ་ནས་རྟིང་མ་འགོད། དྲི་ཆབ་ཀྱང་སྐམ་རས་ཀྱིས་བྱུག་སྟེ་རློན་ཐག་མ་ཆད་པར་འབྱུག་པ་སོགས་བླ་ཆོས་མ་བྱས་པར་སྒྲུབ་པས་ལུས་ཀྱི་ལས་དང༌། ཚིག་དག་ནས་བརྗོད་པ་ངག་གི་ལས་དང༌། རེ་རེ་བཞིན་དམིགས་པ་དང་བཅས་ཏེ་འབུལ་བའི་བསམ་པ་ཡིད་ཀྱི་ལས་ཏེ། སྒོ་གསུམ་གྱི་དགེ་བ་ཁྱད་པར་ཅན་ཆ་ཚང་བ་དང༌། དངོས་པོ་ཆུང་ཡང་དམིགས་པ་དང་བསམ་པ་རྒྱ་ཆེ་བའི་ཕྱིར། དགེ་བའི་རྣམ་གྲངས་མཐའ་ཡས་པ་ཡོད་པས། དཀའ་ཚེགས་ཆུང་ངུས་ཚོགས་རྒྱ་ཆེན་པོ་གསོག་ཐུབ་པའི་ཐབས་མཁས་ཁྱད་པར་ཅན་དུ་སྣང་ཞིང༌། མཎྜལ་གྱི་མདོ་ལས། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་


TNT04_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ ཀྱི། །ཐུབ་པའི་མཎྜལ་ལེགས་བྱས་པའི། །འདིར་ནི་ལུས་ཀྱི་ལས་བྱས་ན། ཁ་དོག་གསེར་ལྟར་འགྱུར་བ་དང༌། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང༌། །ཟླ་བ་ལྟ་བུར་གཟི་བརྗིད་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱྀམ་དུ་སྐྱེ་བ་ཉིད། །ཅེས་གསུངས་ཏེ། དཀོན་མཆོག་གི་དྲུང་དུ་མཎྜལ་ཆ་ཚང་གཅིག་བྱས་པ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཀར་གྱི་ཆ་ཤས་ཚང་བས། ཇི་སྐད་དུ། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང༌། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་གསུངས་པ་ལྟར་གྱི་ཕན་ཡོན་རྣམས་ཀྱང་ཐོབ་པར་འགྱུར་བ་དང༌། གནས་སྐབས་སུ་རིགས་ཕུན་སུམ་ཚོགས་པ་སྐྱེ། གཟུགས་མཛེས་ནད་མེད་ལོངས་སྤྱོད་ཆེ། ལྷར་སྐྱེས་ན་ལྷ་གཞན་ལས་ལྷག་པ་དང༌། མིར་སྐྱེས་ན་མི་གཞན་ལས་ལྷག་པར་འགྱུར། ཟླ་བ་དང་འདྲའི་གཟི་བརྗིད་ཅན་ཞེས་པ་ལ། གཟི་བརྗིད་ཆེ་བའི་དོན་སྟོབས་དང་དབང་ཐང་དང་ཤུགས་ཆེ་བ་ཡིན། ཡང་ཉི་མ་གཟི་བརྗིད་ཆེ་ཡང་ཚ་བས་གདུང་བར་བྱེད་པས་སྟོབས་ཆེན་པོ་གཞན་ལ་གནོད་པའི་དཔེར་འགྱུར་ལ། ཟླ་བ་ནི་ཡིད་དུ་འོང་ཞིང་ཚ་གདུང་སེལ་བའི་ཕྱིར། སྟོབས་ཆེན་པོ་དེ་གཞན་ལ་འཇིགས་སྐྲག་དང་གཞན་ལ་གནོད་པ་མི་སྐྱེད་ཅིང་ཤིན་ཏུ་ཕན་འདོགས་པའི་དཔེའོ། །དེ་ལྟར་ན་བླ་མ་བསྟེན་ཚུལ་ལྔ་བཅུ་པ་ལས། མཆོག་ཏུ་གུས་པས་དུས་གསུམ་དུ། །མཎྜལ་མེ་ཏོག་བཅས་ཐལ་མོས། །བླ་མ་སྟོན་པ་བསྙེན་བཀུར་ཞིང༌། །ཞབས་ལ་སྤྱི་བོས་ཕྱག་དག་བྱ། ཞེས་བཤད་པ་དང༌། དཔལ་དོན་དམ་བསྙེན་པ་ལས། ཐུན་མཚམས་གསུམ་དུ་ཤིན་ཏུ་རྣམ་པར་དག་པ་ཡིས། ཁ་དང་ལག་པ་རྐང་


TNT04_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ནི་བཀྲུས་བྱས་ནས། །མེ་ཏོག་ཡང་དག་བླངས་ཏེ་བླ་མའི་སྤྱན་སྔར་ནི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་ཤིན་ཏུ་ཟླུམ་པོ་བྱ། །ཞེས་གསུངས་པ་ལྟར། བླ་མའི་མཎྜལ་ལ་བརྩོན་པར་བྱའོ། །ཐུན་བཞིའམ། གསུམ་ལ་སོགས་པར་མཎྜལ་ཚོམ་བུ་དགུ་པ་ཚིག་ལྷུག་པ་ཚིགས་བཅད་དང་སྦྲགས་པ་དེ། ཅི་ནུས་ཅི་ལྕོགས་སུ་འབུལ། མ་ཐ་ཡང་ཐུན་རེ་ལ་བརྒྱ་རྩ་རེ་འབུལ་བར་བྱའོ། །སྤྱིར་སྒོམ་འཁྲིད་པ་གང་ལ་ཡང་ཐུན་ཡུན་རིང་ཞིང༌། ཐུན་མཚམས་ནི་ཟས་གཡོ་སྐོལ་སོགས་མི་དགོས་ཀ་མེད་རྣམས་མ་གཏོགས། སོས་དལ་དུ་འདུག་པ་དང༌། ལོང་གཏམ་དང༌། དོན་མེད་རྣམ་གཡེང་གི་བྱ་བ་མི་བྱེད་དེ། ཐུན་མཚམས་ཡུན་རིང་ན་མ་བསྒོམས་པ་ཁོ་ན་ཡིན་པས། ཇི་ལྟར་ཡུན་རིང་ཡང་གཉིད་ཀྱི་བྱ་བ་ཕར་བཞག་ལ། ཉིན་མོའི་ཐུན་གྱི་བཞི་ཆ་བས་ལྷག་པའི་ཐུན་མཚམས་མི་བྱའོ། །འོན་ཀྱང་དམིགས་བསལ་ལ། སྡིག་སྒྲིབ་སྦྱོང་བའི་ཁྲིད་ཀྱི་སྐབས་བླ་མའི་བཀའ་ལུང་ནོས་ནས། མཆོད་རྟེན་བཞེངས་པ་ལ་སོགས་པ་ལུས་ཐོག་ཏུ་ཅི་གལ་འབབ་པ། རྣམ་གཡེངས་བཞད་གད། སྙོམས་ལས་ལེ་ལོར་མི་འགྱུ་བའི་དགེ་ལས་ལ་དཀའ་བ་སྤྱོད་པའི་རིགས་ཡིན་ན། དེ་ཁ་རང་སྡིག་པ་སྦྱངས་ཐབས་ཡིན་པས། དེ་འདྲའི་ཐུན་མཚམས་ལ་ཡུན་རིང་དུ་སོང་ཡང་སྐྱོན་མེད་པ་ཡིན། འདིར་ཡང་དེ་དང་མཚུངས་པས། ཐུན་མཚམས་སུ་ཚོགས་གྱི་སྒོ་དུ་མ་ནས་གསོག་པའི་དབང་དུ་བྱས་ནས་ཕྱག་འབུལ་བ་དང༌། མཆོད་པ་བཤམས་པ་དང༌། གཙུག་ལག་ཁང་དང་བྱི་དོར་གྱི་ལས་སོགས་དང༌། རང་གི་ལོངས་སྤྱོད་ནས་མ་ཆགས་པར་དད་པས་གཏོང་བ་དང༌། ལུས་ཐོག་ཏུ་ངལ་དུབ་འབབ་པའི་དགེ་ལས་སེམས་རྣམ་གཡེང་གི་དབང་དུ་མི་གཏོང་བར་སྒྲུབ་ན། ཚོགས་གསོག་གི་སྐབས་འདིར་ཐུན་མཚམས་ཡུན་རིང་ཡང་སྐྱོན་མེད་དོ། །བསགས་སྦྱང་གི་སྐབས་འདི་མ་གཏོགས། །སྒོམ་སྒྲུབ་བྱེད་པ་ལ་དགེ་ལས་ཡིན་ཡང་རྣམ་གཡེང་གི་རིགས་རྣམས་སྤོང་དགོས་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། གང་ཞིག་ཏིང་


TNT04_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ངཻ་འཛིན་སྒོམ་པ་ལ་ཞུགས་ནས། དོན་དུ་གཉེར་བའི་ཏིང་ངེ་འཛིན་ཆེ་ཆུང་གང་རུང་ཅིག་རྒྱུད་ལ་སྐྱེས་ངེས་པ་དང༌། དེ་ཡང་ཚེ་འདི་ལ་རྐྱེན་གྱིས་ཉམས་པར་མི་འགྱུར་བའི་གདེང་མ་ཐོབ་ཀྱི་བར་དུ་བྱ་བ་གཞན་བསྐྱུངས་ཏེ་སྒོམ་ཁོ་ན་ལ་འབད་དགོས་ལ། དམིགས་པ་ལ་བརྟན་པ་ཐོབ་ནས་ནི། སྒོམ་དེས་ཟིན་པའི་སྒོ་ནས་དགེ་བའི་རྣམ་གྲངས་རྒྱ་ཆེན་པོ་ལ་སློབ་པ་ཉིད། སྤྱི་བཏང་ནས་མཆོག་ཡིན་མོད། གང་ཟག་གི་བློའི་རིགས་དང་དགག་དགོས་ཀྱི་དབང་ལས། སྒོམ་ལ་བརྟན་པ་ཐོབ་ཀྱང་སྤྲོས་པ་ལྷུར་མི་བྱེད་པར་མཉམ་བཞག་ཉིད་ལ་སྒྲིལ་ན་ཆོད་ཆེ་བ་ཀ་ཤིན་ཏུ་མང་ངོ༌། །ཤིན་ཏུ་ཆེས་སྐལ་པ་དམན་པ་འབད་པ་ཆེན་པོས་ཡུན་རིང་བསྒོམས་ཀྱང༌། ཏིང་ངེ་འཛིན་མ་སྐྱེས་པ་འགའ་ཞིག་ཚེ་འདིར་སྒོམ་སྐྱེ་བའི་རེ་ཐག་ཆད་ན་ནི། རེ་ཞིག་བསགས་སྦྱངས་ཀྱི་དོན་དུ་ལུས་ངག་གི་ཚོགས་བསག་ལ་འབད་པ་ཉིད་གནད་ཆེ་མོད། གང་ཟག་གི་རིགས་འགའ་ཞིག་སྒོམ་ལ་བརྩོན་པས་ལོ་ཟླ་མང་པོ་སོང་ཡང༌། རེ་ཞིག་ཉམས་མྱོང་སྣ་རེ་ཡང་མི་སྐྱེ་བ་ལ། དུས་ལན་གཅིག་ནམ་ཟླའི་དྲོད་ཕེབས་པ་ལྟར་ཉམས་མྱོང་རླབས་ཆེན་ཐོག་བབས་སུ་ཡོད་པ་ཡང་ཡོད་པས། ད་ནི་སྒོམ་མི་སྐྱེའོ་ཞེས་རེ་ཐག་གཅོད་པ་སྔ་བར་ཡང་མི་བྱའོ། ཏིང་ངེ་འཛིན་སྐྱེ་བར་འདོད་པའི་བསགས་སྦྱང་གི་སྐབས་འདིར། བསགས་སྦྱང་གི་སྒོམ་པ་ཉིད་སྤྱིར་བཟང་མོད་ཀྱང༌། རྣམ་གཡེང་དང་ལོང་གཏམ་དང་ཀྱལ་ཀ་སོགས་དོན་མེད་ཀྱི་ལས་དང་འདྲེས་པའི་མཆོད་པ་སྐོར་བས་ལས་ཁུར་སྐྱེད་སོགས་དགེ་ལས་སུ་རློམ། ཁ་ཡེངས་མིག་ཡེངས་ལ་སྙིང་པོ་མེད་པས། དེ་བས་ཐུན་གྱི་ཉམས་ལེན་རང་ལ་སྒྲིལ་བ་གལ་ཆེའོ། །འདིར་ཚོགས་གསོག་པ་མཎྜལ་གྱི་ཁྲིད་ཅེས་བྱ་བ་ལ། ཚོགས་གསོག་ཐབས་དངོས་ནི། རྡོ་རྗེའི་རྣལ་འབྱོར་དངོས་གཞི་རྣམས་ཡིན་མོད་ཀྱང༌། འདིར་ནི་སྐྱེ་བ་སྔ་མའི་ལས་འཕྲོ་བསགས་ཁྱབ་ཁྱད་པར་ཅན་ཡོད་ན་དེས་ཆོག་ཀྱང༌། དེ་ནི་དཀོན་ལ། རང་རྒྱུད་ལ་དགེ་བའི་རྩ་བ་དངོས་སུ་བསགས་པའི་གཞི་རྟེན་ཞིག་མེད་ན་ནི། དགེ་བའི་བག་ཆགས་ཙམ་ཡོད་ཀྱང་འཕྲལ་དུ་སྨིན་པ་


TNT04_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དང་སད་པར་མི་ནུས། དེ་མ་ནུས་པས་ལམ་དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་བ་དཀའ་ཞིང་བུལ་ལ་རླབས་ཆུང་བ་དང་འཕེལ་སྐྱེད་མི་འབྱུང་ངོ༌། །དགེ་རྩ་ཁྱད་པར་ཅན་གསར་དུ་སྐྱེད་ན་ནི་སྔར་གྱི་བག་ཆགས་ཀྱང་སད་དེ། ཉམས་རྟོགས་སྐྱེ་བ་མྱུར་ཞིང་སྟོབས་ཆེ་བ་ཡིན་ནོ། །ཚོགས་གསོག་རྒྱུའི་ཚོགས་དངོས་ནི། ཇི་སྐད་དུ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །རྒྱུན་དུ་སྒོམས་པ་ཐོབ་ནས་ནི། དགེ་བ་ཡང་དང་ཡང་དུ་སྒྲུབ། །བསྟན་པའི་ཚོགས་གང་ཡིན་པ་སྟཻ། །དོན་ཀུན་སྒྲུབ་པར་བྱེད་པའང་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་སྒྲུབ་པའི་རྒྱུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ནི་གཉིས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །བསོད་ནམས་ཀྱི་སྒོས་ཀྱི་འབྲས་བུ་ནི། བྱང་ཆུབ་སེམས་དཔའ་འཁོར་བར་སེམས་ཅན་གྱི་དོན་བྱེད་པའི་ཚེ། གཞན་དོན་སྤྱོད་པ་ལ་མཐུ་དང་ལྡན་པར་འགྲོ་བའི་ལུས་དང་ལོངས་སྤྱོད་དང་དབང་ཕྱུག་ལ་སོགས་པ་མངོན་པར་མཐོ་བ་རྣམས་ཐོབ་པ་དང༌། མཐར་ཐུག་གཟུགས་སྐུ་གཉིས་ཀྱི་སྒོ་ནས་སེམས་ཅན་ཀྱི་དོན་བྱེད་པ་ཡིན་ལ། ཡེ་ཤེས་ཀྱི་རང་འབྲས་ནི། གནས་སྐབས་སུ་སེམས་ཅན་གྱི་དོན་དུ་འཁོར་བར་སྤྱོད་པ་ན། ཉོན་མོངས་མེད་ཅིང་ཐབས་ལ་མཁས་པའི་ཡེ་ཤེས་ཀྱིས་འཇུག་པ་དང༌། མཐར་ཐུག་ཏུ་རང་དོན་ཆོས་ཀྱི་སྐུ་འགྲུབ་པར་བྱེད་དོ། །དེ་ལས་བསོད་ནམས་ཀྱི་ཚོགས་སུ་ངེས་པ་ནི། སྦྱིན་པ་དང་ཚུལ་ཁྲིམས་གཉིས་ཡིན་ལ། ཡེ་ཤེས་ཀྱི་ཚོགས་སུ་ངེས་པ་ནི་ཤེས་རབ་ཡིན་ཞིང༌། ཕར་ཕྱིན་གཞན་གསུམ་ལ་གཉིས་ཀའི་ཆ་ཤས་ཡོད་དེ། བཟོད་པ་ལ་གནོད་པ་ལ་ཇི་མི་སྙམ་པ་དང་སྡུག་བསྔལ་དང་ལེན་ནི་བསོད་ནམས། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི་


TNT04_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་གཙོ་ཆེ། བརྩོན་འགྲུས་ལ་ཡང་བསོད་ནམས་ལ་རྩོལ་བ་དང་ཡེ་ཤེས་ལ་རྩོལ་བ་གཉིས་ཡོད། བསམ་གཏན་ཡང་ཀུན་རྫོབ་ལ་དམིགས་པ་བསོད་ནམས་དང༌། དོན་དམ་ལ་དམིགས་པ་ཡེ་ཤེས་ཀྱི་ཚོགས་སོ། །དེ་ནི་གནས་སྐབས་ལྡོག་ཆས་ཕྱེ་ན་ཚོགས་གཉིས་ཐ་དད་པའི་རྣམ་གཞག་ཡིན་ལ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པ་དེའི་ཚེ། ཤེར་ཕྱིན་ཏུ་མ་ཟད་སྦྱིན་སོགས་ཕར་ཕྱིན་ལྔ་ཡང་ཡེ་ཤེས་ཀྱི་ཚོགས་ཡིན་པས། ཐམས་ཅད་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བའི་སྐབས་ཤིག་ཀྱང་ཡོད། གཞན་ལྔ་ཆར་ལ་བསོད་ནམས་ཀྱི་འབྲས་བུ་འབྱུང་བ་བཞིན་དུ། ཤེར་ཕྱིན་ལས་ཀྱང་བསོད་ནམས་ཀྱི་འབྲས་བུ་འཕེལ་བའི་ཕྱིར། ཐམས་ཅད་བསོད་ནམས་ཀྱི་ཚོགས་སུ་འགྱུར་བའི་སྐབས་ཀྱང་ཡོད་པས། དེས་ན་ཕྱིན་དྲུག་ཐམས་ཅད་བསོད་ནམས་ཀྱང་ཡིན་ལ་ཡེ་ཤེས་ཀྱང་ཡིན་ཞེས་བྱ་སྟེ། སྤྱོད་པ་དངོས་སམ་ངོ་བོའི་སྒོ་ནས་ཚོགས་གཉིས་གཅིག་ཏུ་རྣམ་པར་བཞག་པ་ཞེས་བྱའོ། །སྤྱིར་བྱང་ཆུབ་སྤྱོད་པ་ལ་སྲིད་ཚད་ཀྱི་དབང་དུ་བྱས་ན། སོ་སོ་རྐྱང་པ་བ་གཉིས་དང་གཉིས་ཀ་ཡིན་པའི་གཞི་མཐུན་པ་སྟེ། མུ་གསུམ་ཡོད་བྱང་ཆུབ་ཀྱི་སེམས་གྱི་ཟིན་ཞིང་མི་རྟོག་ཡེ་ཤེས་ཀྱིས་མ་ཟིན་པའི་སྦྱིན་པ་ལྟ་བུ་བསོད་ནམས་རྐྱང་པ་དང༌། སོ་སོ་སྐྱེ་བོའི་དུས་ན་ལུས་ངག་གི་སྤྱོད་པ་སྤངས་ཤིང་སྟོང་ཉིད་གཅིག་པུ་ལ་དམིགས་པའི་ཏིང་ངེ་འཛིན་ལྟ་བུ་ཡེ་ཤེས་ཀྱི་ཚོགས་རྐྱང་པ་ཡིན་ལ། སོ་སྐྱེའི་དུས་ན་མི་རྟོག་ཡེ་ཤེས་རྗེས་མཐུན་པས་ཟིན་པའི་སྦྱིན་སོགས་དང༌། སྟོང་པའི་ཉམས་ལས་ཤར་བའི་སྙིང་རྗེ་སོགས་སྤྲོས་པའི་རྣམ་པ་ཅན་དང༌། སྟོང་ཉིད་སྒྱུ་མ་ལྟ་བུ་སོགས་ཚོགས་གཉིས་ཟུང་འཇུག་རྗེས་མཐུན་པའམ། ཟུང་འཇུག་གི་སྒྲུབ་པའམ། རྒྱུའམ་ཟུང་འབྲེལ་ཡིན་ནོ། །འཕགས་པ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་སོགས་སྤྱོད་པ་ཐམས་ཅད་རོ་མཉམ་དུ་གྱུར་པ་ནི། ཚོགས་གཉིས་ཟུང་འཇུག་དངོས་དང་ཚོགས་གཉིས་གཞི་མཐུན་པ་ཡིན་ནོ། །དཔེར་ན་བྱང་ཆུབ་


TNT04_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་གཏོང་སེམས་དེ། སེམས་ཅན་བདེ་ཞིང་སྨིན་པར་བྱེད་པས་བསོད་ནམས་ཀྱི་ཚོགས་ཀྱང་ཡིན། གཏོང་སེམས་དེ་ཁོ་ནས་གདོང་ཐུག་གི་དངོས་པོ་རྣམས་གཙོ་བོར་གྱུར་པའི་ཆོས་དང་གང་ཟག་སྟོང་པར་རྟོགས་པའི་ཕྱིར། ཡེ་ཤེས་ཀྱི་ཚོགས་ཀྱང་ཡིན་ནོ། །དེས་གཞན་རྣམས་ལའང་མཚོན། དེའི་ཚེ་སྦྱིན་པའི་ལྡོག་ཆ་བསོད་ནམས་དང༌། དེ་ཁོ་ན་ཉིད་རིག་པའི་ལྡོག་ཆ་ནས་ཡེ་ཤེས་ཡིན་གྱི། གཏོང་སེམས་དང་དེ་ཁོ་ན་ཉིད་དེ་གཉིས་རིག་པ་རྫས་ཐ་དད་མེད་དེ་ངོ་བོ་གཅིག་ཡིན། དེས་གཞན་རྣམས་ལ་འགྲེའོ། །དེ་ལྷ་བུའི་བསོད་ནམས་དང་ཡེ་ཤེས་གང་ཡིན་པ་དེ་ཡང༌། ཡང་ནས་ཡང་དུ་སྒྲུབ་ཅིང་རྒྱུན་དུ་གོམས་པར་བྱེད་པ་དང༌། འདོད་དོན་ཐམས་ཅད་འགྲུབ་པར་བྱེད་པའི་ཕྱིར་ཚོགས་ཞེས་བྱ་སྟེ། སཾ་སྐྲྀ་ཏའི་སྐད་ཀྱི་སྒྲ་བཤད་ལས་དྲངས་པའང་ཡིན། བོད་སྐད་ལ་ཡང་དོན་དེ་གནས་པ་ཡིན་ནོ། །ཚོགས་ནི་ཚོགས་པ་སྟེ་མང་པོ་གསོག་པར་འོས་ཤིང་བསགས་ན་ལེགས་པ་ཡིན་པའི་ཕྱིར། ཚོགས་པར་བྱེད་དགོས་རྒྱུ་ལ་ཚོགས་པའི་མིང་གིས་བཏགས་པའོ། །སྐྱེ་བ་སྔོན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་དུ་བསགས་པའི་འབྲས་བུ་ལ་སྤྱོད་པའི་དགེ་བ་རླབས་ཆེན་འགྲུབ་པ་རྣམས་ཀྱིས་ཇི་ལྟར་བསྒྲུབས་ཀྱང་སླ་བ་ཡིན་མོད། དེ་ལྟར་མ་ཡིན་པ་རྣམས་ཀྱིས་དགེ་བ་ཕྲ་མོ་ནས་སྒྲུབ་པ་ལ་འབད་དགོས་སོ། །དེ་དག་ནི་ཚོགས་གཉིས་སྤྱིའི་གོ་དོན་ཡིན་ལ། དཔལ་དུས་འཁོར་དང་སེམས་འགྲེལ་རྣམས་ཀྱི་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་བཞེད་པས་ཚོགས་གསུམ་ཞེས་ཀྱང་གསུངས་ཏེ། བསོད་ནམས་ཀྱི་ཚོགས་དང༌། ཚུལ་ཁྲིམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་སོ། །བསོད་ནམས་ནི་གཙོ་བོར་སྙིང་རྗེ་ཆེན་པོས་གཞན་ལ་ཕན་པ་སྒྲུབ་པ་ཡིན་ན། སྤྱོད་པ་སྦྱིན་སོགས་སྤྱི་དང་འདྲ། ཡང་ཤས་ཆེ་བའི་དབང་དུ་བྱས་ན། བསྐྱེད་རིམ་དང་ལས་ཚོགས་དང་ཐུན་མོང་གི་དངོས་གྲུབ་རྣམས་སྔགས་ལུགས་ཀྱི་ཁྱད་ཆོས་ལྷག་པོའོ། །ཚུལ་ཁྲིམས་ཀྱི་ཚོགས་ནི་བསྐྱེད་རྫོགས་གཉིས་ཀར་དུ་འབྱུང་བའི་ཞུ་


TNT04_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འགྱུར་མེད་ཐབས་དང་བཅས་པ་དེ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ནི་སྤྱིར་འདྲ་བ་ལས། མཐར་ཐུག་གི་ཁྱད་ཆོས་རྣམ་ཀུན་མཆོག་ལྡན་དང་མི་འགྱུར་བ་ཟུང་དུ་འཇུག་པའོ། །དེ་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་ཡིན་ཏེ། སྦྱིན་པ་དང༌། ཐབས་དང༌། སྨོན་ལམ་རྣམས་བསོད་ནམས་ཀྱི་ཚོགས་ཡིན་ལ། ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་གསུམ་ཚུལ་ཁྲིམས་ཀྱི་ཚོགས། བསམ་གཏན་ཤེས་རབ་སྟོབས་དང་ཡེ་ཤེས་རྣམས་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གསུམ་དང༌། ཕྱིན་བཅུ་རྫོགས་པ་ལས་བླ་ན་མེད་པའི་སངས་རྒྱས་སུ་འགྱུར་རོ། །རྩ་རྒྱུད་ལས། ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །ཅེས་གསུངས་པས་སོ། །གཞན་ཡང་སྐབས་འདིར་འཕྲོས་དོན་ཅུང་ཟད་བཤད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ལ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་བྱ་བ། རང་ཉིད་དགེ་ཆོས་ཀྱི་སྒོ་ཐམས་ཅད་ལ་བསླབས་པས། རང་རྒྱུད་ཡོངས་སུ་སྨིན་པ་ཞིག་འོང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བྱ་བ། གཞན་རྣམས་ཀྱང་གང་ལ་གང་འཚམས་ཀྱི་དགེ་བ་སྣེ་མ་འགགས་པ་ལ་བཀོད་པས། སེམས་ཅན་སྨིན་པར་བྱེད་པ་ཞིག་དགོས་པ་ཡིན། གཉིས་པོ་དེ་འགྲུབ་ཏུ་རུང་བཞིན་དུ་མི་བྱེད་ན། བྱང་ཆུབ་སེམས་དཔའི་ཉེས་པ་ཡིན་ཚུལ་ཁྲིམས་ལ་གནོད་པས། སྐབས་སུ་བབ་ན་ངེས་པར་སྒྲུབ་དགོས་སོ། །གཞན་ཡང་དགེ་བ་སྒོ་དུ་མ་ནས་བསྒྲུབས་པས་ཚོགས་བསག་དགོས་ཏེ། བསམ་པ་དག་པ་དང༌། ཡུལ་མཆོག་དང༌། དགེ་བའི་ལས་གཙང་མའི་ཁྱད་པར་འགའ་ལས་བྱ་བ་ཆུང་ངུ་ལས་ཀྱང་འབྲས་བུ་རྒྱ་ཆེན་པོ་འབྱུང་སྟེ། དཔེར་ན་འཕགས་པ་ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྲུ་བཞི་པ་བྱེད་ན་དེ་བྱང་གི་སྒྲ་མི་སྙན་གྱི་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང༌། ལུས་ཞིག་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་


TNT04_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ནང་དུ་སྐྱེ་བར་ང་སྨྲའོ་ཞེས་གསུངས། དེ་བཞིན་དུ་དཀྱིལ་འཁོར་ཟླུམ་པོ་ལ། བ་གླང་སྤྱོད་ཀྱི་བདག་པོ་དང་འཐབ་བྲལ་གྱི་ལྷར་སྐྱེ་བ་དང༌། ཟླ་གམ་ལ་ལུས་འཕགས་གླིང་གི་བདག་པོ་དང་དགའ་ལྡན་དུ་སྐྱེ་བ་དང༌། ཤིང་རྟའི་དབྱིབས་བྱེད་ན་འཛམ་གླིང་གི་བདག་པོ་དང་འཕྲུལ་དགར་སྐྱེ་བར་གསུངས། འདིར་དཀྱིལ་འཁོར་ཞེས་པ་མཎྜལ་ཡིན་ཞིང༌། མདོ་ཚིག་འདི་དག་གིས་ཞོར་ལ་འཕང་པའི་དོན་མང་པོ་ཞིག་སྟོན་ཏེ། མཎྜལ་གྱི་ཞལ་ཞལ་ཙམ་བྱས་པ་དང༌། མེ་ཏོག་ཙམ་ཕུལ་བས་ཀྱང༌། ཁམས་ཀྱི་རྒྱལ་ཕྲན་ནམ། རྒྱལ་ཆེན་བཞི་རིགས་ཀྱི་ལྷར་སྐྱེ་བ་དང༌། མཎྜལ་དེ་དག་གཉིས་ལྡན་གསུམ་ལྡན་བཞི་ལྡན་དུ་ཕུལ་བས་གླིང་གཉིས་སམ་གསུམ་མམ་བཞིའི་བདག་པོར་འགྱུར་ཞིང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བ་ཡང་དོན་གྱི་གོ་ནུས་ལ། དེར་མ་ཟད་ཆོས་མངོན་པར་མ་གྲགས་པའི་གླིང་གཞན་གསུམ་དུ་སྐྱེས་པའི་འཁོར་ལོས་སྒྱུར་རྒྱལ་ཡང་ཡོད་པ་དང༌། སྤྱིར་བཏང་ལ་སྒྲ་མི་སྙན་པ་དབང་པོ་རྟུལ་བ་དང༌། འཛམ་གླིང་ཆུང་ངུ་བ་དབང་པོ་རྣོ་བར་གྲགས་ཀྱང༌། གཞན་གཉིས་ལ་གླིང་བརྗོད་མེད་པ་ལས། འདིས་ནི་བྱང་གླིང་པ་ལས་ནུབ་པ་དང༌། དེ་ལས་ཤར་པ་དང༌། དེ་ལས་ལྷོ་པ་མཆོག་ཏུ་གསུང་པ་དབང་པོ་རྣོ་བའི་སྒོ་ནས་མཆོག་ཏུ་བཞག་པ་རྣམས་ཀྱང་གོ་བར་བྱའོ། །དེ་བཞིན་དུ་གཙུག་ལག་ཁང་སོགས་ཕྱགས་དར་བྱས་པའི་ཕན་ཡོན་ཡང་རང་གི་སེམས་དང་བ་དང༌། གཞན་གྱི་སེམས་དང་བ་དང༌། ལྷ་རྣམས་དགའ་བ་དང༌། དགེ་བ་རྒྱ་ཆེན་པོ་གསོགས་པ་དང༌། ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་སྟེ་ ལྔའོ། །གཞན་ཡང་མདོ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན། །


TNT04_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། །ཐུབ་པའི་མཆོད་རྟེན་བྱེད་པའི་མི་རྣམས་ནི། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང༌། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་དང་ལྡན། །དགྲ་ཡི་ཚོགས་རྣམས་ཀུན་ཀྱང་ཐུབ་པར་འགྱུར། །ཞེས་སོགས་དང༌། དལ་བ་རྙེད་དཀའ་ཐོབ་གྱུར་ནས། །སྐད་ཅིག་གཅིག་ཙམ་བར་དུ་ཡང༌། །མཆོད་རྟེན་སྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྤོང་བར་འགྱུར། །ཞེས་དང༌། དཀོན་མཆོག་ལ་ཕྱག་བཙལ་བའི་ཕན་ཡོན་བཅུ་སྟེ། མདོག་བཟང་མཛེས་དང་ཚིག་བཙུན་དང༌། །འཁོར་རྣམས་ཟིལ་གནོན་ལྷ་མི་དགའ། །དམ་པ་དང་འགྲོགས་གཟི་བརྗིད་ཆེ། །ལོངས་སྤྱོད་མཐོ་རིས་ཐར་པ་ཐོབ། །ཅེས་བྱ། དཀོན་མཆོག་ལ་ཐལ་མོ་སྦྱར་བ་ཁོ་ན་ལ་ཡང་རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་ལེན་པ་དང༌། གཟུགས་བཟང་བ་དང༌། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་ཕན་ཡོན་བཅུ་གསུངས་ཏེ། མདོ་སྡེ་ལས་རྣམ་འབྱེད་དུ་བལྟའོ། །ཡང་མདོ་ལས། དྲི་ཞིམ་འབྲུ་མར་རྣམས་ཀྱིས་མཆོད་རྟེན་ཁྲུ། །སྤོས་དང་མེ་ཏོག་སིལ་སྙན་སྣ་ཚོགས་འབུལ། །ཡིད་དུ་འོང་བས་མཁན་པོ་སློབ་དཔོན་བསྟེན། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཞེས་པ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་བཞེང་བ་དང༌། བླ་མ་དགེ་བདུན་རྟེན་གསུམ་རྣམས་ལ་ཕྱག་འབུལ་བ། སྐོར་བ་བྱེད་པ། མཆོད་པས་མཆོད་པ། བསྟོད་ཅིང་གསོལ་བ་འདེབས་པ་ལ་སོགས་པ། རེ་རེ་ལ་ཡང་ཕན་ཡོན་དཔག་ཏུ་མེད་པར་གསུངས་པ་ལྟར་ཡིན་ཏེ། རིན་ཆེན་འཕྲེང་བ་ལས་ཀྱང༌། སེམས་ཅན་རྣམས་ནི་བྱང་ཆུབ་ཏུ། །སེམས་བསྐྱེད་བཅུག་ཅིང་བརྟན་བྱས་ན། །རི་དབང་རྒྱལ་པོ་ལྟར་བརྟན་པའི། །བྱང་ཆུབ་སེམས་ནི་རྟག་ཏུ་ཐོབ། །དད་པས་མི་ཁོམས་འགྲོ་མི་འགྱུར། ཁྲིམས་ཀྱིས་འགྲོ་བ་བཟང་པོར་འགྲོ། །སྟོང་པ་ཉིད་ལ་གོམས་པ་ ཡིས། །ཆོས་རྣམས་ཀུན་ལ་ཆགས་མེད་ཐོབ། །གཡོ་མེད་པས་ནི་དྲན་པ་ ཐོབ། །སེམས་པར་བྱེད་པས་བློ་གྲོས་


TNT04_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །བཀུར་སྟི་བྱེད་པས་དོན་རྟོགས་ ལྡན། །ཆོས་སྲུང་ཤེས་རབ་ཅན་དུ་འགྱུར། །ཆོས་ཉན་པ་དང་སྦྱིན་པ་དག །སྒྲིབ་པ་མེད་པར་བྱེད་པ་ཡིས། །སངས་རྒྱས་ཉིད་དང་འགྲོགས་པ་ཉིད། །འདོད་པ་མྱུར་དུ་ཐོབ་པར་འགྱུར། །མ་ཆགས་པས་ནི་དོན་འགྲུབ་སྟེ། །སེར་སྣ་མེད་པས་ལོངས་སྤྱོད་འཕེལ། །ང་རྒྱལ་མེད་པས་གཙོ་བོར་འགྱུར། །ཆོས་ལ་བཟོད་པས་གཟུངས་ཐོབ་བོ། །སྙིང་པོ་ལྔ་རྣམས་བྱིན་པ་དང༌། །འཇིགས་ལ་མི་འཇིགས་སྦྱིན་པ་ཡིས། །བདུད་རྣམས་ཀུན་གྱིས་མི་ཚུགས་ཤིང༌། །སྟོབས་པོ་ཆེ་ཡི་མཆོག་ཏུ་འགྱུར། །མཆོད་རྟེན་མར་མེའི་འཕྲེང་བ་དང༌། །མུན་པ་དག་ཏུ་སྒྲོན་མེ་དང༌། །མར་མེ་འབྲུ་མར་སྦྱིན་པ་ཡིས། །ལྷ་ཡི་མིག་ནི་ཐོབ་པར་འགྱུར། །མཆོད་རྟེན་མཆོད་པར་རོལ་མོ་དང༌། །དྲིལ་བུ་དག་ནི་ཕུལ་བ་དང༌། །དུང་དང་རྔ་ནི་རབ་ཕུལ་བས། ལྷ་ཡི་རྣ་བ་ཐོབ་པར་འགྱུར། །གཞན་གྱི་འཁྲུལ་པ་མི་གླིང་ཞིང༌། །ཡན་ལག་ཉམས་པ་རྣམས་མི་བརྗོད། །སེམས་ནི་རྗེས་སུ་བཟུང་བས་ན། །གཞན་གྱི་སེམས་ནི་ཤེས་པ་ཐོབ། །ལྷམ་དང་བཞོན་པ་བྱིན་པ་དང༌། །ཉམས་ཆུང་བཀུར་བར་བྱེད་པ་དང༌། །བཞོན་པས་བླ་མ་བཀུར་བ་ཡིས། །མཁས་པས་རྫུ་འཕྲུལ་ཐོབ་པར་འགྱུར། །ཆོས་ཀྱི་ཆེད་དང་དེ་བཞིན་དུ། །ཆོས་གཞུང་དོན་དག་དྲན་པ་དང༌། །ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །དངོས་རྣམས་ངོ་བོ་ཉིད་མེད་པར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མངོན་ཤེས་དྲུག་པ་ཟག་པ་ཀུན། །ཟད་པ་མཆོག་ནི་ཐོབ་པར་འགྱུར། །སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར། །དེ་བཞིན་ཉིད་ཤེས་མཉམ་ལྡན་པ། །སྙིང་རྗེས་བརླན་པ་བསྒོམ་པ་ཡིས། །རྣམ་པ་མཆོག་ལྡན་རྒྱལ་བར་འགྱུར། །ཐུབ་དབང་རིན་ཆེན་ཕུལ་བ་ཡིས། །མཐའ་ཡས་འོད་ནི་རྣམ་པར་འཕྲོ། །ཞེས་གསུངས། བཙུན་པ་ཆོས་ལྡན་རབ་འབྱོར་དབྱིངས་ཀྱིས་ཀྱང༌། མི་འཚེ་བ་ཡིས་ལྷ་དང་མི། །ལྷ་མིན་རྣམས་སུ་ཚེ་རིང་འགྱུར། །འཚེ་བས་ཐུང་


TNT04_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་སྐྱེ་བར་འགྱུར། །དེ་ཕྱིར་འཚེ་བ་རྣམ་པར་སྤངས། །གང་ཞིག་འདི་ལ་ཟས་སྦྱིན་པས། །ཚེ་དང་མདོག་དང་སྟོབས་ལྡན་ཞིང༌། །དཔལ་དང་ལྡན་ཞིང་ནད་སྤངས་པ། །རྟག་པར་བདེ་དང་ལྡན་པ་འགྱུར། །གང་ཞིག་གོས་ནི་སྦྱིན་བྱེད་དེ། །འཛེས་བཅས་གཟུགས་བཟང་ལོངས་སྤྱོད་ལྡན། །བརྗིད་ཅན་སྲོག་ཆགས་རྣམས་ལ་སྡུག །གོས་རྣམས་ཀྱང་ནི་རྙེད་པར་འགྱུར། །གང་ཞིག་འདི་ལ་རབ་དགའ་བའི། །སེམས་ཀྱི་གནས་ནི་སྦྱིན་པར་ བྱེད། །ལུས་ཅན་དེ་ལ་ཁང་བཟང་ནི། །འདོད་པ་ཀུན་དང་ལྡན་པ་འབྱུང༌། །ཞེས་དང༌། གང་ཞིག་རྟག་པར་ཡིད་དགའ་བས། །བླ་མ་རྣམས་ཀྱི་བཀའ་བཞིན་བྱེད། །ཕན་དང་མི་ཕན་སྟོན་པའི་མི། །དེ་ཡི་ཚིག་ནི་བཙུན་པར་འགྱུར། །གཞན་བརྙེས་པ་ཡིས་སྨད་པར་འགྱུར། །ཟློག་པ་ཡིས་ནི་མཐོན་པོར་འགྱུར། །བདེ་བ་ཆེན་པོས་བདེ་དང་ལྡན། །སྡུག་བསྔལ་ཆེན་པོས་སྡུག་བསྔལ་འགྱུར། །ཞེས་དང༌། གང་ཞིག་བདག་བདེ་མི་འདོད་ཅིང༌། །ཡོངས་སུ་བཟུང་པ་མི་དགའ་བ། །དེ་ནི་གཟའ་རྣམས་དག་གི་མཆོག །རྒྱལ་ཆེན་བཞི་པ་ཉིད་དུ་འགྱུར། །ཕ་མ་ཕ་ཚན་གཙོ་བོ་ཡང༌། །བཀུར་ཞིང་གཏོང་དང་བཟོད་པར་ལྡན། །འཐབ་མོ་ལ་ནི་དགའ་བ་གང༌། །དེ་ནི་སུམ་ཅུ་རྩ་གསུམ་སྐྱེ། །རྩོད་པར་མི་དགའ་འཐབ་མོ་ལ། །ཡིད་ནི་དགའ་བར་མི་བྱེད་པ། །གཅིག་ཏུ་དགེ་ལ་བརྩོན་པ་གང༌། །དེ་དག་འཐབ་བྲལ་ཉིད་དུ་འགྲོ། །ཐོས་པ་མང་དང་ཆོས་འཛིན་དང༌། །ཤེས་རབ་ལྡན་ཞིང་ཐར་པ་འདོད། །ཡོན་ཏན་དག་ལ་དགའ་བའི་མི། །དེ་དག་དགའ་ལྡན་ཉེ་བར་འགྲོ། །མི་གང་རང་ཉིད་དུལ་བ་ལ། །ཞུགས་ཤིང་ཚུལ་ཁྲིམས་འབོགས་པ་ཡང༌། །སྤྲོ་བ་ཆེ་དང་ལྡན་པ་སྟེ། །གདོན་མི་ཟ་བར་འཕྲུལ་དགར་འགྲོ། །སེམས་ཅན་གང་ཞིག་མི་དམན་མཆོག །སྦྱིན་དང་དུལ་དང་ཡང་དག་སྡོམ། །ཕུལ་བྱུང་ཡོན་ཏན་ལྡན་གྱུར་ཏེ། །ངེས་པར་གཞན་འཕྲུལ་དབང་བྱེད་འགྲོ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ཐོབ། །བསམ་གཏན་གྱིས་ནི་ཁྱད་པར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མཐར་ནི་ཡང་སྲིད་མེད་པར་འགྲོ། །


TNT04_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བྲལ་དང་བསོད་ནམས་ཐོབ། །དེ་བཞིན་སྡིག་པའང་སྤོང་བར་བྱེད། །བདག་དང་གཞན་གྱི་དོན་བྱེད་ དང༌། །གཞན་ལ་གནོད་པ་སྤོང་བ་ནི། །བསོད་ནམས་ཡིན་ནོ་བཟློག་པ་སྡིག །བདག་ཉིད་ཆེན་པོ་དེ་སྐད་གསུངས། །ཞེས་སོགས་མང་དུ་འབྱུང་ཞིང༌། འདི་ཙམ་གྱིས་མཚོན་ནས་མདོ་དང་བསྟན་བཅོས་རྣམས་ནས། ཚོགས་ཀྱི་སྒོ་མཐའ་ཡས་པ་དང༌། དགེ་བའི་ཕན་ཡོན་དཔག་ཏུ་མེད་པར་གསུངས་པ་རྣམས་རིག་པར་ བྱའོ། །དེས་ན་དགེ་རྩ་སྣ་རེ་ལ་ཆོག་ཤེས་མི་བྱེད་པར། ཚོགས་ཀྱི་སྒོ་རྣམ་གྲངས་མི་འདྲ་བ་དུ་མ་ནས་ཅི་ནུས་སུ་བསགས་པར་བྱའོ་ཞེས་བརྗོད། བླ་མའི་རྣལ་འབྱོར་གྱི་དམིགས་པ་ཕོག་ཟིན་པའི་རྗེས་སུ། ཆོས་ཐུན་རྟིང་མ་གཞན་ལ་གོ་བབས་ཅུང་ཟད་འཆད་པར་སྤྲོ་ན་འདི་ལྟར་བྱ་སྟེ། དེ་ལ་དོན་ཚན་དང་པོ་སློབ་དཔོན་དང་སློབ་མའི་མཚན་ཉིད་བཤད་པ་ནི། ཇི་སྐད་དུ། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག ཁེངས་ཤིང་ཆགས་ལ་མ་བསྡམས་དང༌། །རང་བསྟོད་བླ་མ་སློབ་མར་ནི། །བློ་དང་ལྡན་པས་མི་བྱའོ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །རབ་ཏུ་དང་ཞིང་དབང་པོ་དུལ། །ཞེས་པ་འདི་བླ་མ་ལྔ་བཅུ་པར་ཡང་འབྱུང་མོད་ཀྱི། དྲི་མེད་འོད་དུ་ལུང་དྲངས་འདུག་པས་རྒྱུད་ཚིག་ཅིག་ཡིན་པར་གསལ་ལོ། །རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་ལ་ལྷག་པར་གནས། །དེ་ཉིད་བསྒོམ་ཞིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་བ་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་པ་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་


TNT04_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དཔར་རབ་གྲགས་པའོ། །ཞེས་བླ་མའི་ཡོན་ཏན་དང༌། ང་རྒྱལ་དང་ལྡན་བྲོ་བས་ཟིལ་མནན་དམ་ཚིག་རྣམ་འདྲལ་རྫས་ལ་བརྐམ་ཞིང་ཐོས་པ་དག་ཀྱང་མེད། །སློབ་མ་རྣམས་ནི་བསླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལ་སེམས་ཉམས་དབང་མ་བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་དང་ལྡན་ཞིང་དབང་པོའི་དོན་དུ་འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱ། །ཞེས་སྐྱོན་གྱི་རྣམ་གཞག་དང༌། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ཤེས། ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། ཞེས་སློབ་མའི་མཚན་ཉིད་རྣམས་གསུངས། དེ་ལ་སློབ་དཔོན་གཉིས་ཏེ། མཚན་ཉིད་ཐམས་ཅད་དང་ལྡན་པ་ནི་སློབ་དཔོན་མཆོག་ཏུ་འགྱུར་བ་དང༌། སྐྱོན་སྤངས་ཡོན་ཏན་ཅན་གྱི་མཚན་ཉིད་ཐམས་ཅད་མ་རྫོགས་ཀྱང་མེད་མི་རུང་གི་ཡོན་ཏན་དང་ལྡན་པའི་སློབ་དཔོན་དུ་འོས་པ་གཉིས་སོ། །དེ་བཞིན་དུ་སློབ་མའི་མཚན་ཉིད་རབ་འབྲིང་ཐ་མའི་དབྱེ་བས་གསུམ་དུ་འགྱུར་རོ། །བླ་མའི་ཡོན་ཏན་ལ། དབང་བསྐུར་བས་དམ་ཚིག་ཐོབ་པ་དང༌། དེ་ཉིད་བཅུ་ཤེས་པ་ལ་སོགས་པ། གསང་སྔགས་རང་གི་ཁྱད་ཆོས་ཅི་རིགས་པ་མ་གཏོགས། བླ་མའི་མཚན་ཉིད་སྤྱི་རྣམས་ཐེག་ཆེན་དགེ་བའི་བཤེས་གཉེན་སྤྱི་དང་འདྲ་བས། བླ་མའི་མཚན་ཉིད་མདོ་སྔགས་གཉིས་ལ་མི་འདྲ་བ་ཆེན་པོ་ནི་མེད་དོ། །དེ་དག་ལས་སྙིང་རྗེ་མེད་ཅིང་ཞེས་སོགས་སྐྱོན་བདུན་པོ་དེ་ནི། སློབ་དཔོན་དང་སློབ་མ་གཉིས་ཀའི་སྐྱོན་ཡིན་ཏེ། སློབ་དཔོན་སྐྱོན་དེ་དག་ཤས་ཆེར་སྤྱོད་པ་ཡིན་ན་བླ་མར་མི་བྱ་ལ།


TNT04_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཆ་ཕྲ་མོའང་སྤངས་པ་ནི་མཆོག་ཡིན་མོད་ཀྱང་དེང་སང་རྙེད་པར་དཀའོ། །སྐྱོན་བདུན་ལས་ལྔའམ་དྲུག་སྤངས་ན། གཉིས་སམ་གཅིག་ལྟ་བུ་ཡོད་ཀྱང་ཉེས་པ་མི་བསྐྱེད་པའང་ཡོད་མོད། སྐྱོན་དེ་དག་གི་ནང་ནས་སྙིང་རྗེ་མེད་པ་ཁོ་ན་སྐྱོན་ཆེ་བས་དེ་སྤངས་པ་གལ་ཆེའོ། ཁྲོ་བ་དང་གདུག་པའི་ཁྱད་པར་ནི་འཕྲལ་འཕྲལ་ཁྲོ་སྐྱེན་པ་ཁྲོ་བ་དང༌། ཞེ་བ་རྣག་ཅིང་འཁོན་འཛིན་དམ་པ་ནི་གདུག་པའོ། །གཞན་དངོས་བསྟན་རྣམས་གོ་སླའོ། །དེ་རྣམས་ལ་བཤད་པའི་རྣམ་གྲངས་ཅུང་ཟད་མི་འདྲ་བ་ནི། རྡོ་རྗེ་སྙིང་འགྲེལ་ལས། བརྩེ་མེད་ཞིང་ལས་བྱེད་པ་གང༌། ཁྲོ་ཞིང་གནད་དུ་བསྣུན་པར་བྱེད། །གདུག་པ་དགེ་སློང་སྐྱེ་བོ་ལྡང༌། ཁེངས་པ་ཤེས་པ་ངན་པས་ཁེངས། །འདོད་ཆེན་སྤྱད་བྱ་མིན་དོན་གཉེར། །ཤིན་ཏུ་ཆང་འཐུངས་མ་བསྡམས་པ། །རང་ལ་བསྟོད་པ་འདིར་བརྗོད་ཅིང༌། །ཡོན་ཏན་ཅན་ལ་སྐྱོར་འབྱིན་བྱེད། །ཅེས་གསུངས་པ་དང༌། འཇམ་དཔལ་གྱི་བལྟ་འདོད་མདོར་བསྟན་ལས། བརྩེ་མེད་ཤ་ཟ་བ་ལ་གསུངས། ཁྲོ་བ་དགའ་བར་བསྣུན་བྱེད་དང༌། །གདུག་པ་ལེགས་པའི་སྐྱེ་བོར་སྡང༌། ཁེངས་པ་ཡེ་ཤེས་སྤངས་པའོ། །ཆགས་པ་ལྷ་ཡི་དཀོར་ལ་སྤྱོད། །མ་བསྡམས་ཤིན་ཏུ་ཆང་འཐུང་བ། །རང་བསྟོད་སྟོང་པ་ཉིད་ལམ་ལ། །སྨོད་ཅིང་སྨོད་པ་བྱེད་པའོ། །ཞེས་གསུངས་ཏེ། དེ་དག་ལ་འགའ་ཞིག་དེ་དང་དེའི་ངོ་བོ་བཤད་པའང་ཡིན་ལ། ཕལ་ཆེར་མཚན་གཞི་གཟུང་བར་སྣང་ངོ༌། །སློབ་མ་མཆོག་ལ་ནི་སྐྱོན་དེ་དག་སྔར་ནས་སྤངས་པ་དགོས་ཀྱང༌། སྤྱིར་སློབ་མ་ལ་མ་ངེས་ཏེ་ད་ལྟ་སྐྱོན་དེ་དག་ཤས་ཆེར་སྤྱོད་དུ་ཟིན་ཀྱང༌། སླར་ཆོས་ཀྱི་སྒོར་ཞུགས་བླ་མ་ལ་བརྟེན་ནས་སྐྱོན་དེ་དག་རིམ་གྱིས་སྤོང་བར་འགྱུར་བའི་ཕྱིར། དཔེར་ན་ད་ལྟར་སྙིང་རྗེ་མེད་པ་ཡིན་ཡང༌། སླར་སྙིང་རྗེ་སྐྱེར་རུང་བ་སོགས་བློ་བསྒྱུར་ནུས་ཤིང་རྒྱུད་བཅོས་སུ་རུང་ན་སློབ་མར་སྟེན་དུ་རུང་པའི་ཕྱིར་རོ། །བརྟན་ཞིང་ཞེས་སོགས་ཡོན་ཏན་དྲུག་ཀྱང་དཔོན་སློབ་གཉིས་ཀའི་དབང་དུ་བྱས་པ་སྟེ། འདི་ལའང་སློབ་དཔོན་


TNT04_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་དེ་རྣམས་ཚང་བ་དགོས། སློབ་མ་ལ་ནི་སྐྱེས་སྟོབས་ལ་ཡོན་ཏན་ཅི་རིགས་པ་ཚང་ན། ལྷག་མ་སླར་གློ་བཅོས་ཏེ་ཕྱིས་ཡོན་ཏན་སྐྱེར་རུང་བའི་རིགས་རྣམས་བཟུང་ངོ༌། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། ཞེས་པ་མན་ཆད་སློབ་དཔོན་ཁོ་ནའི་ཡོན་ཏན་ཏེ། སྔགས་རྒྱུད་ཀྱི་སྦྱོར་བ་ནི་སྔགས་དང་དེའི་ལག་ལེན་ཏེ་ལས་ཚོགས་དང་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་མིང་ངོ༌། །དེ་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང༌། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱོར། །སླར་བསྡུ་བ་ཡི་རྣམ་པ་སྟེ། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང༌། །གསང་བ་ཤེས་རབ་ཡེ་ཤེས་དང༌། ཁ་སྦྱོར་དབྱེ་བའི་ཆོ་ག་དང༌། །གཏོར་མ་རྡོ་རྗེ་བཟླས་པ་དང༌། །དྲག་ཤུལ་སྒྲུབ་པའི་སྦྱོར་བ་དང༌། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསང་སྔགས་འཆད་བྱེད་ནི་རྒྱུད་ཤེས་པ་དང༌། དང་བའི་བདག་ཉིད་ནི་སློབ་དཔོན་རང་ཉིད་དད་པ་ཕུན་སུམ་ཚོགས་པ་དང་ལྡན་པས། ཆོས་ལས་བཤད་པའི་བླང་དོར་ལས་མི་འདའ་བའོ། །ཚིག་དོན་གཞན་རྣམས་གོ་སླ། ཐུན་མོང་གི་རྡོ་རྗེ་སློབ་དཔོན་འདི་དག་གི་མཚན་ཉིད་ལ། དད་པ་དང་ལྡན་པ་དང༌། དམ་ཚིག་མ་ཉམས་པ་དང༌། བསྙེན་པ་ལ་སོགས་པས་ལྷ་མཉེས་པར་བྱས་པ་དང༌། ཆོས་གང་ལ་བརྟེན་ནས་སློབ་མ་དེ་རྗེས་སུ་འཛིན་རྒྱུའི་ཆོས་དེ་ལ་མཁས་པ་རྣམས་མེད་དུ་མི་རུང་པའོ། །དང་པོར་ཡང་དག་བསྟེན་བྱ་སོགས་ཀྱི་དབང་དུ་བྱས་ནས། དམ་ཚིག་དང་ལྡན་པ་ནི། སྤྱིར་སྔགས་སྡོམ་ཐོབ་ལ་མ་ཉམས་པའི་སྟེང་དུ། སྒྲུབ་པའི་དམ་ཚིག་རིགས་དྲུག་གི་སྡོམ་པ་ལྟ་བུ་ལ། ཕྱི་དྲང་དོན་དང་ནང་ངེས་དོན་གྱི་དམ་ཚིག་ཡང་དག་པར་སྤྱོད་པ་སྟེ། འཇིག་རྟེན་པའི་དངོས་གྲུབ་མན་ཆད་ཀྱི་དོན་དུ། བསྐྱེད་རིམ་གྱི་མན་ངག་ཙམ་ཞུ་བ་ཡིན་ན། ཕྱིའི་དམ་ཚིག་ལ་སྤྱོད་པ་ཁོ་ནས་ཀྱང་ཆོག་ཅིང༌། མཆོག་འདོད་པས་རྫོགས་རིམ་དོན་དུ་གཉེར་ན་ནི། ནང་གི་དམ་ཚིག་


TNT04_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའང་ངེས་པར་དགོས་སོ། །མུ་སྟེགས་དང་ཐེག་དམན་གྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཐེག་པ་སྟེ་སངས་རྒྱས་ཀྱི་ཐེག་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་ནི་སྔགས་ཀྱི་ལམ་སྟེགས་ཡིན་པས། སྔགས་ཀྱི་ནང་དུ་འདུས། ལམ་འདིས་གཞན་ལ་མ་ལྟོས་པར་རང་དབང་དུ་སངས་རྒྱས་ཐོབ་ནུས་པའི་ཕྱིར། སངས་རྒྱས་ཀྱི་ཐེག་པ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཟེར། དེ་ལ་ལྷག་པར་གནས་པ་ནི་གསང་སྔགས་ལ་ཡིད་ཆེས་པའི་སྒོ་ནས་ལམ་གཞན་མི་འཚོལ་བའོ། །དེ་ཁོ་ན་ཉིད་ནི། བསྐྱེད་རིམ་དང་རྫོགས་རིམ་སྟེ་རིམ་གཉིས་སྒོམ་པ་དང༌། དྲི་མ་ནི་ཉོན་མོངས་ཏེ། ཉོན་མོངས་དུག་ལྔ་ཤེས་ཆུང་བ་དང༌། བཟོད་པའི་ངང་ཚུལ་ནི། ཚེ་འདིའི་བདེ་སྡུག་ལ་མ་ལྟོས་པར་རང་གཞན་གྱི་དོན་དུ་ཆོས་སྤྱོད་པ་དང༌། སྔགས་ཀྱི་ལམ་ལ་ཞུགས་ཤིང་ལམ་ཀྱི་ཡེ་ཤེས་ཅི་རིགས་པ་རྒྱུད་ལ་སྐྱེས་པ་དང༌། ཆོས་སྟོན་པའི་ནུས་པ་ཡོད་ཅིང༌། སྙིང་རྗེ་དང་ཕན་སེམས་ཀྱིས་སློབ་མ་རྣམས་ལ་ལམ་སྟེ་ཆོས་སྦྱིན་པའམ་སྟེར་བར་བྱེད་ཅིང༌། དེ་ཉིད་ཀྱི་དམྱལ་བའི་འཇིགས་པ་འཕྲོག་པ་ཡང་ཡིན་ནོ། །དེ་ཁོ་ན་ཉིད་རླུང་དབུ་མར་འགགས་པ་དང༌། སྟོང་གཟུགས་ཀྱི་ཡེ་ཤེས་ལ་བསྟེན་ནས། མི་འགྱུར་བའི་བདེ་བ་ཐོབ་ན་རབ། དེ་མིན་ནའང་ཞུ་བདེ་འགྱུར་མེད་ཀྱི་ཚངས་སྤྱོད་དང་ལྡན་པའོ། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་ཞེས་པའི་དོན། འགྲེལ་ཆེན་གྱི་དངོས་བསྟན་ལས། བདུད་བཞི་འཇོམས་པ་ལ་གསུངས་ཏེ། དེ་ཡང་ཡོན་ཏན་གཞན་རྣམས་ཀྱིས་ཀྱང་བྱེད་མོད་ཀྱི། དེ་ཁོ་ན་ཉིད་ལས་ཚངས་སྤྱོད་གྲུབ་པ་ནི། སྲོག་རྩོལ་དང་འཛིན་པའི་རིམ་པ་གྲུབ་པ་ནས་འབྱུང་ཞིང༌། འཛིན་པ་ཐོབ་ན་བདུད་དང་ཉོན་མོངས་ལ་སོགས་ཉམས་ཞེས་འབྱུང་བ་ལྟར། རང་རྒྱུད་ཀྱི་བདུད་བཞི་ཅུང་ཟད་ཆོམས་པ་ཡིན་ལ། མི་འགྱུར་བའི་བདེ་བ་ཐོབ་ན་ནི་རྩ་བ་ནས་འཇོམས་པར་བྱེད་དེ་རང་ལ་ཡོན་ཏན་འདི་ཡོད་པ་སྔོན་དུ་སོང་བའི་སྒོ་ནས་


TNT04_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་རྣམས་ལ་ལམ་སྦྱིན་པས་ནི། གཞན་རྒྱུད་ཀྱིས་བདུད་བཞི་ཡང་འཇོམས་པར་བྱེད་དོ། །དངོས་བསྟན་ཡི་གེའི་དོན་ལྟར་ན། ཡོན་ཏན་དེ་དག་ལྡན་པའི་རྡོ་རྗེ་སློབ་དཔོན་དེ་ནི། བདུད་རིགས་ཀྱི་འབྱུང་པོ་སེམས་ཅན་རྣམས་ལ་འཚེ་བར་བྱེད་པ་རྣམས་འཇོམས་ཤིང་འདུལ་བར་བྱེད་པ་ལ། རྡོ་རྗེའི་དབྱུག་པ་དང་མཚུངས་ཞེས་པ་སྟེ་གོང་གི་{ལྷའི་}:ལྟའི་བུའི་བདུད་འཇོམས་པར་འདུས་མོད་ཀྱང༌། འཆད་ཚུལ་ཅུང་མི་འདྲ་སྟེ་སྔ་མ་ནི་རང་དང་གཞན་བདུད་ཀྱི་ལས་འདོད་པ་ཐ་མལ་པའི་ཆགས་སྲིད་ལས་ཟློག་པའི་དོན་ཡིན་ལ། འདིར་ནི་འབྱུང་པོའི་གནོད་པ་སྲུང་བ་དང་བཟློག་པའི་དོན་ཡིན་ནོ། །འགྲེལ་ཆེན་ལས་གཞུང་གི་ཁོག་དོན་དབྱིངས་ཆེ་བ་དེ་མ་གོ་དོགས་ནས་བཤད་པར་མཛད། སྒྲ་ཇི་བཞིན་པ་ནི་གོ་སླ་བས་རྒྱས་བཤད་མ་གསུངས་པའོ། །སློབ་དཔོན་དེ་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྐུར་ས་ལ་རབ་ཏུ་གྲགས་པ་སྟེ། སྤྲུལ་པའི་སྐུ་དངོས་ཀྱང་ཡོད་ལ་དེ་མིན་ནའང་ཕལ་ཆེར་བྱིན་གྱིས་རླབས་པའི་སྤྲུལ་པར་ངེས་སོ། །དེ་དག་ནི་སློབ་དཔོན་ལ་དགོངས་པའི་ཡོན་ཏན་རྣམ་པར་བཞག་པའོ། །ང་རྒྱལ་དང་ལྡན་ཞེས་སོགས་ལ་ནོར་དང༌། དབང་ཐང་དང༌། ཐོས་པས་ཁེངས་པ་དང༌། དེ་ཉིད་བཅུ་སོགས་བྱ་བ་དང༌། ལམ་ཏིང་ངེ་འཛིན་ཕྲ་མོ་དང༌། གཟུགས་དང་རིགས་ལ་སོགས་པས་ང་རྒྱལ་བ་སྟེ། དེ་ཡང་གོང་མ་ལ་ལྟོས་ན། ང་རྒྱལ་བྲལ་བར་འགྱུར་ཞིང༌། རང་བས་དམན་པའི་སྐྱོན་ལ་ལྟས་ན། ང་རྒྱལ་སྐྱེ་བའི་ཕྱིར་ན། གང་ང་རྒྱལ་ཤས་ཆེ་བ་དེ་ནི། མཆོག་གི་ཡོན་ཏན་ལ་དད་པ་མི་བསྒོམས་ཤིང༌། རང་དང་མཚུངས་པའམ་དམའ་བ་རྣམས་ལ་བརྙས་ཤིང་ཁྱད་དུ་གསོད་པ་ཉིད་གྱི་ཕྱིར། ང་རྒྱལ་གྱི་ཁེངས་པ་དེ་ནི་དམ་པ་མ་ཡིན་པའི་སྤྱོད་པ་སྐྱོན་ཆེ་བར་གསུངས་སོ། །དེ་བཞིན་དུ་ཡང་ཡང་ཁྲོ་བའི་ངང་ཚུལ་ཅན་གྱི་འགྲོགས་དཀའ་བ་དང༌། གསང་བའི་དམ་ཚིག་དབྲལ་ཏེ། རྩ་རླུང་དང་ཕྱག་རྒྱའི་རྣལ་འབྱོར་དང་ལྷ་དང་སྔགས་དང་ལས་ཚོགས་ལ་སོགས་པ་སྐྱེ་


TNT04_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཕལ་པའི་ནང་དུ། དམ་དུམ་རབ་རིབ་ཤོད་ཀྱིན་ངོམ་པ་དང༌། བཟའ་བྱ་མ་ཡིན་པ་སྐྱེ་བོའི་མངོན་དུ་བསྟེན་པ་དང༌། བགྲོད་བྱ་མ་ཡིན་པ་བསྟེན་ཞིང་དེ་དག་ཆོས་ཟབ་པ་དང་ཐེག་པ་མཐོ་བ་ཡིན་པར་ངོ་འཕྱར་བ་ནི། དམ་ཚིག་རྣམ་པར་དྲལ་བ་སྟེ་གསང་སྒྲོགས་དང་ལོག་པའི་ལམ་ལ་སྤྱོད་ པའོ། །དེ་བཞིན་དུ་དཀོན་མཆོག་གི་རྫས་ལ་བརྐམ་ཞིང༌། གཞན་ཡང་ནོར་ལ་ཤིན་ཏུ་ཆགས་པ་དང༌། མན་ངག་མཆོག་མ་ཐོས་པ་དང༌། རང་གི་སྤྱོད་པ་དང་མཐུན་པ་ཙམ་སྙིང་ལ་བཞག་ནས་ལོག་ཆོས་ཆོས་སུ་སྟོན་པས་སློབ་མ་བསླུ་བ་དང༌། མཆོག་གི་བདེ་བའི་གནས་མི་འགྱུར་བའི་ཐབས་མི་ཤེས་པ་དང༌། དབང་སྐུར་མེད་པར་རྒྱུད་དང་མན་ངག་འཆད་པ་དང༌། བཟའ་བཏུང་སོགས་ལོངས་སྤྱོད་ལ་ཧ་ཅང་སྲེད་ཆེ་བ་དང༌། ཆང་འཐུང་སོགས་ཀྱི་རྐྱེན་ལས་བག་མེད་པ་ལ་དགའ་བ་དང༌། དབང་པོ་གཉིས་སྦྱོར་ལས་འཛག་བདེ་ལ་ཤིན་ཏུ་ཆགས་པ་སྟེ། སློབ་དཔོན་དུ་འགྱུར་བ་ལ་གེགས་བྱེད་པའི་སྐྱོན་དེ་དག་གོ །ཟབ་ཅིང་སོགས་ཀྱི་དོན་སློབ་མའི་ཡོན་ཏན་ཏེ། ཟབ་རྒྱ་སྟོང་ཉིད་སྙིང་རྗེ་ལ་སེམས་པ་དང། བླ་མའི་ངེས་པ་དམ་སྡོམ་སྲུང་བ་ལ་དགའ་བ་དང༌། རྫས་ལ་མ་ཆགས་པས་སྦྱིན་པ་གཏོང་བའི་ངང་ཚུལ་ཅན་དང༌། དཀོན་མཆོག་གི་ཡོན་ཏན་ཤེས་ཤིང་དད་པ་ཆེ་བ་དང༌། འབྲས་བུ་ཐར་པ་ཁོ་ན་ལ་ཡིད་བརྣགས་པ་དང༌། རྒྱུད་ལས་ཇི་སྐད་གསུངས་པའི་བླང་དོར་ལ་གུས་པ་དང༌། འཇིག་རྟེན་པའི་ལམ་དང་མན་ངག་གིས་སེམས་གཡོ་བར་མི་ནུས་པ་དང༌། དེ་ཁོ་ན་ཉིད་མན་ངག་ཐོབ་པ་ཤིན་ཏུ་གསང་ཞིང་སྦེད་པ་དང༌། དགེ་འདུན་གྱི་རྫས་ཟ་བ་ལ་དགའ་བ་དང༌། མི་དགེ་བཅུ་སོགས་ཆོས་དང་འགལ་བ་དོན་དུ་གཉེར་བའི་གྲོགས་ངན་དང་འགྲོགས་པ་ལ་མི་དགའ་བ་རྣམས་སོ། །དེ་རྣམས་ཀྱི་ནང་ནས་མེད་དུ་མི་རུང་བ་ནི། དམ་ཚིག་བསྲུང་ནུས་པ་དང་སྡིག་པའི་གྲོགས་པོ་སྦངས་པའོ། །ཡོན་ཏན་དེ་དག་ཕལ་ཆེར་དང་ལྡན་ན་རྫོགས་རིམ་


TNT04_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣོད་ཡིན་ལ། གཙོ་བོ་གཉིས་པོ་ཁོ་ན་དང་ལྡན་ན་ཡང་བསྐྱེད་རིམ་གྱི་སྣོད་ཡིན། དེ་ཙམ་ཡང་མེད་པ་ལ་བླ་མ་བསྟེན་ན། སྐྱབས་འགྲོ་དང་བསླབ་གཞི་ལྔ་ཙམ་གྱི་སྣོད་དང་ལྡན་པ་ནི་ཡོད་དོ། །དེ་ལྟར་སློབ་མ་དང་བླ་མའི་མཚན་ཉིད་རགས་པ་བསྟན་ཟིན་ནས། དུས་ཀྱི་སྐྱོན་གྱིས་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་ཚང་བའི་སློབ་དཔོན་རང་ཡང་རྙེད་དཀའ་བ་དང༌། རྙེད་དུ་ཟིན་ཀྱང་རང་གི་བློ་མ་དག་ན་ཡོན་ཏན་དང་ལྡན་པ་ལ་ཡོན་ཏན་ཡོད་པར་མི་མཐོང༌། སྐྱོན་མེད་པ་ལ་སྐྱོན་དུ་མཐོང༌། སྐྱོན་ཡིན་པ་སྐྱོན་དུ་མི་མཐོང༌། ཡོན་ཏན་མ་ཡིན་པ་ཡོན་ཏན་དུ་མཐོང༌། ཡོན་ཏན་མེད་ཅིང་སྐྱོན་དང་ལྡན་པ་རྣམས་སྐྱེས་བུ་མཆོག་ཏུ་མཐོང་བར་འགྱུར་ཏེ། སྐྱེ་བ་སྔ་མར་ལས་ངན་བསགས་ཤིང་སྐལ་བ་དམན་པའི་དབང་གིས་སོ། །དེ་ལྟར་ཡང༌། མཁས་རྣམས་ཡོན་ཏན་ལ་གུས་ཀྱི། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གང་གུས་པ། །དེ་བླུན་མི་དགེའི་ལས་ལས་སྐྱེས། །ཞེས་གསུངས། ཡོན་ཏན་རྫོགས་པ་མ་རྙེད་ན། གོང་དུ་སྨོས་པ་ལྟར་མེད་མི་རུང་གི་མཚན་ཉིད་ཚང་བ་འཚོལ་དགོས་ཤིང༌། འཁྲིད་ཟབ་མོའི་སྐབས་འདིར་སངས་རྒྱས་ཀྱི་ཞལ་ཐུགས་དང་ཞལ་ལ་གནས་པ་དེ་དགོས་སོ། །དོན་ཚན་གཉིས་པ་འབྲེལ་བ་བརྟགས་ཚུལ་འཕྲོས་དོན་དང་བཅས་པ་སྟེ། དེ་ཡང་དཔོན་སློབ་ཕན་ཚུན་འབྲེལ་བ་བརྟག་པ་ནི། ཆོས་ཀྱིས་མ་སྦྲཻལ་གོང་དུ་བྱ་དགོས་ཀྱི། སྔར་བརྟགས་སམ་མ་བརྟགས་གང་ཡིན་ཡང༌། ཆོས་ཀྱི་འབྲེལ་བ་ཐོབ་ནས་སྐྱོན་མི་རྟོག་པར་གུས་པས་བསྟེན་དགོས་ཏེ། ཚིགས་བཅད་གཅིག་ཙམ་ཐོས་པ་ལའང༌། གལ་ཏེ་བླ་མར་མི་འཛིན་ན། ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས། དེས་ན་ཕྱིས་ཀྱི་སྐྱེ་བོ་མང་པོ་ཞིག་སྔགས་ཆོས་ལ་དམ་ཚིག་ཡོད་དོ་སྐད་པའི་ཁ་བཤད་བྱེད། སྲུང་ནི་དེ་ལའང་མི་སྲུང༌། མཚན་ཉིད་པ་ལ་དམ་ཚིག་


TNT04_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡོང་ཟེར་ཞིང༌། མདོ་ཆོས་མང་དུ་ཐོས་པའི་བླ་མ་ལའང་མ་གུས་པ་དང་བརྙས་པ་དང་བསྐུར་སྟི་མ་ཡིན་པ་ཇི་ཙམ་བྱས་ཀྱང་ཉེས་པ་མེད་པ་སྐད་སྨྲ་བ་མང་དུ་སྣང་སྟེ། བདུད་ཀྱིས་བྱིན་གྱིས་བརླབས་པ་ཁོ་ནའོ། །དེས་ན་སྔགས་ཆོས་ཀྱིས་མ་སྦྲེལ་བ་ལ་དམ་ཚིག་གི་མིང་འདོགས་མི་བྱེད་པ་ཙམ་ཡིན་གྱི། དོན་གྱི་སྟེང་ནས་ཕལ་ཆེར་འདྲ་ལ། ཐེག་པ་ཆེན་པོའི་མདོ་སྡེ་ཐོས་པའི་བླ་མ་དང༌། གསང་སྔགས་ཀྱི་རྒྱུད་ཐོས་པའི་བླ་མ་གཉིས་ནང་སེལ་དུ་འདོམས་ན། ཡུལ་གཉན་མི་གཉན་གྱི་ཁྱད་ཅུང་ཟད་ཙམ་ཡོད་མོད་ཀྱང༌། སྤྱིར་འགངས་ལ་ཁྱད་ཆེར་མེད། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སོ་སོར་ཐོས་པའི་བླ་མ་ལའང་དེས་རིགས་འགྲེ་སྟེ། མདོར་ན་སྡུག་གསོག་པ་པོ་སློབ་མ་ངན་པ་སྟེ། སྤྱིར་ནས་གསང་སྔགས་ཀྱི་དབང་བསྐུར་ཞུས་དམ་ཚིག་ཐོབ་པ་ཡིན་ན་ནི། དེས་སྔགས་ཆོས་ཞུས་པ་མ་ཡིན་ལ། མདོ་ལུགས་ཐེག་པ་ཆེ་ཆུང་གང་ཡིན་ཡང་རུང་སྟེ། དེ་ལྟ་བུ་ཞུས་པའི་བླ་མ་དེ་ལ་སྡིག་བསགས་ན། སྤྱིར་ཉེས་པ་ཆེ་བར་མ་ཟད་སྔགས་ཀྱི་དམ་ཚིག་ཀྱང་ཉམས་པ་ཡིན་ཏེ། རྒྱུད་རྣམས་ལས་ཀྱང༌། སློབ་དཔོན་མི་སྨད། བླ་མའི་ཐུགས་མི་དཀྲུག་ཅེས་གསུངས་ཀྱི། རྩ་ལྟུང་དང་པོའི་ཡུལ་དུ་རྡོ་རྗེ་སློབ་དཔོན་ཁོ་ནའི་ངེས་གཟུང་མ་མཛད་པ་མང་པའི་ཕྱིར་རོ། །སློབ་མ་དེ་ཉིད་སྔགས་ཀྱི་དབང་སུ་ལའང་མ་ཞུས་དམ་ཚིག་མ་ཐོབ་ན་ནི། སློབ་དཔོན་ཙམ་ཡིན་ཡང་ཁོ་རང་གི་རྡོ་རྗེ་སློབ་དཔོན་དུ་མ་སོང་བའི་ཕྱིར། སྔགས་པའི་སློབ་དཔོན་སྔགས་ཆོས་ཀྱིས་སྦྲེལ་བ་ཞིག་ལ་སྨད་ན། བྱང་ཆུབ་སེམས་དཔའ་ལ་སྨད་པའི་སྡིག་པ་ཆེན་པོ་རྩ་ལྟུང་དང་ཕྱོགས་འདྲ་ངེས་འབྱུང་མོད་ཀྱང༌། དམ་ཚིག་ཉམས་པའི་མིང་རང་ནི་མི་ཐོབ་སྟེ། ཁོ་རང་གིས་དམ་ཚིག་ལེན་མ་མྱོང་བས་ཉམས་རྒྱུ་མེད་པའི་ཕྱིར་རོ། །དེས་ན་རྩ་ལྟུང་གི་ཐ་སྙད་ཐོབ་པར་འགྱུར་བ་ལ་ལྟུང་བ་བྱེད་མཁན་རང་ཉིད་སྔགས་ལ་ཞུགས་པ་ཞིག་དགོས་ཀྱི།


TNT04_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་གསོག་པའི་ཡུལ་སྔགས་ཆོས་ཀྱིས་སྦྲེལ་བ་ཁོ་ན་མི་དགོས་པར་མ་ཟད་སྔགས་པ་ཡིན་ཡང་མི་དགོས་སོ། །གནད་འདི་མ་གོ་བས་དམ་ཚིག་ཉམས་པ་ནི། མཁས་པར་རློམ་པ་དང་ཆེན་པོར་རློམ་པ་ལ་ཡང་ཤིན་ཏུ་མང་སྟེ། དཔེར་ན་གློ་བོ་མཁན་ཆེན་བསོད་ལྷུན་ལྟ་བུའོ། །དེ་ཡང་ཁོང་གི་ལོ་རྒྱུས་ཁོང་རང་གིས་བརྩམས་པ་ན། ཁོ་བོས་འཇམ་དབྱངས་ཆེན་པོ་ལ་མདོ་ཆོས་ཟླ་བ་དགུའི་བར་དུ་ཞུས་ཀྱང༌། སྔགས་ཆོས་ཆེན་པོ་ཞུ་མ་མྱོང༌། ཕྱིས་འཇམ་དབྱངས་ཆེན་པོ་དང་ངེད་ལུགས་མ་ལེགས་ཀྱང་དམ་ཚིག་གི་སེལ་ཡོད་པ་མེད། དཔེར་ན། རང་རེ་རྣམས་ཀྱི་བླ་མ་གོང་མས་ཀྱང༌། རིན་པོ་ཆེ་ཙོང་ཁ་པ་ལ་བཀའ་གདམས་ལམ་རིམ་སོགས་མདོ་ཆོས་མང་པོ་ཞུས་ཀྱང༌། ཕྱིས་དགག་པ་དང་སྐྱོན་བརྗོད་མང་པོ་མཛད་འདུག་པ་ཟེར་བ་ཡོད་འཇམ་དབྱངས་ཆེན་པོ་ཟེར་བ་དེ་པཎ་ཆེན་ཤཱཀྱ་མཆོག་ལྡན་ཡིན། བླ་མ་གོང་མ་ཟེར་བ་དེ། རྗེ་ངོར་ཆེན་ཀུན་བཟང་ལ་ཟེར་བར་འདུག ཁོང་གི་རྣམ་ཐར་འདི་ཤོགས་ཆེན་ཞིག་གདའ། གོ་བ་མྱངས་བས་དཔོན་སློབ་བླ་རབས་མང་པོ་ཞིག་ཏུ་དམ་ཚིག་མི་སྲུང་བའི་ཕྱག་ལེན་གྱི་རྒྱུན་ཡོད་ཟེར་བ་ཞིག་བྱུང་ངོ༌། །ཡང་རང་དང་དངོས་བརྒྱུད་གང་གི་སྒོ་ནས་ཀྱང་ཆོས་ཀྱི་འབྲེལ་བ་མེད་ན་རང་གི་བླ་མར་མི་བགྲོང༌། བརྒྱུད་པའི་བླ་མ་ཡང་རྩ་ལྟུང་གི་ཡུལ་དུ་མི་འཇོག སྨད་ན་ལར་གྱིས་ཉེས་པ་ནི་ཆེ་མོད། རྩ་བརྒྱུད་ཀྱི་བླ་མ་མ་ཡིན་ཡང༌། སྤྱིར་སྐྱེས་བུ་དམ་པ་སྨད་པ་རང་ལ་ཉེས་པ་དཔག་ཏུ་མེད། སྒོས་སུ་བྱང་ཆུབ་སེམས་དཔའ་དང༌། ཡང་སྒོས་སུ་གསང་སྔགས་འཛིན་པ་ཡུལ་ཆེས་གཉན་ཏེ་འཕྲོས་པའི་དོན་ནོ། །ད་ནི་དཀྱུས་ལ་འཇུག་སྟེ། དོན་ཚན་གསུམ་པ་བླ་མའི་རྣལ་འབྱོར་ངོས་གཟུང་བ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བྱ་བ་ཡོད་ཅིང༌། སྐལ་ལྡན་རྣམས་ཚེ་གཅིག་ལ་སངས་རྒྱས་ཐོབ་པའི་ཐབས་གལ་ཆེ་ཤོས་ཤིག་འདི་ཡིན་ནོ། །


TNT04_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀུན་ལ་གྲགས་པ་ནི་དོན་ལ་གནས་ངེས་པ་ཞིག་ཡིན་པར་འདུག དེ་ཡང་བླ་མ་དམ་པ་ལ་གུས་པ་བྱེད་ཚུལ་དང༌། དྲིན་དྲན་པ་དང༌། རྙེད་བཀུར་རིམ་གྲོའི་བྱ་བ་སོགས་འཕྲལ་སྤྱོད་ཀྱི་སྒོ་ནས་བླ་མ་བསྟེན་ཚུལ་ལ་མདོ་སྔགས་ཐེག་པ་ཆེ་ཆུང་ལ་ཁྱད་ཙམ་མེད། ཆོས་འདུལ་བ་དང༌། ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་གཟིགས་པས་གསལ། དགེ་བའི་བཤེས་གཉེན་བསྟེན་པ་ལས་ཡོན་ཏན་ཐམས་ཅད་འབྱུང་ཚུལ་ཡང་འདྲ། ཐ་ན་མུ་སྟེགས་དྲ་མ་ཚུན་ཆད་ཀྱང་ཕྱོགས་མཚུངས་སྟེ། ཁོང་རང་རྣམས་ཀྱི་ལས་ཚོགས་དངོས་གྲུབ་འགྲུབ་པ་ཡང་བླ་མ་གུས་པར་བསྟེན་པས་བྱིན་རླབས་ཞུགས་པ་ལས་འབྱུང་བ་ཡིན་པ་འདུག །འོན་ཀྱང་ཁྱད་པར་འདི་ཡོད་དེ། བླ་མའི་རྣལ་འབྱོར་ཞེས་བྱ་བ་བླ་མ་སྒོམ་པའི་མིང་ཡིན། དེ་ཡང་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་ཅིང༌། དེ་ལ་དམིགས་ནས་མོས་གུས་རྒྱུན་མི་འཆད་པར་རྣལ་འབྱོར་དུ་བྱེད་པ་འདི་ལམ་དངོས་གཞིའི་ཉམས་ལེན་གྱི་རྩ་བ་ཅིག་ཏུ་འཇོག་པ་ནི་སྤྱིར་གསང་སྔགས་དང༌། སྒོས་སུ་རྣལ་འབྱོར་བླ་མེད་ལས་རྩལ་དུ་བཏོན་པ་ཡིན་གྱི། ཐེག་པ་འོག་མ་རྣམས་ལ་ཡོངས་སུ་མ་གྲགས་པས་གསང་སྔགས་རྡོ་རྗེ་ཐེག་པ་བླ་མའི་བྱིན་རླབས་ལམ་དུ་བྱེད་ཅེས་པ་ཡང་གཙོ་ཆེ་བ་དང་རགས་བཤད་ཀྱི་དབང་དུ་བྱས་ན་ཤིན་ཏུ་འཐད་དོ། །དོན་ཚན་བཞི་པ་མོས་གུས་ཇི་ལྟར་བསྒོམ་པ་ནི། དངོས་པོའི་མཚན་ཉིད་ཀྱི་དབང་དུ་བྱས་ན། བླ་མ་སྟེ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་པ་ཡང་སྲིད། མ་ཡིན་ཐ་མལ་པ་ཡིན་དུ་ཆུག་ཀྱང༌། རྡོ་རྗེ་སློབ་དཔོན་དེའི་སྐུ་གསུང་ཐུགས་ལ་ཡི་དམ་གྱི་ལྷ་རྣམས་རྗེས་སུ་ཞུགས་པའི་ཚུལ་ཀྱིས་འགྲོ་དོན་མཛད་པ་ཡིན་པས་སངས་རྒྱས་དངོས་དང་ཁྱད་པར་མེད་པ་ལྟ་བུ་ནི་ཡིན། དེ་མཉེས་ན་སངས་རྒྱས་མཉེས། དེ་ལ་སྡིག་བསགས་ན་སངས་རྒྱས་ལ་སྡིག་བསགས་པར་འགྲོ །དེ་མཆོད་པས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱིར་


TNT04_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། མ་འོང་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང༌། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང༌། །ཞེས་དང༌། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། འོན་ཀྱང་མོས་གུས་བསྒོམ་པའི་ཚུལ་ནི་རྩ་བའི་བླ་མ་དེ་ཉིད། དངོས་པོ་ལ་སུ་གང་ཡིན་རུང་སོ་སོ་སྐྱེ་བོའམ། འཕགས་པ་སློབ་པ་ལྟ་བུ་དང། དགེ་བའི་བཤེས་གཉེན་ཕལ་པ་སོགས་སུ་བལྟ་བ་མ་ཡིན། སངས་རྒྱས་དངོས་སུ་བསྒོམ་དགོས་དོན་ལ་སངས་རྒྱས་གཅིག་དང་མང་པོ་ལ་ཁྱད་མེད་ཀྱང༌། མོས་གུས་འཇུག་ཚུལ་ལ་ཁྱད་ཡོད་པས་སངས་རྒྱས་ཀྱང་གཅིག་གམ་གཉིས་ལྟ་བུ་མ་ཡིན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་པའི་ངོ་བོ་ཡིན། དེའི་ཕྱིར་ཆོས་དང་དགེ་འདུན་ཀུན་ཡང་འདུས། དེ་བས་ན་བདག་གི་བླ་མ་འདི་དངོས་གནས་ལ་དཀོན་མཆོག་ཀུན་འདུས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་ཉིད་བླ་མ་ཡིན། རང་རེའི་སྣང་ངོ་དང་བསྟུན་ན། དཀོན་མཆོག་གསུམ་པས་ཀྱང་བླ་མ་བཀའ་དྲིན་ཆེ། ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱིར་ཏ་བཟང་སྟེ། བདག་ལ་ཞལ་མི་སྟོན་གསུང་མི་འབྱོན། སངས་རྒྱས་དང༌། ཡི་དམ་དང༌། བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་དངོས་སུ་བྱོན་ཀྱང་རུང༌། བདག་ལ་དཔལ་ལྡན་བླ་མས་མཛད་པ་ལས་ལྷག་པོ་མཛད་རྒྱུ་དང་སྟོན་རྒྱུ་མེད། དེ་དག་དངོས་སུ་མཇལ་བའི་སྐལ་བ་མེད་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་ཐམས་ཅད་བླ་མས་མཛད་པ་ཡིན་བཀའ་དྲིན་རང་ཆེའོ་སྙམ། བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་ནས་ཡོན་ཏན་མཐའ་མེད་པའི་དད་པ་དང༌། བཀའ་དྲིན་ཤིན་ཏུ་ཆེ་བར་ཤེས་པ་གཉིས་འཛོམ་ན་མོས་གུས་ཀྱི་ངོ་བོ་གོ་


TNT04_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྒོམ་ལུགས་བཟང་བ་ཡིན། གོ་ཡུལ་བཟང་པོ་དེ་འདྲ་ཞིག་ཡོད་པའི་ལུགས་བྱས་ཀྱང༌། སྐབས་སྐབས་སུ་མིན་པ་བླ་མ་མི་དྲན་པར་བརྗེད། ལན་རེ་དྲན་པའི་སྐབས་ཀྱང་བ་སྤུ་གཡོ་ནུས་པའི་གདུང་ཤུགས་མི་འབྱུང་ན། གོ་བ་ཙམ་ལ་ལུས་པ་ཡིན། ཉམས་རྟོགས་འཕྲལ་མར་སྐྱེད་ཐུབ་པ་དེ་མིན། གདུང་ཤུགས་དྲག་པོ་ཐ་མལ་གྱི་སྣང་བ་གཞན་འགོག་ནུས་པ། རིག་པ་བསྒྱུར་ཐུབ་པ་ཞིག་བྱུང་ན། བྱིན་རླབས་འཕྲལ་དུ་འཇུག་ཉོན་མོངས་གློ་བུར་དུ་འགག་ཡེ་ཤེས་སྐད་ཅིག་གིས་འབེབས། དེ་ལྟ་བུ་ཡང་ཡང་དྲན་པས་རྟག་ཏུ་སྒོམས་པར་འགྲོ། གོམས་པ་ལས་སྐྱོན་ཐམས་ཅད་སྤོང་ཞིང་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། སངས་རྒྱས་དངོས་སུ་མཐོང་བ་མེད་ན། ཕྱོགས་ཞེན་དང་ཕོ་རུས་དང༌། ཡིད་འོང་གི་གདུང་ཤུགས་ཡོད་ཀྱང༌། ཟག་བཅས་འཇིག་རྟེན་པའི་རྣམ་རྟོག་ཡིན་པས་གྲོལ་མི་ཐུབ། དགེ་བཤེས་ཕལ་པ་དང་གྲུབ་ཐོབ་ཕལ་པར་བརྩེ་བའི་དད་པ་ཡང་རྣམ་རྟོག་འཇིག་རྟེན་པ་ཀ་ཡིན། སྐྱེ་བོ་བླུན་པོས་བླ་མ་སངས་རྒྱས་ཟེར་བ་ཞིག་ཡོད་དེ། དེ་ཡང་མི་ཇོ་བཟང་གཅིག་གམ། སྨད་བུད་གཅིག་གམ། ཟས་ནོར་གྱིས་ཕན་འདོགས་བྱེད་པ་ཞིག་ལ་སངས་རྒྱས་ཟེར་རམ། སངས་རྒྱས་སངས་རྒྱས་ཞེས་པའི་ཚིག་ཙམ་མིན་པ་བློ་རྩེ་བརྟད་འཚམས་ཅི་ཡང་མེད། དེ་འདྲས་སེམས་རྒྱུད་གྲོལ་བ་ལ་ཕན་པ་ཞིག་ཀྱང་མེད་དེས་ན་སངས་རྒྱས་ཀྱི་ཡོན་ཏན་ཤེས་ནས། དེ་ཉིད་བླ་མ་ལ་ཚང་བའི་མོས་གུས་དགོས་པ་ཡིན། དེ་ལྟར་བླ་མ་སངས་རྒྱས་སུ་ཤེས་པ་སྟེ། དམིགས་ཡུལ་འཇིག་རྟེན་ལས་འདས་པའི་མཆོག སངས་རྒྱས་ལ་དམིགས་པ་ཡིན་པས་ལམ་སྒོམ་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག སྒོས་སུ་རང་རེའི་བླ་མ་དེ་ལ་ཞུས་པའི་ཡི་དམ་རྣམས་ཀྱི་བྱིན་རླབས་འཕྲལ་རང་ལ་མྱུར་དུ་འཇུག བཀའ་དྲིན་དྲན་པ་མེད་ན། སྤྱིར་བྱས་པ་མི་གཟོ་ཞིང༌། ངོ་ཚ་ཁྲེལ་མེད་དེ་བྱུར་


TNT04_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན། བསོད་ནམས་དང་དཔལ་དང་གཡང་དང་དགེ་ལེགས་ཐམས་ཅད་ཕྱགས་མ་བཏབ་པ་བཞིན་ཉམས་འགྲོ། སྒོས་སུ་ཆོས་ཐོབ་པ་དྲིན་དུ་མི་སེམས་པ་དེ། ཆོས་ལ་ཡང་རྩིས་མེད་དད་པ་མེད་པ་ཡིན་པས། འབད་པ་བྱང་ཚད་དོན་མེད་དུ་འགྱུར། ཡང་སྒོས་སུ་རྩ་ལྟུང་དང་པོའི་ཞད་ཀྱིས་གོས་པ་ཡིན་ལ། བཀའ་དྲིན་དྲན་པས་དགེ་ལེགས་ཐམས་ཅད་ཀྱི་གཞིར་འགྱུར་ཞིང༌། གུས་པ་ཆེན་པོ་རང་ཤུགས་ཀྱིས་སྐྱེ་བ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་སུ་ཤེས་པ། བཀའ་དྲིན་དྲན་ལ། གདུང་ཤུགས་དྲག་པ། ཡང་ཡང་མ་བརྗེད་པར་དྲན་པ་སྟེ་ཁྱད་པར་བཞི་དང་ལྡན་པའི་མོས་གུས་ཡོད་ན་མོས་གུས་ཚད་དུ་ཕྱིན་པ་ཞེས་བྱ། དེས་ན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མ་དམ་ཚིག་དང་ལྡན་པས་མོས་གུས་དེ་ལྟ་བུའི་སྒོ་ནས་བླ་མ་བསྒོམས་ཤིང་གསོལ་བ་བཏབ་ན། ཐབས་གཞན་མེད་ཀྱང༌། མཆོག་ཐུན་མོང་གི་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །དོན་ཚན་ལྔ་པ་ཕན་ཡོན་ལུང་དང་སྦྱར་བ་ནི། དེ་ཡང་དགྱེས་པ་རྡོ་རྗེའི་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་དང༌། སྒྱུ་འཕྲུལ་དྲྭ་བ་ལས་ཀྱང༌། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ཉིད་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་ སྦྱིན། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཞེས་དང༌། རྡོ་རྗེ་གུར་ལས་ཀྱང༌། །སློབ་དཔོན་སྟོན་པར་གྱུར་པ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་


TNT04_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །ཞེས་དང༌། རྡོ་རྗེ་སེམས་དཔའ་ཇི་ལྟ་བུས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་གསུངས། དཔལ་དྲི་མ་མེད་པའི་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་དུ། ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་བལྟ་བར་བྱའོ། །ཞེས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་ལས་ཀྱང། རི་དབང་རྩེ་ལས་འགའ་ཞིག་ལྟུང་གྱུར་ན། །ལྟུང་བར་མི་འདོད་ཀྱང་ནི་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར། །ཞེས་པ་དང༌། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་ཀྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིངས་ལས་སྒྲོལ་བར་འགྱུར། །ཞེས་གསུངས་ཤིང༌། དཔལ་ས་ར་ཧས་ཀྱང༌། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་དང༌། ཨིནྡྲ་བྷུ་ཏིའི་ཡེ་ཤེས་གྲུབ་པ་ལས་ཀྱང༌། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་འགྲོ་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་དང༌། མཐུ་སྟོབས་དབང་ཕྱུག་བིརཝ་བས་ཀྱང༌། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པ་སྟེ། མདོར་ན་དངོས་གྲུབ་


TNT04_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་རྩ་བ་བླ་མར་གསུངས་པའི་ལུང་ཁུངས་མཐའ་ཡས་སོ། །ད་ལྟ་མངོན་སུམ་གྱིས་གྲུབ་པ་ཡང༌། རྩ་བའི་བླ་མ་ལ་དད་པ་མེད་པ་རྣམས། མི་འདོད་པ་དུ་མ་ཐོག་ཏུ་འབབ་པ་དང༌། བླ་མ་གུས་པས་བསྟེན་པ་རྣམས་ལ། བདེ་སྐྱིད་སྙན་གསུམ་རང་ཤུགས་ཀྱིས་འབྱུང་བ་མཐོང་ངོ༌། །གཞན་ཡང༌། བླ་མ་དམ་པ་རྣམས་ཀྱི་གསུང་ལས་འདི་སྐད་ཅེས། བླ་མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་ཀྱི་བྱིན་རླབས་འཇུགབྱང་ཆུབ་སེམས་དཔར་མཐོང་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། གྲུབ་ཐོབ་ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས། སོ་སོ་སྐྱེ་བོའི་དགེ་བཤེས་བཟང་པོར་མཐོང་ན། དེ་དང་མཐུན་པར་བྱིན་རླབས་འཇུག་སྟེ། ལར་མོས་གུས་མེད་ན་བྱིན་རླབས་ཡེ་མི་འཇུག་གོ །ཞེས་གསུང་པ་ལྟར་ཡིན་ནོ། །དོན་ཚན་དྲུག་པ་ལམ་ཟབ་མོ་ཞེས་པའི་སྒྲ་དོན་ནི། བླ་མའི་མོས་གུས་མེད་ན་དངོས་གྲུབ་ལྟ་ཅི་སྨོས། ཡོན་ཏན་ཀུན་གྱི་རེ་ཐག་ཆད་དམ་ཚིག་ཉམས་པར་མི་འགྱུར་ཙམ་གྱི་མོས་གུས་ཙམ་ཡོད་དུ་ཆུག་ཀྱང༌། མོས་གུས་ཁྱད་པར་ཅན་གྱིས་ལམ་འཁྲིད་པ་མེད་ན། མཆོག་སྒྲུབ་པར་བྱེད་པའི་ཐབས་གཞན་ཞིག་བཙལ་ནས། དེ་ལ་གེགས་སེལ་གཞན་དང་བོགས་འདོན་ཡང་གཞན་དང་གཞན་མང་པོ་དགོས་ཤིང༌། འདོད་དོན་གཞན་རྣམས་ལ་ཁ་ཐག་ཉེ་བའི་ཐབས་ཀྱང་མི་གཅིག་པ་མང་པོ་འཚོལ་དགོས་ཏེ། ཚེ་སྒྲུབ་ནོར་སྒྲུབ་དབང་བསྡུད་ལ་སོགས་པ་ཇི་སྙེད་ཅིག་བྱས་ན་ཡང་འགའ་ཞིག་ཡེ་མི་འགྲུབ། འགའ་ཞིག་འགྲུབ་ཀྱང་དཀའ་ཚེགས་ཆེན་པོ་དགོས་པས་ལམ་མི་ཟབ་པ་ཡིན། མོས་གུས་ཁྱད་པར་ཅན་གྱིས་ལམ་འཁྲིད་པ་འདི་ལ་ནི། མོས་གུས་ཁོ་ནས་མཆོག་ཀྱང་འགྲུབ། ལམ་གྱི་གེགས་སེལ་དང༌། བོགས་འདོན་དང༌། ཚེ་དང་ལོངས་སྤྱོད་དབང་ཐང་སོགས་འདོད་དོན་ཐམས་ཅད་མོས་གུས་གཅིག་པུས་དཀའ་ཚེགས་མེད་པར་འགྲུབ་པའི་ཕྱིར། གཅིག་ཆོག་ཡིན་པས་ན་ལམ་ཟབ་མོ་ཞེས་བྱའོ། །དོན་ཚན་བདུན་


TNT04_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལམ་ཟབ་མོའི་ཁྲིད་ལུགས་ཀྱི་དབྱེ་བ་ནི། མོས་གུས་ཀྱི་ལམ་འཁྲིད་པ་དེ་ལ་ཡང༌། སྤྱོད་པས་འཁྲིད་པ་དང་གསོལ་འདེབས་ཀྱི་འཁྲིད་པ་གཉིས་ཡོད། དང་པོ་ནི། སྐལ་ལྡན་གྱི་གང་ཟག་ཅིག་བླ་མ་མཆོག་དང་མཇལ་བ་ཙམ་ནི་མོས་གུས་ལྷུན་གྱིས་གྲུབ། བླ་མའི་དོན་དུ་དཀའ་བ་ཆེན་པོ་སྤྱད་པས། ས་ལམ་གྱི་ཡོན་ཏན་ཐམས་ཅད་ཉི་མ་ཤར་བ་ལྟར་ཅིག་ཅར་ཚུལ་དུ་འབྱུང་བ་ཡིན། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་བྱུང་བའི་ལོ་རྒྱུས་དང༌། མཚོ་སྐྱེས་རྡོ་རྗེ་དང༌། ནཱ་རོ་མཻ་ཏྲི་སོགས་རྒྱ་གར་གྱི་གྲུབ་ཐོབ་དང༌། བོད་ཡུལ་གྱི་ལོ་ཙཱ་བ་མང་པོ་དང༌། རྣལ་འབྱོར་པ་ཨ་མེས་བྱང་ཆུབ་དང༌། བཤེས་གཉེན་བྱ་ཡུལ་བ་སོགས་ཀྱི་གཏམ་རྒྱུད་སྦྱར། གཉིས་པ་ནི། དེང་སང་གི་གང་ཟག་ཕལ་ཆེར་ལ་མོས་གུས་དེ་འདྲའང་དཀོན་དཀའ་སྤྱད་ཀྱང་ཕལ་ཆེར་གྱིས་མི་ནུས། རེ་རེ་ཙམ་གྱིས་བྱེད་པ་སྲིད་ན། མི་བྱེད་པ་ཚོའི་ཚོར་ན་ཏ་དགའ་མོར་གདའ། ལར་ཕོ་རུས་དང༌། ཞེན་དང༌། ཁེངས་དྲེགས་དང༌། འགྲན་སེམས་དང༌། ཕུགས་རང་བཟང་འདོད་དང༌། ཡུས་དང་བཅས་པ་ཡིན་གྱི། ཆོས་ལྡན་གྱི་མོས་གུས་སྙིང་ཐག་པ་ནས་མེད་པས། རྣམ་དག་ལེགས་པའི་ལམ་གྱི་ཡེ་ཤེས་སྐྱེད་མི་ཐུབ། དེས་ན་གསོལ་འདེབས་ཀྱི་སྒོ་ནས་མོས་གུས་ལ་རིམ་གྱིས་སློབ་པ་ཡིན། རིམ་པས་བསྒོམས་པས། མཐར་མོས་གུས་བཅོས་མ་མ་ཡིན་པ་སྐྱེས་པ་ན། ལམ་གྱི་ཡོན་ཏན་རྣམས་ཀྱང་རིམ་པས་འབྱུང་བར་འགྱུར་རོ། །དེས་ན་མོས་གུས་རབ་ལ་དགེ་སྦྱོར་རབ། འབྲིང་ལ་འབྲིང་དང་ཐ་མ་ལ་ཐ་མ་འབྱུང༌། མོས་གུས་མེད་ན་དགེ་སྦྱོར་མེད། མ་གུས་པ་ནི་ངན་སོང་གི་རྒྱུ་ཞེས་བྱའོ། །དོན་ཚན་བརྒྱད་པ་མཚན་ལྡན་གྱི་བླ་མ་ཇི་ལྟར་བསྟེན་པའི་ཚུལ་ནི། རྒྱུད་ཀྱི་རྒྱལ་པོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ་ནི་མི་རྣམས་ཐར་པའི་ཆེད་དུ་སྐྱབས་སུ་ཉེ་བར་འགྲོ་བ་སྟེ། འདིར་ནི་སངས་རྒྱས་གཙུག་ལག་ཁང་ན་གནས་པ་འདི་ཡང་ཡི་གེར་བྲིས་པའི་གླེགས་


TNT04_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བམ་ཆོས་ཉིད་དང༌། །དགེ་འདུན་ངུར་སྨྲིག་འཛིན་པས་མཆོག་གི་ཁྱབ་བདག་བདེ་བ་སྐྱེ་བ་འབུམ་ཕྲག་དག་གིས་སྟེར་བ་ མིན། །ཞེས་དང༌། གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་སྡིག་བྲལ་དེ་དག་སྟེ། །དེ་ལ་གནོད་པ་བྱས་པས་སྲོག་ཆགས་རྣམས་ནི་ངེས་པར་དམྱལ་བར་འགྲོ་སྟེ་འདི་ལ་ངོ་མཚར་མེད། །དེ་མཉེས་པ་ཡིས་བདག་ནི་མགུ་སྟེ་དེ་ལ་ཁྲོས་པས་མེ་ཡིས་ཁྲོས་པ་ཞེས་པ་ཆེན་པོའོ། །དེ་ཉིད་སེམས་ཅན་རྣམས་ལ་ཐར་པ་བདེ་མཉམ་འབྲས་སྟེར་བུ་རྣམས་དག་གི་ཕྱག་འོས་མཆོད་འོས་སོ། །སྡུག་ཅན་གང་ཡིན་གང་ཞིག་དཔལ་ལྡན་བླ་མའི་ཞབས་པད་བཟང་ལ་དུས་གསུམ་ཕྱག་མི་བྱེད་པའོ། །མི་ཤེས་གང་ཡིན་གང་ཞིག་རྣམ་མང་མེ་ཏོག་རྣམས་ཀྱིས་དུས་གསུམ་དུ་ནི་མཎྜལ་མི་བྱེད་པའོ། །མྱུར་དུ་མནར་མེད་འགྲོ་བ་གང་ཡིན་གང་ཞིག་བདེ་མཉམ་སྟེར་བྱེད་བླ་མ་སྐྱོ་བ་སྐྱེད་པའོ། །ཤེས་རབ་ཡེ་ཤེས་ཐོབ་པ་གང་ཡིན་མ་ཉམས་གང་ཞིག་མཆོག་གི་བླ་མའི་ཞབས་ནི་མི་སྤོང་བའོ། །ཞེས་གསུངས། དཔལ་ལྡན་གསང་འདུས་ལས་ཀྱང༌། རིགས་ངན་སྨིག་མ་མཁན་ལ་སོགས། །གསོད་དོན་དོན་གཉེར་སེམས་པ་རྣམས། །ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །སེམས་ཅན་མཚམ་མེད་ལ་སོགས་པ། །སྡིག་པ་ཆེན་པོ་བྱེད་པ་ཡང༌། །རྡོ་རྗེའི་ཐེག་པ་རྒྱ་མཚོ་ཆེ། །ཐེག་པ་མཆོག་ནི་འདི་ལ་འགྲུབ། །སྙིང་ནས་སློབ་དཔོན་སྨོད་པ་དག །སྒྲུབས་ཀྱང་འགྲུབ་པར་ཡོངས་མི་འགྱུར། །ཞེས་གསུངས་ཤིང༌། འདིའི་ཐད་གྱི་སྒྲོན་གསལ་ལས། རང་གི་བླ་མ་ལ་སྙིང་ཐག་པ་ནས་སྨོད་མཁན་དེ་དང༌། རང་ཡང་སྙིང་ཉེ་བར་བྱས་ན། སློབ་དཔོན་ལ་རང་གིས་དངོས་སུ་མ་སྨད་ཀྱང༌། སློབ་དཔོན་སྨད་པ་དང་ཁྱད་མེད་པར་བཤད་དོ། །ཡང་དེ་ཉིད་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་


TNT04_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང༌། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །ཞེས་གསུངས་ཤིང༌། གསང་འདུས་རིམ་ལྔ་ལས་ཀྱང༌། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་ འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །དེ་ཉིད་མི་བཟང་འདོད་པ་ཡིས། །ཤིན་ཏུ་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་འབུལ། །ཞེས་གསུངས་པ་དང༌། གཞན་ལས་ཀྱང༌། སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་མ་ཡིན་ཉིད། །ཡོན་ཏན་གཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱི་ནི་དངོས་གྲུབ་ཉམས། །འདིར་མང་སྨྲས་པས་ཅི་ཞིག་བྱ། །བླ་མ་མཉེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་པ་ནི། །དེ་དང་དེ་ལ་འབད་པས་སྤྱད། །དངོས་གྲུབ་སློབ་དཔོན་རྗེས་འབྲང་བར། །རྡོ་རྗེ་འཛིན་པ་ཉིད་གསུངས་ཕྱིར། །ཤེས་ནས་དངོས་པོ་ཐམས་ཅད་ ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་འབྱུང་བ་རྣམས་གནད་ཀྱི་དམ་པ་ཡིན་ཏེ། མདོར་ན་བླ་མ་བསྟེན་ཚུལ་ཡང་བསམ་པ་དང་སྦྱོར་བ་གཉིས་ལས། དང་པོ་ལ། བསམ་པའི་རྩ་བ་ནི་གོང་དུ་བསྟན་པའི་བླ་མའི་མོས་གུས་ཉིད་ཡིན་ལ། དེ་ཡི་ཡན་ལག་ཏུ། བླ་མའི་སྐུ་གསུང་ཐུགས་ཀྱི་སྐྱོན་ལ་མི་བརྟག་སྟེ། སྐྱོན་གྱི་རྣམ་པ་མཐོང་ན། བློ་སྦྱོང་ཚུལ་གཉིས་ཡོད་དེ། དང་པོ་ནི། བླ་མ་འདི་ལྟ་བུའི་སྐྱོན་དང་མཛད་སྤྱོད་ག་ལ་མངའ། འདི་ནི་བདག་རང་གི་སེམས་མ་དག་པས་ལན། མཁྲིས་ནད་ཅན་གྱིས་དུང་སེར་པོར་མཐོང་བ་དང་འདྲ། སྔོན་བྱང་ཆུབ་སེམས་


TNT04_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ནོར་བཟང་གི་བླ་མ་བྲམ་ཟེ་རྒྱལ་བའི་དྲོད་དང༌། གྲུབ་ཐོབ་མཚོ་སྐྱེས་ཀྱི་བླ་མ་ཕག་ཚང་བ་དང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇམ་དཔལ་ཁྱིམ་བཙུན་དུ་གཟིགས་པ་སོགས་ཀྱིས་མཚོན་ཏེ། དེ་དག་གིས་ཀྱང་མ་དད་པ་མེད་པར། གུས་པ་ཕྱིར་ཞིང་འཕེལ་བས། དངོས་གྲུབ་ཐོབ་པ་དང༌། མ་དད་པའི་རྣམ་རྟོག་སྐད་ཅིག་རེ་རེས་ཀྱང་དངོས་གྲུབ་ལ་བར་ཆད་བྱུང་བ་ལྟར། བདག་ཀྱང་བླ་མའི་མཛད་པ་ཇི་ལྟ་བུ་མཐོང་ཡང་དད་པ་འཕེལ་བ་ཞིག་བྱེད་དགོས་སྙམ་དུ་བསམ། བློ་སྦྱངས་ཚུལ་གཉིས་པ་ནི། བླ་མ་དེའི་སྐུ་གསུང་ཐུགས་ཀྱི་སྐྱོན་མཐོང་བའམ། མཛད་སྤྱོད་ཀྱི་སྒོ་ནས་མི་དགེ་བཅུ་མཛད་པར་མཐོང་ཡང༌། བླ་མས་མཛད་པ་འདི་ལྟ་བུ་མཛད་པ་ནི། གདུལ་བྱ་གང་ལ་གང་འདུལ་གྱི་དབང་ལས། སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་དུ་མཛད་པའི་འཕྲིན་ལས་ཡིན། དེད་དཔོན་སྙིང་རྗེ་ཆེན་པོ་དང༌། ཁྱེའུ་སྐར་མ་དང༌། བྱང་ཆུབ་སེམས་དཔའ་ཆོས་འཕགས་སོགས་ཀྱི་དཔེ་དང་མཚུངས། དཔེར་ན་བླ་མ་རྫུན་གསུང་པར་ཤེས་ན། ད་ལྟ་འདི་ན་སྐྱེ་བོ་མང་པོ་རྫུན་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པ་ཡོད་པ་ཡང༌། དགེ་བ་ངོ་མཚར་ཆེ་སྟེ། དེ་ཀུན་པས་བདག་གི་བླ་མས་དགོངས་པ་ཅན་གྱི་ཚིག་རྫུན་ལྟར་སྣང་བ་གསུང་པ་འདི་བརྒྱ་སྟོང་འབུམ་འགྱུར་གྱི་ངོ་མཚར་ཆེ། འདིས་སེམས་ཅན་དཔག་ཏུ་མེད་པ་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འགོད་པར་མཛད་པ་ཞིག་ཡིན་པ་འདུག་སྙམ་དུ་བསམ་པ་ལྟ་བུ་སྟེ། དེས་ཐམས་ཅད་ལ་རིགས་འགྲེ། ཁྱད་པར་དུ་རང་ལ་བཀའ་བཀྱོན་པ་དང༌། མི་དགྱེས་པའི་རྣམ་འགྱུར་མཛད་ན། བཀའ་བཀྱོན་མི་ཐེག་དད་པ་ལོག ལོག་ལྟ་བྱེད་ན་དངོས་གྲུབ་དང་སྒོམ་གྱི་ཏ་རེ་བ་ཟད་དེ། དེ་བས་ཐུ་བ་དམ་ཚིག་ཉམས། རྡོ་རྗེ་དམྱལ་བའི་གཞི་ཐིངས་པ་ཡིན། བཀའ་བཀྱོན་བྱུང་ན་རང་གི་ལས་ངན་སྡིག་སྒྲིབ་འཛད། བགེགས་དང་ལོག་འདྲེན་རིང་དུ་བྲོས། ལྷག་པར་ཡང་བདག་ལ་ཐུགས་ཉེ་བས་


TNT04_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གསོང་པོར་གསུངས་པ་ཡིན་ཏེ། ཕས་བུ་ལ་བྱ་བ་བཞིན་ཟོལ་འགྲོག་མི་མཛད་པ་བཀའ་དྲིན་རེ་ཆེས་སྙམ་དུ་བསམས། མི་དགྱེས་པ་ལྟར་སྣང་ན་རང་གི་ལས་སྒྲིབ་མ་དག་པ་ཡོད་པས་དེ་མཛུབ་བཙུགས་སུ་བརྡ་སྤྲོད་མཛད་པར་འདུག་སྙམ། སྤྱིར་སྒྲིབ་སྦྱོང་དང༌། སླར་ཡང་བླ་མ་དགྱེས་པར་བྱེད་པའི་ཐབས་ལ་འབད་དགོས་པ་ཡིན། ཕྱག་ཆེན་པ་འགའ་ཞིག་བླ་མའི་བཀའ་བཀྱོན་ཐེག་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཟེར་བ་ཡང་མོས་གུས་ཀྱི་གནད་དང་ལྡན་པ་ཡིན། བོད་སྒོམ་འགའ་ཞིག་གི་ཞལ་ན་རེ། མཚན་ལྡན་བླ་མ་རིན་ཆེ་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །མི་གསོད་བཤན་པ་མཛད་ན་ཡང༌། དེ་ཁས་འཚེངས་ཤིང་དེ་ཁ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་ངེས། །ལོག་གཡེམ་འཆལ་བའི་ཚུལ་སྟོན་ཡང༌། །ཡོན་ཏན་འཕེལ་ཞིང་ཡོན་ཏན་འབྱུང༌། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། །རྫུན་གྱིས་གཞན་མགོ་བསྐོར་བ་ན། །བརྡ་ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་བའི་ལམ་ལ་འདྲེན། །རྐུ་འཕྲོག་ཆོམ་པོ་མཛད་ན་ཡང༌། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བོ་འཕོངས་པ་ཞི་བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། རྐྱེན་ངན་བར་ཆད་སེལ་བར་ངེས། །བརྡུངས་བརྡེགས་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང༌། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་སྐད་དེ། བླ་མའི་མོས་གུས་ཀྱི་གནད་དེ་ལྟ་བུ་ཞིག་རང་ཡིན། རྗེ་གྲོལ་མཆོག་གིས་ཀྱང༌། དངོས་གྲུབ་ཀྱི་རྩ་བ་དེ་བླ་མ་སྐད། །བླ་མ་དེ་སངས་རྒྱས་དངོས་བྱོན་སྐད། །ཅི་མཛད་དེ་ལེགས་པར་བལྟ་དགོས་སྐད། །མཛེས་མཛེས་སུ་སྨྲ་ཀྱང་སྒྲ་སྐད་ལགས། །དངོས་གྲུབ་ལ་ཐོབ་རུང་མ་ཐོབ་རུང༌། །སངས་རྒྱས་དང་སེམས་ཅན་གང་ཡིན་ཡང༌། །མཛད་པ་ཡང་ལེགས་ཉེས་ཅི་སྟོན་རུང༌། །མི་ང་ལ་སྙེམས་ཁྲིགས་རྡུལ་ཙམ་མེད། །ཅེས་འབྱུང་བ་ཐག་


TNT04_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ཀྱི་མོས་གུས་དེ་ལྟ་བུ་ཞིག་དགོས། བླ་མ་རང་དེ་ཅུང་ཟད་ངན་པའི་སྐྱོན་ཡོད་པས་སངས་རྒྱས་སུ་བཏེག་སྟེ་ཡར་སྐྱེལ་མི་དགོས། བླ་མ་རང་གིས་གོ་ཆོད། མཛད་པ་ཉེས་པ་དེ་བསྒྱུར་ནས་ལེགས་པར་སྒོམ་མི་དགོས། གང་མཛད་དེ་ཀ་དོན་ཆེན་ཡིན་དེ་ཀས་ཆོག་མཛད་པ་ལེགས་ཉེས་ལ་ཁྱད་མི་གདོག །རང་ལ་དངོས་གྲུབ་རེ་ནས་མོས་གུས་སྒོམ་པ་མིན། བླ་མ་དང་མ་བྲལ་ན་དམྱལ་བར་གནས་དགོས་ཀྱང་འདོད་ཐོག་ཡིན། བླ་མ་དང་བྲལ་ན་དངོས་གྲུབ་སངས་རྒྱས་སམ་དེ་ཡོད་ནའང་ང་ལ་དགོས་ཆེད་མེད་དོ་གཞན་སྨོས་ཀྱང་ཅི་དགོས་སྙམ་པ་ཞིག་ཡིན་ནོ། །མདོར་ན་མོས་གུས་ལ་རེ་དོགས་སྤངས་པ་ཞིག་གལ་ཆེ། མཁས་པ་ཚིག་གཙོ་བོར་བྱེད་པ་རྣམས་དང༌། སྒོམ་ཆེན་པའི་བརྒྱུད་འཛིན་དུ་ཁས་བླངས་ནས། རྟོག་གེ་དང་སྒྲ་སྙན་ངག་སོགས་ཐ་སྙད་ངན་པའི་གཡང་སར་ལྷུང་བ་འཇིག་རྟེན་གྱི་ཆེ་འདོད་ཅན་འདི་རྣམས་དོན་ཕུན་སུམ་ཚོགས་པ་གནང་ལ་རེག་ཅིང༌། ཚིག་གྲོང་མིའི་བརྡ་ཆད་དང༌། བསྟུན་པ་འདི་ལྟ་བུ་ལ་མི་མོས་ཀྱང༌། རྒྱུད་ལས། འཚེ་བ་རིག་བྱེད་ཚད་མ་ཅན་ནི་བདེ་བའི་འབྲས་བུ་མི་སྟེར་དུས་ཀུན་ཏུ་ནི་སྡུག་བསྔལ་སྟེར། །དམ་པའི་བྱམས་ལྡན་རྨོངས་པའི་ཚིག་ལས་མཆོག་གི་བདེ་བ་བྱེད་ཅིང་སེམས་ཅན་བདེ་ལ་རྗེས་སུ་ཆགས། །དེ་ཕྱིར་སེམས་ཅན་དོན་ནི་གཅིག་པུ་ཉིད་ལ་མི་བདག་ཡིད་ཀྱི་རང་བཞིན་མེད་པ་བསྒོམ་པར་བགྱི། །ཞེས་གསུངས་པ་ལྟར། ཁོ་བོ་ཅག་ནི་དོན་ལ་བརྟོན་པར་བྱེད་པའི་ཕྱིར་འདིར་ཡང་དེ་ཙམ་ཞིག་སྨོས་སོ། །གཞན་ཡང༌། དགེ་བའི་བཤེས་གཉེན་བླ་མ་དམ་པ་ལ་གཉེན་བཤིན་པ་ནི། དཔེར་ན་འཇིག་རྟེན་ན་གྲོགས་དང་ཉེ་དུ་སྙིང་ཉེ་བའམ། གཡོག་བཟང་པོ་དཔོན་ལ་གུས་པ་ཞིག་གིས། ལུས་ཀྱིས་བསྙེན་བཀུར་དང་ཞབས་དོག་བྱེད། ཞེས་འབུལ། ཞིང་ལས་དང༌། ཚོང་དང༌། ཕོ་ཉ་དང༌། དགྲ་ལ་འཐབ་པ་སོགས་གང་དགོས་ཀྱི་བྱ་བ་ཐམས་ཅད་སྒྲུབ། ངག་གིས་སྙན་པའི་ཚིག་དང༌། བསྟོད་ར་དང་ཆེ་བ་བརྗོད། ཁ་འཛིན་གཤག་འདེབས་སོགས་སྒོ་དུ་མ་ནས་


TNT04_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ། སེམས་ཀྱིས་ཀྱང༌། རང་གི་རྒྱལ་པོ་ལ་སོགས་པ་དེ་མངའ་ཐང་མཐོ་ན། ནོར་ཆེ་ན། ཚེ་རིང་ན། བྱུས་རྒྱལ་ན། གཞན་དང་མི་མཉམ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པར་བྱེད། ལས་བྱ་ཐབས་ཀྱིས་ཀྱང༌། ཕ་རོལ་པོ་གཞན་རྣམས་མངའ་འོག་ཏུ་འཇུག་ཨེ་ནུས་དང༌། མཐའ་ན་འབྲེལ་ཆགས་ཙམ་ཡང་འཇུག་པའི་ཐབས་བྱེད། རང་གིས་ཀྱང་བཟའ་བཏུང་ནོར་སོགས་གྱ་ནོམ་པ་འབུལ་ཁྲལ་འཇལ་ཐ་ན་ལུས་སྲོག་ཚུན་ཆོད་ཀྱང་དེ་དག་གི་དོན་དུ་གཏོང་ནུས་ཀྱིན་འདུག་ན། འཇིག་རྟེན་པ་དེ་དག་ལོ་ཟླ་ཞག་པོ་ཁ་ཤས་ཀྱི་མདུན་མ་ཙམ་འགྲུབ་པའི་ཕྱིར་དུ། གཉེན་གྲོགས་དཔོན་རྣམས་ལ་དེ་ཙམ་དུ་བྱེད་ནུས་ན། བླ་མ་ནི་སངས་རྒྱས་མ་ཐོབ་བར་དུ་གཏན་གྱི་གཉེན་ཡིན། གྲོགས་ཡིན། དཔོན་ཡིན། མགོན་ཡིན། སྐྱབས་ཡིན། རང་གི་ཚེ་འདིའི་བདེ་སྐྱིད་སྙན་གསུམ། ཚེ་རིང་ནད་མེད་ལོངས་སྤྱོད། མིས་མཐོང་སོགས་ལེགས་པ་གང་བྱུང་ཐམས་ཅད་ཀྱང་བླ་མའི་སྐུ་དྲིན་དང་བྱིན་རླབས་ཡིན། གཞན་ཡང་རང་ལ་ཐོས་བསམ་གྱི་ཤེས་རབ་བསྲུང་སྡོམ་གྱི་ཚུལ་ཁྲིམས་བཟླས་ནུས་བྱིན་རླབས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་གང་བྱུང་ཐམས་ཅད་ཀྱང་བླ་མའི་དྲིན། མཐར་ཐུག་སངས་རྒྱས་ཀྱི་བར་དུ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང༌། འདི་ཕྱི་དུས་རྣམས་ཐམས་ཅད་དུ་བདེ་སྐྱིད་ཐམས་ཅད་བླ་མ་ལ་རག་ལས་པ་ཡིན་ན། གོང་དུ་སྨོས་པ་དེ་ལྟ་བུའི་ལུས་ངག་ཡིད་བྱ་བྱེད་ཐམས་ཅད་བླ་མའི་ཕྱོགས་སུ་འབུངས་དགོས་པའང་ཡིན། དེ་ལྟར་བྱ་སྙམ་དུ་བསམ་པ་ཡང་དགོས་སོ། །མདོར་ན་བླ་མའི་སྐུ་གསུང་འཕྲིན་ལས་མངོན་པར་མཐོ་བར་སྨོན་པ་ཚུན་ཆད་བྱེད་དགོས་པ་ཡིན། དེ་ལྟར་ན་སྐྱོན་ལ་མི་བརྟག་པ་དང༌། ཅི་མཛད་ཡོན་ཏན་དུ་ཤེས་པ་དང༌། རེ་དོགས་འགོག་པའི་ཐག་ཆོད་དང༌། གཉེན་བཤིན་པའི་བསམ་པ་སྟེ། བླ་མ་བསྟེན་ཚུལ་གྱི་བསམ་པ་བཞི་པོ་དེ་ཚང་ན། མོས་གུས་ལམ་དུ་འགྲོ་བར་ཐེ་ཚོམ་མེད་དོ། །གཉིས་པ་སྦྱོར་བ་ནི། ལུས་ངག་ཡིད་ཀྱི་


TNT04_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཐམས་ཅད་ཀྱིས་བླ་མ་མཉེས་པ་ཐམས་ཅད་བྱེད། མི་དགྱེས་པ་ཐམས་ཅད་སྤོང་བར་འདུས། དེ་ཡང་འགའ་ཞིག་བླ་མ་ནི་མན་ངག་ཞུ་བའི་སྒོ་ཙམ་ཡིན་གྱི། དངོས་གྲུབ་དང་བྱིན་རླབས་ཆེན་པོ་ཞིག་བླ་མ་ལས་བཟང་བའི་ཡི་དམ་མམ། མཁའ་འགྲོ་སོགས་ལ་ཞུ་སྙམ་པ་བྱེད་དེ། རྟེན་འབྲེལ་ཐམས་ཅད་རྩ་བ་ནས་འཆུག དངོས་གྲུབ་ཏ་ག་ལ་འོང༌། དེས་ན་མོས་གུས་དྲག་པོ་རྒྱུན་མ་ཆད་པར་བྱ། ལོག་ལྟ་སྐད་ཅིག་ཀྱང་མི་བྱ། གལ་ཏེ་བྱུར་ཆགས་ཀྱི་ལོག་ལྟ་རང་ཤུགས་ལ་དབང་མེད་དུ་སྐྱེས་ནའང་དེ་མ་ཐག་གཉེན་པོས་སླེབ་པར་བྱས་ཏེ། འཕྲལ་དུ་རྒྱུན་བཅད་ནས། ལུས་ངག་གི་རྣམ་འགྱུར་དུ་ཡེ་མ་ཐོན་པར་བྱས། ངག་གི་སྒོ་ནས་ཀྱང༌། དངོས་ལྐོག་གང་དུ་ཡང་སྐུར་འདེབས་དང་གཤེ་བ་སོགས་ཚིག་གཅིག་ཀྱང་མི་བྱེད། ཚིག་འཇམ་པ་དང་དྲང་པོ་བདེན་པ་ཕྱི་ནང་མེད་པར་སྨྲ། བླ་མའི་ཐུགས་སུ་འཐད་པ་དང༌། རང་ཡང་ཡིད་ཕེབས་པ་དང༌། ཚིག་གསལ་བས་གབ་གསང་མེད་པར་ནང་ཡན་བྱས་ཀྱིན་ཞུ། སྒོ་ཐམས་ཅད་ནས་སྙན་པ་དང༌། བསྟོད་པ་དང༌། ཆེ་བ་བརྗོད། བླ་མའི་ཅི་གསུང་བ་དེ་ཐམས་ཅད་ཚད་མར་གཟུང་དགོས། ལུས་ཀྱིས་ཀྱང་ཕྱག་འབུལ་སྐོར་བ་བྱེད། ཉེ་བ་དང་རིང་བའི་ཕྱག་གཡོག་དང་ལས་ཀྱི་མཐའ་དང༌། ཕོ་ཉ་རྐང་འགྲོ་སོགས་དགོས་པའི་བྱ་བ་ཐམས་ཅད་བྱེད་དེ། ཐ་ན་ཆུ་འཆུ་ཐལ་འཕྱག་ཚུན་ཆོད་ཀྱང་ངོ༌། །ཡོ་བྱད་ཀྱི་སྒོ་ནས་ཀྱང༌། ཤིན་ཏུ་ཁྱད་པར་གྱུར་པ་ཉིད་ཅེས་པ་ལྟར། དངོས་པོ་བཟང་བ་དང༌། དག་པ་དང༌། འཕངས་པ་དང༌། རང་ལ་གཅེས་པ་རྣམས་འབུལ། ཅུང་ཟད་ཡིད་འོང་གང་དང་གང༌། །ཞེས་པ་ལྟར། གང་བླ་མ་དེ་ཉིད་ལ་མཁོ་བ་དང་གང་ལ་ཐུགས་དགྱེས་པ་དེ་འབུལ་ཏེ། དངོས་གནས་ལ་བཟང་ངན་གང་ཡིན་ཡང༌། གང་མཁོ་ཞིང་དགྱེས་པ་དེ་ཀ་མཆོད་པའི་མཆོག་ཏུ་གྱུར། ཐུགས་སུ་བྱོན་པ་དང་རྣམ་པར་དག་པའི་དངོས་པོ་འབུལ་མི་ནུས་པར། རང་ལ་གང་མི་མཁོ་ཚད་ཀྱི་གྱང་གྱོང་ངན་ངོན་ནོར་མ་ཉན་དག་འབུལ། ནས་སོགས་འབྲུ་ཡིན་


TNT04_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ན་སད་ཁྱེར་ངན་ངོན་དང༌། བྲེ་ཚད་གང་ཆུང་བ་ནས་གཞལ་བའི་ཁལ་གྲངས་བྱེད་པ་སོགས་དངོས་པོ་གང་ཉུང་ཉུང་ལ་མིང་དང༌། གྲགས་གང་ཆེ་ཆེ་ནས་བྱེད་པ་དང༌། རྟ་ཕྱུགས་སོགས་གང་རྫུད་པ་དང་རྒན་པ་དང་ནད་ཁྱེར་དང༌། གོས་ཡིན་ན་རྙིང་པ་སོགས་ནོར་དུ་མ་བཏུབ་པ་རྣམས་ནས་བག་རེ་འབུལ་ཞིང༌། བཟང་པོ་ཐམས་ཅད་རང་གིས་ཚགས་བྱེད་པར་འདུག་སྟེ། རྟེན་འབྲེལ་གྱི་གནད་རྩ་བ་ནས་འཆུགས། དམ་ཚིག་གི་འགངས་ལ་སེལ་ཞུགས། བྱིན་རླབས་ཀྱི་དྲོད་ཡལ། འདོད་དོན་དང་དངོས་གྲུབ་ནམ་ཡང་འགྲུབ་པ་མེད། ངལ་བ་འབྲས་མེད་དང་བྱས་པ་དོན་མེད་ཀྱི་གསང་སྔགས་པ་སྐད་ཆོས་པའི་གཟུགས་བརྙན་རྣམས་སྙིང་རེ་རྗེའོ། །ཡང་བླ་མ་བསྟེན་ཚུལ་འདི་རྣམས། བླ་མའི་ངོ་བསྲུང་བ་དང༌། མི་གཞན་ངོར་ཆོས་བརྒྱད་ཀྱི་མཛེས་ཁྲིགས་དང༌། རང་གི་འདོད་དོན་འདྲ་སྒྲུབ་པའི་ཕྱིར་བྱེད་ན། ཁ་ཟས་བཟང་པོ་དུག་གིས་སྦགས་པ་འདྲ། ཆོས་སུ་ནི་མི་འགྲོ ། འགའ་ཞིག་ནི་རང་གི་དོན་ཡིན་པ་མ་གོ་ནས་བླ་མ་ཉིད་རང་ལ་དགོས་པའི་དོན་གཅིག་ཡིན་པ་འདུག་སྙམ། ཡུས་དང་ངོ་སོ་ཁོ་ན་ལྷུར་བྱེད་དེ། བླ་མ་མཉེས་པར་བྱས་པ་སྟེ། སློབ་མ་རང་ཉིད་ཀྱི་དོན་དང་ཁེ་ཆེན་པོ་ཐོབ་པ་དེ་མ་ཤེས་པར་ཟད་དོ། །དེ་ལྟར་བླ་མ་བསྟེན་ཚུལ་ཐམས་ཅད་ཀྱི་འགག་བསྡུ་ན་བཀའ་ཅི་གསུང་སྒྲུབ་པ་ལ་འདུས། དགོངས་པ་ལ་གང་ཡོད་བཞིན་བྱེད་པར་འདུས་པ་ལགས་སོ། །དེ་ལྟར་ན་བླ་མའི་རྣལ་འབྱོར་འདི་དང༌། གོང་གི་སྐྱབས་འགྲོ་དང་སེམས་བསྐྱེད་དེ་གསུམ་པོ་འདི་ནི། ཆོས་ཀྱི་འགངས་རང་ཡིན་པས། དམིགས་ཕྲན་རེ་ཙམ་ཡིན་པས་འགངས་ཆུང་ངོ་སྙམ་དུ་བསམ་པར་མི་བྱ་སྟེ། སྐྱབས་འགྲོ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན། སེམས་བསྐྱེད་ནི་ཐེག་ཆེན་ཐམས་ཅད་ཀྱི་རྩ་བ་ཡིན། བླ་མའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པའི་ལམ༌། མས་ཅད་ཀྱི་རྩ་བ་ཡིན་པར་ཤེས་པར་བྱའོ། །ཡང་བསགས་སྦྱངས་ཙམ་གྱི་དབང་དུ་བྱས་ན། ཚོགས་བསགས་དང་སྒྲིབ་སྦྱོང་དུ་མ་


TNT04_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་དགེ་བའི་ཆོས་ཅུང་ཟད་ཀྱང་མེད་ལ། འོན་ཀྱང་ཡིག་བརྒྱའི་བཟླས་བསྒོམ་དང༌། མཎྜལ་ནི་ཆོ་གའི་ཡན་ལག་སྣ་རེ་ཙམ་ཡིན་མོད་ཀྱི། འདི་གཉིས་གསང་སྔགས་ཀྱི་རྣལ་འབྱོར་པ་ལ་ཤིན་ཏུ་མཁོ་བ་དང༌། ཚེགས་ཆུང་ངུས་དོན་རྒྱ་ཆེར་འགྲུབ་པའི་ཐབས་མཁས་ཀྱི་ཁྱད་པར་རེར་སྣང་བས། སྐབས་འདིར་ཐུན་མོང་གི་སྔོན་འགྲོའི་དམིགས་པ་ལྔ་ཞེས་འདྲ་མཚུངས་སུ་ས་བཅད་བསྒྲིགས་པ་ཡིན་ནོ། །དེ་ལྟར་དེ་ཡན་ཆད་དུ་བཤད་པ་རྣམས། ཆོས་འདི་གཅིག་པུར་མ་ཟད་སྐྱབས་སེམས་བསགས་སྦྱངས་མོས་གུས་ཀྱི་ཁྲིད་གང་ན་ཡོད་པ་ཐམས་ཅད་ལ་སྦྱོར་ཤེས་པར་འཚལ་ལོ། །སྐབས་འདིར་སྤྱིར་སྨིན་བྱེད་ཀྱི་དབང་བསྐུར་དགོས་པ་ལས། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་སམ། ཐུགས་དཀྱིལ་རྒྱས་པ་ལ་བརྟེན་ནས། བྱིས་པ་འཇུག་པའི་དབང་བདུན་ཙམ་མམ། དབང་ཡོངས་རྫོགས་སྔར་ཐོབ་ཟིན་ནས། དེ་རྗེས་སྐྱབས་འགྲོ་ནས་བརྩམས་ཁྲིད་འབོགས་པ་ཐོབ་ཐང་ཡིན་ལ། དེ་ཙམ་མ་ནུས་ན། རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་གང་རུང་ཞིག་ཏུ། སྦས་རྒྱུད་རྣམས་ཀྱི་ལུགས་ཀྱི་དབང་ཡོངས་རྫོགས་སམ་བུམ་དབང་ཐོབ་པར་བྱ། དམིགས་བསལ་ལ་སྐྱབས་སེམས་མཎྜལ་གསུམ་ལ་དོགས་པ་མེད། ཡིག་བརྒྱ་དང་བླ་མའི་རྣལ་འབྱོར་ལ། སྔར་དབང་བསྐུར་ཡེ་མ་ཐོབ་པ་ལ་གསང་སྒྲོགས་སུ་འགྱུར་རམ་སྙམ་ན། འདིར་དམིགས་བསལ་ཡིན་པས་མི་འགྱུར་ཏེ། གཞི་དེ་ལས་དད་པ་ཁྱད་པར་ཅན་སྐྱེ་བའི་དགོས་པ་ཡོད་པའི་ཕྱིར་རོ། །དེས་ན་དབང་བསྐུར་སྔ་རོལ་ནས་མ་གྲུབ་ན། ཐུན་མོང་གི་སྔོན་འགྲོའི་སྐབས་འདི་རྣམས་གང་དུ་བསྐུར་ཀྱང་འདྲ། གསང་སྒྲོགས་མི་འབྱུང་བ་ཙམ་ལ་དེ་དང་ཁྱད་མེད་ཀྱང༌། སྤྱིར་བསྐྱེད་རིམ་གྱི་སྔོན་དུ་བྱིས་འཇུག་གམ། དཀྱིལ་ཆོག་ཕལ་པའི་བུམ་དབང་ཙམ་ཞིག་ངེས་པར་གལ་ཆེའོ། །དེ་ལྟར་ཐུན་མོང་གི་དབང་བསྐུར་བའི་རྗེས་སུ།


TNT04_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིད་ཀྱི་འཕྲོས་ནས་སྐྱོང་བ་ལ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཞེས་པ། ཐུན་མོང་མ་ཡིན་པ་ནི་སྦྱོར་དྲུག་ལས་གཞན་པའི་འཁྲིད་མང་པོ་ཞིག་དང་ཐུན་མོང་མ་ཡིན་པ་སྟེ། ཕལ་ཆེ་བའི་དོན་ཡིན། གཞན་ལ་གཏན་ནས་མེད་ཅེས་ཁྱབ་མཐའ་འཆའ་བ་མིན་ནོ། །འོ་ན་སྔགས་ཀྱི་འཁྲིད་ཕལ་ཆེར་ལ་ཡང༌། ལྷ་སྒོམ་པ་དང༌། མི་རྟོག་པ་དང༌། སྟོང་ཉིད་སྒོམ་པ་ཡོད་པས་ཤས་ཆེ་བ་ལ་བསམས་ཀྱང༌། ཐུན་མོང་མ་ཡིན་པ་ཞེས་ཟེར་དུ་མི་རུང་སྙམ་ན་བདེན་མོད་ཀྱི། ལྷ་དང་མི་རྟོག་བསྒོམ་པ་ཡོད་པའི་འཁྲིད་རྣམས་ཕལ་ཆེ་བ་ལ་དེ་དག་དངོས་གཞིར་བྱེད་པ་ཡིན་གྱི་སྔོན་འགྲོར་མི་བྱེད་པས། འདིར་ལྷ་དང་མི་རྟོག་པ་སྔོན་འགྲོར་བྱེད་པའི་སྒོ་ནས། ཆོས་གཞན་དང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དེ་ལས་དུས་འཁོར་ལྷན་སྐྱེས་ཀྱི་སྒོམ་ཐབས་བཤད་ཟིན་པའི་རྗེས་སམ། ཇི་ལྟར་འོས་པར་གོ་བ་ཅུང་ཟད་བརྗོད་ན། སྤྱིར་ལྷན་སྐྱེས་ཀྱི་མངོན་རྟོགས་འདི་ཉམས་ལེན་དུ་བྱེད་པ་ལ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་བྱས་ནས། དེ་རྗེས་ཤུ་ནྱཱ་ཏ་སོགས་ལ་འཇུག་པ་ཡིན། འདིར་ཐུན་གཅིག་པོ་དེ་ཐུན་མོང་གི་སྔོན་འགྲོ་ལྔ་པོ་རྒྱས་བསྡུས་གང་ཡིན་ཡང་རུང༌། ཁྲིགས་ཆགས་སུ་བསྒོམས་ཟིན་པའི་འཕྲོ་འཐུད་པ་ཡིན་ན་ཤུ་ནྱཱ་ཏ་མ་ཆད་ནས་བསྒོམས་པས་ཆོགསྐྱབས་སེམས་གོང་གི་དེ་ཀས་གོ་ཆོད། ཡང་འདིར་སྐྱོར་མི་དགོས། དེ་ལ་རང་གཞན་སྣང་གྲངས་ཀྱི་ཆོས་འདི་རྣམས་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུར་བསྒོམ། དེ་རྗེས་སྣང་བ་ཐམས་ཅད་ནམ་མཁའ་ལ་འཇའ་ལྟར་ཡལ་ནས་སེམས་སྣང་མེད་ལ་ཅུང་ཟད་བཞག དེ་ནས་ཤུ་ནྱཱ་ཏའི་སྔགས་བརྗོད་ཅིང༌། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་བདེ་གཤེགས་སྙིང་པོ་ང་ཡིན་སྙམ་ང་རྒྱལ་བསྐྱེད། དངོས་གཞིའི་སྐབས་སུ། བཞུགས་གདན་པདྨའི་


TNT04_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་བསྒོམ་ཐུབ་ན་ལེགས། རྟེན་གྱི་དཀྱིལ་འཁོར་ཡིན་པས། ལྷན་སྐྱེས་ཀྱི་སྐབས་འདིར་གཞལ་ཡས་ཁང་གི་དོད་ཐུབ་པ་ལགས། མདོར་བསྡུ་ན། མ་སྒོམས་ཀྱང་ལྷན་སྐྱེས་ཀྱི་སྐབས་འདིར་ཆོ་ག་ཆད་པར་མི་འགྱུར་རོ། །ལྷན་སྐྱེས་ཀྱི་གོ་དོན་གཉིས་ཡོད་དེ། གཅིག་ནི་གདོད་མའམ་རྩ་བའམ་ཐོག་མ་ཉིད་ལ་ལྷན་སྐྱེས་ཟེར་བ་ཡིན། ལྷ་ཕྱག་མང་ཞལ་མང་ཡལ་ག་ལོ་འདབ་རྒྱས་པ་ལྟ་བུའི་རྩ་བའི་འབྱུང་ཁུངས་ས་བོན་ལྟ་བུ་དེ་ཕྱག་གཉིས་པ་ཡིན་ཞེས་བཏགས་པའི་སྒོ་ནས་བཞག་སྟེ། འཇིག་རྟེན་དུ་རྩ་བར་འཇོག་པ་ཕལ་ཆེར་ཆུང་བའམ་ཉུང་བ་དང༌། འཕྲོས་ཤིང་འཕེལ་བ་རྣམས་ཕལ་ཆེར་མང་བ་དང་ཆེ་བར་འགྱུར་བས། སྐབས་འདི་ལྟ་བུར་ཡང་ལྷན་སྐྱེས་ཀྱི་སྒྲ་ཞལ་གཅིག་ཕྱག་གཉིས་པ་ཞིག་ལ་འཇོགདེའི་ཡང་ནང་ནས་གསང་སྔགས་པ་ཕལ་ལ་གྲགས་ཆེ་བ་ལྟར་ན། གཅིག་གཅིག་པུ་ལ་ལྷན་ཅིག་པའི་སྒྲ་མི་འབྱུང་བས། དཔའ་བོ་གཅིག་པུ་དང༌། དཔའ་མོ་གཅིག་པུ་ལ་ཕལ་དུ་ལྷན་སྐྱེས་མི་ཟེར་བར། ཕྱག་གཉིས་པ་ཁ་སྦྱོར་གྱི་སྐུ་ཅན་གཅིག་ལ་ལྷན་སྐྱེས་སུ་གྲགས་སོ། །དོན་སྟེང་ནས་ཞལ་ཕྱག་མང་ཉུང་ལ་རྒྱུ་འབྲས་ཀྱི་ཁྱད་དང༌། རྩ་བ་དང༌། ཡན་ལག་གི་དབྱེ་བའི་ངེས་པ་མེད་མོད་ཀྱང༌། མཚོན་དོན་གྱི་དབང་དུ་བྱས་ནས། རྒྱུའམ་རྩ་བ་ཆོས་སྐུ་སྤྲོས་བྲལ་མཚོན་པ་ཕྱག་གཉིས་པ་དང༌། འབྲས་བུའམ་ཡན་ལག་གཟུགས་སྐུ་སྤྲོས་པའི་རྣམ་པ་མཚོན་བྱེད་ཞལ་ཕྱག་མང་པོ་ཅན་ཡིན་པར་འཇོག་པ་མང་བས། རྒྱུའམ་རྩ་བའི་ལྷ་ལ་ལྷན་སྐྱེས་ཞེས་བྱ། དེ་ནི་བསྐྱེད་བྱ་རྣམ་པའི་སྒོ་ནས་ལྷན་སྐྱེས་སུ་འཇོག་ཚུལ་ལོ། །ལྷན་སྐྱེས་ཀྱི་གོ་དོན་གཉིས་པ་ནི། བདག་ཅག་གི་བླ་མ་དམ་པ་འགའ་ཞིག་འདི་སྐད་ཅེས་གསུང་སྟེ། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བའི་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་


TNT04_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཞེས་བརྗོད། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་ལག་ཁ་དོག་རྣམ་པ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་གསུངས་པ་ལྟར། སེམས་ཅན་དུ་མ་གྲུབ་ན་ཕར་ཞོགགྲུབ་ཕྱིན་ཆད་སེམས་ཀྱི་གནས་ལུགས་བདེ་བ་དང༌། ལུས་ཀྱི་གནས་ལུགས་ལྷའི་སྐུར་གྲུབ། སེམས་ཅན་གྱི་ལུས་ངག་ཡིད་གསུམ་དང༌། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་ལྷན་ཅིག་ཏུ་གདོད་མ་ནས་ཡོད། དེ་གློ་བུར་གྱི་དྲི་མས་བསྒྲིབས་ནས་མ་ཤེས་པ་ལ། ཤུ་ནྱཱ་ཏའི་སྔགས་དོན་བསམས་པས། དྲི་མ་ཐ་མལ་བའི་ལུས་ངག་ཡིད་གསུམ་དང༌། གདོད་ནས་གྲུབ་གྲུབ་པའི་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་དེ་མངོན་དུ་གྱུར་པར་མོས་པའི་ཚུལ་གྱི་སྒོམ་པ་ནི། ལྷན་སྐྱེས་སྒོམ་པ་ཞེས་བྱ་སྟེ། འདི་ནི་མོས་ཚུལ་དང་བསྐྱེད་ཆོག་གི་རིམ་པའི་སྒོ་ནས་ལྷན་སྐྱེས་སྒོམ་པར་འཇོག་པའོ། །བསྐྱེད་ཆོག་འདི་ལྟ་བུའི་སྒོ་ནས། ལྷ་དཔའ་རྐྱང་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པའི་བར་དུ་རྒྱས་བསྡུས་གང་བསྒོམས་ཀྱང་རུང༌། ལྷན་སྐྱེས་ཀྱི་སྒྲ་དོན་ཚང་མོད། འཁོར་ཅན་དང་ཞལ་ཕྱག་མང་པོ་ཅན་ལ། ལྷན་སྐྱེས་ཀྱི་ཐ་སྙད་མི་འཇོག་པ་ནི། གསང་སྔགས་པ་ཕལ་ཆེར་རྣམས་ལ་རབ་ཏུ་གྲགས་པའི་ཚད་མས་གྲུབ་པ་སྟེ། ཆུ་ལས་སྐྱེས་པ་གཞན་མང་པོ་ཡོད་ཀྱང༌། པདྨ་ཁོ་ན་ལ་ཆུ་སྐྱེས་སུ་བརྗོད་པ་བཞིན་ནོ། །དེས་ན་དཔའ་བོ་གཅིག་པ་དང༌། དཔའ་མོ་གཅིག་པ་དང༌། འཁོར་ཚོགས་ཅན་ལ་ཡི་དམ་དེ་དང་དེ་ལྷན་སྐྱེས་ཀྱི་སྒྲུབ་ཐབས་སུ་རྒྱ་ཆེར་སྒྲོག་པ་ནི་གསང་སྔགས་ཀྱི་བརྡ་ཆད་ལ་རྨོངས་པར་ཟད་དོ། །འདིར་འཆད་པའི་དུས་འཁོར་ལྷན་སྐྱེས་དང༌། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་འཇིགས་མེད་འབྱུང་གནས་ཀྱིས་མཛད་པ་སོགས་ནི། བསྐྱེད་བྱ་ལྷའི་རྣམ་པ་དང༌། སྐྱེད་ཆོག་གཉིས་ཀའི་སྒོ་ནས་


TNT04_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཀྱི་ཚུལ་ཁོ་ན་ཡིན་ལ། སྤྱིར་ལྷན་སྐྱེས་ཀྱི་མངོན་རྟོགས་སུ་འཇོག་པ་ལ། བསྐྱེད་ཆོག་ལས་ཀྱང་རྣམ་པ་གཙོ་ཆེ་བས། ལྷན་སྐྱེས་ལ་ས་བོན་དང་ཆོ་ག་གསུམ་སྐྱེད་དང༌། སྙིང་པོའི་ཚིག་ཙམ་དང༌། མངོན་བྱང་ལྔ་སྐྱེད་སོགས་སྣ་ཚོགས་པ་འབྱུང་བའང་མི་འགལ་ལོ། །དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ་ཞེས་པ་ནི། འདོམ་གང་ཙམ་འཁོར་ཡུག་ཏུ་འོད་ཟེར་གྱི་ཚུལ་ལ། དེ་ཕན་ཆད་དུ་མེ་ལྕེ་ཁ་དོག་སྣ་ལྔའམ་དྲུག་པ་འཕྲོ་བའོ། ཁ་ཅིག་དུས་འཁོར་ལྷན་སྐྱེས་ཀྱི་ཞབས་འོག་ཏུ་མནན་པའི་ལྷ་གཉིས་ཕྱག་བཞི་པ་དང༌། ལྷ་མོ་གཉིས་ཀྱང་སྒོམ་པ་ནི་སྐབས་སུ་བབ་པའི་དབྲི་བཀྱེད་མ་ཤེས་པར་མངོན་རྟོགས་རྒྱས་པའི་གྲལ་སྒྲིག་བཤིག་མ་ཐུབ་པའི་སྐྱོན་ཏེ། དེ་ལྟ་ན་གཙོ་བོ་ལས་གདན་གཟི་བརྗིད་ཆེས་པའི་སྐྱོན་འབྱུང་སྟེ། དགྲ་བགེགས་མི་ཐུལ་བ་དང༌། བར་ཆད་སྡང་བའི་རྟེན་འབྲེལ་དུ་འགྱུར་བས་དེ་ལྟར་མི་བྱ་ལ། དྲག་པོ་དཀར་པོ་ཁྲོ་ཉམས་དང༌། སྟག་ལྤགས་དང༌། སྤྲུལ་རྒྱན་ཅན། མིག་གསུམ་པ། འདོད་ལྷ་དམར་པོ་ཞི་བ་དར་དང་རིན་པོ་ཆེའི་རྒྱན་ཅན་མིག་གཉིས་པ། གཉིས་ཀར་ཡང་ཕྱག་གཉིས་ཕྱག་མཚན་མེད་པ་གན་ཀྱལ་དུ་གནས་པ། དྲན་མེད་དུ་རྒྱལ་ཞིང་མྱོས་པའོ། །སྐུ་ལ་རྡོ་རྗེའི་རྒྱན་ཞེས་པ་རྒྱུ་རྡོ་རྗེ་ཕ་ལམ་ལས་གྲུབ་ཅིང་རྣམ་པ་ཡང་རྡོ་རྗེའི་གཟུགས་ཀྱིས་མཚན་པའོ། །དུས་འཁོར་ལྷན་སྐྱེས་འདི་རྒྱུ་རྡོ་རྗེ་འཛིན་པ་ལྟར་བྱེད་ན། ཡབ་ཡུམ་གཉིས་ཀར་རྡོར་སེམས་ཀྱི་དབུ་རྒྱན་ཅན་དང༌། འབྲས་བུར་ལྟར་བྱེད་ན། མི་བསྐྱོད་པའི་དབུ་རྒྱན་ཅན་ཡིན། དུས་འཁོར་གྱི་ཆོས་སྐད་ལ། རིགས་བདག་ཅེས་པ་འཁོར་གྱི་དབུ་ལ་བཞུགས་པའི་ལྷའི་མིང་ཡིན། །དུས་ཀྱི་འཁོར་ལོའི་དབུ་རྒྱན་གྱི་ལྷ་ནི། རང་རིགས་མཚོན་བྱེད་ཡིན་ཀྱི་རིགས་བདག་གི་རྒྱས་འདེབས་མིན་ཏེ། དུས་འཁོར་ལ་ཚུར་རྒྱས་འདེབས་ཀྱི་ལྷ་མེད་དེ། དུས་འཁོར་ཉིད་ལྷ་གཞན་ཐམས་ཅད་ལ་ཕར་རྒྱས་འདེབས་པའི་རིགས་བདག་ཡིན་པའི་ཕྱིར་རོ། །


TNT04_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་གོ་ནས་གཞན་གྱི་ཁ་རྒྱུགས་དང་མ་འདྲེས་པར་བྱའོ། །ལྷན་ཅིག་སྐྱེས་པའི་ཚུལ་གྱི་སྐྱེད་ཆོག་འདི། གདོད་མ་རང་བྱུང་གི་ལྷའི་རྣམ་པ་ལམ་བྱེད་ཡིན། རང་བྱུང་གི་ལྷ་དེ་སངས་རྒྱས་ཀུན་འདུས་ཡིན་པས། ཐོག་མ་ཉིད་ནས་དམ་ཡེ་དབྱེར་མེད་དུ་རང་གྲུབ་པའི་ཕྱིར། གོ་ཆ་བྱིན་རླབས་དང༌། ཡེ་ཤེས་སྤྱན་འདྲེན་དབང་བསྐུར་རྒྱས་གདབས་སོགས་མི་དགོས་པས། སྐབས་འདིར་ནི་དེ་བཞིན་ཡིན་ལ། སྐྱེད་ཆོག་གཞན་གྱི་ལུགས་སུ་བྱས་ན། རྣམ་པ་ལྷན་སྐྱེས་ཡིན་ཡང༌། ཆོ་ག་དེ་དག་བྱེད་པའང་མི་འགལ་ ལོ། །སྐབས་འདིར་གནས་དྲུག་ཏུ་ཡི་གེ་དྲུག་དགོད་པ་ནི། སྒོ་གསུམ་དང་སྐྱེ་མཆེད་སོགས་བྱིན་རླབས་གྱི་དོན་མ་ཡིན། རིག་དྲུག་ཀུན་འདུས་པའི་བརྡ་ཙམ་ཡིན། ཡི་གེ་བཞི་འགོད་ནའང༌། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་འདུས་པའི་བརྡ་ཡིན། དེ་ནས་འོད་ཟེར་སྤྲོ་བསྡུས་སྣོད་བཅུད་སྦྱོང་བ་ནི། མཛད་པ་འཕྲིན་ལས་ལམ་དུ་བྱེད་པ་ཡིན་པས། ཡེ་ཤེས་པ་སྤྱན་འདྲེན་དུ་འཁྲུལ་བར་མི་བྱའོ། །འཁྲིད་ཀྱི་སྐབས་སུ་ནི་བཟླས་པ་ཅུང་ཟད་བྱེད་དུ་ཆུག་ཀྱང༌། ལྷ་སྐུ་ལ་དམིགས་པ་མ་གཏོགས་གཞན་མི་དགོས་ལ། སྤྱིར་འདི་ལ་བཟླས་བརྗོད་བསྙེན་པ་སོགས་བྱེད་ན། སྙིང་གར་ཟླ་ཉི་སྒྲ་གཅན་བརྩེགས་པའི་སྟེང་དུ། རྣམ་བཅུ་དབང་ལྡན་སྔོན་པོ་ཞིག་བསྒོམ་སྟེ། འོད་ཟེར་སྤྲོ་བསྡུའི་བཟླས་པ་སྤྱི་དང་མཐུན་པ་བྱེད། དེ་དག་ལས། དང་པོར་སྟོང་ཉིད་སྒོམ་པས་ནི་འཆི་བ་སྦྱོང༌། ཆོས་སྐུ་ལམ་དུ་བྱེད། སྐད་ཅིག་གིས་བསྐྱེད་པས་ནི། བར་དོ་སྦྱོངས། ལོངས་སྐུ་ལམ་དུ་བྱེད། ཡི་གེ་དགོད་པ་དང༌། འོད་ཟེར་སྤྲོས་བསྡུས་ནི། སྐྱེ་སྲིང་དང༌། ལས་སྣ་ཚོགས་བྱེད་པ་སྦྱོང་སྤྲུལ་སྐུ་མཛད་པ་དང་བཅས་པ་ལམ་དུ་བྱེད་པའོ། །མཐར་འོད་གསལ་དུ་བསྡུ་ཞིང་ལྡང་བ་ནི། ཕྱིས་ཉིང་མཚམས་སྦྱོར་བ་ལ་ལྟོས་པའི་སྲིད་པ་མཐའ་དག་སྦྱོང་ཞིང༌། རང་བཞིན་ཆོས་སྐུ་ལས་མ་གཡོས་བཞིན་དུ། འགྲོ་བའི་དོན་མཛད་པ་མཚོན་པ་


TNT04_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །སྤྱིར་སྒྱུ་འཕྲུལ་དྲྭ་བ་ལས། ཡོངས་སུ་བརྟགས་པའི་རྣལ་འབྱོར། བྱིན་གྱིས་བརླབས་པའི་རྣལ་འབྱོར། ཡོངས་སུ་རྫོགས་པའི་རྣལ་འབྱོར་ཏེ་གསུམ་གསུངས། དང་པོ་བསྐྱེད་རིམ་དང༌། ཕྱི་མ་གཉིས་རྫོགས་རིམ་གྱི་ལྷ་སྐུ་ཡིན། རྫོགས་པའི་རྣལ་འབྱོར་དངོས་སྟེ་ཡེ་ཤེས་ཀྱི་ལྷ་སྐུ་ཞིག་ལ་ཟེར་བ་ཡིན་ནའང༌། བསྐྱེད་རིམ་གྱི་རྣལ་འབྱོར་པས་ཀྱང་དེ་དང་རྣམ་པ་མཚུངས་པར་བསྒོམ་པ་ལ། རྫོགས་པའི་རྣལ་འབྱོར་ཞེས་སློབ་དཔོན་འཇིགས་མེད་འབྱུང་གནས་སོགས་མཁས་མཆོག་རྡོ་རྗེ་འཛིན་ཆེན་རྣམས་གསུང་ངོ༌། །དེ་ཡང་སྐྱེད་ཆོག་ལྷན་སྐྱེས་ཀྱི་ལུགས་སུ་ཡོད་ན། བསྐྱེད་རིམ་རྫོགས་པའི་རྣལ་འབྱོར་དེར་འགྱུར་བ་ཡིན་གྱི། དེ་མིན་སྐད་ཅིག་གིས་བསྐྱེད་པ་ནི་དཀྲོད་བསྐྱེད་ཙམ་ པོའོ། །སྐབས་འདི་དག་ཏུ་འདི་ལྟར་ཡང་གོ་བར་བྱ་སྟེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། བསྐྱེད་རིམ་ལ་སྨད་ཅིང་རྫོགས་རིམ་ལ་བསྔགས་པ་ཆེར་མཛད། འཁོར་ལོ་སྡོམ་པ་ལས། བསྐྱེད་རྫོགས་གཉིས་ཀ་མང་པོ་ཞིག་གསུངས་ཀྱང༌། གཉིས་ཀར་གྱི་ཆེ་བ་ཙམ་མིན་པ་གང་ལའང་སྨད་པ་ཆེར་མེད། དགྱེས་རྡོར་ལས། གཉིས་ཀ་གསལ་བར་བསྟན་ནས་བསྐྱེད་རིམ་ལ་བསྔགས་པ་ཆེར་མཛད། གསང་འདུས་རྩ་རྒྱུད་དུ། བསྐྱེད་རིམ་འཁོར་བཅས་རྒྱས་ཤིང༌། རྫོགས་རིམ་གབ་པའི་ཚུལ་དུ་ཡོད་པ་ཤས་ཆེ། དེ་ལྟར་ཚིག་དངོས་བསྟན་ལ་སྟོན་ལུགས་མི་འདྲ་བ་དུ་མར་བྱུང་ཡང༌། དགོངས་པ་གཅིག་སྟེ། བསྐྱེད་རིམ་ལ་བསྟོད་པ་རྣམས་ནི་ལས་དང་པོ་པ་ཕལ་ཆེ་བ་ལ་དགོས་ཤིང༌། གནས་སྐབས་ཀྱི་ཕན་ཡོན་ཤིན་ཏུ་མང་བ་ལ་དགོངས། བསྐྱེད་རིམ་ལ་སྨད་པ་རྣམས་ནི་རྫོགས་རིམ་རྒྱུད་ལ་སྐྱེས་ཟིན་པ་དང་སྔར་མ་སྐྱེས་ཀྱང་དབང་པོ་རྣོན་པོ་ལ་མི་དགོས་པ་དང༌། ངེས་དོན་མ་ཡིན་པ་ལ་དགོངས། དེ་ཙམ་དུ་རྒྱུད་ཐམས་ཅད་དགོངས་པ་མཐུན་མོད་ཀྱང༌། དངོས་བསྟན་ལ་བསྟོད་སྨད་ཀྱི་ཁྱད་ཡོད་པས། རྗེས་འཇུག་རྣམས་ཀྱང་དེ་ལ་གཙོ་བོར་བྱེད་


TNT04_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་ཀྱི་ཁྱད་ཅུང་ཟད་ཡོད་དེ། གང་ཟག་དང་བསྟན་བཅོས་མང་པོ་ཞིག་ཏུ་རང་ལ་གང་ཡོད་པ་དེ་བསྟོད། རང་ལ་མེད་པ་དེ་སྨོད་པར་འདུག་ནའང༌། འདིར་དེ་རིགས་ཡེ་མིན། དུས་འཁོར་ལས། བསྒོམ་བྱ་དཀྱིལ་འཁོར་གྱི་རིགས་མང་པོ་དང༌། སྐྱེད་ཚུལ་ཆོ་ག་ཤིན་ཏུ་རྒྱས་པ་སོགས་རྒྱས་བསྡུས་མང་པོ་དང༌། ཆོ་ག་ལས་ཚོགས་ཐུན་མོང་གི་དངོས་གྲུབ་བསྒྲུབ་ཚུལ་ཤིན་ཏུ་གསལ་ཞིང་ཞི་བ་ལ་རྒྱས་ཏེ། རྒྱུད་གཅིག་ནས་བསྐྱེད་རིམ་གྱི་ཕྱོགས་དུས་འཁོར་ནས་རྒྱས་པར་བཤད་པ་ཙམ་གཞན་ཕལ་ཆེར་ལ་མེད་དོ། །དེ་ལ་རྒྱུད་འདིར་དཀྱིལ་འཁོར་གྱི་རྣམ་གཞག་མཐའ་ཡས་པ་གསུངས་པ་ལས། གཙོ་ཆེ་ཤོས་ནི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཡིན། གཞན་ཡང་སྡོམ་པ་ཆེ་ཆུང་དང༌། གསང་འདུས་དང་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་མང་ངོ༌། །དང་པོ་ལ། ཡེ་ཤེས་ལེའུར། དཔལ་ལྡན་རྒྱུ་སྐར་གྱི་ནང་ན། དུས་འཁོར་གྱི་དཀྱིལ་འཁོར་ལ་ལྷ་སྟོང་དང་དྲུག་ཡོད་པ་དང༌། སྒྲུབ་ལེའི་དངོས་བསྟན་གསུང་དབང་གི་དཀྱིལ་འཁོར་ལ་ལྷ་དྲུག་བརྒྱ་སོ་དྲུག་ཡོད་པ་དང༌། ནང་ལེར་པདྨ་གདན་ཅན་འབའ་ཞིག་པ་ལྷ་ཚོགས་བརྒྱ་ལྔ་བཅུ་རྩ་བདུན་པ་ཡང་གསུངས། དེ་ལས་བསྡུས་པ། ཐུགས་དཀྱིལ་རྒྱས་བསྡུས་གཉིས་དང༌། བཅུ་བདུན་མ་དང༌། བཅུ་གསུམ་མ་དང༌། ལྷ་དགུ་དང༌། ལྷ་ལྔའི་བར་དུ་དཀྱིལ་འཁོར་གྱི་རིམ་པ་དང༌། གཙོ་རྐྱང་ལ་ཡང་ཕྱག་མང་དང༌། ལྷན་སྐྱེས་དང༌། དཔའ་བོ་གཅིག་པའི་བར་དུ་ཡོད་པ་ལས། བསྐྱེད་རིམ་གཙོ་བོར་བྱེད་མཁན་ཡིན་ན། བསྒོམ་བྱ་དཀྱིལ་འཁོར་དང༌། སྐྱེད་ཆོག་བསྙེན་སྒྲུབ་ཡན་ལག་བཞི་བྱེད་པ་གཙོ་ཆེ་བ་ཡིན་ཡང༌། སྐབས་འདིར་ནི། ལྷག་པའི་ལྷའི་བྱིན་རླབས་པའི་དོན་དང༌། རིམ་པ་གཉིས་ཆ་ཚང་བའི་དོན་དང༌། རྫོགས་རིམ་གྱི་རྒྱུད་སྦྱངས་པའི་ཕྱིར་དུ། བསྐྱེད་རིམ་ཅུང་ཟད་སྒོམ་པ་མ་གཏོགས། གཙོ་བོར་རྫོགས་རིམ་ཉིད་ལ་སྒྲིལ་


TNT04_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐབས་ཡིན་པས། ལྷན་སྐྱེས་ཁོ་ན་བསྔགས་པར་བཞེད་ཅིང༌། བརྒྱུད་པ་ནས་བརྒྱུད་པར་སྒོམ་པའི་བྱིན་རླབས་ཀྱི་རྒྱུན་དང་ལྡན་པ་ཡང་ཡིན་ནོ། །དུས་འདིར་བསྐྱེད་རིམ་གྱི་སྤྲོས་པ་ཆེར་བྱས་ཀྱང༌། སྐབས་ཀྱི་དོན་རྫོགས་རིམ་ལ་འཕྲལ་དུ་འཇུག་དགོས་པ་ལས་ཕྱིར་ཕྱོགས་པར་འགྱུར་བས་སྤྲོས་པ་སྤང་པར་བྱའོ། །ད་ནི་སྤྱི་ལྡོག་ནས་གོ་བ་ཅུང་ཟད་བཤད་ན། གཞན་ཡང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་གྱི་ངོ་བོ་ནི། གཞི་སྒྲིབ་བྲལ་དུ་བྱེད་པའི་ལམ་ཁྱད་པར་ཅན་ཞེས་བྱ་བ་སྟེ། སྦྱངས་གཞི་བདེ་བར་གཤེགས་པའི་སྙིང་པོ་ལ། སྦྱང་བྱ་གློ་བུར་གྱི་དྲི་མ་སྤོང་བའི་སྦྱོང་བྱེད་ལམ་དེ་ཡང༌། གཞི་འཁོར་བའི་ལས་ཉོན་སྡུག་བསྔལ་རྣམས་ཀྱི་རིགས་རྒྱུན་ལམ་བདེ་བ་ཆེན་པོར་བསྒྱུར་ཏེ་སྒོམ་པའི་དོན་ནོ། །དེ་ལ་དབྱེ་ན་ལམ་བསྐྱེད་རྫོགས་གཉིས་ཏེ། བསྐྱེད་རིམ་ནི་རྣམ་པར་རྟོག་པས་བསྐྱེད་པའི་དོན་དང༌། རྫོགས་པ་ནི་རང་བྱུང་དུ་ཤར་བའི་དོན་ནོ། །དེ་གཉིས་ཀྱི་ཚད་མ་ནི། རྒྱུད་ལས། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མེད་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པའི་དོན། །ཞེས་གསུངས་ཏེ། བསྐྱེད་རིམ་རྟོག་བཅས་ཉིད་ཀྱི་ཕྱིར་རྗེས་དཔག་གི་རིམ་པ་དང༌། རྫོགས་རིམ་གྱི་དམིགས་པའི་ཡུལ་བློས་གསར་དུ་བརྟགས་པ་ལ་མ་རགས་པར་མངོན་སུམ་དུ་སྣང་བའི་ཚུལ་ལ་འཇུག་པའི་ཕྱིར་མངོན་སུམ་ལམ་བྱེད་དོ། །རིམ་པ་གཉིས་པོ་དེའི་མཚན་ཉིད་དང་ཁྱད་ཆོས་ནི། ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་སྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་སྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་


TNT04_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་རྫོགས་སྨིན་གསུམ་ཚང་བ་སྟེ། ཁྱད་པར་བཞི་དང་ལྡན་པའི་ལྷ་སྐུ་རྣམ་པར་རྟོག་པའི་བརྟགས་པ་ནི། བསྐྱེད་རིམ་གྱི་རྣལ་འབྱོར་ཡིན་ལ། རྒྱུའི་ཁྱད་པར་རྡོ་རྗེ་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད། རྣམ་པའི་ཁྱད་པར་བདེ་བ་དང་སྟོང་གཟུགས་ལྷན་ཅིག་པ་སྟེ། ཁྱད་པར་གསུམ་ལྡན་གྱི་མི་རྟོག་པའི་ལམ་དེ་ནི་རྫོགས་རིམ་མོ། །གྲངས་ངེས་པ་ནི། དགོས་པ་ལ་ལྟོས་པའི་གྲངས་ངེས་ཏེ། སྐྱེ་བ་ཀུན་རྫོབ་བདེན་པ་ལམ་དུ་བྱེད་པ་ལ་བསྐྱེད་རིམ་དང༌། འཇིག་པ་དོན་དམ་བདེན་པ་ལམ་དུ་བྱེད་པ་ལ་རྫོགས་རིམ་དགོས་པ་དང༌། དོན་དམ་གནས་ལུགས་ཀྱི་ལམ་ལ་འཇུག་པའི་རྒྱུད་སྦྱང་བ་དང༌། བྱང་ནས་གནས་ལུགས་སྒོམ་པ་དངོས་གཉིས་ཡོད་པ་ལས། དང་པོ་ནི་བསྐྱེད་རིམ་དང་ཕྱི་མ་ནི་རྫོགས་རིམ་ཡིན་ཏེ། རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བ་ལ། རྒྱུད་སྦྱང་བའི་ཐབས་ཐུན་མོང་མ་ཡིན་པ་ཞིག་སྔོན་དུ་གཏོང་དགོས་པ་ཤས་ཆེ་བའི་ཕྱིར་རོ། །རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་རྒྱ་རུ་ཆུད་པ་ཡི། །འགྲོ་བ་གསུམ་པོ་རྣམ་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་གྱུར་པ། །དེ་དང་དེ་ཡི་ཐབས་བསྟན་ནོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་གསུངས་དེ་ཁོ་ནས་གོ་རིམ་ངེས་པ་ཡང་གྲུབ་སྟེ། སྙིང་འགྲེལ་ལས། དང་པོར་རེ་ཞིག་ཞིང་དག་ཕྱིར། ཁྲེ་ཚེ་རྣམས་ནི་བཏབ་པར་གྱུར། །ཕྱི་ནས་དག་པའི་ཞིང་ལ་ནི། །ས་ལའི་འབྲས་ནི་འདེབས་པའོ། །ཞེས་དཔེ་གསུངས་ཏེ། རྫོགས་རིམ་གྱི་ཡེ་ཤེས་སྐྱེས་ཕྱིན་ཆད་དམིགས་བསལ་རེ་རེ་ཙམ་མ་གཏོགས། བསྐྱེད་རིམ་སྒོམ་པ་ལ་དགོས་པ་ཆེན་པོ་མེད་པའི་ཕྱིར། བསྐྱེད་རིམ་སྒོམ་ཕྱིན་ཆད། དམིགས་བསལ་མ་གཏོགས་རྫོགས་རིམ་གྱི་སྔོན་དུ་སྒོམ་དགོས་པར་གྲུབ་བོ། །བསྐྱེད་རིམ་བརྟན་པ་ཐོབ་ནས་རྫོགས་རིམ་བསྒོམ་


TNT04_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བརྟན་པ་མ་ཐོབ་རུང་ཅི་རིགས་པ་བསྒོམས་ནས་རྫོགས་རིམ་ལ་འཇུག་པ་དང༌། ཐུན་སྟོད་ལ་བསྐྱེད་རིམ་སྒོམ། ཐུན་སྨད་ལ་རྫོགས་རིམ་སྒོམ་པ་སོགས་གང་བྱས་ཀྱང་དགོས་དོན་འགྲུབ་བོ། །རིམ་གཉིས་ཀྱི་དགོས་པ་ནི། ལས་ཆེན་བཅུ་གཉིས་སོགས་འཕྲིན་ལས་སྣ་ཚོགས་དང༌། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་ནི་བསྐྱེད་རིམ་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི་རྫོགས་རིམ་གྱི་དགོས་པའོ། །དབང་ལམ་འབྲས་བུ་དང་བཅས་པ་ལ་སྦྱར་ན། བྱིས་པ་འཇུག་པའི་དབང་བདུན་བསྐྱེད་རིམ་གྱི་སྨིན་བྱེད་དང༌། དབང་གོང་མ་རྫོགས་རིམ་གྱི་སྨིན་བྱེད་ཡིན། ལམ་མ་དག་ས་བདུན་གྱི་རྟེན་འབྲེལ་བྱིས་འཇུག་དང་བསྐྱེད་རིམ་གྱིས་སྒྲིབ་པར་བྱེད། དག་པ་ས་གསུམ་གྱི་རྟེན་འབྲེལ་རྫོགས་རིམ་དང་དབང་གོང་མ་ལས་འབྱུང་བ་ཡིན། འབྲས་བུ་གཟུགས་ཀྱི་སྐུ་བསྐྱེད་རིམ་དང༌། ལྷན་ཅིག་སྐྱེས་པའི་སྐུ་རྫོགས་རིམ་དང་སྦྱོར་རོ། །འདིར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལྟ་བུ་བསྡུས་པ་འདི་རིགས་རྫོགས་རིམ་གྱི་སྨིན་བྱེད་དུ་སྦྱོར་ན། ལྷ་བསྒོམ་པ་སོར་བསམ་གྱི་སྔོན་འགྲོ། སྔགས་བཟླས་པ་སྲོག་འཛིན་གྱི་སྔོན་འགྲོ། ཤུ་ནྱཱ་ཏའི་སྔགས་དོན་རྗེས་དྲན་གྱི་སྨིན་བྱེད། འོད་ཟེར་སྤྲོ་བསྡུ་དང་འོད་གསལ་དུ་འཇུག་ལྡང་བྱེད་པ། ཏིང་ངེ་འཛིན་གྱི་རིམ་པའི་རྟེན་དུ་འགྱུར་ཞེས་བྱ་ལ། ཡོངས་ནས་ཆོས་སྦྱོར་བ་ཡན་ལག་དྲུག་ལ་འདི་རྒྱུད་ཉི་ཚེ་བ་རེ་ལ་ཕྱོགས་སུ་ལྷུང་བ་མ་ཡིན། རྒྱུད་མཐའ་དག་གི་ངེས་དོན་ཉིད་ཡིན་པའི་ཕྱིར། རྟེན་བསྐྱེད་པའི་རིམ་པ་ཡང༌། ལྷ་དུས་འཁོར་ཁོ་ན་ལ་བརྟེན་དགོས་པར་མ་ངེས་ཏེ། སྤྱིར་ལྷ་སྐུའི་རྣམ་རྟོག་གིས་ཐ་མལ་གྱི་རྣམ་རྟོག་སྦྱོང་བ་ཉིད་དོན་གྱི་གཙོ་བོ་ཡིན་པས། བསྐྱེད་རིམ་གྱི་ཐ་སྙད་འཇུག་མི་འཇུག་ལ་རག་མ་ལུས། ལྷག་པའི་ལྷ་སྐུ་གང་བསྒོམས་ཀྱང་དོན་འགྲུབ་སྟེ། དཔེར་ན་དཔེ་མེད་འཚོའི་ལུགས་འཛིན་པ་སྤྱི་ཁྱབ་རྣམས་དང༌། སྒོས་སུ་ནགས་རིན་གྱི་རྗེས་འབྲང་རྣམས་


TNT04_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དྲུག་གི་སྔོན་འགྲོར་ཁ་སརྦ་ཎ་བསྒོམ་པ་བཞིན་ནོ། ཁྱད་པར་དུ་ཡང༌། གསང་འདུས་སྒྱུ་འཕྲུལ་དྲྭ་བ། གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ། སྒྱུ་ཐོད་གདན་གསུམ། བདེ་དགྱེས་ལ་སོགས་པ་འཁོར་ལོའི་གཙོ་བོ་ཁ་སྦྱོར་གྱི་རྣམ་པ་ཅན་རྒྱས་བསྡུས་ཇི་ལྟར་འོས་པ་དང༌། དེ་བཞིན་དུ་དཔའ་བོ་གཅིག་པ་དང༌། རྡོ་རྗེ་ཕག་མོ་དང༌། བདག་མེད་མ་ལ་སོགས་པ་འཁོར་ལོའི་དབང་ཕྱུག་མ། ཡུམ་རྐྱང་གི་ཚུལ་ཅན་རྣམས་སམ། ཐ་ན་བླ་མེད་ལས་འབྱུང་བའི་ལས་རྒྱས་པའི་ལྷས་ཀྱང་མི་རུང་བ་མ་ཡིན་ནོ། །དེ་བཞིན་དུ་ཡེ་ཤེས་མགོན་པོ་ནག་པོ་ཆེན་པོ་ལ་སོགས་པ་ཡང༌། སྒྲུབ་ཚུལ་བཀའ་སྡོད་ལྟར་སྒྲུབ་པ་མ་ཡིན་པར་བདག་བསྐྱེད་ཡི་དམ་ལྟར་སྒྲུབ་པ་ལ་ནི་རུང་སྟེ། རྩོད་དུས་ལས་ཀྱང་ཆེས་རྩོད་དུས་ཀྱི་ཐ་མར་གྲུབ་པའི་འཁོར་ལོས་བསྒྱུར་བའི་ས་བརྙེས་པ། ཞི་བ་སྦས་པའི་ཞལ་སྔ་ནས་མཛད་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་ལས་ཀྱང༌། བཞི་པ་ལྔ་པ་དེ་རྗེས་སུ། །ཡན་ལག་དྲུག་ལྡན་སློབ་དཔོན་འདོད། །ཅེས་ནག་པོ་ཆེན་པོ་བསྐྱེད་རིམ་ལ་ཡན་ལག་དྲུག་གི་རྫོགས་རིམ་སྦྱོར་བར་གསུངས་པ་ལྟ་བུའོ། །དེས་ན་ཙར་ཙི་ཀཱ་ལ་སོགས་པ་གསུང་གི་རྣལ་འབྱོར་མ་དང༌། ཚེས་ཀྱི་ལྷ་བདེན་བྲལ་ལ་སོགས་པ་ཡང་འཇིག་རྟེན་པ་རྣམ་པར་སྦྱངས་པའི་ཡེ་ཤེས་ཀྱི་ལྷ་སྐུ་ཡིན་པའི་ཕྱིར། མགོན་པོ་ནག་པོ་དང་འདྲའོ། །གཞན་ཡང་འདི་ལྟར་གོ་དགོས་ཏེ། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ་མཆོག་སྒྲུབ། ཐུན་མོང་སྒྲུབ། ལས་ཚོགས་སྒྲུབ་པའི་ལྷའི་རྣལ་འབྱོར་རྒྱས་བསྡུས་གང་ཡིན་ཡང༌། བསྐྱེད་རིམ་དངོས་དང་རྗེས་མཐུན་གང་ཡང་མི་འཇོག་པ་དང༌། བླ་མེད་ཀྱི་དཀྱིལ་འཁོར་མངོན་རྟོགས་རིམ་པ་རྒྱས་པ་རྣམས། བསྐྱེད་རིམ་དངོས་ཡིན་པ་ལ་དོགས་པ་མེད་ཀྱང༌། སྒྲུབ་ཐབས་ཕྲ་མོ་རྣམས་ལ་བསྐྱེད་རིམ་གྱི་མཚན་ཉིད་ཇི་བཞིན་མ་ཚང་ཡང༌། བསྐྱེད་རིམ་གྱི་སྡེར་གཏོགས་པའི་ཕྱིར།


TNT04_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་བསམ་གཏན་ལ་ཡང་བསྐྱེད་རིམ་ཞེས་བརྗོད་དེ་རྗེས་མཐུན་པའོ། །འདི་དག་ལ་འཆི་བར་སྐྱེ་གསུམ་དང༌། སྐུ་གསུམ་སོགས་སྦྱང་བྱ་སྦྱོང་བྱེད་ཅུང་ཟད་རྩི་དགོས་ཤིང༌། དམིགས་པ་དང་ཆོ་གའི་རིམ་པ་འདི་དག་དང་འདྲ་ཡང༌། རྒྱུད་སྡེ་འོག་མ་ལ་བརྟེན་པ་རྣམས་ལ། ཐུན་མོང་མ་ཡིན་པའི་དག་སྦྱོར་དེ་འདྲ་མི་རྩི་སྟེ། དེ་གཉིས་འདྲ་བ་ལས་དག་སྦྱོར་རྩི་ན་རྩི་མཉམ་དང༌། མི་སྦྱོར་ན་མི་སྦྱོར་མཉམ་དགོས་ཐང་པ་ལ། བླ་མེད་ནས་གསུངས་པ་ལ་སྦྱོར། ཅིག་ཤོས་དེ་ལ་མི་སྦྱོར་བའི་ཁྱད་པར་ཅི་སྙམ་ན། འདི་ལ་རིག་པའི་སྒོ་ནས་རྒྱུ་མཚན་བསམ་པར་མི་ནུས་ཀྱང༌། བླ་མེད་ཀྱི་བསྐྱེད་རིམ་ལ་སྦྱང་བྱ་སྲིད་པའི་རིམ་པ་དང་སྦྱོར་ཚུལ། རྒྱུད་དང༌། བྱང་ཆུབ་སེམས་དཔའ་དང༌། གྲུབ་ཐོབ་རྣམས་ཀྱི་གཞུང་ལས་བཤད་ལ། རྒྱུད་སྡེ་འོག་མའི་ཆོ་ག་རྒྱས་པ་ལ་ཡང༌། སྦྱང་བྱ་འཁོར་བ་ལ་སྦྱོར་བ་དང༌། ལམ་གོང་མའི་སྨིན་བྱེད་དུ་བཤད་པ་ཚང་ཐུབ་པའི་རྒྱུད་གཞུང་རྙིང་པ་གང་ནས་ཀྱང་མེད་ དོ། །རྒྱུ་མཚན་དེས་ཆོ་ག་རྒྱས་པ་རྣམས་ལ་ལུང་གིས་གྲུབ་ཅིང༌། སྒྲུབ་ཐབས་ཕྲ་མོ་རྣམས་ནི་དེ་དང་དེའི་སྡེར་གཏོགས་པས། དེ་དག་ལ་ཡང༌། དག་རྫོགས་སྨིན་གསུམ་སྦྱོར་མི་སྦྱོར་གྱིས་ཁྱད་འབྱུང་བ་ཡིན་ཏེ། གཙོ་བོ་གང་ལ་འཇུག་པ་དེ་ལ་འཁོར་རྣམས་རྗེས་སུ་སྤྱོད་པའི་ཕྱིར་རོ། །དེས་ན། རྡོ་རྗེ་གུར་ལས་གསུངས་པའི་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་སྒོམ་ན། འཆི་བར་སྐྱེ་གསུམ་སྦྱོང་སྟོབས་ཆེ། རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་ཚབས་ཆེ། སྤྱོད་རྒྱུད་ལུགས་ཀྱི་འབྱུང་འདུལ་གྱི་སྒྲུབ་ཐབས་བསྒོམས་ཀྱང༌། སྤྱོད་ཐབས་དང་སྨིན་ཚབས་ཆུང་བ་ནི། རྒྱུད་གསུངས་པ་པོ་དེ་བཞིན་གཤེགས་པ་ཉིད་ཀྱིས། གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར། དགོངས་པ་ཇི་ལྟར་བརྟད་པ་དེ་དང་དེ་འབྱུང་བའི་ནུས་མཐུ་ལས་བྱུང་བ་ཡིན་པས། དེ་བཞིན་གཤེགས་པའི་བཀའ་ཡིས་གྲུབ་པའོ། །ཡང་རྒྱུད་སྡེ་འོག་མའི་མཚན་བཅས་མཚན་མེད་


TNT04_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣལ་འབྱོར་ལ་ཡང༌། བསྐྱེད་རྫོགས་ཀྱི་ཐ་སྙད་སྦྱོར་མཁན་མང་དུ་བྱུང་བ་རྣམས། ཐ་སྙད་སྦྱོར་ཚུལ་དེ་མི་འཐད་མོད་ཀྱང༌། ཕྱོགས་མཚུངས་ཙམ་ཡིན་པའི་ཕྱིར། དོན་ལ་བརྟོན་པའི་དབང་དུ་བྱས་ན། སྐྱོན་ཆེན་པོའང་མེད་པས། མཁས་པ་འགའ་ཞིག་ང་རྒྱལ་དང་སྡང་ཤུགས་ཀྱིས་སྨྲ་བ་མང་དུ་བྱེད་དེ། ཆེ་ཐང་དུ་འབད་པས་འགོག་དགོས་པའི་བྱ་བ་མ་ཡིན་ནོ། །དེ་ལྟར་ན་ལྷའི་རྣལ་འབྱོར་རིགས་མཐའ་དག་སྐབས་འདིར་འཇུག་ཀྱང༌། རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་ཞིག་བསྒོམ་ན་མཆོག་ཡིན་ཞིང༌། དེ་ལ་ལྷ་དཔའ་བོ་གཅིག་པས་ཀྱང་ཐབས་ཤེས་ཟུང་འཇུག་མཚོན་མི་ནུས་པ་མ་ཡིན་ལ། རྡོ་རྗེ་ཕག་མོ་ལ་སོགས་པ་ཡུམ་རྐྱང་མང་པོ་ཞིག་གཞན་པས་ཆེས་ཟབ་པའི་གནས་སྐབས་ཀྱང་མང་པོ་འདུག་མོད་ཀྱང༌། སྤྱིར་བཏང་ལ་ཐབས་ཤེས་ཁ་སྦྱོར་དུ་སྒོམ་པ་ཟབ་བོ་ཞེས། རྒྱུ་མཚན་དང་བཅས་ཏེ་གསང་སྔགས་པ་ཀུན་ལ་གྲགས་པ་ལྟར། རེ་ཞིག་འདིར་ཡང་ཁས་བླངས་ཏེ་དཀྱུས་ལྟར་སྒོམ་པ་ཡིན་ནོ། །དེ་ལས་ཀྱང་སྐབས་འདིར་དཔལ་དུས་ཀྱི་འཁོར་ལོ་ཉིད་བསྔགས་ཏེ། རྒྱུད་སྡེ་མཐར་ཐུག་གི་ལྷ་ཡིན་པ་དང༌། རྫོགས་རིམ་འདི་ཡང༌། དུས་འཁོར་གྱི་བསྐྱེད་རིམ་གང་དུ་གསུངས་པའི་རྒྱུད་དེར། མ་སྦས་ཤིང་གསལ་ལ་རྒྱས་པ་རྩལ་དུ་བཏོན་ནས་གསུངས་པས། བསྐྱེད་རྫོགས་འབྲེལ་ཆགས་པ་སོགས་རྒྱུ་མཚན་འགའ་ཞིག་ཀྱང་ཡོད་མོད། གཙོ་བོར་རྫོགས་རིམ་གྱི་འཁྲིད་ཚུལ་འདི་དང་བརྒྱུད་པ་གཅིག་ཅིང༌། བྱིན་རླབས་ཀྱི་བཀའ་བབས་གཅིག་ཏུ་འདྲེས་པའི་དབང་དང་རྒྱུད་བཤད་ནི་དུས་འཁོར་ཁོ་ན་ཡིན་པས་བསྐྱེད་རིམ་ཀྱང་དུས་འཁོར་བསྒོམས་ན། རྒྱུད་པ་ཐུན་ཚགས་བསྡུས་པ་ཙམ་མ་ཡིན་པར། རྐང་ཆེན་པོ་སེལ་མེད་པར་འགྱུར་བའི་ཕྱིར་དང༌། ཆོས་འདི་ཉིད་ཀྱི་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་དང་བྱིན་རླབས་ཀྱི་རྒྱུན་མ་ཉམས་པ་དེ་ཡང་འདི་ཉིད་


TNT04_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །རིམ་གཉིས་ཐུན་མོང་གི་གོ་དོན་དང༌། བསྐྱེད་རིམ་གྱི་དོན་རྒྱས་པ་རྣམས་སྐབས་འདིར་བཤད་མི་དགོས་ཤིང༌། བཤད་མི་ལང་བས་འདིར་མི་སྤྲོའོ། །རང་ལུགས་ཀྱི་སྐྱེས་བུ་དམ་པ་གྲུབ་ཐོབ་དབུས་པའི་ཁྲིད་ཡིག་ན་བསྐྱེད་རིམ་གྱི་འཁྲིད་མེད་དེ་ཁོང་རང་གི་ཉམས་མྱོང་དང་དབང་པོ་རྣོན་པོའི་དབང་དུ་མཛད་པའོ། །གཉིས་པ་དབེན་གསུམ་གྱི་སྐབས་འདིར། ཁྲིད་ཡིག་དཀྱུས་སུ་བཤད་པ་ཁོ་ནས་ཀྱང་དམིགས་པ་གོ་དོན་དང་བཅས་པ་ལེགས་པར་འགྲུབ་པ་ཡོད་ཅིང༌། དམིགས་པ་འབོགས་པའི་སྔོན་རོལ་དུའམ། ཡང་ན་དམིགས་པ་ནི་ཕོགམུན་འཁྲིད་ལམ་བཅུར་གོང་དུ་དམིགས་པ་སྦྱོང་བའི་སྐབས་གོ་བ་ཞིབ་པར་བསྐྱེད་པའི་ཕྱིར། སྤྲོས་བཤད་ཅུང་ཟད་བྱེད་ན། དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་མཆོག་དབང་གོང་མ་བཞི་སྔར་གཏན་ནས་མ་ཐོབ་ན། འཁྲིད་ཀྱི་དངོས་གཞི་སྟོན་དུ་ཡེ་མི་རུང་ལ། དབེན་གསུམ་ཙམ་རང་སྟོན་དུ་རུང་ཙམ་ཡིན་མོད་ཀྱང༌། ཕྱག་ལེན་དུ་དབེན་གསུམ་གྱི་མུན་འཁྲིད་དང༌། སོར་སྡུད་ཀྱི་དམིགས་པ་དང་པོ་སྦྲེལ་ཏེ་སྒོམ་པའི་ལུགས་ཡིན་པས། དེ་གཉིས་ཀྱི་བར་དུ་སྤྲོས་པ་ཆུང་བ་ལག་ལེན་བདེ་བས། གོང་མ་རྣམས་དཀྱུས་ཀྱི་ཕྱག་ལེན་ལ་བསྐྱེད་རིམ་དང་དབེན་གསུམ་གྱི་བར་འདིར་མཆོག་དབང་གོང་མ་བསྐུར་བ་ཉིད་གཙོ་བོར་ཕྱག་ལེན་དུ་འདེབས། སྤྱིར་དབེན་གསུམ་དང་དངོས་གཞིའི་བར་དུ་མཆོག་དབང་བྱས་ཀྱང་ལེགས་མོད། རྣམ་པ་གཅིག་ཏུ་ན། དབེན་གསུམ་ཡང་སོར་སྡུད་སོགས་དངོས་གཞི་རྣམས་ཀྱི་སྦྱོར་བ་ཐུན་མོང་མ་ཡིན་པ་ཡིན་པས། དངོས་གཞིར་གཏོགས་སུ་རུང་སྟེ་དེའི་ཕྱིར་མཆོག་དབང་གོང་མ་སྐབས་འདིར་བསྐུར་བ་ཉིད་ཐོབ་ཐང་ཡང་ཡིན་ནོ། །སྔར་ལར་ནས་མཆོག་དབང་མ་ཐོབ་ན་བསྐུར་དགོས་པ་ལྟ་ཅི་སྨོས། སྔ་རོལ་


TNT04_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཞན་དུ་ལན་མང་པོར་ཐོབ་ཀྱང༌། སླར་ཡང་སྐབས་འདིར་བྱིན་རླབས་སྒོ་འབྱེད་ཀྱི་དོན་དང༌། ཏིང་ངེ་འཛིན་ཁྱད་པར་ཅན་འཕྲལ་དུ་སྐྱེད་པའི་དོན་དུ་དབང་གོང་མ་སླར་ཡང་བསྐུར་དགོས་ཏེ། འདི་མ་སྨིན་པ་སྨིན་བྱེད་ཁོ་ནའི་དབང་མ་ཡིན། ཡེ་ཤེས་མ་བསྐྱེད་པ་སྐྱེད་པར་བྱེད་པའི་དབང་ཡང་ཡིན་པས་སོ། །མཁས་པ་ཁ་ཅིག་འཁྲིད་ཀྱི་དབང་འདི་ལ། ཁོང་པ་རང་ཚོ་དབང་གོང་ཆེན་གྱི་མིང་ཅན་དུ་བཞེད་པའི་རིག་མ་བཅུ་དང་བཅས་པའི་དབང་བསྐུར་བར་བཞེད་དེ། འདི་ནི་རྫོགས་རིམ་ཉན་པ་དང་སྒོམ་པའི་དོན་ཙམ་དུ་བསྐུར་བ་ཡིན་གྱི་འཆད་པ་སོགས་ཀྱི་དོན་དུ་དགོས་པ་མ་ཡིན་པ་དང༌། དབང་དེ་ནི་རྡོ་རྗེ་སློབ་དཔོན་དུ་འོས་པ་ཁོ་ན་ལ་སློབ་དཔོན་ཆེན་པོའི་གནས་ཐོབ་པའི་ཕྱིར། བསྐུར་བར་བྱ་རྒྱུ་ཁོ་ན་ཡིན་པར་རྒྱུད་འགྲེལ་ཉིད་ལས་གསལ་ཞིང་བསྙོན་དུ་མེད་པའི་ཕྱིར་སྐབས་འདིར་དབང་དེ་བསྐུར་བ་ནི་སྐབས་སུ་མ་བབ་བོ། །ད་ནི་དབེན་གསུམ་གང་དུ་བསྒོམ་པའི་གནས་ལ། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །ཞེས་གསུངས་ཏེ། ཟས་གོས་གནས་མལ་སོགས་འཚོ་བའི་ཡོ་བྱད་ཆོས་མཐུན་མང་ཉུང་རན་པ་ཙམ་རྙེད་སླ་བ་དང༌། སངས་རྒྱས་བྱང་སེམས་སྐྱེས་བུ་དམ་པས་བཞུགས་པའི་གནས་སམ། ཉམས་དགའ་ཞིང་རང་གི་ཡིད་འཐད་པའི་གནས་བཟང་བ་དང༌། ས་བསིལ་དྲོད་དང༌། ཆུའི་སྐྱོན་སོགས་ཀྱིས་ལུས་ལ་ནད་ཀྱི་གནོད་པ་མི་སྐྱེ་བས་ས་བཟང་བ་དང༌། ཤིན་ཏུ་དབེན་པ་ཆོམ་རྐུན་གཅན་གཟན་སོགས་ཀྱི་འཇིགས་པ་མེད་པ་བསམ་གཏན་གྱི་ཚེར་མར་འགྱུར་བའི་སྒྲ་དང༌། ཀུ་ཅོ་མེད་པ་ནི་རྣལ་འབྱོར་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ལ། གནོད་པ་མེད་པས་བདེ་བའི་


TNT04_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དང་ལྡན་པའོ། །གང་ན་ས་སྐྱོང་ཆོས་ལྡན་སོགས་ལ། ཡུལ་དེའི་རྒྱལ་པོ་དཀར་པོ་དགེ་བའི་ཆོས་ལ་མི་དགའ་ན། སྒྲུབ་པ་བྱེད་པ་ལ་གནོད་པ་མང་དུ་འབྱུང་ཞིང༌། རྒྱལ་པོ་རང་ཉིད་དཀར་པོའི་ཆོས་ལ་དགའ་ཡང༌། རྒྱལ་ཁྲིམས་ཀྱི་ཆོས་དང་མི་ལྡན་ན། འཁོར་གྱི་གནོད་པ་འབྱུང༌། ཡུལ་འཁོར་གྱི་སྐྱེ་བོ་རྣམས་མི་བདེ་ན། འཚོ་བ་དཀོན་ཞིང་ཆོམ་རྐུན་སོགས་འཕེལ་ས་འཛིན་ཏེ་རྒྱལ་པོ་ཕན་ཚུན་འཐབ་རྩོད་དུ་གྱུར་པའི་ཕྱོགས་སུ། འཇིགས་པ་དང་ཉེར་འཚེ་དུ་མ་འབྱུང་ཉེན་ཡོད་ཅིང༌། དངོས་སུ་གནོད་པ་མ་བྱུང་ཡང༌། སེམས་མི་བདེ་ཞིང་རྣམ་གཡེང་མང༌། ཏིང་ངེ་འཛིན་མི་འགྲུབ་པས། ཡུལ་ཕྱོགས་བདེ་ཞིང་འཐབ་རྩོད་མེད་ལ་རྒྱལ་པོ་དགེ་བ་ཅན་ཁྲིམས་གཙང་བའི་ཆབ་འོག་ཏུ་གནས་པ་དགོས་ཞེས་པ་ཡིན་ཏེ། འདིས་ས་ཕྱོགས་དེ་ན་གནས་པའི་མི་དང་དུས་སྐབས་ཀྱི་མཚན་ཉིད་དང༌། གོང་གི་བློ་ལྡན་སོགས་གནས་རང་གི་མཚན་ཉིད་སྟོན་པ་ཡིན་ནོ། །སྤྱིར་དགེ་སྦྱོར་མ་སྐྱེས་པ་ཐམས་ཅད་རང་གི་བློ་ལས་སུ་མ་རུང་བ་དང༌། གྲོགས་པོ་ངན་པ་དང་འགྲོགས་པས་ལན། གནས་ཀྱི་མ་བཏུབ་ནས་དགེ་སྦྱོར་མ་བྱུང་བ་ཙམ་མེད། ཡང་ཞག་ཤས་ཟླ་ཤས་ཙམ་སྡོད་པའི་གནས་ལ། མཚན་ཉིད་ཙམ་བརྩི་མི་དགོས། བརྟན་པ་ཐོབ་པ་ལ་རྒྱུན་རིང་སྡོད་ས་ལའང་ཁྱད་ཆེན་པོ་མེད་པས། ལས་དང་པོ་པ་རྣམས་གནས་གཅིག་ཏུ་ཡུན་རིང་སྡོད་པའི་དབང་དུ་བྱས་ནས། གནས་ཀྱི་མཚན་ཉིད་ཀྱང་ཞིབ་མོར་གསུངས་པ་ཡིན་ནོ། །འདིར་དབེན་གསུམ་བྱ་བ། གསང་འདུས་རིམ་ལྔ་པའི་དབེན་གསུམ་དང་སྒྲིག་དགོས་པ་མིན། བརྒྱུད་པ་འདི་ཉིད་རང་གི་བླ་མ་གོང་མ་རྣམས་ཀྱི་མན་ངག་ཕྱིན་ཅི་མ་ལོག་པའི་གསུང་རྒྱུན་ལ་གྲགས། རིགས་ལྡན་སྤྲུལ་སྐུ་ཀུན་སྤངས་ཆེན་པོས་གསལ་བར་ཡི་གེར་བཀོད་པའོ། །དབེན་གསུམ་ཞེས་པའི་སྒྲ་བཤད་ཙམ་ལ་ནི་རིམ་ལྔ་དང་


TNT04_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཕལ་ཆེར་འདྲ་སྟེ། རིམ་ལྔར་ཡང༌། ལུས་ངག་ཡིད་གསུམ་ཐ་མལ་གྱི་རྣམ་པར་རྟོག་པས་དབེན་པའི་དོན་ལ་འཆད་ཅིང༌། འདིར་ཡང་ལུས་བྱ་བྱེད་ཀྱིས་དབེན་པ། ངག་སྨྲས་བརྗོད་ཀྱིས་དབེན་པ། སེམས་རྣམ་རྟོག་གིས་དབེན་པ། ཞེས་པའི་དོན་འཆད་པས་སོ། །དབེན་གསུམ་ཞེས་པའི་མིང་གང་ལ་འཇུག་པའི་མཚན་གཞི་ངོས་འཛིན་ལུགས་མི་འདྲ་མོད་ཀྱང༌། ཐ་སྙད་ཅིག་ཁོ་ན་དོན་དུ་མ་ལ་འཇུག་པ་ཤིན་ཏུ་མང་བའི་ཕྱིར་མི་འདྲ་བ་ལ་འགལ་བ་ཅུང་ཟད་ཀྱང་མེད་དོ། །སྤྱིར་འདི་རྫོགས་རིམ་དངོས་གཞིའི་སྐབས། རྣམ་པར་མི་རྟོག་པའི་སྒོམ་གྱིས་རྡོ་རྗེ་ལུས་ལ་གནད་དུ་བསྣུན་པ་ཞིག་དགོས་ཀྱིན་ཡོད་པ་ལས། དེའི་ནང་ཚན་མི་རྟོག་པའི་ཆ་ཤས་སྒོས་སུ་སྒྲུབ་པ་སྟེ། ཐོག་མ་ཉིད་དུ་བྱེད་དགོས་ཏེ། མི་རྟོག་པས་ལུས་ལ་གནད་དུ་བསྣུན་པ་ལ་མི་རྟོག་པ་ཐོག་མར་འགྲུབ་དགོས་པའི་ཕྱིར་རོ། །དེས་ན་ཡེ་ཤེས་རྡོ་རྗེ་སྤྱི་ཁྱབ་ཏུ་བཏང་ནས། རྫོགས་རིམ་དངོས་གཞི་སྐུ་གསུང་ཐུགས་རྡོ་རྗེའི་ཉམས་ལེན་དུ་འདུས་ལ། དེའི་སྔོན་འགྲོར་ཡང་སེམས་དབེན་པ་གཅིག་པོར་མ་ཟད། ལུས་ངག་དབེན་པའང་དགོས་ཏེ། འབྲས་བུ་རྒྱུའི་རྗེས་སུ་འགྲོ་བའི་རིག་པས། དངོས་གཞི་འབྲས་བུའི་ཚུལ་དེ་ལ། རྡོ་རྗེ་གསུམ་གྱི་དག་སྦྱོར་ཡོད་པས། སྔོན་འགྲོ་རྒྱུའི་ཚུལ་ལ་ཡང༌། རྡོ་རྗེ་གསུམ་གྱི་དབྱེ་བ་དགོས་སོ། །དེས་ན་གསང་འདུས་རྩ་རྒྱུད་ཀྱི་ལུས་ངག་སེམས་རྣམས་སོགས་ལུང་དྲང་བའི་དོན། སེམས་ཀྱི་ངོ་བོ་རྣམ་པར་མི་རྟོག་པ་དེ་ལ། དམིགས་པ་རྣམ་རྟོག་གི་སྤྲོས་པ་མི་དམིགས་པ་དང༌། དམིགས་པའི་ཡུལ་གང་ལའང་མི་གནས། ཏིང་ངེ་འཛིན་མཉམ་བཞག་གི་རིག་དོན་ཐ་དད་དུ་བྱེད་པའི་མཚན་མ་ཐམས་ཅད་ནུབ་པས་མཉམ་པ་ཉིད་དེ་ཀ་རེ་ཞིག་རྣལ་འབྱོར་པ་རང་གི་ལུས་ངག་སེམས་གསུམ་གྱི་སྟེང་དུ་ཚུལ་དེ་ལྟར་བསྒོམ་པ་སྟེ། ཐ་མལ་པའི་


TNT04_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་དུ་འཛིན་པ་དབྱིངས་སུ་འགགས་པར་བྱས་པས། ལུས་ངག་ཡིད་གསུམ་གྱི་གནས་ལུགས་སྒོམ་པའམ། སྐུ་གསུང་ཐུགས་རྡོ་རྗེའི་ལམ་བསྒོམ་པ་ཡིན་ནོ། །ཞེས་པའོ། །དེ་ཉིད་ལ་ལྟོས་མེད་བཞི་ལྡན་ཞེས་ཀྱང་བྱ་སྟེ། དཔལ་དུས་ཀྱི་འཁོར་ལོ་རྩ་འགྲེལ་ཉིད་ཀྱི་བརྡ་ཆད་དང་དགོངས་པའོ། །དེ་ལྟར་ཡང་རྒྱུད་ལས། བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ། །སོ་སོར་སྡུད་པ་སོགས་དང་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བའི་སྒྲུབ་པར་འགྱུར། །དགའ་བ་ལ་སོགས་རྣམས་ཀྱི་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་གྱུར་པ་སྒོམ་པ་སྒྲུབ་པར་འགྱུར། །ཤེས་རབ་སྦྱར་ལ་གང་ཚེ་འཕོ་མེད་ཕྲ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ཆེན་པོར་འགྱུར། །ཞེས་གསུངས་ནས། སྤྱིར་རྫོགས་རིམ་དངོས་གཞི་ལ་བསྙེན་སྒྲུབ་ཡན་ལག་བཞིའི་དབྱེ་བ་མཛད་པ་མང་མོད་ཀྱང་སྐབས་འདིར་ནི་རྫོགས་རིམ་གྱི་སྔོན་འགྲོ་དངོས་གཞི་སྦྲགས་པ་ལ། བསྙེན་སྒྲུབ་ཡན་ལག་བཞི་ཚར་གཅིག་བརྩི་དགོས་པ་ལས། སྔོན་འགྲོ་ལྟོས་མེད་བཞི་ལྡན་ནི་བསྙེན་པ། དངོས་གཞི་སོར་བསམ་སྲོག་འཛིན་རྣམས་ཉེར་སྒྲུབ། རྗེས་དྲན་སྒྲུབ་པ་དང༌། ཏིང་ངེ་འཛིན་སྒྲུབ་ཆེན་དུ་འཇོག་པས། སྔོན་འགྲོ་ལ་གཅིག་དང་དངོས་གཞི་ལ་གསུམ་དུ་བྱས་པའོ། །རྒྱུད་ཚིག་གསལ་པོ་འདི་ཡོད་པས་དབེན་གསུམ་མམ། ལྟོས་མེད་བཞི་ལྡན་གྱི་འཁྲིད་འདི། ལོགས་སུ་མི་དགོས་སོ་གལ་ཆུང་ངོ་སྙམ་དུ་སེམས་ཤིང་སྤོང་བ་ནི་ཉམས་ལེན་གྱི་སྐབས་སུ་གནད་གལ་པོ་ཆེ་ཆད་པར་མ་ཟད་ཡང་ཡང་ཁ་ནས་འདོན་པའི་རྒྱུད་ཚིག་འདིའི་དོན་ཙམ་ལ་ཡང་གཞིག་འབྲེལ་མ་བཅུག་པའི་ཧོལ་ཆོད་ཡིན་ནོ། །དེ་ལས་སྐབས་འདིར་དགོས་པ་ནི། ཚིག་རྐང་དང་པོ་ཡིན་ལ། འདིའི་དོན་འཆད་པ་ནི་དྲི་མེད་འོད་ལས། འདིར་ལས་དང་པོ་པས་དང་པོར་སྒྲུབ་ཐབས་ཀྱི་ཆོ་གས་བསྙེན་པ་


TNT04_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། བདུད་རྩི་ལྔ་ལ་སོགས་པས་བསྙེན་པ་ཞེས་པ་ལ། ཕྱི་རོལ་ཏུ་བདུད་རྩི་ལྔ་ནི། བཤད་པ་ལ་སོགས་པ་དང༌། སོགས་པའི་སྒྲས་གོ་ཀུ་ལ་སོགས་པ་སྟེ་ལྷ་མཉེས་པའི་དོན་དུ་དེ་རྣམས་ཟབ་བསྙེན་པའོ། །ནང་དུ་བདུད་རྩི་ལྔ་ནི། ཕུང་པོ་ལྔ་སྟེ་སོགས་པའི་སྒྲས་དབང་པོ་ལྔ་ནི་སྒྲོན་མ་ལྔའོ། །དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །བསྙེན་པ་དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་བཤང་བ་ལ་སོགས་ཟོས་པས་ནི་མ་ཡིན་ནོ། །ཆུ་གཏེར་རྡོ་རྗེ་རྣམས་དང་ཞེས་པ་ནི། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང༌། ངག་དང༌། སེམས་དང༌། ཚངས་པར་སྤྱོད་པའི་སྡོམ་པའོ། །ཞེས་པའི་དོན་ནོ། །འདིས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །ཞེས་གསུངས་ཏེ། འདི་ལ་མཁས་པ་ཁ་ཅིག་ལྟོས་མེད་དྲུག་ལྡན་གྱི་ཐ་སྙད་མཛད་ཅིང༌། སོར་སྡུད་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཡིན་གསུང་ན། ལྟོས་མེད་དྲུག་ཏུ་མཛད་པ་ནི། འགྲེལ་ཆེན་གྱི་ཚིག་ཟུར་དང་འགྲིག་པས་ལེགས་པའང་ཡིན་ལ། འདི་ལས་སོར་སྡུད་ཀྱི་ཡན་ལག་ཀྱང་རིམ་པས་འབྱུང་བས་དོན་ལ་མི་འགལ་མོད། རྣམ་གཞག་འཇོག་པའི་སྐབས་སོར་སྡུད་ཁོ་ནའི་སྔོན་འགྲོར་བཞེད་པ་ནི་མི་ལེགས་པས་རང་ལུགས་ཀྱི་བླ་མ་རྣམས་ཡན་ལག་དྲུག་པོ་ཐུན་མོང་གི་སྔོན་འགྲོར་བཞེད་པ་ཉིད་དོན་ལ་གནས་སོ། །དེའི་རྒྱུ་མཚན་ནི། དངོས་གཞི་ཡན་ལག་དྲུག་པོ་རྡོ་རྗེ་བཞིའི་རྣལ་འབྱོར་ཡིན་པས། དེའི་གཞི་འདིངས་པའི་སྔོན་འགྲོ་ལ་ཡང་ལྟོས་མེད་བཞི་པོ་དགོས་པས་ཆུ་གཏེར་རྡོ་རྗེ་ཞེས་གསུངས་པའི་ཕྱིར། ལུས་ཀྱི་


TNT04_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ལ་ལྟོས་པ་མེད་པ་སོར་བསམ་སྐུ་རྡོ་རྗེ་རྣལ་འབྱོར། དེ་བཞིན་དུ་ངག་ལ་ལྟོས་མེད་སྲོག་འཛིན་གསུང་དང༌། སེམས་ལ་ལྟོས་མེད་རྗེས་དྲན་ཐུགས་དང༌། འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་གྱི་གཞི་འདིངས་པའི་སྔོན་འགྲོ་ཡིན་པས། སོར་སྡུད་ཁོ་ནའི་སྔོན་འགྲོ་ལ་སྦྱོར་རྒྱུ་མིན་ནོ། །ལྟོས་མེད་ལ་ཡང་དོན་གྱིས་རྣམ་གྲངས་དྲུག་གསུངས་འདུག་མོད་ཀྱང༌། ཕུང་པོ་ལྔ་དང༌། དབང་པོ་ལྔ་ལ་ལྟོས་པ་མེད་པ་གཉིས་པོ་ལྟོས་མེད་བཞིར་མ་འདུས་པ་མེད་ཅིང༌། ལྟོས་མེད་བཞི་ལ་རྡོ་རྗེ་བཞིའི་བརྡས་བསྟན་པས། གྲངས་བཞིའི་སྒོ་ནས་འཆད་པ་ཉིད་གཙོ་བོ་ཡིན་པར་གསལ་ལ། རྣམ་གྲངས་དྲུག་སོ་སོར་གསུངས་པའི་དགོས་པ་ནི། དཔེར་ན་ཡི་དམ་ལྷ་ཅིག་བསྐྱེད་རིམ་གྱི་སྒོ་ནས་སྒྲུབ་ན། དངོས་གཞི་རྡོ་རྗེ་བཞི་ལམ་བྱེད་བསྙེན་སྒྲུབ་ཡན་ལག་བཞི་བསྒོམ། ཆ་ལག་ཏུ་མཆོད་པ་དང༌། གཏོར་མ་དང༌། བཟའ་སྟོན་སོགས་བཟའ་བའི་དམ་ཚིག་རྣམས་སྒྲུབ། སྔགས་ཀྱི་བཟླས་པས་ཐུགས་རྒྱུད་བསྐུལ་བའི་སྒོ་ནས་བསྙེན་པ་བྱེད་དགོས་པ་བཞིན་དུ། འདིར་ཡང་རྫོགས་རིམ་གྱི་ལྷའི་བསྙེན་པ་དབེན་གསུམ་འདི་ལ། དངོས་གཞི་ཉམས་ལེན་ལྟོས་མེད་བཞི་དང༌། མཆོད་གཏོར་དང༌། བཟའ་བའི་དམ་ཚིག་གི་དོད་ཕུང་དབང་གི་ལྟོས་མེད་གཉིས་དང༌། བཟླས་པའི་དོད་ཐ་མལ་རགས་པའི་རླུང་སྦྱོང་བ་ཞིག་དགོས་པར་གསུངས་སོ། །དེས་ན་རྫོགས་རིམ་གྱི་སྔོན་འགྲོའི་ཉམས་ལེན་ལ། བསྐྱེད་རིམ་གྱི་དེ་དང་དེའི་དོད་ཚང་ཚུལ་བཤད་པས། ལྟོས་མེད་ཀྱི་རྣམ་གྲངས་དྲུག་བྱུང་ནའང༌། དོན་གྱི་རྣམ་གྲངས་དབྱེ་སྒོ་སྡེ་ཚན་གཉིས་ཡར་བསྡུ་མར་བསྡུ་བྱས་པ་ལས་དྲུག་བྱུང་བ་ཙམ་དུ་ཟད་ཀྱི། དབྱེ་སྒོ་གཅིག་དང་དཀྱུས་ཐོག་གཅིག་ལ་དྲུག་བགྲོང་རྒྱུ་མ་ཡིན་ཏཻ། དེ་ལྟར་ཡིན་ན་བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་ཞེས་མི་གསུང་པར། བདུད་


TNT04_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ལྔ་ལ་སོགས་པ་དྲུག་པོ་ཞེས་གསུང་དགོས་པར་འགྱུར་རོ། །དཔེར་བརྗོད་ན་ཡང་སྡེ་ཚན་གཅིག་ལ་བྲམ་རིགས་རྒྱལ་རིགས་རྗེ་རིགས་དམངས་རིགས་ཞེས་མི་རིགས་བཞི་བཤད། རྣམ་གྲངས་གཞན་དུ་ཕྱུག་པོའི་རིགས་དང་དབུལ་པོའི་རིགས་ཞེས་མི་རིགས་གཉིས་བཤད་ན། དེ་གཉིས་བསྡོམས་ཏེ་མི་རིགས་དྲུག་གི་ཐ་སྙད་བྱས་ཀྱང་ཆེས་ལེགས་པ་མ་ཡིན་པ་བཞིན་ཏེ། སྤྱིར་དབྱེ་སྒོ་ཐ་དད་པའི་དབྱེ་བའི་ཡན་ལག་རྣམས་གཅིག་ཏུ་བསྲེས་ཏེ། རྣམ་གྲངས་སུ་བགྲོང་བ་ལ་ཡང་འགལ་བ་མེད་པས་འདིར་ཡང་ལྟོས་མེད་དྲུག་གི་ཐ་སྙད་རང་ཏ་མི་འགོག་ཅིང༌། ས་བཅད་དྲུག་ཚན་སྒྲིག་པའི་ལེགས་ཆ་ཙམ་འདུག་ཀྱང་ལྟོས་མེད་ཀྱི་ངོ་བོ་མི་འདྲ་བ་དྲུག་ཡོད་དོ་སྙམ། བཞིར་མ་འདུས་སོ་སྙམ་པའི་འཁྲུལ་གཞི་སྐྱེ་ཉེན་ཆེ་བས། རེ་ཞིག་ལྟོས་མེད་བཞི་ལྡན་ཁོ་ནའི་ཐ་སྙད་བྱའོ། །དེ་ལྟར་ན་ཡང་སྐབས་འདི་དག་ཏུ་ཉམས་ལེན་དམིགས་པའི་ངོ་བོ་དང་གོ་རིམ་ལ། ཇོ་ཞལ་གཉིས་མི་འདྲ་བའི་ཁྱད་པར་མེད་པས་རྩོད་པ་མི་དགོས་ཀྱང༌། ལྟོས་མེད་ཀྱི་རྣལ་འབྱོར་འདི་རྫོགས་རིམ་སྤྱི་དང་སོར་སྡུད་ཁོ་ནའི་སྔོན་འགྲོ་གང་དུ་འགྲོ་ཚུལ་དང༌། ལྟོས་མེད་བཞི་དྲུག་གི་ཐ་སྙད་འཇོག་ཚུལ་ལ། དཔལ་ཇོ་ནང་པའི་ལུགས་འདི་ཀ་ཆེས་བརླིང་ ངོ༌། །ལྟོས་མེད་དེ་དག་གི་དོན་ནི། རང་ལུགས་ལ་གཅེས་པར་མི་འཛིན་པས་གཟུགས་ཕུང་དང༌། འཕྲལ་བདེ་སྡུག་གི་དབང་དུ་མི་གཏོང་བར་བསྒོམ་པས་ཚོར་བ་དང༌། རྣམ་རྟོག་སྤོང་བས་འདུ་ཤེས་དང༌། སྒོ་གསུམ་ལས་མེད་དུ་འཇོག་པས་འདུ་བྱེད་དང༌། རྣམ་ཤེས་ལྔའི་རྗེས་སུ་རྣམ་རྟོག་མི་འབྲང་བས་རྣམ་ཤེས་ཀྱི་ཕུང་པོ་ལ་ལྟོས་པ་མེད་པའོ། །དབང་པོ་ལྔ་ལ་ལྟོས་པ་མེད་པ་ཡང་རྣམ་ཤེས་ཀྱི་ལྟོས་མེད་འདི་ལས་ཕྱེ་བ་ཡིན་ཏེ། གཟུགས་ཀྱི་སྣང་བ་མ་ཤར་ན་དེར་ཟད། མིག་ཤེས་ལ་དངོས་སུ་གཟུགས་སྣང་ཤར་ཡང་རུང༌།


TNT04_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཡུལ་དུ་གཟུགས་ཀྱི་རྣམ་པར་ཤར་ཡང་རུང༌། མཛེས་པ་ལ་མ་ཆགས་མི་མཛེས་པ་ལ་མི་སྡང༌། བར་མ་ལ་ཡང་དངོས་པོར་མི་འཛིན། གཟུགས་སྣང་ཤར་བ་ཙམ་མ་གཏོགས། རྣམ་རྟོག་གི་བླང་དོར་དང་འཛིན་པ་གང་ཡང་མི་བྱེད་པ་ནི། མིག་གི་དབང་པོ་ལ་ལྟོས་པ་མེད་པ་སྟེ། དེ་བཞིན་དུ་སྒྲ་དྲི་རོ་རེག་ལ་སྦྱར་བས། རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་ལ་ལྟོས་པ་མེད་པའོ། །ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ནི། རྣམ་གྲངས་གཅིག་ཏུ་ན་ཟས་གོས་སོགས་ལུས་ཀྱི་ལོངས་སྤྱོད་མཐུན་རྐྱེན་འཛོམ་ན་སྒོམ་ནུས་ཏིང་ངེ་འཛིན་སྐྱེ། དེ་དག་མ་འཛོམ་ན་སྒོམ་མི་ནུས། སེམས་ཀྱི་ཚེར་མའི་དབང་གིས་ཏིང་ངེ་འཛིན་མི་སྐྱེ་ན། གང་ཟག་དེའི་དགེ་སྦྱོར་དེ། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་ཅན་དུ་སོང༌། འདིའི་རིགས་ལ་མཐུན་རྐྱེན་དེ་འབད་པས་བསྒྲུབས་ན་ནི། གཡེང་བས་ཁྱེར་ཏེ་དགེ་སྦྱོར་བདེ་སྐབས་མི་ཡོང༌། འབད་མེད་དུ་འབྱུང་བ་ནི་ཤིན་ཏུ་དཀོན་པས། ཁོའི་དགེ་སྦྱོར་དེ་རྐྱེན་ཁར་ལས་པས་ཡོང་མི་ཡོང་ཐེ་ཚོམ་ཟབ་ལས་ཕལ་དུ་མི་ཡོང་བ་ཤས་ཆེ། ལན་གཅིག་བྱུང་ཀྱང་རྐྱེན་མ་འཛོམ་ན་སྒོམ་འཆོར་བས། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་ཅན་གྱི་དགེ་སྦྱོར་གྱིས་རྟག་མི་ཐུབ་བོ། །དེས་ན་རྐྱེན་བཟང་ངན་ལ་ཁྱད་མེད་དུ་བསྲེས་ཏེ་འབྱོར་བ་དང་ལྡན་ཡང་བཟའ་བཏུང་མགྲོན་འབོད་སོགས་ཀྱི་རྣམ་གཡེང་མི་བྱེད་པར་བློ་ཐག་བཅད་དེ་བསྒོམ། དབུལ་ཞིང་འཕོངས་ཀྱང་ཚ་གྲང་བཀྲེས་སྐོམ་གྱི་སྡུག་བསྔལ་ཁྱད་དུ་བསད། ཟས་གོས་གནས་མལ་ངན་ངོན་གྱིས་ཆོག་ཤེས་པར་བྱས། དཀའ་བ་དང་དུ་བླངས་ཏེ་བསྒོམས་པས། གང་ཟག་དེའི་དགེ་སྦྱོར་དེ་ལུས་ཀྱི་ལོངས་སྤྱོད་བཟང་ངན་དང་ཡོད་མེད་ལ་ལྟོས་པ་མེད་པས། དེ་ལ་སྒོམ་སྐྱེ་བར་ཐེ་ཚོམ་མེད། རྐྱེན་ལ་རག་མ་ལས་པའི་ཕྱིར། སྒོམ་སྐྱེས་ནས་ཀྱང་མི་ཉམས་ཤིང་མགོ་ཐོན་པ་མཐར་ཕྱིན་པར་འོང་བས་ལོངས་སྤྱོད་འཛོམ་མ་འཛོམ་ལ་ལྟོས་པ་མེད་པའི་དོན་དུ་འཆད་པ་ལྟར་ཡིན། དེས་མཚོན་པའི་ངག་གི་ལོངས་སྤྱོད་ནི།


TNT04_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་སྙན་མི་སྙན་དང༌། རང་ལ་གཞན་གྱི་སྟོད་སྨད་དང༌། རང་གི་ངག་ལ་གཞན་གྱི་ཉན་མི་ཉན་སོགས་ཡིན་ལ། དེ་དག་ལ་ལྟོས་པ་མེད་ཚུལ་གོང་དང་འདྲ། ཡིད་ཀྱི་ལོངས་སྤྱོད་ནི། ཡིད་དགའ་བ་དང༌། སྤྲོ་བ་དང༌། སྐྱོ་ཤས་དང་སེམས་གཅོད་དང༌། རེ་བ་དང༌། དོགས་པ་དང༌། གཉེན་ལ་འདོད་ཆགས་དགྲ་ལ་གནོད་སེམས། རང་ལ་ང་རྒྱལ་ལ་སོགས་པའི་རོ་མྱང་ཞིང༌། རྣམ་རྟོག་དེ་དག་དང་དུ་ལེན་པ་ཡིན་ལ། དེ་དག་གི་འཁྲི་བ་བཅད། རོ་མི་མྱོང༌། དེ་དག་གི་དབང་དུ་མི་བཏང་བར་དགེ་སྦྱོར་ལ་འགྲིལ་བ་ནི། ལྟོས་པ་མེད་པའི་དོན་ཏེ་གོང་དང་འདྲའོ། །ཡང་རྣམ་གྲངས་གཉིས་པ་ལོངས་སྤྱོད་ལ་ལྟོས་པ་མེད་པའི་གོ་དོན་གྱི་གཙོ་བོ་ནི། ལོངས་སྤྱོད་བྱ་བ་ལོངས་སྤྱོད་བྱའི་ཡུལ་དང༌། ལོངས་སྤྱོད་པ་པོའི་གང་ཟག་དང༌། ཇི་ལྟར་ལོངས་སྤྱོད་པའི་ཚུལ་གསུམ་ག་ལ་འཇུག་ཅིང༌། བལྟོས་པ་མེད་པའི་དོན་ཞེན་པ་མེད་ཅིང་འཛིན་པ་མེད་པའི་དོན་ཡིན་པས། ལོངས་སྤྱོད་པ་པོ་དབང་པོ་རྟེན་དང་བཅས་པའི་རང་གི་ལུས། ལོངས་སྤྱད་བྱའི་ཡུལ་ལུས་ཀྱི་བདེ་སྡུག་དང༌། བདེ་སྡུག་འབྱུང་བའི་རྐྱེན་ཟས་གོས་ཁང་པ་ནོར་རྫས་ཡུལ་ཞིང༌། དགྲ་གཉེན་དུག་དང༌། མཚོན་ཆ་དང༌། ཚ་གྲང་གི་རྐྱེན་ལ་སོགས་པ་སྣ་ཚོགས་པ་རྣམས་དང༌། ཇི་ལྟར་ལོངས་སྤྱོད་པའི་ཚུལ། འགྲོ་སྡོད། ཉལ་ལྡང༌། ལེན་འཇོག་བརྡེག་འཚོག་སོགས་ལུས་ཀྱི་སྤྱོད་ལམ་རྣམས་ཡིན་ཏེ། དེ་ཐམས་ཅད་གནས་སྐབས་སུ་མི་རྟག་ཅིང་མི་བརྟན་ལ། གཡས་མེད་འགངས་ཆུང་འབའ་ཞིག་ཡིན་པའི་ཕྱིར། ཆགས་སྡང་སྤང་བླང་བྱེད་རིན་ཡང་མི་ཆོག དོན་དུ་ནི་དངོས་པོ་ལ་ཅུང་ཟད་ཡང་མ་གྲུབ་པའི་འཁྲུལ་སྣང་འབའ་ཞིག་ཡིན་པའི་ཕྱིར། ཆགས་རྒྱུ་དང༌། སྡང་རྒྱུ་དང༌། ཕན་འདོགས་རྒྱུ་དང༌། གནོད་པར་བྱེད་རྒྱུ་རང་ཡང་མ་གྲུབ་པས་ཐམས་ཅད་ཡུལ་སྟོང་པར་ཤེས་པས། བློས་ཙམ་བཞག་ཏུ་བསྒྱུར་ནས་བྱ་བྱེད་སྤངས་ཏེ་མཉམ་པར་འཇོག་པའི་དོན་ཡིན། དེ་


TNT04_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ངག་དང་ཡིད་ལའང་སྦྱར་ཏེ། དེའི་ཚེ་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་རང་གིས་ཀྱང་མི་བྱེད། གཞན་བྱེད་པ་ལ་བློ་ཡང་མི་འཇུག་བྱ་བ་ཅིག་འོང༌། དེ་དག་བསྡོམས་པས་གང་ལའང་བདག་པོ་མི་བྱེད། བྱར་མེད་ལས་མེད་དུ་འཇོག་བྱ་བ་ཞིག་འོང་བས། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། ལུས་བྱ་བྱེད་ཀྱིས་དབེན་པའི་ལུས་དབེན་གཉིས་དོན་གཅིག དེ་བཞིན་དུ་ངག་དང་ཡིད་ལའང་རིགས་འགྲེའོ། །འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ནི། ཐེག་ལེ་བྱང་ཆུབ་ཀྱི་སེམས་འཛག་པ་ནི་འཕོ་བ། ཞེས་བྱ་བ་ཡིན་པས། དངོས་སུ་ཐིག་ལེ་མ་ཉམས་པར་སྲུང་དགོས། དེའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ནི་མཐའ་རྒྱ་བཀྱེད་ནས། རེ་ཞིག་གཉིས་སྦྱོར་གྱི་འདོད་ཆགས་ལ་བརྟེན་པའི་རྣམ་རྟོག་གི་རིགས་གང་ཡང་ཡིད་ལ་མི་བྱེད། གལ་ཏེ་རང་ཤུགས་སུ་བློ་ལ་ཤར་ནའང༌། དང་དུ་མི་ལེན་པར་དེ་མ་ཐག་འཕྲོ་གཅོད་པའོ། །འདི་ལ་སྤྱིར་ལུས་ངག་ཡིད་གསུམ་ཆར་གྱི་ཆ་ཤས་ཡོད་ཀྱང༌། ཐིག་ལེ་འཕོ་བའི་གནས་སྐབས་ཀྱི་ཆགས་རྟོག་འཁོར་བའི་རྩ་བ་ཡིན་པས་ལོགས་སུ་བཅད་པ་ཡིན། དེས་ན་ལྟོས་མེད་བཞི་རུ་འཇོག་སྐབས་སུ་ཐིག་ལེ་འཕོ་བའི་ལུས་ཀྱི་བྱ་བ་མ་ཡིན་པའི་ལུས་ཀྱི་ལོངས་སྤྱོད་ལ་འཛིན་ཞེན་སྤངས་པ་ནི། ལུས་ལ་ལྟོས་མེད་ཡིན། དེས་ངག་དང་ཡིད་ལའང་འགྲེ། ཐིག་ལེ་འཕོ་བའི་བྱ་བར་གཏོགས་པའི་ལུས་ངག་ཡིད་ཀྱི་བྱ་བ་ལ་འཛིན་ཞེན་སྤོང་བ་ནི། ལྟོས་མེད་བཞི་པ་ཡིན་གྱི་དང་པོ་གསུམ་ལ་མི་བགྲོང་སྟེ། ཆོས་འདི་ལ་བཞི་པ་རྩལ་དུ་འདོན་དགོས་པའི་ཕྱིར་དང༌། ཐིག་ལེ་འཕོ་བ་དང་འབྲེལ་མ་འབྲེལ་ལ་ལུས་ངག་ཡིད་ཀྱི་བྱ་བ་ཙམ་དུ་མཚུངས་ཀྱང༌། ངོ་བོ་དང་རྣམ་པ་ཡང་མི་འདྲ་བའི་ཁྱད་ཆེ་ཞིང༌། འཁོར་བའི་རྩ་བ་ཡིན་མིན་དང་སྒྲིབ་པ་སྦྱོང་དཀའ་སླའི་ཁྱད་པར་ཤིན་ཏུ་ཆེ་བས་ངེས་པར་ལོགས་སུ་བགྲངས་པའོ། །དབེན་པ་གསུམ་གྱི་སྐབས་སུ། དབེན་པའི་དོན་སྤངས་པ་ཙམ་ཡིན་པས། །


TNT04_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་མེད་བཞི་པ་འདི་ཡང་དབེན་པའི་ཆ་ནས་སྔ་མ་གསུམ་གྱི་ནང་དུ་བསྡུས་པ་སྟེ། སྤྱིར་རྡོ་རྗེ་བཞི་ཡང་རྡོ་རྗེ་གསུམ་གྱི་ནང་དུ་འདུས་པ་དང༌། དེ་ལས་ཀྱང་ཁྱད་པར་དུ་དུས་འཁོར་རང་ལས་ནི། དབེན་པ་གསུམ་དང་བཞིའི་ཐ་སྙད་མི་གསལ། འདུས་པ་སོགས་གཞན་ལས་དབེན་པ་གསུམ་གྱི་ཐ་སྙད་ཁོ་ན་མཛད་ཀྱི་བཞི་པ་མ་གསུངས་པའི་ཕྱིར། ལྟོས་དབེན་འདི་གཉིས་དོན་གཅིག་ཀྱང་རྣམ་གཞག་མི་འདྲ་བས། དབེན་པ་བཞི་དང་ལྟོས་མེད་གསུམ་ཁོ་ནའི་ཐ་སྙད་མི་བྱེད་དོ། །དེས་ན་དབེན་པའི་སྐབས་སུ་གསུམ་དུ་འདུས། ལྟོས་མེད་ཀྱི་སྐབས་སུ་བཞིར་དབྱེ་དགོས། དབང་པོ་དང་གཟུགས་ཕུང་ལ་ལྟོས་མེད་ནི་ལུས་ལ་ལྟོས་མེད་དུ་འདུས་ཤིང༌། འདུ་ཤེས་སེམས་ལ་ལྟོས་མེད་དུ་འདུས། འདུ་བྱེད་དང་ཚོར་བ་ལ་ལྟོས་མེད་བཞི་ཀའི་ཆ་ཤས་ཡོད་དོ། །འོ་ན་རླུང་སྦྱོང་བ་རྫོགས་རིམ་གྱི་སྔོན་འགྲོར་བཤད་པ་དེ་ཅི་སྙམ་ན། སྐབས་འདིར་དགང་བ་དང༌། དབྱུང་བ་དང༌། བུམ་པ་ཅན་ཕལ་པ་རྣམས་ཀྱི་མན་ངག་ལ་བསླབ་ཅིང༌། དེ་གནད་དུ་འགྲོ་བའི་ཕྱིར་ལུས་སྦྱོངས་ཀྱང་མང་དུ་བྱས་ན། ཕྱིས་དངོས་གཞི་སོར་བསམ་གྱི་དུས་སུ། རྟགས་བཅུ་ངེས་པ་ཅན་རྣམས་མྱུར་དུ་འཆར་བ་དང༌། སོར་བསམ་ལ་བརྟན་པ་ཐོབ་ནས་སྲོག་རྩོལ་སྒོམ་པ་ན། སྔར་རླུང་རགས་པ་བྱང་ཟིན་པའི་ཕན་ཡོན་གྱིས། སྐབས་དེར་སྲོག་རྩོལ་གྱི་རིམ་པའི་ཏིང་ངེ་འཛིན་མྱུར་དུ་སྐྱེ་བ་ཡིན་པས། གང་ཟག་གི་རིགས་གཅིག་ལ་འཁྲིད་ཚུལ་དེ་ལྟར་འཇུག་པ་བདེ་བ་ཞིག་འབྱུང་བས། སྔོན་འགྲོའི་རྣམ་གྲངས་སུ་གསུངས་པ་ཡིན་གྱི། སོར་བསམ་གྱི་ཉམས་མྱོང་སྐྱེ་བ་ལ་མེད་དུ་མི་རུང་བའི་སྔོན་འགྲོ་མ་ཡིན་ནོ། །སྔོན་བྱོན་དཔལ་རྒ་ལོའི་ལུགས་ཀྱི་སྦྱོར་དྲུག་དང༌། ཁྲོམ་ལོའི་སྦྱོར་དྲུག་དང༌། ཕྱིས་དཔལ་ཧེ་རུ་ཀའི་གོ་འཕང་བརྙེས་པ་སློབ་དཔོན་ཆེན་པོ་ཞི་བ་སྦས་པའི་ཞལ་གྱི་གདམས་པ་ལས་ཀྱང༌། སྔོན་འགྲོ་


TNT04_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སྦྱང་བ་ལུས་སྦྱོངས་དང་བཅས་པ་མཛད་དོ། །འདི་རྣམས་ཀྱི་ལུགས་ལྟར་ན་རླུང་སྦྱང་བ་ཟླ་དྲུག་གམ་ལོ་སོགས་བསྒོམས་པས། ཕོ་རླུང་འབྱོངས་པ་ཙམ་འབྱུང་ཞིང༌། དེའི་རྒྱུན་མ་ཆད་པ་ལ་སོར་བསམ་དང་བསྡེབས་ཏེ་བསྒོམས་པས། ཕོ་རླུང་དེ་མོ་རླུང་དུ་འགྱུར་ནས་སོར་བསམ་མཐར་ཕྱིན་ཙ་ན་མོ་རླུང་འབྱོངས། ནམ་སྲོག་རྩོལ་གྱི་རིམ་པ་ལ་འཇུག་པ་ན། མོ་རླུང་ཐུལ་ཏེ་མ་ནིང་གི་རླུང་དུ་སོང་བས། མ་ནིང་གི་རླུང་ཉག་གཅིག་ལ་གནད་དུ་བསྣུན་ཆོག་པས། སྲོག་འཛིན་གྱི་ཡོན་ཏན་གེགས་མེད་མྱུར་བར་ཁོ་ནར་བདེ་བླག་ཏུ་སྐྱེའོ་ཞེས་གསུང་བ། དེའི་ནང་ནས་ཀྱང་རྒ་ལོའི་ལུགས་ལ་ནི་སོར་སྡུད་དང་སྲོག་རྩོལ་བུམ་ཅན་སྦྲགས་ཏེ་བསྒོམ་པར་འདོད་པས། འཁྲིད་ཚུལ་དེ་རིགས་ལ་རླུང་སྦྱང་བ་སྔོན་འགྲོར་དགོས་ངེས་སུ་འདུག གཞན་ཡང་རྒྱུད་ལས། སོ་སོར་སྡུད་པ་ལ་སོགས་འདི་དག་རྣམས་ཀྱིས་གལ་ཏེ་བསྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་བསྒོམས་པས་བཙན་ཐབས་ཆུ་སྐྱེས་གནས་སུ་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། །ཞེས་སོར་སྡུད་ཁོ་ནའི་རྣལ་འབྱོར་པ་ལ་ཡང༌། སྤོགས་ཆོག་ཐིག་ལེའི་བཙན་ཐབས་བསྒོམ་པ་གསུངས་པའི་ཕྱིར། དེ་འདྲའི་རིགས་ལ་ཡང་སྔོན་འགྲོ་རླུང་སྦྱང་བ་ངེས་པར་དགོས་སོ། །སྔ་ཕྱིའི་སྦྱོར་དྲུག་པ་འགའ་ཞིག་གི་ངག་སྒྲོས་ལ། རྒྱུད་གཞུང་གི་དངོས་བསྟན་སོར་སྡུད་ནས་འགོ་རྩོམ་པ་འདི། གཞུང་ལམ་ཡིན་ཡང་བླ་མའི་མན་ངག་གིས་སྲོག་རྩོལ་ནས་འགོ་རྩོམ་པ་ཡང་ཡོད་ཟེར་བ་ཡང་སྔོན་དུ་རླུང་སྦྱོང་བ་འདི་རིགས་ལ་བསམ་པར་འདུག སོར་སྡུད་དང་བུམ་ཅན་སྦྲགས་པ་ལ་སོར་སྡུད་སྲོག་རྩོལ་སྦྲགས་པ་ཡིན་ཞེས་འཆད་པ་རྣམས་ཀྱང༌། སྲོག་རྩོལ་རྗེས་མཐུན་པ་དང༌། སྲོག་རྩོལ་གྱི་རིང་རྒྱུ་ཙམ་དང༌། སྲོག་རྩོལ་གྱི་སྒྲུབ་པ་ཙམ་པོ་ཡིན་པ་ལ་བསམ་པའམ་རླུང་གི་རྣལ་འབྱོར་ཡིན་ཚད་ལ་སྲོག་རྩོལ་དུ་མིང་


TNT04_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པ་ཙམ་ཡིན་ན། ཐ་སྙད་ཙམ་ལ་དཔྱད་པ་བྱར་མེད། ཡན་ལག་དྲུག་གི་ནང་ཚན་སྲོག་རྩོལ་གྱི་རིམ་པ་ལ་བསམ་པ་ཡིན་ན་ནི་ལམ་གྱི་འགངས་ཡེ་མ་གོ་བའི་ཅལ་ཅོལ་ཏེ་སོར་སྡུད་དང་པོའི་སྐབས་གྱི་བུམ་ཅན་ཡང་སྲོག་རྩོལ་གྱི་རིམ་པ་མ་ཡིན་ཏེ། སྐབས་དེར་རླུང་དབུ་མར་འབབ་པ་ཙམ་ཡིན་ཡང་འཆིང་མི་ནུས་པའི་ཕྱིར་ རོ། །སྲོག་རྩོལ་གྱི་རིམ་པ་ཏ་མིན་ཡང་སྲོག་རྩོལ་གྱི་ཡན་ལག་ཙམ་ཡིན། སོར་སྡུད་ཀྱི་སྲོག་རྩོལ་ལོ་སྙམ་ན། དེ་ཙམ་ལ་བུམ་ཅན་སོགས་མེད་མི་རུང་མ་ཡིན། མི་གཡོ་གསུམ་ལྡན་ཁོ་ནས་ཀྱང་འགྲུབ་པས་སོར་སྡུད་ཡིན་ན་སྲོག་རྩོལ་དང་སྦྲགས་ཏེ་སྒོམ་པར་ཁྱབ་པར་ཐལ་ལོ། །སྔོན་འགྲོའི་རླུང་སྦྱང་བ་ནི། རླུང་སྦྱོར་རང་གི་སྒོ་ནས་མུ་སྟེགས་བྱེད་ཚུན་ཆད་དང་ཐུན་མོང་བ་ཡིན་ལ། སྲོག་རྩོལ་གྱི་རིམ་པའི་བུམ་ཅན་སོགས་ནི། རགས་པའི་དབུ་མར་རགས་པའི་རླུང་བཅིངས་པ་སྟཻ། ཡེ་ཤེས་ཀྱི་དབུ་མའི་ནང་དུ་དགག་པའི་ཐབས་ཡིན་པ། བླ་མེད་སྦས་རྒྱུད་པའི་མན་ངག་རྣམས་ལའང་ཆེར་མེད་པས་ཁྱད་ཤིན་ཏུ་ཆེ་བའི་ཕྱིར་རོ། །འོན་ཀྱང་མན་ངག་ལག་ལེན་དེ་ལྟར་བྱེད་པ་ལ་ནི་འགལ་བ་མེད་པས། ལག་ལེན་མན་ངག་གང་ཡིན་པ་དེ་གནད་མ་འཆུགས་པར་བསྟན་ན་ལེགས་ཀྱི། རྒྱུད་གཞུང་གི་ལམ་གྱི་རིམ་པ་ལ་མ་སྦྱངས་པ་དག་གོ་དོན་བཤད་པའི་རིགས་མང་དུ་སྨྲ་པ་དེ་ཤིན་ཏུ་མི་མཛེས་སོ། །དེ་ལྟར་ཡིན་མོད་ཀྱང༌། དེང་སང་གི་སྒོམ་བྱེད་པ་ཕལ་ཆེ་བ་ཞིག་ལ་ནི། སེམས་གནས་པ་ཅུང་ཟད་ཅིག་མ་སྐྱེས་ན། རླུང་གི་རྩོལ་བ་རྣམས་གནད་དུ་མི་འགྲོ་བ་རང་མང་བར་སྣང་ཞིང༌། ཐོག་མ་ནས་རླུང་སྒོམ་པ་དེ་སྐྱེ་བོ་ཤས་ཆེ་བ་ལ་འཇུག་པ་ཡང་མི་བདེ་བ་དང༌། དཔེ་བསྐྱེད་རིམ་གྱི་བསྙེན་པའི་སྐབས་ཀྱང༌། བསྐྱེད་རིམ་སྒོམ་པ་གཙོ་བོ་དང་བཟླས་པ་ཡན་ལག་ཡིན་པས། དབང་པོ་རྣོ་ན་བཟླས་པ་མེད་ཀྱང་བསྐྱེད་


TNT04_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བསྒོམ་པ་འབའ་ཞིག་གིས་དོན་འགྲུབ་པ་ལྟར། འདིར་ཡང་ལྟོས་མེད་གཙོ་བོ་ཡིན། རླུང་སྦྱང་བ་ཡན་ལག་ཡིན། རླུང་སྦྱང་བ་མེད་ཀྱང་ལྟོས་མེད་འབའ་ཞིག་གིས་སྐབས་འདིར་དོན་འགྲུབ་པས། སྦྱོར་དྲུག་ལུགས་སྲོལ་ཐ་དད་པ་ཕལ་ཆེར་ལ། སྐབས་འདིར་རླུང་སྦྱང་བ་མི་མཛད་ཅིང༌། འབྲོ་ལུགས་དང་བི་བྷུ་ཏའི་ལུགས་ལའང་མི་མཛད་པས། དཔལ་ཇོ་ནང་བའི་རང་ལུགས་ལ་ཡང་དེ་བཞིན་ནོ། །སྤྱིར་ཡང་ལྟོས་མེད་བཞི་ལྡན་དང་རླུང་སྦྱང་བ་ལས་དང་པོ་པ་ཕལ་གྱིས་དུས་གཅིག་ལ་མི་འགྲུབ་པས། གཉིས་ཀར་བྱེད་ན་སྔ་ཕྱི་རིམ་ཅན་དུ་སྦྱོང་དགོས་ལ། གཉིས་པོའི་གོ་རིམ་ལ་མཐའ་གཅིག་ཏུ་ངེས་པར་རང་མེད་ཀྱང༌། ལྟོས་མེད་སྔོན་དུ་བྱས་ན་ཕལ་ཆེར་ལ་ལེགས་སོ། །ཡང་སྦྱོར་དྲུག་གི་མན་ངག་རྙིང་པ་མང་པོ་ཞིག་ལ། སོར་སྡུད་ཁོ་ན་ནས་འགོ་རྩོམ་པར་འདུག་པ། སོར་སྡུད་ལ་ལྟོས་མེད་བཞི་ཚང་ངོ་སྙམ་པར་འདུག་ཀྱང༌། རྒྱུད་ལས་ལྟོས་མེད་བསྙེན་པ་དང༌། སོར་སྡུད་ཉེར་སྒྲུབ་ཏུ་གསུངས་པའི་སྐབས་དང་ཅུང་ཟད་འགལ་བས། ལྟོས་མེད་བཞི་ལྡན་ལོགས་སུ་བྱེད་པ་འདི་ཆད་ན་མི་རུང་ ངོ༌། །ཡང་དོན་གཅིག་པོ་འདི་ལ་དབེན་གསུམ་ཞེས་པ་དང༌། ལྟོས་མེད་བཞི་ལྡན་ཞེས་པའི་ཐ་སྙད་མིང་འདོགས་གཉིས་པོ་གང་གཙོ་ཆེ་ཞེ་ན། དུས་འཁོར་ཉིད་ལས་གསུངས་པས་ལྟོས་མེད་གཙོ་ཆེ་བ་ཙམ་ཡིན་ཡང༌། ད་ལྟ་ལག་ལེན་དུ་འདེབས་པ་དང་མཐུན་པར་གོ་བདེ་བའི་ཕྱིར། རང་ལུགས་ཀྱི་བརྒྱུད་པ་འདི་ལ་དབེན་གསུམ་གྱི་ཐ་སྙད་གྲགས་ཆེའོ། །ཁྲིད་ཡིག་ཏུ། སྔར་སྒོ་གསུམ་གྱི་ལས་བྱས་པ་རྣམས། དོན་མེད་དང་དོན་ལོག་ཏུ་སོང་ཞེས་པའི་གོ་དོན་ནི། ལུས་ངག་ཡིད་གསུམ་གྱི་བྱ་བྱེད་བྱས་ཚད། དགེ་སྡིག་ལུང་མ་བསྟན་གསུམ་གང་རུང་ལས་མ་འདས། སྒོ་གསུམ་གྱི་སྡིག་པ་བྱས་ཚད་དོན་མེད་ཙམ་ཡང་མ་ཡིན་དོན་ལོག་སྟེ། རང་


TNT04_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གི་རང་ཉིད་སྡུག་བསྔལ་མྱོང་བའི་ཐབས་འབའ་ཞིག་ཏུ་སོང༌། ལུང་མ་བསྟན་བྱས་པ་རྣམས་ཚེ་སྟོང་ཟད་དང་དོན་མེད་ཁོ་ནར་སོང༌། དགེ་བ་བྱས་པ་རྣམས་ཀྱང་འཁོར་བའི་བདེ་བ་ཐན་ཐུན་གྱི་རྒྱུར་སོང་ཡང༌། བདེ་བ་དེ་རྟག་མི་ཐུབ་པར་ཉམས་པས་ཕུབས་བློས་བརྟད་ཐུབ་པའི་འབྲས་བུ་མ་བྱུང་བའི་དོན་ཆུང་ངུ་ལ་དུས་འདས་ཏེ། དོན་ཆེན་པོ་མེད་པས་དོན་མེད་ཅེས་བྱ། སྔར་དུས་མཐའ་མེད་པ་དེ་འདྲའི་བར་དུ། ལས་དེ་ཙམ་བྱས་ཀྱང་འབྲས་བུ་མ་བྱུང་བས། དེ་ཡང་སྔར་གྱི་དེ་འདྲ་ཇི་ཙམ་བྱས་ཀྱང་བློ་བརྟད་ཐུབ་པའི་འབྲས་བུ་མི་ཡོང་བས། ད་ནི་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ཐམས་ཅད་ཅི་དགར་བོར་ལ། བསམ་མེད་དུ་འཇོག་བྱ་བའི་དོན་ཡིན་ནོ། །དབེན་གསུམ་གྱི་སྐབས་འདིར། གནས་མུན་ཁང་དང༌། ལྟ་སྟངས་དང་བྱེད་བཅིངས་ཐུན་མོང་མ་ཡིན་པ་རྣམས་མཐའ་གཅིག་ཏུ་དགོས་པའི་ངེས་པ་མེད་པས། སྔོན་དུས་མུན་ཁང་མ་ཡིན་པའི་གནས་ཇི་ལྟར་འོས་པར་ལུས་གནད་དཀྱུས་འགྲོ་ཙམ་འཆའ་བའི་སྲོལ་ཡང་བྱུང་མོད་ཀྱི། སྐབས་དེར་ལུས་གནད་དཀྱུས་འགྲོ་དེ་ཡང་འབྱོངས་འབྱོངས་སུ་སྦྱོངས་དགོས་ཤིང༌། ཡང་དངོས་གཞི་ལ་ཞུགས་དུས་མུན་ཁང་ལ་ཡང་མ་འདྲིས་པས་ཐོག་མ་ཉམས་མི་བདེ་བ་འབྱུང༌། སྔར་གྱི་ལུས་གནད་འབྱོངས་བའི་ཁུངས་དེས་གོ་མི་ཆོད་པར། བྱེད་བཅིངས་ཀྱི་ལུས་གནད་གསར་དུ་སྦྱོངས་དགོས་པས། སྔ་མ་དེ་ལས་ནོར་འགྲོ་བའི་རྣམ་པ་འབྱུང་བས་ན། ཀུན་སྤངས་ཆེན་པོ་ཕྱིན་ཆད་ཀྱི་ཕྱག་ལེན་དུ་དབེན་གསུམ་ལ་གནས་དང་བྱེད་བཅིངས་གང་གིས་ཀྱང་རུང་བའི་ཕྱིར། འདི་ཡང་རུང་བ་ལས་སྐབས་འདིར་མུན་ཁང་དང་ཐུན་མོང་མ་ཡིན་པའི་བྱེད་བཅིངས་དེ་ལུས་གནད་དཀྱུས་མ་དང་ལྷན་ཅིག་སྐབས་འདིར་འབྱོངས་པས།


TNT04_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའི་སྐབས་སུ་དཀའ་ཚེགས་མི་དགོས་པར། དམིགས་པ་གནད་དུ་འགྲོ་བ་ཞིག་ཡོང་བ་ཐུགས་མྱོང་གིས་གྲུབ་ནས། མུན་ཁང་དང་ལྟ་སྟངས་སོགས་དངོས་གཞི་དང་ཁྱད་མེད་པར་མཛད་དོ། །དེས་ན་དབེན་གསུམ་འདི་མུན་ཁང་དང་བྱེད་བཅིངས་དྲག་པོའི་ཁྱད་ཙམ་མ་གཏོགས་བོད་ཉིད་ལ་གྲགས་པའི་ཕྱག་ཆེན། ཞི་བྱེད། རྫོགས་ཆེན། སེམས་སྡེ་གཅོད་ཡུལ། བསམ་མི་ཁྱབ། འཁོར་འདས་དབྱེར་མེད། ཀ་དག་ཁྲེགས་གཅོད་ལ་སོགས་པར་གྲགས་པའི་གདམས་ངག་གི་གནད་མ་ལུས་པ་འདི་ཁོ་ན་ལ་འདུས། སོར་སྡུད་ཡན་ཆད་ལ། གདམས་ངག་དེ་དག་གིས་སྙོམས་པར་མི་སྤོབས་པའི་མངོན་པར་མཐོ་བའི་ཁྱད་ཆོས་དུ་མ་དང་ལྡན་པ་ཡིན་ནོ། །གོང་མ་རྣམས་ཀྱི་གསུང་འཕྲོས་ལས། གདམས་ངག་གཞན་གྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས། འདིར་ཐུན་མོང་གི་སྔོན་འགྲོར་བྱེད། གཞན་གྱི་དངོས་གཞི་རྣམས་འདིའི་ཐུན་མོང་མ་ཡིན་པའི་སྔོན་འགྲོར་བྱེད། ཞེས་གསུངས་པའང་འདི་ལ་དགོངས། འོ་ན་འདིར་མི་རྟོག་པ་ཉིད་ལ་འཇོག་པ་ཙམ་དུ་འདུག གཞན་འགའ་ཞིག་ཏུ་སེམས་འཚོལ་དང་དྲན་པའི་ཚོ་འཛིན་བྱེད་པས་དེ་ལྷག་སྙམ་ན། དྲན་པའི་སོ་བ་ནི་འདིར་ཡང་གཏོང་ལ། སེམས་འཚོལ་དུ་འདོད་པ་དེ་ཚན་ཡང་དགོས་པའི་སྐབས་བྱུང་ན། ཆོས་འདིའི་ཆ་ལག་ལ་ཡང་ཡོད་ཅིང༌། ཡོད་པ་ཙམ་དུ་མ་ཟད་ལྷག་དང་བཅས་པར་ཡང་ཡོད་མོད། ལན་གཅིག་རྟོག་དཔྱོད་ཀྱི་རྩོལ་བ་བྱེད་ཕྱིན། སེམས་འཚོལ་དེ་ལའང་གཅིག་ཏུ་འགངས་ཆེ་རྒྱུ་མེད། དེ་བས་རྒྱུས་པ་བདག་མེད་སྟོང་ཉིད་ཀྱི་གོ་མྱོང་ཐག་ཆོད་གོལ་ས་གཅོད་པ་མཐའ་ཡས་པ་ཞིག་ཆོས་འདི་ལ་ཡོད་པ་ཡིན། འོན་ཀྱང་ལམ་གྱི་རྐང་ལ་མ་བཅོས་པར་འཇོག་ཕྱིན། སེམས་འཚོལ་དང་དྲན་འཛིན་ཡང་དགོས་རྒྱུ་མེད་དེ་དེ་གཉིས་ཀར་བློས་བྱས་ཡིན་པའི་ཕྱིར། གནས་ལུགས་གདོད་


TNT04_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་རེག་པར་མི་ནུས་སོ། །བྲམ་ཟེ་ཆེན་པོས་ཀྱང༌། ཆུ་དང་མར་མེ་རང་གསལ་ཞིག་ཏུ་ཞོག །ཅེས་གསུངས་ཏེ། དཔེར་ན་ཆུ་རྙོག་མ་ཅན་དེ་གཡོ་བ་མེད་པར་བཞག་ན། རྙོག་མ་ཐམས་ཅད་རང་སངས་ཏེ་དངས་པར་གྱུར་པ་ན། ཆུ་ནང་ན་ཡོད་ཚད་གསལ་བར་མཐོང་འོང༌། དེའི་ཚེ་རྙོག་མ་ཅན་གྱི་ཆུ་ནང་ན་དངོས་པོ་ཅི་ཡོད་འཚོལ་བ་ལ། ལག་ནོམ་བྱེད་ཅིང་ཆུ་དཀྲུས་མི་དགོས་པར་དངོས་སུ་མཐོང་བ་ཡིན། དེ་བཞིན་དུ་སེམས་རྣམ་རྟོག་སྤངས་ཏེ་གཡོ་མེད་དུ་བཞག་པས། ཤེས་པ་ཉག་ཉོག་སངས་ཤིང་དྭངས་པ་ན། རིག་པ་རང་གི་སྡོད་ལུགས་རང་གཟུགས་དེ་གསལ་བར་མཐོང་ཡོང༌། དེ་ཙ་ན་སེམས་དང་རྣམ་རྟོག་འདྲེས་པའི་རྙོག་ཆུ་ལ་རྟོག་དཔྱོད་སེམས་འཚོལ་གྱི་ལག་པས་དཀྲུག་མི་དགོས། སེམས་ཀྱི་ངོ་བོ་རྩོལ་མེད་དུ་མཐོང་ཡོང༌། ཡང་ད་ལྟ་ཕན་ཆེར་དྲན་འཛིན་གྱི་ཚོ་འཛིན་དགོས་ཟེར་ཡང༌། ཉོན་མོངས་དང་རྣམ་རྟོག་སྐྱེས་རེས་ཀྱི་ངོས་གཟུང་ནས་དབྱིངས་སུ་ནི་གཅོད། དེ་ལ་སྒོམ་ཆེན་པ་རྣམས་དྲན་པ་ཟེར་གྱིན་འདུག་པ། དེ་ནི་ཞོར་བྱུང་ཐམས་ཅད་དུ་འདིར་ཡང་ལག་ལེན་ལ་ནི་འདེབས། དེ་ཙམ་ལ་ཉམས་ལེན་མཐར་ཐུག་ཏུ་ནི་མི་རྩི། སེམས་རང་ངོ་ཤེས་དགོས་པ་ཡིན་ཞེས་གྲགས་ཏེ་བྱར་མེད་ཀྱི་སྒོ་ནས་རང་རིག་པ་ནི། སེམས་དབྱེ་ན་རྣམ་པར་མི་རྟོག་པ་ཁོ་ན་རང་ཡིན། བློས་བྱས་ཀྱི་ངོ་ཤེས་ལ་ཧ་ལས་རྒྱུ་ཙམ་མེད། དེ་ནི་སེམས་འཁྲིད་གཤའ་མ་ཞིག་བྱས་ན་ཐམས་ཅད་ལ་ཤུགས་འབྱུང་དུ་འོང་བ་ལགས། མདོར་ན་ཕལ་ཅིག་བློས་བྱས་ཀྱི་ཆོས་ཀྱིས་སངས་མི་རྒྱ་ཞེས་འགྲམ་པ་བུད་བུད་ཁ་ན་འདོན་བཞིན་དུ། རིག་པ་རྐྱང་འདོད་དང༌། དྲན་པ་བསྟེན་པ་དང༌། རང་ཞལ་ལ་བལྟ་བ་དང༌། ཆེ་རེ་བལྟ་དགོས་བྱ་བ་སོགས་སླར་ཡང་བློས་བྱས་ཤིག་རང་ལ་བློ་རྩེ་གཏོད་པ་འདི་ཡང་ཡ་རེ་ཆེའོ། །སྒོས་སུ་ཡང་


TNT04_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཉམས་རྩལ་ཕྱོགས་མེད་དུ་རྒྱས་ནས། རྣམ་པ་ཐམས་ཅད་པའི་འཆར་སྒོ་འབྱམས་ཀླས་པའི་སྐབས་ཤིག་ཏུ། ཉམས་རང་ཤར་བྱུང་རྒྱལ་དུ་བསྐྱངས་དགོས་པ་ལ། དྲན་པའི་ཚོ་འཛིན་ཡིན་པར་རློམ་ནས་མགོ་བཀུག དབུགས་བསྔམས་བསྡད་པས་ཉམས་མྱོང་དང་ཡོན་ཏན་ཕྱོགས་མེད་དུ་འཆར་བ་ལ་གེགས་ཆེན་པོ་བྱེད་པ་ཡིན། དྲན་པའི་སོ་པ་སྤོང་དགོས་པའི་སྐབས་ཀྱང་མང་ངོ༌། །ཡང་འགའ་ཞིག་རྣམ་རྟོག་སྒོམ་གྱི་རྩལ་ཡིན་བཅད་དུ་མི་བཏུབ་ཟེར་ཏེ། ས་ར་ཧས། རྟོག་པ་ཉམས་པས་བློ་ཉམས་ཤེས། །བློ་ངན་རྗེས་སུ་རྟོག་བྱེད་ལོ། །དེ་ཉིད་ལས་ནི་བློ་བཟང་པོ། །ནམ་མཁའ་ལས་ལྷག་ཅི་ཡང་འབྱུང༌། །ཞེས་གསུངས་པས་དངོས་སུ་བཀག་ཅིང༌། རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས། རྣམ་རྟོག་ཆད་པའི་ཤུལ་ན་རིག་པ་ཙམ་འདུག་པ་དང༌། རྣམ་རྟོག་སྡོད་ཚུགས་མ་ཐུབ་པ་ཙམ་ལ་ཅི་ཡང་མེད་པ་འདྲ་ཞིག་མྱོང་བ་ན། སེམས་ཉིད་རྣམ་རྟོག་རྣམ་རྟོག་ཉིད་སེམས་ཉིད་ཡིན་སྙམ་ཞིང་སྨྲ་བ་དང༌། རྣམ་རྟོག་སྟོང་ཉིད་སྟོང་ཉིད་ཆོས་སྐུའོ་སྙམ་དུ་སེམས་ཤིང་སྨྲ་བ་ནི་འཆར་སྒོ་དང་སེམས་ཀྱི་མཚན་ཉིད་ཕྱོགས་རེ་རིག་པ་ལས། གོ་ཚུལ་ཕྱོགས་རེ་བ་ཞིག་བྱུང༌། གོ་ཚུལ་དེ་དང་མཐུན་པའི་ཐ་སྙད་རེ་བཏགས་པར་འདུག དཔེར་ན་ཆུ་ཆད་པའི་ཤུལ་སར་འདུག་པས་ཆུ་དང་ས་གཅིག་པར་འཛིན་པ་དང༌། ཁང་པ་འགྱེལ་བཞིན་པའི་དུས་ན་བར་སྣང་སྟོང་པ་འདུག་པས། བར་སྣང་ཉིད་ཁང་པའོ་སྙམ་དུ་སེམས་པ་དང་འདྲའོ། །ཉམས་མྱོང་ཅུང་ཟད་དང་འབྲེལ་བའི་གོ་བ་རབ་རིབ་རེ་ཏ་ཡོད་དེ། རྣམ་པར་དབྱེ་བ་འཆད་པའི་ཚེ། ཆོས་ལས་ཇི་སྐད་གསུངས་པ་བཞིན་དུ་བྱ་དགོས་ཀྱི་རང་རེ་སོ་སོ་སྐྱེ་བོའི་ཉམས་མྱོང་རེ་དང་བསྟུན་ནས་གྲུབ་མཐའ་འཇོག་ཅིང་བརྡ་ཆད་གསར་པ་རེ་


TNT04_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ནི། བདུད་ཀྱི་དཀྲུགས་མའོ། །གཞན་ཡང་རྣམ་རྟོག་དང༌། རྣམ་རྟོག་གི་རང་བཞིན་གཉིས་དབྱེ་བ་ཕྱེད་དགོས། རྣམ་རྟོག་གི་རང་བཞིན་དེ་ནི་སྟོང་པ་ཡིན་མི་རྟོག་པ་ཡིན་པས་རྣམ་རྟོག་མ་ཡིན། རྣམ་རྟོག་འཆར་སྒོ་ཁོ་རང་ནི་མེད་བཞིན་དུ་སྣང་བའི་འཁྲུལ་བ་ཡིན་པས། རྣམ་རྟོག་ཁོ་རང་གི་རང་བཞིན་ཡང་མ་ཡིན། གཞན་གང་སུའི་ཡང་རང་བཞིན་ཡང་མ་ཡིན། སྣང་ཙམ་མ་གཏོགས་ངོ་བོ་མེད་དོ། །དཔེར་ན་མིག་འཁྲུལ་མཁན་གྱིས་བྲེ་ལ་སྔགས་བཏབ། ལྟད་མོ་བ་རྣམས་ཀྱིས་མཆོད་རྟེན་དུ་མཐོང་བ་དང་འདྲ། རྣམ་རྟོག་གི་རང་བཞིན་བྲེ་དང་འདྲ། སྣང་ཆ་རྣམ་རྟོག་ཁོ་རང་མཆོད་རྟེན་དང་འདྲ། བྲེ་ཤིང་ཡིན་ཀྱང་སྒྱུ་མའི་མཆོད་རྟེན་ལ་ཤིང་ཡིན་རྒྱུ་མེད། རྣམ་རྟོག་གི་རང་བཞིན་ཡེ་ཤེས་ཡིན་དུ་ཆུག་ཀྱང༌། རྣམ་རྟོག་ཉིད་ངོ་བོས་མ་གྲུབ་པས་རྣམ་རྟོག་ལ་ཡེ་ཤེས་ཡིན་རྒྱུ་མ་བྱུང༌། གལ་ཏེ་རྣམ་རྟོག་ཡེ་ཤེས་ཡིན་ན། ཡེ་ཤེས་ཡིན་པའི་རྣམ་རྟོག་ཅིག་གྲུབ་པར་ཐལ། དཔེར་ན་བྲེ་ཤིང་ཡིན་པས་སྒྱུ་མའི་མཆོད་རྟེན་ཡང་ཤིང་ཀ་ཡིན་ན། སྒྱུ་མའི་མཆོད་རྟེན་གྱི་ཐད་ན་ཤིང་གི་མཆོད་རྟེན་ཡོད་པར་ཐལ་བ་བཞིན་ནོ། །དེས་ན་རྣམ་རྟོག་གི་རྣམ་པ་མ་ཡལ་བཞིན་དུ་གཏད་མེད་ཡལ་ཡུལ་ཟང་ཐལ་ལེ་བར་མྱོང་བ་དེ་ནི། རྣམ་རྟོག་དེ་འཁྲུལ་སྣང་གི་འཆར་སྒོ་ཙམ་མ་གཏོགས། གདོད་མ་ནས་ཡོང་མ་མྱོང་བའི་རྟགས་ཡིན། ནམ་ངོ་བོ་ལ་ལྟས་དུས་ཅི་ཡང་མེད་པ་ལྟར་སྣང་བ་དེ་ནི། རྗེས་འཐུད་མེད་མཚམས་སྦྱོར་བ་མེད། མ་འབྲེལ་བ་སྐད་ཅིག་གིས་འཇིག་པ། མི་གནས་པའི་མཚན་ཉིད་ཡིན་པས། ཡང་དག་པའི་ལྟ་བའི་གནད་རིག་པ་ཞིག་གིས་བསྒོམ་ན་ཕྲ་བའི་མི་རྟག་པ་དང་རང་བཞིན་མེད་པ་ལ་འཇུག་ནུས་ཀྱང༌། ཡེ་ཤེས་ཆོས་སྐུ་ཡིན་པའི་རྒྱུ་མཚན་དུ་མི་འགྱུར་རོ། །ཡང་དག་པའི་ལྟ་བའི་གནད་ལ་སྦྱོར་མ་ཐུབ་ན་


TNT04_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་ཡུལ་དང་ཅི་ཡང་མེད་པ་འདྲ་བ་དེ་ལུང་མ་བསྟན་དུ་ལས་འགྲོ། ཡང་སྟོང་རྐྱང་ལ་ཆོས་སྐུའི་མིང་འདོགས། སྣང་བ་དང་རང་བཞིན་གྱི་དབྱེ་བ་མི་འབྱེད་པར་བཤད་པ་ཡིན་སྙམ་ན། དེ་ལྟར་བྱེད་དུ་ཟད་མོད། ལུང་གི་བརྡ་ཆད་དང་རིག་པའི་ཚུལ་ལས་ནི་འདས་སོ། །གཞན་ཡང་རིག་པ་ལ་ལྟས་པས་རྣམ་རྟོག་ཉིད། མི་རྟོག་པའི་རིག་པ་ཡིན་པ་འདྲ་བ་ཞིག་འདུག་པ་ནི། དར་ལ་སེང་གི་མིག་ནས་ནམ་མཁའ་མཐོང་བ་ལྟ་བུ་ཡིན། རྣམ་རྟོག་ཤུགས་དྲག་ལ་བལྟས་པས། སེམས་སྟོང་གསལ་གྱི་སྣང་བ་རྣམ་རྟོག་ཏུ་ཤར་བ་ཞིག་འདུག་སྙམ་པ་ནི། བྱ་འཕུར་བའི་རྗེས་སུ་བྱ་གདང་འགུལ་བ་ལྟར་ཤུགས་དྲག་འགགས་པའི་རྗེས་ཀྱི་སེམས་གསལ་སྟོང་ལ་སྔ་མའི་དྲི་མ་ཆགས་པ་ཡིན་པ་ལ༑ དུས་མྱུར་བས་ཤུགས་དྲག་དེ་ཀ་གསལ་སྟོང་དུ་འདུག་གོ་སྙམ་སྔ་ཕྱི་གཉིས་གཅིག་ཏུ་འཁྲུལ་བ་ཡིན། དེས་ན་ཉམས་མྱོང་ཤར་ཚུལ་རེ་ཡོད་ཀྱང༌། ངོ་སྤྲོད་ལུགས་འཁྲུལ་ན་གོལ་ས་འབྱུང་བས། ངོ་སྤྲོད་མ་འཁྲུལ་བ་ཡང་གལ་ཆེའོ། །མཐར་གཏུགས་ན་ཡུལ་གྱིས་རྣམ་པ་མ་བསྒྱུར་བའི་གསལ་རིག་ཙམ་རྒྱུན་ཆད་རྒྱུ་མེད་པ་འདི་ནི་ཡེ་ཤེས་དངོས་མ་ཡིན་ཀུན་གཞི་རྣམ་ཤེས་ཡིན། དེ་དང་ཡེ་ཤེས་རྣམ་པ་འདྲ་རུང་དུ་ཡོད་པས། ཡེ་ཤེས་དངོས་སུ་མ་བཤད་པར་དཔེའི་ཚུལ་གྱི་ཡེ་ཤེས་སུ་ངོ་སྤྲད་ན་ལེགས་ཆ་ཙམ་ཡོད་དོ། །ཀུན་གཞི་རྣམ་ཤེས་དེ་ཡང་ཡེ་ཤེས་བདེ་གཤེགས་སྙིང་པོའི་སྒྲིབ་བྱེད་ཡིན་ཞིང༌། དེ་ཡང་དངོས་སུ་ན། རྨི་ལམ་སྣང་བའི་སྐྱེས་བུས་ཡོད་པའི་དངོས་པོ་མི་མཐོང༌། མེད་པའི་རྨི་ལམ་མཐོང་བ་དང༌། སྒྱུ་མས་བསླད་པ་རྣམས་ཀྱིས་ཡོད་པའི་ཚོགས་པ་མི་མཐོང༌། མེད་པའི་རྒྱུ་མ་མཐོང་བ་ལྟར་ཡིན་མོད་ཀྱང༌། རེ་ཞིག་སོ་སོ་སྐྱེ་བོ་དང་འཕགས་པ་སློབ་པ་རྣམས་ཀྱི་བློ་ངོ་ན་སྣང་བ་ལྟར་རྣམ་པར་བཞག་ན། སེམས་ཅན་དེ་དང་དེ་ལ་


TNT04_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ནས་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་པའི་རང་རིག་ཡེ་ཤེས་ཏེ། །སེམས་ཅན་དེ་ཉིད་ཀྱི་ཀུན་གཞི་རྣམ་ཤེས་ཀྱིས་གཡོགས། དེའི་ཚེ་རལ་གྲིའི་ཤུབས་རལ་གྲི་དང་དབྱིབས་རྗེས་མཐུན་དུ་འབྱུང་བ་ལྟར། ཀུན་གཞི་དེ་ཡང་སྙིང་པོ་དང་རྣམ་པ་འདྲ་རུང་དུ་ཡོད། རལ་གྲི་དངོས་སུ་མ་བསྟན་ཀྱང་ཤུབས་མཐོང་བས་རལ་གྲིའི་དབྱིབས་རྗེས་སུ་དཔོག་ནུས་པ་ལྟར། ཀུན་གཞི་གསལ་རིག་ཙམ་ཉིད་ལས་སྙིང་པོ་རྗེས་སུ་དཔོག་པའི་ངོ་སྤྲོད་བྱེད་པ་ཡིན། འདིར་ངོ་སྤྲོད་ཐུན་མོང་བ་ན་རྒྱས་པར་བཤད་ཡོད་པས་དེར་གཟིགས། ཀུན་གཞི་སྙིང་པོའི་སྒྲིབ་གཡོགས་ཡིན་ཡང༌། ཀུན་གཞི་ལ་གནད་དུ་བསྣུན་ན། སྙིང་པོ་རྟོགས་པའི་ལམ་དུ་འགྱུར་ཏེ། མི་གོས་ཅན་གྱི་གོས་ནས་བཟུང་བས་མི་ཡང་ཟིན་པར་འགྱུར་བ་བཞིན་ནོ། །དབེན་གསུམ་གྱི་སྐབས་འདིར། ཡུན་རིང་དུ་སྒོམ་མཁན་ཡིན་ན། བདེ་གཤེགས་སྙིང་པོ་ངོ་སྤྲོད་ཚུལ་དེ་ལྟར་ཡིན་ལ། བདེ་གཤེགས་སྙིང་པོ་དབེན་གསུམ་དུ་ངོ་སྤྲོད་ན་ནི། ཀུན་གཞི་ལ་བརྟེན་ནས་བྱེད། དངོས་གཞིའི་ཉམས་སྐྱེས་པ་ལ་ནི། ཀུན་གཞི་རྣམ་ཤེས་ལ་བརྟེན་ནས་རྗེས་སུ་དཔོག་མི་དགོས་ཏེ། བདེ་གཤེགས་སྙིང་པོའི་སྣང་བ་དངོས་འོད་གསལ་རྟགས་བཅུ་མངོན་དུ་གྱུར་པ་ལ་ངོ་སྤྲོད། འདི་འཁྲིད་དངོས་གཞིའི་སྐབས་གཙོ་ཆེ། ངོ་སྤྲོད་ཚུལ་ནི་ངོ་སྤྲོད་ཐུན་མོང་མ་ཡིན་པར་གཟིགས་འཚལ། དབེན་གསུམ་གྱི་སྐབས་འདིར་བཤད་པའི་མཐའ་གཅོད་དང་ངོ་སྤྲོད་འདི་རྣམས་འཁྲིད་འཆད་པ་པོ་རང་གི་ཉམས་མྱོང་ལ་རགས་རིམ་ཤར་བ་དང་རྣམ་གཞག་ཞིབ་མོར་བློ་ལ་ངེས་པ་གལ་ཆེ་ཞིང༌། ངོ་སྤྲོད་འཆད་སྐབས་དང༌། ཤེས་རབ་ཅན་འདུས་པར་མཐའ་གཅོད་དགོས་དུས། རང་ལུགས་ཀྱི་ཆོས་སྐད་རྐང་ཚུག་པའི་ཕྱིར་ངེས་པར་བཤད་དགོས། གོ་བ་ཆུང་ཆུང་ཚོགས་པ་ལ་འཁྲིད་འཆད་དུས། མཐའ་གཅོད་


TNT04_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཤད་པ་མི་དགོས་ཤིང༌། དབེན་གསུམ་ཞག་བདུན་ཙམ་ལས་ཡུན་རིང་མི་བྱེད་པར། དངོས་གཞི་ལ་འཕྲལ་དུ་འཇུག་པའི་ལག་ལེན་བྱེད་པ་ལ་སྐབས་འདིར་ངོ་སྤྲོད་ཀྱི་རིགས་བྱེད་མི་དགོས། རྒྱུན་དུ་སྒོམ་མཁན་གྱི་རིགས་ཡིན་ན། རྗེས་སུ་རིམ་པས་ངོ་སྤྲོད་བྱའོ། །དེ་ཡང་གོང་དུ་ཟུར་ཙམ་སྨོས་པ་ལྟར་དང༌། ངོ་སྤྲོད་ཕྱི་ནང་གི་ཡི་གེར་གསལ་བར་བྲིས་པ་དང༌། རྒྱས་པར་ན། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་ཀུན་མཁྱེན་ཆེན་པོ་དངོས་སློབ་དང་བཅས་པ་རྣམས་ཀྱི། གསུང་རབ་ངོ་སྤྲོད་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ། བླ་མའི་གསུང་ལས་འབྱུང་བ་ལྟར་ངོ་སྤྲོད་དགོས་ཀྱི། བོད་ཀྱི་སྒོམ་ཆེན་པར་གྲགས་པ་ཕལ་པ་བྱིངས་འདིའི་ཁ་རྒྱུག་འད་འུད་ཆལ་ཆོལ་གྱི་བསྲེ་བསླད་མེད་པ་གལ་ཆེ། དོན་གྱི་སྙིང་པོ་འཁོར་འདས་སྣོད་བཅུད། ཕྱི་སྣང་བ། ནང་རྣམ་རྟོག །གཞི་འཁོར་བ། ལམ་སྒོམ་པ། འབྲས་བུ་གསར་ཐོབ། རྣམ་ཤེས་ཚོགས་བརྒྱད། མདོར་ན་སྣང་གྲགས་ཀྱི་ཆོས་ཐམས་ཅད་གཞི་མེད་རྩ་བྲལ་དུ་ངོ་སྤྲོད། དེ་ལྟར་ཡིན་ཡང༌། རྟེན་འབྲེལ་གྱི་ཚོགས་པ་མ་འགགས་པར༌། སྣང་བ་སྣ་ཚོགས་སྒོ་ཐམས་ཅད་ནས་འཆར་སྒོ་མི་འགག་སྟེ། སྒྱུ་མ་ལྟ་བུར་ངོ་སྤྲད། དོན་དམ་དབྱིངས་བདེ་གཤེགས་སྙིང་པོ་ཀུན་ཁྱབ་རྟག་པ་སྲིད་ཞི་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལས་འདས་གཞི་ལམ་འབྲས་བུའི་ཁྲེམ་གཉེར་ཐམས་ཅད་གདོད་མ་ནས་སངས་པ་དེ། རྣམ་པ་ཀུན་ལྡན་དུ་ངོ་སྤྲད། དེ་གསུམ་ཀ་ལ་ད་ལྟར་ཆ་ཤས་དངོས་སུ་མྱོང་བ་རྣམས་ཉམས་མྱོང་དང་བསྟུན་ནས་ངོ་སྤྲད། ད་ལྟར་དངོས་སུ་མ་མྱོང་ཡང་རང་གི་མྱོང་བ་དེ་ལ་བརྟེན་ནས་ངེས་ཤེས་འདྲེན་ཐུབ་ པ་རྣམས་ལ། རྗེས་དཔག་གི་ཚུལ་གྱིས་ངོ་སྤྲོད། ལམ་མཐར་ཐུག་མཐོན་པོའི་གནས་སྐབས་རྣམས། རྒྱུད་གཞུང་གི་དོན་ལུང་ཚད་མ་ལ་བརྟེན་ནས་ངོ་སྤྲོད། མཉམ་གཞག་ལ་ལ་ཟླ་བ་དང༌།


TNT04_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཐོབ་འཁོར་འདས་ཀྱི་རུ་ཤན་འབྱེད་པ་གཉིས་པོ་ཡང་མ་འདྲེས་པར་ངོ་སྤྲད་དགོས། བོད་སྒོམ་སྔ་ཕྱི་མང་པོ་ཞིག་དང༌། ད་ལྟ་ཡོད་པ་ཕལ་ཆེར། རང་གི་ཉམས་སུ་མ་མྱོང་བ་དེ་མི་འདོད་ནས། རྫོགས་པའི་སངས་རྒྱས་མན་ཆད་ཉམས་འོག་ཏུ་ཆུད་གྱུ་བ་བྱེད་ཅིང༌། རང་གིས་ཉམས་སུ་མ་མྱོང་བའི་ལམ་མཐོན་པོ་ཐམས་ཅད་རང་གི་ཉམས་མྱོང་ཡིན་ཚུལ་གྱི་ངོ་སྤྲད་པས། རང་ལ་བློ་བརྟད་པའི་སློབ་མ་ཐམས་ཅད་བསླུས། ཉམས་མྱོང་ཆང་ཆུང་ལ་བདག་རྐྱེན་ཆེ་གྲགས། བསམ་མནོ་བཏང་བའི་རིག་གྲས་ལ་ཉམས་མྱོང་དུ་ཁ་གཡར་བས་སངས་རྒྱས་ཀྱི་གསུང་དང་མི་མཐུན། ལུང་རིགས་དང་འགལ་བའི་བབ་ཅོལ་གྱི་དོན་སྤྱི་ཝལ་ཝལ་ལ། སངས་རྒྱས་ཀྱི་ས་དང་འཕགས་ལམ་དུ་ངོ་སྤྲད་པས་འཕགས་པ་ཐམས་ཅད་དང་ཆོས་ལ་སྐུར་བ་བཏབ། དཔེར་ན་སྤྲང་པོ་མཛེས་ཁྱེར་ཞིག་བསྟན་ནས། འདི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ཞེས་བྱས་ན། ངོ་སྤྲོད་ཚུལ་ཤིན་ཏུ་ཐ་ཆད་པར་མ་ཟད། འཁོར་ལོས་བསྒྱུར་རྒྱལ་ལ་སྨད་པར་ཡང་འགྱུར་བ་རྒྱལ་པོའི་ཁྲིམས་ཕོག་པ་བཞིན་ནོ། །དེས་ན་དཔེ་དོན་དུ་སྦྱོར་དགོས་རྣམས་དཔེ་ལས་དོན་མཚོན་པའི་ཚུལ་གྱིས་ངོ་སྤྲོད་བྱེད་ན་མི་འགལ་ཡང༌། དཔེ་ཉིད་དོན་དུ་ངོ་སྤྲོད་པ་སོགས་ངོ་སྤྲོད་ལོག་པ་རྫུན་གྱི་ཕུང་པོ་མི་ཟད་པས་སངས་རྒྱས་ཀྱི་བསྟན་པ་བཤིག་པར་མ་བྱེད་ཅིག ཡང་དབེན་གསུམ་གྱི་སྐབས་འདིར། ཆོས་ཐུན་མང་རབ་བྱེད་ཅིང༌། ཆོས་གོ་ནུས་པ་ལ་ངེས་ཤེས་སྐྱེ་བའི་དགོས་པ་ཡོད་ན། སེམས་གནས་པའི་ཐབས་དགུ ཉེས་པ་ལྔ། སྤོང་བའི་འདུ་བྱེད་བརྒྱད། འཇིག་རྟེན་འཇིག་རྟེན་འདས་པའི་ཞི་གནས་དང་ལྷག་མཐོང་གི་དབྱེ་བ་སོགས། ཞི་ལྷག་གི་བཤད་པ་ཇི་ལྟར་འོས་པ་ཡང་དྲངས་ཏེ། འདི་ཉིད་ཀྱི་དམིགས་པ་དང་སྦྱར་ནས་བཤད་ནའང་ལེགས་ལ། ཡང་བློ་དམན་ལ་


TNT04_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་མང་པོས་སེམས་འཁྲུགས་པ་དེ་མི་ལེགས་པ་དང༌། མདོར་བསྡུས་ཀྱི་སྐབས་སུ་དེ་ལྟ་བུའི་སྤྲོས་པ་མི་དགོས་སོ། །དེ་ལ་ཞི་གནས་དང་ལྷག་མཐོང་གི་ངོ་བོ་གང་ཡིན་ཞེ་ན། ཡང་དག་གནས་པ་ལ་བརྟེན་ནས། སེམས་ལ་སེམས་ནི་འཇོག་ཕྱིར་དང༌།། ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་བྱིངས་རྒོད་རྣམ་རྟོག་མེད་པར་སེམས་གསལ་སྟོང་དུ་གནས་པ་ནི་ཞི་གནས། གནས་ལུགས་རྗེན་ནེ་གནས་པའི་སེམས་རྩེ་གཅིག་པ་ནི་ལྷག་མཐོང་ངོ༌། །ཞི་ལྷག་སྒོམ་པའི་དགོས་པ་ནི། འཇིག་རྟེན་འཇིག་རྟེན་འདས་པའི་ཡོན་ཏན་ཐམས་ཅད་ཞི་ལྷག་སྒོམ་པ་ལས་འབྱུང་བས། ཕན་ཡོན་དཔག་ཏུ་མེད་པ་དེ་དག་ཐོབ་པའི་ཕྱིར་དང༌། གནས་སྐབས་སུ་ཏིང་ངེ་འཛིན་རྒྱལ་པོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྲོ། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་པ་དང༌། དགོངས་པ་ངེས་འགྲེལ་ལས། སྐྱེ་བ་པོ་ཡིས་ཞི་གནས་དང༌། །ལྷག་མཐོང་གོམས་པར་བྱས་ན་ནི། གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་ཏེ། དགོས་པ་དེ་དག་གི་ཕྱིར་བསྒོམ་མོ། །གོ་རིམ་ནི། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་པར་མངོན་དགག་འགྲུབ། །ཞེས་པ་ལྟར་ཡིན་མོད། ཐེག་པ་འདིར་ནི་དེ་གཉིས་སོ་སོར་འཚོལ་མི་དགོས་པར། ཆབས་གཅིག་ཏུ་བསྒྲུབ་པ་ཡང་ཡིན་ནོ། །ཞི་གནས་ཇི་ལྟར་སྒོམ་པའི་ཚུལ་ནི། སེམས་གནས་པའི་ཐབས་དགུ་ཞེས་བྱ་བ་སྟེ། འཇོག་པར་བྱེད། རྒྱུན་དུ་འཇོག་པར་བྱེད། བསླན་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། སེམས་ཀྱི་རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་


TNT04_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། ཞེས་པ་སྟེ་དགུ་ཡིན་ལ༑ དང་པོ་ནི་དམིགས་པ་ལ་སེམས་གཏོད་པ། གཉིས་པ་ནི་དེའི་རྒྱུན་ཡང་ཡང་འཐུད་པ། གསུམ་པ་ནི་ཚུར་བཀུག་སྟེ་དམིགས་པ་ལ་འཇོག་པའོ། །འདི་གསུམ་ཐོག་མའི་སྐབས་རང་ཡིན། གནས་སྐབས་དང་པོའོ། །བཞི་པ་ཉེར་འཇོག་ནི། ཅུང་ཟད་དམིགས་པ་ལ་སེམས་ངང་གིས་གནས་པ་ནི། དེ་ཉིད་ཡང་ཡང་རྒྱུན་འཐུད་ཅིང་སྐྱོང་བ་ཡིན། ལྔ་པ་ནི་ཅུང་ཟད་སྐྱོ་ན། ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་ནས། སྤྲོ་བ་བསྐྱེད་དེ་ཡང་བསྒོམ་པ་ཡིན། དྲུག་པ་ནི། རྣམ་གཡེང་དང་རྣམ་རྟོག་གི་ཉེས་དམིགས་ཤེས་པར་བྱས་ནས་ཆགས་སྡང་དང་རྣམ་གཡེང་སྐྱེས་པ་དང་དུ་མི་ལེན་པར་འཇོག་པ་ཡིན། སྐྱོ་བ་དང་རྣམ་གཡེང་ཤུགས་ཆེ་བ་ཡུན་རིང་རིང་འདྲ་བ་བྱུང་ན། གཉེན་པོ་དེ་གཉིས་དགོས། བདུན་པ་ནི། ཆགས་སྡང་སྡུག་བསྔལ་གྱི་རྣམ་རྟོག་ཤུགས་ཆུང་ངེ་བ་ཐོལ་ཐོལ་སྐྱེ་ན། རང་ཞི་ལ་གཏོང་བའམ། དགའ་མི་དགའ་མེད་པར་འཕྲོ་གཅོད་པའོ། །དེ་རྣམས་བར་སྐབས་གཅིག་གི་ཉམས་ལེན་ཡིན། གནས་སྐབས་གཉིས་པའོ། །བརྒྱད་པ་ནི། བསྒྲིམས་ན་བྱིང་རྒོད་རྣམ་གཡེང་དང་མ་འདྲེས་པའི་སེམས་གནས་པ་དེ་གང་འདོད་དུ་སྐྱོང་ཐུབ་ཅིང༌། མ་བསྒྲིམས་ན་རྣམ་གཡེང་གིས་གནོད་པ་ཞིག་ཡིན་ཏེ། གནས་སྐབས་གསུམ་པའོ། །དགུ་པ་ནི། དེ་ནས་མ་བསྒྲིམས་ཀྱང༌། སྐྱོན་དང་བྲལ་བའི་གནས་པ་སྟཻ། ཅི་འདོད་འདོད་དུ་གནས་ཤིང༌། ནམ་དགོས་སུ་ལྡང་ནུས་པ་སྟེ། གནས་སྐབས་བཞི་པའོ། །འདི་ཅི་རིགས་པར་གོམས་ནས། ཉིན་མཚན་ཁོར་ཡུག་ཏུ་འགྲོ་བ་ལ་ཚེགས་མེད་དོ། །སྐབས་འདི་དག་ཏུ་སྤོང་རྒྱུའི་ཉེས་པ་ལྔ་ནི། ལེ་ལོ་དང་ནི་གདམས་ངག་དག །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་ལེ་ལོ་དང་དམིགས་པ་ལ་གཡེལ་བ་གཉིས་ཀྱིས་གནས་སྐབས་དང་པོ་


TNT04_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བྱིང་རྒོད་ཀྱིས་གནས་སྐབས་གཉིས་པ་དང༌། འདུ་མི་བྱེད་པས་གསུམ་པ་དང༌། འདུ་བྱེད་དེ་རྩོལ་བས་བཞི་པ་ལ་བར་དུ་གཅོད་པས། གནས་སྐབས་དེ་དང་དེར་དེ་རྣམས་སྤོང་དགོས་སོ། །དེ་རྣམས་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་ནི། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འདུག་ པའོ། །ཞེས་གསུངས། དད་འདུན་བརྩོན་འགྲུས་ཤིན་ཏུ་སྦྱངས་པ་སྟེ། བཞི་ནི་ལེ་ལོའི་གཉེན་པོ་དང༌། དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོ་དང༌། ཤེས་བཞིན་ནི་བྱིང་རྒོད་ཀྱི་གཉེན་པོ་དང༌། སྤོང་བ་མངོན་པར་འདུ་བྱེད་པ་ནི། མི་རྩོལ་བའི་གཉེན་པོ་དང༌། རྩོལ་བ་ཀློད་པའི་བཏང་སྙོམ་ནི། ཧ་ཅང་རྩོལ་བའི་གཉེན་པོའོ། །སེམས་གནས་དགུ་སྟོབས་དྲུག་གིས་འགྲུབ་པ་ཡིན་ཏེ། ཐོས་པའི་སྟོབས་ཀྱིས་འཇོག་པ་དང༌། བསམ་པའི་སྟོབས་ཀྱིས་རྒྱུན་དུ་འཇོག་པ་དང༌། དྲན་པའི་སྟོབས་ཀྱིས་བསླན་ཏེ་འཇོག་པ་དང་ཉེ་བར་འཇོག་པ་གཉིས། ཤེས་བཞིན་གྱི་སྟོབས་ཀྱིས་འདུལ་བྱེད་ཞི་བྱེད་གཉིས། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཉེར་ཞི་དང་རྒྱུད་གཅིག་གཉིས། འདྲེས་པའི་སྟོབས་ཀྱིས་དགུ་པ་མཉམ་པར་འཇོག་པ་འགྲུབ་བོ། །གནས་སྐབས་བཞི་ལ་ཡིད་བྱེད་བཞི་ཡོད་དེ། དང་པོ་ནི་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་དང༌། གཉིས་པ་ནི་བར་ཆད་ཅིང་འཇུག་པ་དང༌། གསུམ་པ་ནི་ཆད་པ་མེད་པར་འཇུག་པ་དང༌། བཞི་པ་ནི་ལྷུན་གྱིས་གྲུབ་པར་འཇུག་པའི་ཡིད་བྱེད་དོ། །འདིར་ནི་དེ་དག་མིང་ཙམ་སྨོས་པར་ཟད་ཀྱི་དོན་རྒྱས་པར་དང་ནས་བཤད་པར་བྱ་ལ། དམིགས་པ་ལ་ཡང་ཡང་སེམས་འཐུད་ཅིང༌། རྣམ་རྟོག་ཐོལ་ཐོལ་སྐྱེ་ན་སྦད་སྦད་བཅད། རྣམ་གཡེང་ལྕགས་ཐག་སྦྲེལ་དུ་འགྲོ་ན་རིག་པ་ལ་ལྕག་བཅུག་སྟེ་བསྒྲིམས། ཉོན་མོངས་ལ་གཉེན་པོ་བསྟེན། ཞུམ་པ་དང་


TNT04_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཤུགས་ཆུང་ན་སྤྲོ་བ་བསྐྱེད། རང་ཤུགས་ལ་གནས་པའི་སྒང་ལ་བཅས་བཅོས་མི་བྱེད་དེ། གོང་དུ་བཤད་པའི་སེམས་གནས་ཐབས་ཐམས་ཅད་ཀྱང་ལག་ལེན་དུ་དེ་ལ་འདུས་སོ། །དེའི་ཚེ་སེམས་གསལ་སྟོང་འཛིན་མེད། མ་ཡེངས་པ་ཕྱོགས་ཆ་ཉེ་རིང་མེད་པ་ཞིག་འདུག་པ་དེ་ཀ་ཞི་གནས་ཡིན། དེང་སང་ལག་ཏུ་ཡང་ལོང་བ་དེ་ཡིན། ཤིན་སྦྱངས་ལ་སོགས་པའི་མཚན་ཉིད་གཞན་དུ་མ་གོ་བབས་ཙམ་མ་གཏོགས་དེང་སང་འབྱུང་བ་དཀོན། ལ་ལ་འདྲ་རུང་བྱུང་ཡང་ཁྱད་འདོན་གྱི་བོགས་ཙམ་མི་ཡོང༌། ལྷག་མཐོང་ལ་འཇིག་རྟེན་པ་དང་ཐར་ལམ་གྱི་དབྱེ་བའམ། རྟོག་དཔྱོད་ཡོད་མེད་དང༌། དཔྱད་སྒོམ་འཇོག་སྒོམ་སོགས་ཀྱི་དབྱེ་བ་དུ་མ་ཡོད་ཀྱང༌། ཐེག་པ་མཐར་ཐུག་འདིར་ནི་སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱ་སྣང་བ་དང༌། ལུས་ཉམས་ངག་ཉམས་སེམས་ཉམས་སྣ་ཚོགས་པ་ཤར་བ་ལ། བཟོ་མེད་དུ་མཉམ་པར་འཇོག་པ་འདི་ཁོ་ན་ལྷག་མཐོང་ཡིན་ཏེ། དགོངས་པ་ལུང་སྟོན་ལས་ཀྱང༌། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བས་ལྷག་མཐོང་ཞེས་བརྗོད་དོ། །ཞེས་གསུངས། དེ་ལྟར་ན་ཞི་ལྷག་ཟུང་འཇུག་གི་ལམ་འདི་ལ་མཉམ་པར་བཞག་ན། སྲིད་པ་དང་ཞི་བའི་བདེ་བ་དང་ལེགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་འགྱུར་རོ། །ཡང་དཀྱུས་ལས། དགེ་བའི་ལས་ཀྱི་སྤྲོས་པ་ཡང་ཕལ་ཆེར་བསྐྱུངས་ནས་ཞེས་པའི་དོན་ནི། སྤྱིར་དགེ་བའི་ལས་ཀྱིས་སྒྲིབ་པར་འགྱུར་བ་མ་ཡིན། མཉམ་བཞག་མི་ནུས་པའམ། མཉམ་བཞག་ལ་བརྟན་པ་ཐོབ་ན་ལུས་ངག་གི་དགེ་བ་ལ་ཇི་ཙམ་བརྩོན་པ། དེ་ཙམ་དུ་བཟང་མོད་ཀྱང་རེ་ཞིག་ཏིང་ངེ་འཛིན་མ་སྐྱེད་པ་སྐྱེད་པར་བྱེད་པའི་སྐབས་འདིར། བྱ་ཆོས་མང་པོ་དེ་རྣམ་གཡེང་དང་ངལ་དུབ་ཏུ་སོང་བས་ཏིང་ངེ་འཛིན་མི་སྐྱེ། སྐབས་འདིར་ཏིང་ངེ་འཛིན་ཆེ་བརྟད་བསྒྲུབ་རྒྱུ་ཡིན་པས། གཉིས་ཀ་མི་ལྕོགས་བྱིན་དེ་བོར་ནས་ཏིང་ངེ་


TNT04_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་འཇུག་དགོས། སྤྱོད་འཇུག་ལས། སྟོབས་ཉམས་པ་དང་རྗེས་འབྲེལ་ ན། །སླར་བྱའི་དོན་དུ་དོར་བར་བྱ། །ལེགས་པར་ཟིན་ནས་ཕྱི་མ་དང༌། །ཕྱི་མ་འདོད་པས་དེ་སྤང་བྱ། །ཞེས་གསུངས་པ་ལྟར་མི་འགྲུབ་པའི་གནས་མང་པོ་ལ་ཧ་ཅང་རྩོལ་གྲགས་པ། བརྩོན་འགྲུབ་ཀྱི་སྐྱོན་ཡིན་པས། དེའི་གཉེན་པོར་དོར་བ་ཞེས་བྱ་བ། བློ་སྣ་མང་པོ་དོར་ཏེ་གཅིག་ལ་བསྒྲིལ་བར་གསུངས་སོ། །དེ་ལྟར་ཞག་འགའ་ཤས་དམིགས་པ་རྣམས་ཡང་ཡང་བསྐྱང་ཞིང༌། ལག་ལེན་ངེས་པོར་བསླབས། སྐམ་བསྒྲིགས་ཀྱི་སྒོ་ནས་སྒོམ་དུ་ཡང་བཅུག །དེ་ནས་བཅའ་འགྲིག་པ་ན་མུན་ཁྲིད་དམ་པོ་ལ་འཇུག་ཁར། བྱིན་རླབས་འཇུག་པའི་དོན་དུ་སྐབས་འགར་གཏོར་དབང་ཞིག་མཛད་པའི་སྲོལ་ཡང་ཡོད། གལ་ཆེ་རེ་རེ་ཙམ་མ་གཏོགས་གཞན་ལ་མི་མཛད་ཀྱང་གསུང༌། ཕྱིས་མི་མཛད་པ་ཤས་ཆེ། མེད་མི་རུང་ནི་ཡིན་ཡང་མ་ཡིན་མོད། གོང་མའི་ཕྱག་ལེན་གྱི་རྒྱུན་ཡིན་པས་རེས་འགའ་འགྲུབ་ན་བཟང་བར་ནི་མངོན་ནོ། །དེ་ལ་གཏོར་དབང་མི་བྱེད་ན་དེར་ཟད། བྱེད་ན་དེའི་རྗེས་སུ་ལུས་ཕུད་འབུལ་བར་གྲགས་པ་འདི་བྱེད། དེ་ཡང་སློབ་མ་རྣམས་འདུས། སློབ་དཔོན་སྟན་མཐོ་བ་ལ་འདུག ཡུངས་ཀར་རམ། མེ་ཏོག་གང་ཡང་རུང་བ་ལ། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿམང་དུ་བཟླས་ལ་བཞག །འོ་ཕ་རི་བལྟ་འདོད་ན་ཚུ་རི་ནས་ལྟོས་བྱ་བ་ཡིན། ངེད་ཀྱི་ལུས་གནད་འཆའ་བ་ལ་ལེགས་པར་གཟིགས་ཤིག་བྱས་ནས་ལུས་གནད་རེ་རེ་ནས་སློབ་མ་ལ་སྟོན། ཡང་འདི་སྐད་དུ། སྔར་བརྗོད་པ་ལྟར་ལུས་བྱ་བྱེད་ཀྱིས་དབེན་པ་དེ་ཡང༌། ཉལ་བ་དང༌། སྙེས་པ་སོགས་སྡོད་ལུགས་གང་བྱུང་གིས་ཆོག་པ་མ་ཡིན། ལུས་གནད་བྱེད་བཅིངས་ཕུན་སུམ་ཚོགས་པ་ཞིག་དགོས། ཆོས་ནས་བཤད་པ་གནད་དང་ལྡན་པ་ཞིག་དགོས། ལས་དང་པོ་པ་ཏིང་ངེ་འཛིན་སྐྱེ་བ་ལ། ལུས་གནད་འདི་གལ་ཆེ་ཤོས་ཤིག་ཡིན། དམ་པ་གོང་མ་མང་པོའི་རྣམ་ཐར་ན་ཡང༌། དུས་ག་གེ་མོ་ཞིག་


TNT04_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལུས་གནད་འབྱོངས་ཞེས་ཡོན་ཏན་ཁྱད་པར་ཅན་སྐྱེས་པའི་རྣམ་གྲངས་སུ་མཛད་པ་ཡོད། འགའ་ཞིག་དགེ་སྦྱོར་ཡོད་ན་སྡོད་ལུགས་ལ་ཁྱད་མེད་ཟེར་ཏེ། སྒོམ་ལ་བརྟན་པ་ཐོབ་ན་ལུས་གནད་མ་བྱས་ཀྱང་མི་གནོད་པ་ཙམ་ཡིན་གྱི། དེ་ནས་ཀྱང་ཡོན་ཏན་གོང་འཕེལ་དུ་འགྲོ་བ་ལ་ལུས་གནད་མི་དགོས་པ་མ་ཡིན་ཉམས་རྟོགས་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་གྲུབ་ལས་མཐོ་བ་མི་ཡོང་སྟེ། དེ་ཡང་ཉལ་ནས་མ་ཡིན། འགྱེལ་ནས་མ་ཡིན། སྙེས་ནས་མ་ཡིན། ཕར་ཙམ་ཚུར་ཙམ་བྱེད་ཀྱིན་མ་ཡིན། ཁ་ཡེངས་མིག་ཡེངས་བྱེད་ཀྱིན་མ་ཡིན། ལུས་གནད་བཅས་ཏེ་དབེན་པ་གསུམ་གྱི་ངང་ནས་སངས་རྒྱས་པ་ལགས་སོ། །ད་ལུས་གནད་ལ་ཡི་རང་སྟབས་མ་བཏུབ་ན་མ་གཏོགས། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་རང་བཅས་དགོས། དྲི་མེད་འོད་ལས། བླ་མའི་ངེས་པའི་དབང་གིས་སྒོམ་པའི་དུས་དང༌། འདོད་པའི་ལྷ་ལ་བསྟོད་པའི་དུས་སུ་གྲངས་བཞིན་དུ་སངས་རྒྱས་རྣམས་ལ་རྡོ་རྗེའི་གདན་བསྔགས་ཤིང༌། ཞེས་གསུངས། རྒྱུ་མཚན་རོ་རྐྱང་གི་རྩ་རྐང་པའི་དབུས་སུ་འགྲོ་ཞིང༌། རྩའི་རྩེ་མོ་རྐང་མཐིལ་གྱི་བར་དུ་ཡོད་པས། རྐང་པ་གཉིས་གཅིག་གིས་གཅིག་གཅེར་ཞིང་འདུད་པ་ན། རྩ་དེར་རྒྱུ་བའི་རླུང་འགག་སྟེ་སྨད་ཀྱི་རྩ་རྣམས་འཆིང་བ་ཡིན། རྒལ་ཚིགས་དྲང་པོར་བསྲངས་པས། རྩ་དབུ་མ་དྲང་པོར་འདྲོངས། རྩ་འཁོར་རྣམས་གཅིག་སྟེང་སུ་གཅིག་ཁེལ་བས། རླུང་རྣམས་རང་གནས་སུ་རྒྱུ། ཐིག་ལེ་ཡང་རང་གནས་སུ་གནས་པ་ཡིན། ལུས་མདུན་དུ་གུག་ན་དབུས་ཀྱི་རྩ་མདུན་རླུང་ཁམས་ཀྱི་རྩ་དང་ཐུག་པས། སྙིང་རླུང་སོགས་རླུང་ནང་འཇུག ཤེས་པ་འཕྱོ་ཞིང་རྣམ་རྟོག་འཁྲུག དེ་བཞིན་དུ་གཡས་ལ་ཡོ་ན། མཻའི་རྩ་དང་ཐུག་པས་སེམས་འཁྲུག །ཞེ་སྡང་སྐྱེ། ཁྲག་མཁྲིས་ལྡང༌། གཡོན་དུ་ཡོ་ན་ཆུ་ཁམས་དང་ཐུག་པས། འདོད་ཆགས་སྐྱེ། གྲང་གཞི་དང་བད་ཀན་ལྡང༌། རྒྱབ་ཏུ་དགྱེ་ན་ས་ཁམས་དང་ཐུག་པས་


TNT04_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་བྱིང༌། འདུས་པའི་ནད་ལྡང༌། ཡོ་འཁྱོག་མེད་པར་ལུས་བསྲངས་པས་སྐྱོན་དེ་དག་མི་སྐྱེད་པས་གེགས་ཕལ་ཆེར་མི་འབྱུང༌། རླུང་རང་གནས་སུ་རྒྱུས། རྩ་ཐིག་རང་གནས་སུ་གནས་པས། ཏིང་ངེ་འཛིན་སྐྱོན་དང་བྲལ་བ་སྐྱེ་སླ་བ་དང༌། རླུང་དབུ་མར་འབབ་སླ་བའི་དགོས་པ་ཡོད། མགྲིན་པ་དགུག་བྱ་བ། ལྟག་པ་འཕྲེང་ལ་ཆག སྐེ་མདུན་ལ་གུག་པའི་གོ་བ་མ་ཡིན། མཇིང་པ་དྲང་པོར་བསྲིངས་པས་ལྐོག་མས་ཨོལ་མདུད་ནོན་པ་ལ་ཟེར། འདི་དང་དཔུང་པ་ཕྱིར་བཀྱེད་དེ་མཐོང་ཁ་རྒྱས་པར་བྱས་པས། སྟོད་ཀྱི་རླུང་རྣམས་དབུ་མར་འཆིང༌། ལག་པ་གཉིས་ལའང་རོ་རྐྱང་གི་རྩ་ཡོད་ཅིང༌། རྩེ་མོ་ལག་མཐིལ་དང་ལག་སོར་གྱི་བར་དུའང་ཡོད་པས་རྡོ་རྗེ་ཁུ་ཚུར་བཅིངས་པ་ན། དེ་དག་གི་རྩེ་མོ་ནས་ཚུར་བསྡམས་ཏེ། དེའི་འཕྲུལ་ལས་ལག་པ་དང་སྟོད་ཀྱི་རླུང་འཆིངས་ཐུབ། སྲིན་ལག་འདྲེ་རྩ་ཡིན་ཏེ་མཐེ་བོང་གིས་བཙིར་བས་བགེགས་མི་འཇུག མཉམ་བཞག་དང་ཁུ་ཚུར་བརླ་བཞག་གཉིས་ཀ་རྒྱུད་འགྲེལ་ལས་གསུངས་མོད། ཁུ་ཚུར་བརླ་བཞག་བྱེད་བཅིངས་འཆུན་ཆེ་བས་འདི་ཁོ་ན་གཙོ་བོར་མཛད། སོ་མཆུ་རང་སར་བཞག་ནས་ལྕེ་རྩེ་རྐན་ལ་སྦྱར་བས། མགྲིན་པ་ནས་སྨིན་མཚམས་མན་ཆད་ཀྱི་རླུང་འཆིང༌། ལྟ་སྟངས་སྟེང་ལ་བརྟད་པས་དཔྲལ་བ་དང༌། གཙུག་ཏོར་གྱི་རླུང་འཆིང་བ་ནི་སྨོས་མ་དགོས། ཡན་ལག་དང་དབང་པོ་ཐམས་ཅད་ལ་རོ་རྐྱང་གི་ཡལ་ཀ་རེ་ཡོད་ཀྱང༌། གཞན་རྣམས་ཕལ་པ་ཡིན། གཙོ་བོ་རྒྱལ་པོ་ལྟ་བུ་གསང་བའི་དབང་པོ་ལ་ཡོད། དེས་བག་ཆགས་དང༌། རྣམ་ཤེས་མཐའ་དག་སྐྱེད། ལས་བྱེད་བློན་པོ་ལྟ་བུ་མིག་ལ་གནས། ཕྱི་ཡུལ་གྱི་རྣམ་རྟོག་ཕལ་ཆེར་དེས་སྐྱེད། གསང་བའི་རྩ་འབྲུ་ཆགས་པ་ལྟ་བུ་དང༌། མིག་གི་རྩེ་མེ་ཏོག་ལྟ་བུ་ཡིན་གསུང༌། ལུས་བྱེད་བཅིངས་པས་གཙོ་བོ་གསང་བར་གནས་པ་དེ་ཡང་གཡོ་མི་ཐུབ་པར་རང་ཤུགས་ལ་འཆིང༌། མིག་


TNT04_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བསྟད་པས་རོ་རྐྱང་མགོ་ནས་བཟུང་སྟེ་བཙིར་བ་ལྟ་བུ་ཡིན། མགོ་ནས་བཙིར་པས་དེའི་ཤུགས་ཀྱིས་མས་སྣ་གསང་བར་རླུང་རྒྱུགས་པ་དེ་མཐའི་ལ་ཐུག་པ་ན་ཡར་ལྡོག་སྟེ་རྩ་དབུ་མར་འཇུག་པ་ཡིན། མིག་འབྲས་གཡོ་བ་མེད་པར་བཞག་པས། རོ་རྐྱང་གི་རྩ་འགུལ་མ་ཐུབ། རྩ་མ་འགུལ་བས་རླུང་གཡོ་བ་མཁན་མེད་པར་གསར་པ་མི་སྐྱེ་ཞིང༌། རྙིང་པའི་རྒྱུན་རྣམས་ཇེ་ཕྲ་ཇེ་ཆུང་དུ་འགྲོ། རོ་རྐྱང་གི་རྒྱུ་བ་ཇི་ཙམ་ཞན་དུ་སོང་བ་བཞིན། དབུ་མའི་རྒྱུ་བ་སྟོབས་རྒྱས་པས་ཡེ་ཤེས་སྐྱེ་བར་འགྱུར་ རོ། །དེ་དག་ཀྱངལུས་གནད་ཁོ་ནས་འགྲུབ་པ་རང་ཏ་མ་ཡིན་མོད། ཇི་སྐད་དུ། མཁའ་འདྲར་བྱས་ན་རླུང་ནི་རྣམ་པར་འཆིང༌། །ཞེས་ས་ར་ཧས་གསུངས་པ་ལྟར། ལྟ་སྟངས་ཀྱི་ལམ་ལས་སེམས་སྤྲོས་པ་དང་བྲལ་བར་རྩེ་གཅིག་ཏུ་གནས་པས། རླུང་སེམས་དབུ་མར་འཇུག་པ་རྩོམ་པ་ན་ལུས་གནད་བྱེད་བཅིངས་དེ་དག་རེ་རེས་གྲོགས་བྱས་ཏེ། དམིགས་གནད་དང་བྱེད་བཅིངས་དེ་ཀུན་འདུས་པ་ལས་རླུང་བཙན་ཐབས་སུ་ལྡོག་པར་འགྱུར་བ་ཡིན་ནོ། །ད་ངེད་ཀྱི་ལུས་གནད་ཇི་ལྟར་བྱས་པ་བཞིན་ཁྱེད་རང་རྣམས་ཀྱང་ཆོས་ཤིག་བྱས་ལ། དེ་རྣམས་ལུས་གནད་བྱེད་དུ་བཅུག ཞིབ་མོར་བརྟགས་དེ་ཡོ་འཁྱོག་སོགས་སྐྱོན་རྣམས་བཅོས། ད་ལུས་གནད་འདི་ཀ་མ་གཏོགས་ལུས་བྱ་བྱེད་གཞན་ཐམས་ཅད་དང་བྲལ་བ་ལ་ཞོག་ཅིག སྔར་ལུས་འགྲོ་འདུག་སྤྱོད་ལམ་སྣ་ཚོགས་དང༌། ངག་གཏམ་སྣ་ཚོགས་སྨྲས་པས་རླུང་འཁྲུགས་ཡོད། དེའི་རྒྱུན་ལ་དམིགས་པ་བརྟད་ན་རྩ་ལོག་རླུང་ལོག་གི་གེགས་འབྱུང༌། དཔེར་ན་སྣོད་ལ་མི་གཙང་བའམ་དུག་སོགས་ཀྱི་དྲི་མ་གོས་པར། བཅུད་བཟང་པོ་བླུག་ཀྱང་ཆུད་འཛའ་བ་དང་འདྲ། དེས་ན་འཁྲུག་པ་དེ་སེལ་དགོས་པས། ངེད་ཀྱིས་རླུང་རོ་བསལ་བ་བཞིན་དུ་ཁྱེད་རང་རྣམས་ཀྱང་སྣ་ནས་རླུང་དལ་ལ་རིང་བའི་


TNT04_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་རླུང་རོ་ལན་གསུམ་སངས་ཏེ་ཕྱིར་བུས་ཤིག་བྱས་ལ། དཔོན་སློབ་ཐམས་ཅད་ཀྱིས་རླུང་རོ་ལན་གསུམ་བསལ། དེས་རླུང་འཁྲུགས་པ་རྣམས་སངས་ཏེ་རང་གནས་སུ་རྒྱུ་བས་གེགས་མི་འབྱུང༌། ཏིང་ངེ་འཛིན་དང་གིས་སྐྱེ། རླུང་འབྱོངས་པའི་བདེ་བ་འབྱུང༌། སྣོད་ལ་བཀྲུ་བཤལ་དང་ཁང་པ་ལ་ཕྱག་དར་བྱས་པ་དང་འདྲ། ད་ཐུན་གྱི་འགོར་རླུང་རོ་བསལ་བ་འདི་མ་གཏོགས། ངག་གི་སྨྲ་བརྗོད་ལྟ་ག་ལ་ཞིག རླུང་ཡང་རང་བབས་ཁོ་ནར་ཞོག་ཅིག ད་ནི་སྔར་ཡང་ཡང་བསྟན་པ་བཞིན་འགྱུ་བྱེད་རྣམ་རྟོག་གང་ཡང་མ་བྱེད། ཅི་ཡང་མི་མནོ་མི་བསམ་གང་ཡང་ཡིད་ལ་མ་བྱེད་པར་ཆམ་མེ་ཞོག་ཅིག་བྱས་ལ། དཔོན་སློབ་ཐམས་ཅད་ལུས་གནད་བཅས་ཏེ་དར་ཅིག་བསྒོམ། བར་བར་དུ་དམིགས་པ་གསལ་འདེབས་དང༌། རྣམ་རྟོག་གཅོད་ལུགས་ཡོད་ཙམ་ཡོད་ཙམ་བཤད། ནུས་ན་ཆུ་ཚོད་རེ་ཙམ་བསྒོམ་དུ་འཇུག དེ་ཙམ་བྱེད་མི་འདོད་ན་ཇི་ལྟར་འོས་ཙམ་བཞག དེ་ཡང་ཆུ་ཚོད་རེ་ལ་མ་ཎི་དལ་བྲེལ་རན་པོ་སྟེ་ཉིས་སྟོང་ལྷག་ཙམ་རེ་འགྲོ། དེའི་ཡུན་ལ་དཔག་ནས་ཇི་ལྟར་འོས་པ་སྒོམ་དུ་གཞུགདེའི་མཐར་ད་དུང་ཁྱེད་རང་རྣམས་ལུས་གནད་མ་ཞིག་པ་སེམས་མ་ཡེངས་པར་སྒོམས་ཤིག ཁྱེད་རྣམས་ལ་ངེད་ཀྱིས་བྱིན་རླབས་རེ་བྱེད་དོ་བྱས་ནས། སློབ་མའི་གནས་དྲུག་ཏུ་ཡི་གེ་དྲུག་སློབ་དཔོན་གྱིས་བསྒོམས་ནས། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿདང༌། ཨོཾ་ཨཱཿར་ར་ར་ར་ལ་ལ་ལ་ལ་བཛྲ་ཨཱ་བེ་ཤ་ཡ་ཧཱུཾ། ཞེས་ཤུབ་བུར་བརྗོད་ཅིང་སྔར་གྱི་མེ་ཏོག་དེ་ནས་སློབ་མའི་མགོར་བཞག་གོ །མཐར་མེ་ཏོག་ཅུང་ཟད་གཏོར་ལ། རྣལ་འབྱོར་ཡན་ལག་དྲུག་པའི་ཡེ་ཤེས་ཁྱད་པར་ཅན་མྱུར་དུ་སྐྱེ་བར་གྱུར་ཅིགཅེས་བརྗོད། ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །ཞེས་སེམས་བསམ་མེད་དུ་མཉམ་


TNT04_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་པས་ལུས་ཉམས་ངག་ཉམས་སེམས་ཉམས་མཐོང་ཉམས་རྨི་ཉམས་སོགས་མ་ངེས་པ་ཇི་སྙེད་ཅིག་བཅོས་མིན་རང་ཤུགས་སུ་འབྱུང་སྟེ། དེ་ཐམས་ཅད་བྱུང་རྒྱལ་དུ་བསྐྱངས་པས། སྐྱོན་མེད་རང་སར་གྲོལ་འགྲོ་བ་ལེགས་སོ་བྱས་ལ། ཅུང་ཟད་ཅིག་ནས་ལུས་གནད་འགྲོལ་དུ་གཞུག སློབ་མ་རྩ་བཟང་བླ་མ་ལ་ཉམས་མྱོང་གི་རྒྱུན་ཡོད་ན་ཆོས་གྲྭ་དེ་ཁར། གནས་པ་འཐུག་པོ་དང་ཉམས་སྣ་ཚོགས་པ་འཆར་བའི་རྒྱུན་ཡོད་དོ། །དེ་རྗེས་དེ་མ་ཐག་ནས་སྒོམ་ཁང་དུ་དམ་པོ་ལ་བཅུག་ན་འདིས་ཆུ་ཡུར་མགོར་ཆུད་པ་དང་འདྲ་བས། སྒོམ་ཉམས་མྱོང་འཕྲལ་དུ་སྐྱེ། ཞག་གཉིས་གསུམ་བདུན་ཚུན་ཆད་དུ་ལུས་གནད་ཀྱང་འབྱོངས། ལྟ་སྟངས་ཀྱང་ཡུན་རིང་དུ་མི་སྡོད་པ་དང་མིག་ཚ་བ་སོགས་ལའང་གང་ཐུབ་ཐུབ་ཏུ་བསྒྲིལ་བས། ཞག་གསུམ་ཚུན་ཆོད་དུ་འབྱོངས་ཡོང་སྟེ། མཆི་མ་འབྱུང་ཐེངས་འགའ་རེ་སོང་བ་ན། ཟུག་ཀྱང་ཞི་གཡོ་མེད་དུ་གནས་པར་འགྱུར་རོ། །ལུས་གནད་བྱེད་བཅིངས་ཀྱི་གཏམ་ཐར་ཐོར་ཐོས་པའི་རྟོག་གེ་པ་འགའ་ཞིག་ལུས་དང་མིག་ལ་སྡུག་བསྔལ་མི་ཟད་པ་སྐྱེད་དོ་ཞེས། ཆོས་འདི་ལ་སྐུར་བ་འདེབས་པ་ནི། དེ་རྣམས་ཉིད་ཀྱིས་མུན་འཁྲིད་ཐུན་གཅིག་ཀྱང་སྒོམ་མ་མྱོང་བས། དམ་པོའི་ལག་ལེན་གྱི་གཏམ་རྣ་བར་ཐོས་པ་ན། སྙིང་འགས་པ་ཙམ་དུ་སྐྲག་ཅིང་དངངས་པའི་མུ་ཅོར་ཁ་ནས་རྒྱང་ཏེར་ཤོར་བ་ལ་དགག་སྒྲུབ་ཡིན་པར་རློམ་ཞིང་ངོ་སོར་བྱས་པའོ། །གཞན་ལུས་གནད་ལྟ་སྟངས་འབྱོངས་པ་ལ་ལོ་ཟླ་མང་པོ་དགོས་པ་སྟཻ། མུན་ཁྲིད་དམ་པོ་འདི་ཞག་གསུམ་མམ་ལྔའམ་བདུན་ཚུན་ཆད་ལ་མི་འབྱོངས་པ་མི་སྲིད་པས་འདི་ཐབས་རེ་མཁས་གདམས་ངག་རེ་ཆེའོ། །དེ་ནས་ལུས་གནད་དང་ལྟ་སྟངས་ཐམས་ཅད་བདེ་ཞིང་སྐྱིད་པ་འབའ་ཞིག་ཡིན། སྡུག་བསྔལ་ཡུལ་བུད་པ་ཡིན། མིག་ལ་སྡུག་བསྔལ་སྐྱེད་པ་ག་ལ་


TNT04_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག མིག་ནད་ཡོད་པ་ཚོ་འཕྲལ་དུ་དག་འགྲོ་བ་མངོན་སུམ་གྱིས་གྲུབ་པ་འདི་ཀ་ལགས། ལུས་གནད་འབྱོངས་རྟགས་སྣང་མཐོང་ནས་རྟག་ཏུ་བདེ་བའི་ཉི་མ་བཅུ་གཉིས་ཤར་བའོ། །གཞན་འདི་ན་ཁ་ཅིག་འཆོལ་པའི་སྤྱོད་པར་ཤོར། བཅད་ཁམ་གཙང་པོར་རློམ་པའི་བསམ་གཏན་པ་རྒན་པོའི་མིང་རེ་བཏགས། རྒྱུ་མ་ཝས་བྲུས་པ་བཞིན་དུ་སོང༌། རོ་སྟོད་དང་མཇིང་པ་སྒུར་རེ། མདོག་རོ་ཐལ་སྐྱ་ཞིག་བྱས། ཆགས་སྡང་གི་མནོ་བསམ་ལ་རྒྱ་ཡན་པ་རྣམས་སྙིང་རེ་རྗེ། ཆོས་ཟབ་མོ་འདི་ཀུན་ལ་བཅོལ་རྟོགས་ཡེ་མེད་དོ། །དེ་ལྟར་ན་དེ་ཡན་ཆད་ཀྱིས་སྔོན་འགྲོའི་འཁྲིད་ཀྱི་ལྷན་ཐབས་རྒྱས་པར་བཤད་ཟིན། སྤྱིར་ཉམས་འཁྲིད་བྱེད་པ་ལ་སྔོན་འགྲོས་རྒྱུད་སྦྱོང་བ་འཁྲིད་ཐམས་ཅད་ལ་གལ་ཆེ། སྒོས་སུ་ཆོས་འདི་ལ་སྔོན་འགྲོ་དམིགས་པ་རེ་རེ་བཞིན། ཞག་ཤས་ཞག་འགའ་རེ་སྐྱོང་བའི་ཕྱག་སྲོལ་བཟང་པོ་ཡོད་པས། དེ་བར་ལ་ཉིན་རེ་བཞིན་གོ་བ་སྐྱེད་པའི་ཆོས་ཐུན་རེ་བྱས་ན་ལེགས་པ་དང༌། སྔར་ནས་ཆོས་ཀྱི་གོ་དོན་ལ་རང་བྱན་ཚུད་པ་ནི་ཤིན་ཏུ་དཀོན། ཆོས་སྤྱིའི་གོ་རྒྱ་ལ་ཕན་པ་ཞིག་ཀྱང་ངེས་པར་དགོས་པས། ཅུང་ཟད་ཞིབ་པ་ཙམ་བཤད་པ་ཡིན་ནོ། །བློ་གྲོས་ཆེན་པོ་རྣམས་བཤད་པ་འདི་ཙམ་ལ་བལྟོས་པ་ག་ལ་ཡིན། འབྲིང་པོ་རྣམས་ཀྱིས་འདི་ལ་ཅི་རིགས་བསྣན་པའམ་འདི་ཁོ་ནའི་སྟེང་ནས་གསུང་བར་ཞུ། བློ་ཆུང་ན་འདིའི་ནང་ནས་ཉེ་བར་མཁོ་མཁོ་བསྡུས་ཏེ་ཤོད་ཅིག མཆོག་ཏུ་ཟབ་པའི་ཆོས་ཚུལ་འདི། །སྐྱེ་བོ་ཀུན་ལ་སྟོན་པའི་ཕྱིར། །ལྷན་ཐབས་མདོ་ཙམ་བྲིས་པ་འདི། འགྲོ་དོན་མཛད་བཞེད་རྣམས་ལ་མཁོ། །ད་ནི་དངོས་གཞིའི་སྐབས་སུ་ཁྲིད་ཡིག་གི་དཀྱུས་ལ་ཇི་ཙམ་ཡོད་པ་ངེས་པར་བྱས་ནས། སྤྲོས་པ་ལ་མོས་ན་གོ་དོན་རྣམས་ཟུང་འཇུག་རབ་གསལ་ཏུ་ཞིབ་པར་བྲིས་ཡོད་པས། དེ་དག་ལས་ཇི་ལྟར་འོས་པ་དྲངས་ཏེ་བཤད་པས་རུང་ལ། རྟགས་སྣང་རྒྱས་པར་བཤད་པ་རྟགས་ཚད་


TNT04_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡི་གེ་དང༌། ངོ་སྤྲོད་དགོས་པ་རྣམས་ངོ་སྤྲོད་ཕྱི་ནང་གི་ཡི་གེ་ལས་རྟོགས་དགོས་སོ། །དེ་དག་ཏུ་རྒྱས་པར་བཤད་ཟིན་པ་རྣམས་འདིར་མི་སྤྲོ། །སྤྱིར་ནི་ཚིག་གི་རྒྱུད་ལ་ལྷད་མི་འཇུག་པ་དང༌། གྲུབ་མཐའི་གནད་མི་འཆུག་ཅིང༌། གདམས་ངག་གི་རྐང་གྲངས་རྣམས་མི་འཆད་པ་དང༌། འཁྲུགས་མི་འགྲོ་བའི་ཕྱིར་ཡིག་རིགས་ལ་ཐིག་ཚད་བྱེད་དགོས་པ་ཡིན་མོད། གདམས་ངག་གི་གནད་དང་ངོ་སྤྲོད་ཀྱི་ཚུལ་རྣམས། ཉམས་སུ་མྱོང་ཞིང་བློ་ལ་གནས་པའི་སྒོ་ནས་སློབ་མའི་འཆར་སྒོ་དང་མཐུན་པར་ངོ་སྤྲོད་དགོས་ཀྱི། དཔེ་རིས་དེད་པ་ཙམ་གྱིས་གདམས་ངག་གི་གནད་ཀྱང་མི་ལོངས་ཤིང་སེམས་ངོ་སྤྲོད་དུ་ནམས་ཀྱང་མི་བཏུབ་བོ། །འོན་ཀྱང་དེ་ལ་བསམ་མེད་ཀྱི་རྣལ་འབྱོར་ཞེས་མ་བསྒྲིམས་མ་ཀློད་དམིགས་བརྟད་ཅན་གང་ཡང་མེད་པའི་དོན་ཏེ། དཔེ་ལྷ་ཁང་ལྡེར་བཟོ་ལྟ་བུ་ཞེས་པའི་སྐབས། ལྷ་ཁང་ནང་གི་ལྡེར་བཟོ་དེ། །འདུག་ཚུལ་བཅས་ཤིང་ཞལ་འཛུམ་ཡང༌། །མི་བསམ་བསམ་མེད་ཚུལ་དུ་འདུག །ཅེས་ལབ་སྒྲོན་གསུང༌། དཔེ་དེ་བཞིན་དུ་བྱེད་བཅིངས་ལྟ་སྟངས་བཅས་ཀྱང༌། ཡིད་བྱེད་དང་རྩོལ་བ་ཅུང་ཟད་ཀྱང་མེད་པའི་དོན་ནོ། །བསམ་མེད་ཀྱི་རྣལ་འབྱོར་བྱ་བ་ནི། དཔལ་ས་ར་ཧས་ཀྱང༌། བསམ་དང་བསམ་བྱ་ཡོངས་སུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་འདུག་པ་ཡིས། །བསྒྲིམས་ཏེ་བླ་མའི་ལུང་ལ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། གྲིམ་ལྷོད་དང་བྲལ་བ་བུ་ཆུང་བཙས་མ་ཐག་པ་ལྟ་བུའི་ཤེས་པ་སྟེ། བསམ་པ་རིག་པ་ནང་ན་འདུག་པ་དང༌། བསམ་བྱ་ཡུལ་ཕྱི་རོལ་ན་འདུག་པ་གང་ལའང་མི་སེམས་པའོ། །རྩེ་གཅིག་གི་རྣལ་འབྱོར་ཞེས་པ་ནི། རྣམ་རྟོག་གི་འཛིན་ཞེན་ཅི་ཡང་མེད་ཀྱང༌། ནམ་མཁའ་ལ་རྩེ་གཅིག་ཏུ་བསྒྲིམས་པ་སྟེ། དེ་ཡང་དོ་ཧ་མཛོད་ལས། སེམས་ནི་ནམ་མཁའ་


TNT04_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་བཟུང་བྱ་སྟེ། །ནམ་མཁའ་རང་བཞིན་ཉིད་དུ་སེམས་ཉིད་བཟུང༌། །ཡིད་དེ་ཡིད་མ་ཡིན་པར་བྱེད་གྱུར་ན། །དེས་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། རིག་པ་ནམ་མཁའ་ལ་བསྲེས་པས། སེམས་ནམ་མཁའ་འདྲ་བ་སྟེ། རྣམ་རྟོག་སྤྲོས་པའི་མཚན་མ་གང་ཡང་མེད་པ་ཞིག་འབྱུང༌། དེ་གོམས་པས་སེམས་ནམ་མཁའི་རང་བཞིན་ཏེ་སྤྲོས་བྲལ་དུ་འགྱུར། ཡིད་ཡིད་མ་ཡིན་པར་བྱེད་པ་ཞེས་པ་ནི། སྔར་འགྱུ་བྱེད་ཅན་གྱི་སེམས་དེ་བསྒྲིམས་ཏེ་བཞག་པའི་ཤུགས་ཀྱིས་རྣམ་རྟོག་བཙན་ཐབས་སུ་འགག་པའི་དོན་ཡིན། དཔེ་སྤྲེའུ་སྒོ་གཅིག་པ་ཞེས་པ་ནི་ཁང་པ་སྐར་ཁུང་མང་པོ་ཡོད་པ་གཅིག་ཏུ་སྤྲེའུ་གཅིག་བཞག་ན། སྤྲེའུ་ནི་འཕྱར་རྒོད་ཆེ་བས་སྐར་ཁུང་ཐམས་ཅད་ནས་ཉུག་ཙམ་ཉུག་ཙམ་ཡང་ཡང་བལྟ་བས་ན། ཕྱི་ནས་བལྟས་ན་སྤྲེའུ་མང་པོ་ཡོད་པ་ལྟར་སྣང༌། སྒོ་གཅིག་བཞག་ནས་གཞན་རྣམས་བཀག་ན། དེ་ཁོ་ན་ནས་བལྟ་ཞིང་སྡོད་པས། ཕྱི་ནས་བལྟ་བ་རྣམས་ཀྱིས་སྤྲེའུ་གཅིག་ཏུ་གོ་བར་འགྱུར། དེ་བཞིན་དུ་སེམས་འདི་ཡང་ཁ་ཡན་དུ་བཞག་ན། དབང་པོ་ལྔ་དང་འགྲོགས་ཏེ་དབང་ཤེས་སོ་སོ་ལ་བརྟེན་ཡིད་རྣམ་རྟོག་མཐའ་ཡས་པ་ཞིག་འཆར་བས། སེམས་དུ་མ་ཡོད་པ་ལྟར་སྣང་ཡང་འཕྲོ་བ་བཀག་ན། སེམས་ཀྱི་རྒྱུད་གཅིག་ལ་ལྷན་ནེ་འཕྲལ་དུ་གནས་པ་ཡིན་ནོ། །སྒོམ་མེད་ཀྱི་རྣལ་འབྱོར་ཞེས་བྱ་བ་ནི། སྔར་རྗེས་མི་བཅད་སྔོན་མི་བསུ། །ལྟར་འཛིན་མེད་པ་ནམ་མཁར་བཞག །དུས་གསུམ་རྟོག་པའི་རྒྱུ་འགྲུལ་བཅད། །དེ་ལྟར་རྟོག་མེད་ཏིང་འཛིན་གནས། །ཞེས་པ་སྟེ། འདས་མ་འོངས་ཡིད་ལ་མི་བྱེད་པར་མ་ཟད། ད་ལྟ་དངོས་སུ་སྣང་བ་ལ་ཡང་བལྟ་རྒྱུ་དང་བཟུང་རྒྱུ་གང་ཡང་མེད་པས། རྣམ་རྟོག་དང་འབྲེལ་བའི་སྒོམ་པ་ཅི་ཡང་མེད་པའི་ཕྱིར། སྒོམ་མེད་ཅེས་བྱ། ཡང་དོ་ཧ་ལས། འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་


TNT04_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞེས། །རྨོངས་པ་མདའ་བསྣུན་གྱིས་སྨྲས་རྩེན་ནེ་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། འདི་ནམ་མཁའི་སྣང་བ་དང་འདྲེས་པའི་སེམས་གསལ་རིག་གི་ཆ་ལ་བལྟ་བ་ཡིན་པས། འཁོར་བ་རྣམ་པར་རྟོག་པའི་འཆར་སྒོ་ཐམས་ཅད་ཤར་ཙམ་ཉིད་ནས་གསལ་རིག་གི་ངོ་བོ་ཉིད་དུ་རང་དག་ཏུ་བྱེད་པའི་ཕྱིར། རང་གྲོལ་གྱི་རྣལ་འབྱོར་རམ། འཆར་སྒོ་ཐམས་ཅད་དབྱིངས་སུ་རོ་སྙོམས་པར་བྱེད་པའི་ཕྱིར། རོ་གཅིག་གམ་རོ་མཉམ་གྱི་རྣལ་འབྱོར་ཞེས་ཀྱང་ཟེར་ལ། རྩེན་ནེ་ཞེས་པས་འདིར་སེམས་ཀྱི་འཇོག་ཐབས་བསྟན་ཏེ། དུས་འདས་མ་འོངས་གཉིས་དང་ཕྱོགས་ཕྱི་ནང་གཉིས་ལ་མ་རེག་པར། འཇོག་ཚུལ་གྲིམས་ལྷོད་རན་པོས་བར་སེང་དེར། དཔེར་འདབ་ཆགས་སྒྲིན་པོ་ཞིག་ཤིང་རྩེར་ཆགས་པ་ལྟ་བུའི་སེམས་འཇོག་ཚུལ་ཏེ། སྤྱིར་འདི་ཡང་སེམས་བསྒྲིམས་པའི་ཕྱོགས་སོ། །དཔེ་སྤུན་གསུམ་གྱི་བར་མ་དང་འགྲོགས་པ་ཞེས་པ། བྱིས་པ་རྣམས་རྩེད་མོ་བྱེད་པ་ན། ཕ་རོལ་པོ་སྤུན་གསུམ་ཡོད་པའི། རྒན་པ་ནི་རང་བས་ཆེ། གཞོན་པ་ནི་རང་བས་ཆུང༌། བར་པ་རང་དང་མཉམ་པ་ཞིག་ཡོད་ན། རྒན་གཞོན་གཉིས་དང་ཤེད་མི་སྙོམས་པས། གཉའ་སྦྲེ་རྩེ་བ་སོགས་མི་བདེ་ལ། བར་མ་དེ་དང་ཤེད་སྙོམས་པས་འགྲོགས་བདེ། རྩེད་མོ་རྩེ་སྤྲོ་བ་བཞིན་དུ་འདས་པ་ནི་འདས་ཟིན་པས་རྗེས་བཅད་ཀྱང་མི་ཆོད། མ་འོངས་པའི་འདོད་དོན་དང་རེ་དོགས་ནི་འབྱུང་བར་མ་ངེས་པས། རེ་དོགས་བྱས་ཀྱང་མི་ཕན་དེ་གཉིས་ལ་བློ་བརྟད་ཀྱང་སེམས་འཁྲུགས་པ་ཁོ་ནར་ཟད། དེས་ན་ད་ལྟར་གྱི་སྣང་བ་གང་ཤར་འདི་ལ། བླང་དོར་མེད་པར་བཞག་ན་བདེ་བས་དེ་སྐད་ཅེས་པའོ། །རྩོལ་བྲལ་གྱི་རྣལ་འབྱོར་ཞེས་པ་བསྒྲིམས་འཕྲོ་ལ་ཀློད་པ་དེ་རྩོལ་བ་ཡིན་ཡང། ཀློད་ཟིན་པ་ལ་རྩོལ་བྲལ་ལ་གནས་པ་ཡིན། དེ་ཡང་བྲམ་ཆེན་གྱི་ཞལ་ནས། འཇུར་བུས་བཅིངས་པའི་སེམས་ཉིད་དེ། །


TNT04_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་ཤིང༌། གཅོད་པ་རྣམས་ན་རེ། ཁྲིམས་ཀྱིས་བསྒྲིམས་ལ་ལྷོད་ཀྱིས་ཀློད། །སེམས་ཀྱི་བཞག་ཐབས་དེ་ན་གདའ། །ཞེས་སོ། །དེའི་ཕྱིར་འདི་ལ་ཀློད་པ་རང་གྲོལ་གྱི་གདམས་ངག་ཅེས་ཀྱང་ཟེར། སྤྱིར་ཆེད་དུ་བསྒྲིམས་པ་ཁོ་ན་དང༌། ཆེད་དུ་ཀློད་པ་ཁོ་ན་དང༌། བསྒྲིམས་ཀློད་སྤེལ་མ་དང༌། བསྒྲིམས་ཀྱང་མ་བསྒྲིམས་ལྷོད་ཀྱང་མ་ཀློད་པ་སྟེ་གནད་བཞི་པོ་རྣམས། སྐབས་སུ་གང་དང་གང་བབ་པ་དེ་དང་དེར་བོགས་དབྱུང་བའི་ཐབས་ཁྱད་པར་ཅན་བྱེད་པ་ཁོ་ན་ཡིན། གནས་ལུགས་ལ་ནི་དེ་དག་གང་གིས་ཀྱང་མ་གོས་མོད། ཁ་ཅིག་སྤང་བླང་དགག་སྒྲུབ་མི་བྱེད་པའི་འཛིན་སྟངས་བཟང་པོས། མཐར་སྤང་བླང་གཅིག་ཏུ་ཀ་སླེབ་ཡོད་པ་སྟེ། རང་ཚིག་འགལ་ཞིང༌། ལྷ་བདུད་དུ་འབབ། སྨན་དུག་ཏུ་སོང་ངོ༌། །དཔེར་ན་འབྲི་ཁུང་པ་ཆེན་པོའི་རྣམ་ཐར་ན། ངས་ས་ར་ཧའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ། དེ་ཡང་རིག་པ་ཀློད་ཀྱིན་གདོག་བྱས་པས། བླ་མ་ན་རེ། ཕྱག་རྒྱ་ཆེན་པོ་ལ་ཀློད་དོན་ཅི་ཡོད། གསུངས་སྐད། དེ་གདམས་ངག་བཟང་བར་བྱེད། ཡང་འབབ་རུང་བའི་སློབ་མ། ལུས་གནད་བཅས་ནས་བསྒོམ་པ་ལ། ཞང་འཚལ་པ་ན་རེ། འདི་ཙུག་བྱས་ཀྱང་ཕྱག་རྒྱ་ཆེན་པོ་ཞེས་ཡང་ཡང་གསུང་གིན་སྟངས་སྟབས་སྣ་ཚོགས་མཛད། དེ་ཡང་གདམས་ངག་གི་གནད་ཆེ་ཟེར་ཏེ། གང་ཟག་དེ་ལ་དུས་དེར་དེ་སྐད་གསུང་དགོས་པ་ཞིག་ཡོད་པ་ནི་ཡིན་ཏེ་མཆིས། སྤྱི་ཁྱབ་ཀྱི་ཉམས་ལེན་ལ་ནི། གནད་ཆེ་རྒྱུ་ཙམ་མ་བྱུང༌། ཁྱད་པར་བླང་དོར་དགག་སྒྲུབ་མེད་པར་ཞལ་གྱིས་བཞེས་ནས། ཕུགས་དགག་སྒྲུབ་ཀྱི་སྟེང་དུ་ཀ་སླེབ། ཕྱག་རྒྱ་ཆེན་པོ་ལ་ཀློད་དོན་ཏེ་མེད་དུ་ཆུག །ཀློད་དུ་མི་རུང་བའི་དོན་ཡང་ཅི་ཡོད། ཀློད་པ་ཆེར་བརྟད་བཀག །ཀློད་མི་དགོས་པ་སྒྲུབ་པ་དེ་


TNT04_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་སྤང་བླང་དགག་སྒྲུབ་ཡིན་མོད། ཡང་ལུས་གནད་ལ་གཞུར་བ་བཀག །འདུག་ཚུལ་ངེས་མེད་སྒྲུབ་པ་དེ་ཀ་སྤང་བླང་དགག་སྒྲུབ་ཡིན། ཀློད་དོན་མེད་གསུང་པའང༌། ཀློད་ན་གྲོལ་བར་ཐེ་ཚོམ་མེད། གསུང་བ་དང་ནི་རྒྱབ་འགལ་ལགས། དེ་བཞིན་དུ་སྒོམ་ཆེན་པ་ཕལ་ཆེར་བློས་བྱས་བཀག་ནས། མ་བཅོས་སོ་མ་སྒྲུབ་སྟེ། དགག་སྒྲུབ་དེ་ཀ་བློས་བྱས་ཡིན། བཅོས་པར་སོང༌། དྲི་མས་ཕོག ཡང་སྒོམ་མཐོ་མཐོ་མོར་འདོད་པ་འགའ་ཞིག་ན་རེ། མ་བཅོས་སོ་མར་འཇོག་པ་ཡང་ལས་སུ་འདུག་བདག་པོ་འདུག ང་ལ་ནི་བཅོས་མ་བཅོས་མེད་དོ། །སོ་མ་དང་ལས་སོང་ལའང་ཁྱད་མེད་དོ་ཟེར་ཀྱིན་འུད་གོག་འཐག་སྟེ། མ་བཅོས་སོ་མ་ལ་ཞེ་བརྣག་པ་དེ་ཀ ཁྱད་སྔ་ཆེན་པོ་ཕྱུང་པའི་རྟགས་ཡིན་པས་ཁ་དང་དོན་འཛོལ། གོ་བ་དང་ཉམས་མྱོང་མ་མཐུན་པ་ལགས་སོ། །འཕྲོས་པས་ཆོག་གོ །དཔེར་རྔ་མོང་བཏགས་གྲོལ་ལྟ་བུ་ཞེས་པ་ནི། སྔོན་རྔ་རྫི་གཅིག་གིས་རྔ་མོང་ཞིག་ཕུར་བུ་ལ་བརྟོད་ནས་བཞག་པས། དེ་གུ་དོག་ནས་ལྡང་ཉལ་ཙབ་ཙོབ་འཐེན་འགྲོས་ཁོ་ན་བྱེད། རྩ་ཡང་མི་ཟ་ཉལ་ཡང་མི་ཉལ་ལོ། །དེས་ཕུར་བུ་བཀྲོལ་ཏེ་བཏང་བས། དར་ཅིག་རྒྱུགས་སོང་སྟེ་བཀྲོལ་བར་ཤེས་པ་ན། སྔར་གྱི་གུ་དོག་སངས་བག་ཕེབས་ཏེ། ཁྱུ་རེ་ཉལ་སོང་བས། རྔ་རྫི་དེས་གྲོགས་མོ་ལ་སྨྲས་པ། བཏགས་ན་ཕྱོགས་བཅུར་རྒྱུག་པར་བརྩོན། །བཀྲོལ་ན་གཡོ་མེད་གནས་པ་ཡི། །མཛའ་མོ་བདག་གིས་རྔ་མོ་མཐོང༌། །བདག་ལ་ཕྱིན་ཅི་ལོག་ཏུ་སྣང༌། །ཟེར་སྐད། དོན་དེའི་དབང་དུ་བྱས་ནས་མདའ་བསྣུན་ཆེན་པོས། བཅིངས་པ་དག་ནི་ཕྱོགས་བཅུར་རྒྱུག་པར་བརྩོན། །ཐོངས་བར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་བཟློག་རྔ་མོང་ལྟ་བུར་བདག་གིས་རྟོགས། །བུ་ཀྱེ་རྣམས་ཀྱང་རང་ལ་ཆེར་རེ་ལྟོས། །ཞེས་གསུངས། དམིགས་པ་


TNT04_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་དེ་དག་རེ་རེ་བཞིན་ཉམས་མྱོང་སྐྱེས་སྐྱེས་སུ་བསྒོམ། དེ་རྗེས་བཞི་ཀར་གནད་གཅིག་ཏུ་དྲིལ་ཏེ་སྒོམ་ཚུལ་དཀྱུས་བཞིན་ནོ། །ཡང་རྒྱུད་དང་སེམས་འགྲེལ་ལས་ཉིན་མཚན་གྱི་རྣལ་འབྱོར་གྱི་དབྱེ་བ་ཙམ་མ་གཏོགས། སོར་སྡུད་ཀྱི་དམིགས་པ་གཅིག་ལས་མེད། སྦྱོར་དྲུག་གི་མན་ངག་གཞན་ཕལ་ཆེར་ན་ཡང་གཅིག་ཁོ་ན་ཡིན། བི་བྷུ་ཏི་ཙནྡྲའི་ཉེ་རྒྱུད་མན་ངག་ལ་བཞི་པོ་འདི་བྱུང༌། འོ་ན་རྒྱུད་གཞུང་དང་འགལ་སྙམ་ན་མི་འགལ་ཏེ། འདིའི་དམིགས་པ་བཞི་ཀར་རྒྱུད་འགྲེལ་ལས་གསུངས་པའི་དམིགས་པ་གཅིག་པོ་དེར་འདུས་ཤིང༌། འདིའི་ལུགས་ལ་ཡང་བཞི་པོ་མཐར་གཅིག་ཏུ་བསྡུས་ནས་སྒོམ་པའི་ཕྱིར། རྒྱུད་འགྲེལ་ལས་གསུངས་པ་མདོར་བསྟན་དང༌། མན་ངག་འདི་རྒྱས་བཤད་ཡིན་ནོ། །དེས་ན་སོར་སྡུད་ཀྱི་མན་ངག་བི་བྷུ་ཏིའི་ལུགས་འདི་གཞན་པས་ཀྱང་མཆོག་ཏུ་གྱུར་པ་ཡིན་ཞིང༌། འདི་ལ་ཁ་ཅིག བི་བྷུ་ཏིས་ཁོང་རང་གི་སློབ་མ་མར་སྟོན། གཞོན་ཚུལ། དཔྱལ་བ། ཉེག་པོ་བཞི་ལ་སོ་སོའི་བློ་དང་མཚུངས་པར། དམིགས་པའི་གནད་མི་འདྲ་བ་སོ་སོ་བསྟན་པ་རྣམས། ཀུན་སྤངས་ཆེན་པོས་བཞི་ཀར་གསན་ནས། ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན་ཡང་ཟེར་ཏེ། དོན་ལ་དེ་ལྟར་རང་ཡང་མ་ཡིན། གྲུབ་ཐོབ་ཤཱ་བཱ་རི་པ་ནི། བྲམ་ཟེ་ཆེན་པོའི་དོ་ཧས་རྒྱུད་གྲོལ་བ་ཡིན་ཞིང༌། དོ་ཧ་ལ་བརྟེན་ནས་ཤཱ་བཱ་རི་བའི་མན་ངག་འདི་དག བི་བྷུ་ཏི་ཙནྡྲ་ལ་གདམས་པ་ཡིན་པའི་ཕྱིར། ཉེ་བརྒྱུད་འདི་ལ་དམིགས་པ་བཞི་པོ་འདི་གདོད་ནས་གྲུབ་པ་ཡིན། ཐུན་ཚགས་བསྡུས་པ་མིན་ནོ། །དེ་ཡང་ཁུངས་དང་འབྲེལ་བ་བདེན་པར་སྨྲས་པ་ཡིན་གྱི་བཟང་པོར་འགྲུབ་ཏུ་རེ་ནས་ངེད་ཅག་རྣམས་ཀྱིས་མཛེས་སྒྲིག་སྨྲས་པ་མ་ཡིན་ཏེ། སྨྲ་དགོས་མེད་པའི་ཕྱིར་རོ། །རྒྱུ་མཚན་ནི། རིགས་ལྡན་གྱི་སྤྲུལ་པའི་སྐུ་ཉིད་ཀྱི་ཕྱིར་ཀུན་སྤངས་ཆེན་པོས་སྒྲིག་པར་མཛད་ན་ཐུན་ཚགས་སྒྲིག་པ་ཡིན་ཡང་དེས་གོ་ཆོད་དེ། དེ་བས་ལྷག་པའི་ཁུངས་འཚོལ་


TNT04_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་པའི་ཕྱིར་རོ། །དེས་ན་དམིགས་སྐོར་ལྔ་པོ་འདིས། སོར་སྡུད་ཀྱི་མཚན་ཉིད་ཚང་བར་འགྱུར་བས། འདི་རྣམས་རྫོགས་པར་བཤད་ནས། དངོས་གཞི་མཚན་མོའི་རྣལ་འབྱོར་གྱི་མུན་འཁྲིད་ལ་འཇུག་པ་ཐོབ་ཐང་ཡིན་མོད། དམིགས་པ་བཞིའམ་ལྔ་པོ་དེ། ཐུན་གཅིག་ལ་འཆད་པ་སླ་ཡང༌། སློབ་མ་བློ་དམན་རྣམས་ཀྱི་བློ་ལ་ངེས་དཀའ་ཞིང༌། ཞག་ཤས་དམིགས་པ་སྐྱོང་སྟབས་མི་བདེ་བར། དངོས་གཞིའི་ཆོས་ཐུན་ཐོག་མ་རང་བཤད། དེ་ནུབ་ཀ་མུན་འཁྲིད་ལ་འཇུག་པ་ལག་ལེན་བདེ་བས། བསམ་མེད་ཀྱི་རྣལ་འབྱོར་གཅིག་པུ་ཕོག་ནས། དམ་པོ་ཞག་བདུན་བྱེད། དེ་རྗེས་ཀྱང་ཉིན་མོའི་རྣལ་འབྱོར་དེ་མ་ཐག་སྒོམ་ན། བསམ་མེད་ཀྱི་རྣལ་འབྱོར་ཁོ་ན། ཉིན་མོའི་རྣལ་འབྱོར་གྱི་གནས་སུ་བྱེད་བཅིངས་བྱེད་དུ་བཅུག་སྟེ་བསྒོམ། ཉིན་འཁྲིད་དམ་པོ་ཞག་ཇི་ལྟར་འོས་པ་སོང་བ་ན། རྩེ་གཅིག་པའི་རྣལ་འབྱོར་སོགས་དམིགས་པ་ཕྱི་མ་རྣམས། ཉིན་མཚན་གཉིས་ཀའི་ཐུན་མོང་དུ་ད་གདོད་བསྐྱངས་ཀྱང་ཆོག་གོ །ཉིན་མོའི་རྣལ་འབྱོར་གྱི་ཐད་ན། འོན་ཀྱང་མི་འདྲ་བའི་ཁྱད་པར་ནི། ཞེས་པའི་སྐབས། དམིགས་པ་གཏོད་ས་ལ་མུན་ནག་དང༌། སྣང་བ་དང་བཅས་པའི་ནམ་མཁའ་སྔོ་སངས་ཀྱི་ཁྱད་བྱུང་བས། མིག་གི་ལྟ་སྟངས་ཀྱི་བྱེད་བཅིངས་ཀྱང་མི་འདྲ་བར་བྱུང་བ་ཡིན་ཏེ། མུན་ཁང་དུ་བལྟ་ལུགས་ཇི་ལྟར་བྱས་ཀྱང་ནམ་མཁའ་མུན་ནག་ཁོ་ན་མཐོང་ཡོང༌། སྣང་བ་དང་བཅས་པའི་ཕྱོགས་སུ་མིག་ཕྱེད་བཀབ་བྱས་ན། ནམ་མཁའ་སྔོ་སངས་མི་མཐོང་བའི་ཕྱིར། མིག་གདངས་པ་དགོས་སོ། །དང་པོར་མུན་འཁྲིད་ལ་ཆུ་ཤིང་རི་བྲག་དུད་འགྲོ་མི་སོགས་མ་ངེས་པ་ཇི་སྙེད་འཆར་ཡང༌། ཉིན་མོའི་ནམ་མཁའ་ལ་ནི་འོད་དང་ཐིག་ལེ་སོགས་ཡང་ཡང་འཆར་བ་ལས། གཞན་མ་ངེས་པ་སྣ་ཚོགས་རང་མི་འབྱུང་བ་ཤས་ཆེ། ཤིན་ཏུ་གོམས་ན་ཁྱད་མེད་པར་འབྱུང༌།


TNT04_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོའི་རྣལ་འབྱོར་ལ། རྟགས་སྣང་སྣ་ཚོགས་མང་པོ་ཞག་བདུན་ཚུན་ཆོད་ལ་འཆར་བའི་རིགས་ཅན་ལ་ཡང༌། ཉིན་མོའི་རྣལ་འབྱོར་ལ། དེ་ལྟར་འཆར་བ་ལ་ཟླ་བ་གསུམ་བཞི་ཙམ་དགོས་པ་ཤས་ཆེ་ཞིང༌། མཚན་མོའི་དེ་ལ་བརྟན་མི་བརྟན་གཉིས་ཡོད། ཉིན་མོའི་དེ་ལན་གཅིག་ཤར་ན་བརྟན་པོ་རང་ཡོང་བ་འདུག སྤོགས་ཆོག་གི་སྐབས་སུ། བླ་མ་ཙ་མི་ལོ་ཙཱ་བའི་གསུང་གིས་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། སེམས་དེ་ལ་ཞོན་པའི་མི་དང་འདྲ། བྱེད་བཅིངས་ཀྱིས་རྩ་སྒོ་དགག་ཐུབ་ན། སྲང་སྒོ་དགག་པ་དང་འདྲ་བས། མི་རྟ་དང་འདྲ་བའི་རླུང་སེམས་ཕྱིར་མི་འཆོར། མི་ཁེགས་ན་དེ་ལས་ལྡོག་པའོ། །གསུང་སྐད། སྦུད་ཀྲ་ཨོ་རྒྱན་པའི་མན་ངག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ན། ནམ་མཁའི་དབྱིངས་སུ་གཟའ་རྣམས་བརྟན་པར་བཅིངས། རྒྱ་མཚོའི་དབུས་སུ་རྩ་གསུམ་ཡན་ལག་བསྔམ། །ཞེས་སོར་སྡུད་ཀྱི་སྐབས་སུ་སྟེང་འོག་བར་གསུམ་གྱི་བུམ་ཅན་བྱེད་གསུང་པ་ཡང༌། ཁོང་པ་ལྟོ་བ་ཚིགས་པ་ལ་གཅེར་བ་འདི་མི་བྱེད། གཞན་ཐམས་ཅད་སྤོགས་ཆོག་འདི་ཁ་བཞིན་བྱས་ནས། དེ་སོར་སྡུད་ཀྱི་རྩ་བའི་དམིགས་པར་འདོད་པ་ཡིན། རང་ལུགས་ལ་དེ་རྩ་བའི་དམིགས་པར་བྱས་ན། རྒྱུད་དང་མི་མཐུན། སྔ་མ་ནས་སྦྱོར་བ་དམ་གྲགས་པ་དེ་ཕྱིས་བོགས་ཆུང༌། རྣལ་འབྱོར་གསུམ་སྙིང་དང་དུས་ཞབས་སྙན་རྒྱུད་ལས། ཕྱིས་ཀྱི་སྤོགས་ཆོག་ཏུ་བཤད་པ་ལྟར་བྱས་ན། རྒྱུད་ལས་བཙན་ཐབས་ཀྱི་སྦྱོར་བ་སྤོགས་ཆོག་ཏུ་གསུངས། འདི་ཡང་རྩའི་བཙན་ཐབས་ཀྱི་རིགས་ཡིན་པས་རྒྱུད་དང་མཐུན། སྔར་དཀྱུས་ཀྱི་དམིགས་པ་འཇམ་པོ་དེ་ལ་ལམ་འབྱོངས་ནས་སྐབས་སྐབས་སུ་སྦྱོར་བ་དྲག་པོ་འདི་བརྩམས་ན། ཕྱོགས་མཐུན་ལ་ནི་གོམས། དངོས་ལ་ནི་མ་འདྲིས་པས་བོགས་སྐྱེད་ཆེ་བར་ཡོང༌། དེ་ཡང་ཕྱོགས་མཐུན་ལམ་གོམས་ན། གཞི་རྟེན་མ་ཐིང་བའི་སྐྱོན་དང༌། སྦྱོར་བ་དྲག་


TNT04_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་འདྲེས་གྲགས་ན། དཔེར་ན་རྒྱུན་དུ་ག་བུར་བསྟེན་པའི་མི་དེ། ཚད་པས་ན་བ་ལ་ག་བུར་གྱི་སྨན་བཏང་ཡང་མི་ཕན་པ་དང་འདྲ་བ་ཞིག་འོང༌། དེས་ན་འདི་སྤོགས་ཆོག་ཁོ་ན་ཡིན་ནོ། །དེ་ཡང་མིག་བསྒྲིམས་པས་མིག་གི་རླུང་དང༌། སྣ་བསྙེར་བས་སྣ་དང༌། ཁ་བགྲད་ལྕེ་སྒྲིལ་བས་ལྕེ་དང༌། སྣ་དང་མཆུ་བཅུད་པས་རྣ་བ་ཀྲོང་འབྱུང་བས་རྣ་བ་དང༌། ཉ་བཞི་བསྒྲིམས་པ་སོགས་ཀྱིས་ལུས་ཀྱི་དབང་པོའི་རླུང་ལ་གཟིར་བ་ཡིན། རླུང་དེ་རྣམས་ཀྱང་སྲོག་ཐུར་གཉིས་དང་རོ་གཅིག་ཏུ་གནས་པས། ལྟོ་བ་འཕེལ་འགྲིབ་གྱི་སྦྱོར་བ་འདིས། སྲོག་ཐུར་བཅིངས་བས་དེ་དག་ཀྱང་འཆིང་ངོ༌། །སྒོམ་དོན་བློ་ལ་འགོད་པའི་རྟགས་ཆེད་ཀྱི་སྐབས། སོར་བསམ་གྱི་ཏིང་ངེ་འཛིན་མངོན་སུམ་ཚད་མར་རྒྱུད་འགྲེལ་ལས་གསུངས། དུས་འཁོར་གྱི་རྒྱུད་འགྲེལ་ཚད་མར་ཁས་ལེན་བཞིན་དུ། སྟོང་གཟུགས་འཁྲུལ་སྣང་དུ་འདོད་ན། ནང་འགལ་གྱི་བཙོན་རར་ཆུག འཁྲུལ་སྣང་མཐོང་བའི་ཤེས་པ་ལ་མ་འཁྲུལ་བ་ག་ལ་སྲིད། གཞན་ཡང་རེ་ཞིག་འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་ན་ཡང༌། མ་དག་ལས་སྣང་མ་འཁྲུལ་བ་དང༌། ལམ་མ་ནོར་བ་སྒོམ་པའི་རྟགས་རྣམས་འཁྲུལ་བར་འདོད་པ། འཁྲུལ་མ་འཁྲུལ་གྱི་རྣམ་གཞག་གོ་ལོག་ཡིན་ཞིང༌། ཡང་སྟོང་གཟུགས་ནི་རླུང་སེམས་དབུ་མར་ཐིམ་པའི་སྣང་བ་ཡིན་ཞིང༌། དེ་ལྟར་ཡིན་པར་འོ་སྐོལ་མཐུན་པར་ཁས་ལེན་ན༑ སྟོང་གཟུགས་འཁྲུལ་སྣང་ཡིན་ན། རྩ་དབུ་མ་དེ་ཡེ་ཤེས་སྐྱེད་བྱེད་མ་ཡིན། འཁྲུལ་པ་སྐྱེད་བྱེད་ཀྱི་རྩ་ཡིན་པར་འགྱུར་ཏེ། དེ་ལ་གནད་དུ་བསྣུན་པའི་སྣང་བ་དེ་འཁྲུལ་སྣང་ཡིན་པའི་ཕྱིར་རོ། །ཡང་སྟོང་གཟུགས་ལོག་པའི་ཀུན་རྫོབ་ཏུ་འདོད་པའང་དབུ་མ་ཡེ་ཤེས་ཀྱི་རྩས་ལོག་སྣང་དང༌། རོ་རྐྱང་འཁོར་བའི་རྩས་ཡང་དག་ཀུན་རྫོབ་བསྐྱེད་དོ་ཞེས་པར་འགྱུར་བས། འདི་དག་ཇི་ལྟར་ཡིན་བློ་རྣལ་དུ་གནས་པ་རྣམས་ཀྱིས་རྟོགས་ཤིག རང་


TNT04_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ནི་སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་མངོན་སུམ་དུ་སྣང་བའི་ཕྱིར། དབང་པོའི་མངོན་སུམ། ཡིད་རྣམ་རྟོག་གི་བཞོན་པ་རླུང་འགགས་པའི་ཡེ་ཤེས་ཡིན་པའི་ཕྱིར་ཡིད་ཀྱི་མངོན་སུམ། སྟོང་གཟུགས་དེ་དོན་དམ་ཆོས་ཉིད་ཀྱི་རང་གཟུགས་ཡིན་པས་ཆོས་ཉིད་མཐོང་བའི་ཤེས་པ་རྣལ་འབྱོར་མངོན་སུམ། སྟོང་གཟུགས་དང་དེ་མཐོང་བའི་རིག་པ་ངོ་བོ་གཅིག་པའི་ཕྱིར་དེས་དེ་མཐོང་བས་རང་རིག་མངོན་སུམ་ཡིན་པས། སྤྱིར་མངོན་སུམ་བཞི་ཆར་ཡིན་ཡང༌། སོར་བསམ་གྱི་སྐབས་འདིར་དབང་པོའི་མངོན་སུམ་གྱི་མཚན་ཉིད་གཙོ་ཆེ་གསུང་ངོ༌། །དེ་ལྟར་ན་སྟོང་གཟུགས་མཐོང་བ་ནི། ཡང་དག་པའི་ཚད་མ་ཡིན་ཏེ། འདི་ལ་འཕགས་མཆོག་གྲུབ་མཆོག་ཐམས་ཅད་དགོངས་པ་མཐུན་ནོ། །དེ་ལ་རེ་ཞིག་དཔའ་བོ་ས་ར་ཧས། རྨོངས་པ་ནམ་མཁའི་ཚད་མ་ནི། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །དང་པོར་རྣམ་དག་ནམ་མཁའ་ལ། །ལྟ་ཞིང་ལྟ་བས་མཐོང་བ་འགག །ཅེས་ཕྱི་ནང་གི་ནམ་མཁའི་རྣལ་འབྱོར་གཉིས་གསུངས། དེ་ལ་མཐོང་བ་འགག་པ་ནི་ནང་གི་ནམ་མཁའ་ཡིན། དེས་རྣམ་རྟོག་རྨོངས་པའི་ཚོགས་རྣམས་བཅད་དེ། ཡེ་ཤེས་སྐྱེ་བར་འགྱུར་བ་ནི། མེ་ལོང་ཕྱིས་པ་ཙམ་ན་གཟུགས་བརྙན་འཆར་བ་བཞིན་ནོ། །ཀླུ་སྒྲུབ་ཀྱིས་ཀྱང༌། གང་རྣམས་ཀྱི་བློ་རྟེན་དང་བྲལ། །ཡོད་དང་མེད་ལས་རྣམ་པར་འདས། །ཟབ་མོ་དམིགས་མེད་དེ་རྣམས་ཀྱིས། །མཚན་མའི་དོན་ནི་རྣམ་པར་སྒོམ། །ཞེས་གསུངས་ཏེ། བློ་རྟེན་དང་བྲལ་པ་ནི་རིག་པ་ནམ་མཁའི་དབྱིངས་སུ་བསམ་མེད་དུ་བཞག་པའི་དོན་ཡིན། ཡོད་མེད་ལས་འདས་པ་ནི་དེའི་རྣམ་རྟོག་མེད་པའམ། ཇི་སྐད་དུ། སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་པ་ལྟ་བུ་སྟེ། དེ་ལྟར་ན་མཚན་མའི་དོན་ནི་སྟོང་གཟུགས་ཡིན་ལ། དམིགས་པ་མེད་པའི་སེམས་ཀྱིས་སྟོང་གཟུགས་དེ་སྒོམ་ཞེས་པའོ། །མཚན་མའི་དོན་


TNT04_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་བས་ཀྱང༌། འཁྲུལ་སྣང་ཙམ་ཡིན་དོན་དུ་ཡོད་ཅེས་པར་གོ་ནུས་སོ། །ཡང་ཇི་སྐད་དུ། །སྔོན་མེད་དཔྱིད་བྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་ཐོགས་རེག་བྱར་མེད་ས་ར་ཧ། །མིག་མི་འཛུམ་པར་བལྟ་དང་མི་བསམ་དང༌། །རླུང་འགགས་པ་སྟེ་བླ་མ་དམ་པས་གསུངས། །ཞེས་ཏེ་མི་གཡོ་བ་གསུམ་ལ་བརྟེན་ནས། རླུང་འགག་ཤིང་སེམས་གནས་པས་བདེ་བ་སྐྱེ་བ་ནི། སྔོན་མེད་པའི་དཔྱིད་ཀྱི་དུས་ཡིན་ལ། སྐབས་དེར་ནམ་མཁའ་སྟེ་སེམས་སྟོང་ཉིད་ཀྱི་ངང་ལས། མེ་ཏོག་དང་འབྲས་བུ་ལྟ་བུའི་སྟོང་གཟུགས་ཇི་སྙེད་པ་ཤར། དེའི་རྒྱུ་ནི་མིག་སྟེང་དུ་མི་འཛུམ་པར་བལྟ་བའི་བྱེད་བཅིངས་དང༌། སེམས་བསམ་དུ་མེད་པའི་རྣལ་འབྱོར་གྱིས་རླུང་འགགས་པ་ལས་ཡིན་ཞེས་པ་སྟེ། འདིར་མིག་དང་སེམས་དང་རླུང་ནི་སྣ་རྩེ་གསུམ་གཅིག་ཏུ་བསྡུ་བའི་གདམས་ངག་ཅེས་འཆད་པ་ཡང༌། གཞུང་འདིའི་དོན་ཡིན་པ་ཤིན་ཏུ་ལེགས་སོ། །ཡང་བར་སྣང་ལ་ནི་ཡིད་དང་རླུང་དང་མིག །དུས་གཅིག་ཏུ་ནི་གལ་ཏེ་ངེས་སྦྱར་ན། །རིན་ཆེན་རྒྱལ་བའི་ཡོན་ཏན་ངེས་པར་སྐྱེ། །འདི་དག་མཐའ་དག་དེ་བཞིན་གཤེགས་པས་གསུངས། །སྣ་ཚོགས་རྣམ་རྟོག་བྲལ་ཞིང་མི་སེམས་པར། །གལ་ཏེ་བར་སྣང་ལ་ནི་མིག་བལྟས་ན། །ཕྱོགས་བཅུའི་འཇིག་རྟེན་མཐའ་དག་ཡིན་ནམ་སྙམ། །རྣལ་འབྱོར་དབང་ཕྱུག་མཐའ་དག་འདི་ལས་ཐོབ། །ཅེས་གསུངས་ཏེ། འདིས་ཀྱང་སྣ་རྩེ་གསུམ་གཅིག་ཏུ་བསྡུ་བ་བསྟན་ནས། རྣལ་འབྱོར་འདི་ཁོ་ན་ལས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང༌། ཞེས་དེ་བཞིན་གཤེགས་པ་མཐའ་དག་གིས་རྣལ་འབྱོར་ཡན་ལག་དྲུག་པའི་ལམ་འདི་རྣམས་གསུངས་སོ། །འདིར། མཐའ་དག་དེ་བཞིན་གཤེགས་པའི་འདི་དག་གསུངས། །ཞེས་བཅོས་ན་གོ་བདེའོ། །སངས་རྒྱས་ཀྱི་ཡོན་ཏན་ཇི་ལྟར་སྐྱེ་ན། སྣ་ཚོགས་པའི་རྣམ་རྟོག་རྟོག་དཔྱོད་ཀྱི་སྒོ་ནས་མི་


TNT04_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པར། སྟོང་གཟུགས་བསྒོམས་ན་མཐར་ཕྱོགས་བཅུའི་འཇིག་རྟེན་མཐའ་དག་གི་སྣང་བ་ཅན་རྣམ་པ་ཀུན་ལྡན་གྱི་སྐུ་རྗེས་དྲན་དུ་འགྲུབ་ཅིང༌། དེ་ལས་ཡོན་ཏན་མཐའ་ཡས་པ་འབྱུང་བའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་བྱང་སེམས་ཀྱི་གོ་འཕང་ཐམས་ཅད་འདི་ལས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཞི་བ་ལྷའི་རྡོ་རྗེའི་གླུ་ལས་ཀྱང༌། རྨད་བྱུང་ནམ་མཁའི་དཀྱིལ་ཤར་བྷུ་སུ་ཀུ། །སྟོང་ཉིད་གཟུགས་མཛེས་ཤར་རོ་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་ཤར་རོ་བྷུ་སུ་ཀུ། །རིན་ཐང་མེད་པའི་མེ་ཏོག་རིན་ཆེན་ལོང༌། མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་རྒྱས། །ཞེས་འབྱུང་སྟེ། ཉིན་མཚན་གྱི་ནམ་མཁའ་ལ་སྟོང་ཉིད་ཀྱི་གཟུགས་མཛེས་པ། སྔོན་ཁམས་གསུམ་པའི་སེམས་ཅན་སུས་ཀྱང་མ་མཐོང་བ་རྨད་དུ་བྱུང་བ་སྟེ། སའི་རྣམ་པར་སྣང་ཡང་ས་མ་ཡིན། ས་མ་ཡིན་ཡང་ས་དང་མཚུངས་པའི་བྱ་བ་བྱེད། སྡུག་བསྔལ་གྱི་རྣམ་པར་སྣང་ཡང་ངོ་བོ་བདེ་བ་ཡིན། ཀུན་རྫོབ་ཀྱི་བྱ་བ་བྱེད་ཀྱང་དོན་དམ་དབྱིངས་ལས་མ་འདས་པ་སོགས། དཔེ་གང་གིས་ཀྱང་མི་མཚོན་པའི་སྟོང་གཟུགས་ཀྱི་མེ་ཏོག་ཤར་རོ། །འདི་ལས་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་འབྱུང་བས། སྟོང་གཟུགས་འདི་ནི་རིང་ཐང་མེད་པའི་རིན་པོ་ཆེ་ཡིན། འཁོར་འདས་སྲིད་གསུམ་ཐམས་ཅད་ཀྱི་གཟུགས་སུ་འཆར་བས་ཁ་དོག་སྣ་ཚོགས་པ་ཅན། མིའི་རྒྱུན་ཀླུང་མེད་པའི་འབྲོག་དགོན་པ་བཟང་པོ་ན་མེ་ཏོག་རྣམས་རྒྱས་པ་བཞིན་དུ། མེ་ཏོག་དང་འདྲ་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་འདི་ནི་སྟོང་ཉིད་ནམ་མཁའི་རྣལ་འབྱོར་རྣམ་པར་མི་རྟོག་པའི་དབྱིངས་ལ་མཉམ་པར་གཞག་ན་རྒྱས་པར་འགྱུར་གྱི་རྣམ་རྟོག་ཕལ་བའམ་དགེ་ཆོས་ཡིན་དུ་ཆུག་ཀྱང་རྟོག་དཔྱོད་ཀྱི་མི་འགྲོ་འོང་མང་པོ་བྱུང་ན། རྒྱས་པར་མི་འགྱུར་རོ། །དགོན་པར་ཞེས་པའི་ཚིག་ཟུར་གྱི་མི་


TNT04_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་འབའ་ཞིག་དགོས་པར་བསྟན་ཏེ། ལུང་དེ་དང་མཐུན་པར་མྱོང་གྲུབ་ལ་ཡང༌། དཔྱད་སྒོམ་དང༌། རྣམ་རྟོག་ངོ་ལྟའི་སྒོམ་ལ། ཡུན་རིང་བསྒོམས་ཀྱང་སྟོང་གཟུགས་ཡིན་ངེས་ལར་མི་འཆར་ཉམས་ཐན་ཐུན་བྱུང་སྲིད་ནའང་དེ་ཡང་མང་པོ་མི་ཡོང་ལ། བྱེད་བཅིངས་དང་ལྡན་པའི་མི་རྟོག་པ་སྒོམས་ན་སྟོང་གཟུགས་མང་པོ་འཕྲལ་དུ་འབྱུང་བ། ད་ལྟ་སུའི་ལག་ལེན་ལ་བཏབ་ཀྱང་མྱོང་བས་གྲུབ། སྔོན་དུས་བྱུང་ངོ་བ་ལ་ཁག་འཇོག་མི་དགོས། བྲེ་སྲང་འཁྲིས་སུ་བཞེས་ནས་བོད་ཚོད་ཀྱིས་ཅི་བྱེད། དགག་སྒྲུབ་མཐའ་བཀོད་མང་པོའི་ཁ་ན་མེད་དོ། །སྟོང་གཟུགས་མེ་ཏོག་དང་ཇི་ལྟར་འདྲ་ཚུལ་ལ། ས་ལ་མེ་ཏོག་ཤར་བ་ལྟར་ཐོ་ལང་དེ་འཆར་བའི་དོན་དུ་འཆད་པ་དང༌། བཀྲག་མདངས་གསལ་བའི་དོན་ལ་འཆད་པ་དང༌། བརྡ་ཚིག་ཙམ་ཡིན་ཟེར་བ་སོགས་འདུག་ཀྱང༌། རང་ལུགས་ནི་བདེ་བ་སྐྱེ་བས་ཡིད་དུ་འོང༌། ཡིད་དུ་འོང་བས་མེ་ཏོག་དང་འདྲ་ཞེས་ཁོ་བོའི་བླ་མ་གསུང་པ་ལྟར་རོ། །དེ་བཞིན་དུ། ལཱ་མ་ནམ་མཁའི་མེ་ཏོག་ཤར། །རབ་ཏུ་མི་གནས་ལྕི་བའོ། །བལྟ་ཞིང་ལྟ་བ་ནམ་ལངས་ཀྱང༌། ཤཱན་ཏི་སྒྲོན་མེས་ལམ་འཚོལ་ལོ། །སྐྱ་རེངས་ཤར་རོ་བྷུ་སུ་ཀུ། །ཤཱན་ཏིས་སྨྲས་པ་ནམ་ལངས་ཐུན། །ཞེས་འབྱུང་སྟེ། ལཱ་མ་ནི་དགའ་མའམ། རོལ་པ་མོ་ཞེས་ཕྱག་རྒྱའམ་རྩ་དབུ་མ་ལ་བོས་ནས། ཐོག་མར་དགེ་བའི་སྐབས་སུ་ལུས་ཀྱི་ཕྱིའི་ནམ་མཁའ་ལ་གཙོ་བོར་སྣང་བ་དང༌། བར་དགེ་ལ་རྩའི་ནང་གི་ནམ་མཁའ་ལ་གཙོ་བོར་སྣང་བ་དང༌། མཐའ་དགེ་ལ་མཉམ་ཉིད་མཁའ་ཁྱབ་སྟེ། ནམ་མཁའ་དེ་རྣམས་ཀྱི་མེ་ཏོག་སྟོང་གཟུགས་ཤར། འདི་རྣལ་འབྱོར་པས་ལུས་ཀྱི་ཕྱི་ནང་སོགས་སུ་ཡོད་པར་མཐོང་ཡང༌། གནས་ཚུལ་ལ་གང་དུ་ཡང་རབ་ཏུ་མི་གནས་ཏེ། ཀུན་རྫོབ་ལས་སྣང་འདི་དག་གདོད་ནས་མེད་པའི་ཕྱིར། དཔེར་ན་སད་དུས་ཀྱི་བུམ་པ་དེ་


TNT04_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་གྱི་ཁང་པའི་ཕྱི་ནང་གང་ནའང་མེད་པ་བཞིན་ ནོ། །ལྕི་བ་ནི། ཡལ་ཡུལ་མ་ཡིན་པ་བརྗིད་དང་ལྡན་པ་སྟེ་བརྟན་པའི་དོན་ཡིན། དེ་ཡང་སྒྲུབ་པོ་རང་ཉིད་གྱིས་མཐོང་མ་མཐོང་གི་ཁྱད་པར་མ་གཏོགས། ཆོས་ཉིད་ཡིན་པས་སྔར་གདོད་ནས་གྲུབ་གྲུབ་པ་དང༌། ད་དུང་འཕོ་འགྱུར་མེད་པའོ། །དེས་ན་དངོས་པོ་ཤིན་ཏུ་ཡང་བ་གཅིག་རྟེན་གཞི་ལ་མི་གནས་པར། ནམ་མཁའ་ལ་ཕན་ཚུན་དུ་འཁྱེར་ཞིང་ཡེང་ཡེང་འདུག་པ་འཐད་ཀྱང༌། དངོས་པོ་བརྗིད་དང་ལྡན་པ་རྟེན་གཞི་མེད་པར་ནམ་མཁའ་ལ་སྡོད་མི་ཐུབ་པ་འདྲ་བ་ཞིག་འདུག་པ་ལས། བརྗིད་དང་ལྡན་པ་ལ་རྟེན་གཞི་མི་དགོས་པར། ནམ་མཁའ་ལ་བརྟན་པོར་སྡོད་པ་ཞིག་ཀྱང་འདུག་གོ་ཞེས། ཚིག་གི་བརྗོད་ཚུལ་འགལ་འདུའི་ཚུལ་གྱིས་བརྡ་ཐབས་མཛད་པའོ། །རྟག་ཏུ་ཏིང་ངེ་འཛིན་ལ་བལྟ་ཞིང་ལྟ་བས། བདག་མེད་དང་སྟོང་རྐྱང་གི་ཕྱོགས་ཀྱིས་ནམ་ལངས་པ་སྟེ། དེ་ཙམ་གྱིས། ཕྱོགས་ནས་གནས་ལུགས་རྟོགས་སུ་ཆུག་ཀྱང༌། མཐར་ཐུག་ཏུ་བགྲོད་པའི་ལམ་ད་དུང་མ་རྙེད་པས། ཤཱན་ཏི་ད་ནི་སྟོང་གཟུགས་ཀྱི་སྒྲོན་མེ་ཐོགས་ནས། ཐམས་ཅད་མཁྱེན་པའི་ལམ་འཚོལ་ཞིང་ཡོད་དོ། །ཡང་ན་དང་པོ་རང་དུ་སྟོང་གཟུགས་མཐོང་བ་ཙམ་ནི། སྐྱ་རེངས་ཤར་བ་དང་འདྲ། དེ་རྗེས་རྣམ་པ་ཀུན་ལྡན་དུ་གྱུར་པ་ནི། ནམ་ལངས་པ་ལྟ་བུའོ་ཞེས་ཀྱང་འཆད་དོ། །དབང་མདོར་བསྟན་གྱི་འགྲེལ་ཆེན་དོན་དམ་བསྡུས་པར། ལུང་དྲངས་པ་ལ། སྐབས་འདིར་འགྲེལ་བའི་རྒྱ་དཔེ་རྙིང་པ་ཞིག་ལ་ཅུང་ཟད་འཁྲུལ་གཞི་ཡོད་པར་སྣང་བས། ཚིག་དེའི་འཕྲོས་ཆད་ནས་གང་ཚེ་ཟླ་བ་གང་བ་སོགས་དང་སྦྲེལ་འདུག་ན། ཟླ་བ་གང་བ་སོགས་ནག་པོ་སྤྱོད་པའི་དོ་ཧའི་ཚིག་ཡིན་པ། སྤྱོད་པའི་གླུའི་མཛོད་འགྲེལ་ལས་གསལ་ཞིང༌། དེའི་གསེབ་ཏུ། དགའ་དང་སྙིང་རྗེ་ཌཱ་མ་རུ་ཡི་སྒྲ། །འཕགས་པ་ལྷ་ཡི་དམིགས་པ་མེད་པ་གསལ། །ཞེས་པའི་ཚིག་


TNT04_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང༌། གཞན་ཞིག་གི་ཚིག་འཕྲོས་ཡིན་པར་སྣང༌། གྲུབ་ཐོབ་རཏྣ་པཱ་ལས་བསྒྱུར་བའི་དོ་ཧ་མང་པོའི་ནང་གི་ཨཱརྱ་དེ་བའི་གླུ་ཅན་ཏ་པ་ནས་བརྒྱུད་པ་ཡིན་གསུང་བའི་དོ་ཧ་གཅིག་ན། ཀྱེ་མ་སྙིང་རྗེའི་ཌཱ་མ་རུ། །སྒྲ་སྒྲོག་པ་ནི་ངོ་མཚར་ཆེ། །ཨཱརྱ་དེ་བ་དམིགས་མེད་པའི། །རྒྱལ་པོའི་སྲིད་ལ་ངོམས་པ་མེད། །ཅེས་འབྱུང་བ་དེ་ཀ་དྲངས་པར་མངོན། དགའ་དང་ཞེས་པ་ངོ་མཚར་དང་རྒྱལ་པོའི་སྲིད་གསལ་བར་བསྒྱུར་བའི་ཁྱད་དུ་འདུག འདི་ཨཱརྱ་དེ་བ་རང་གི་དོ་ཧ་ཡིན་པར་འདུག་པ་ལ། ནམ་ལངས་ཐུན་སོགས་དང་སྦྲེལ་ནས་བྲིས་པས། ཞི་བ་ལྷའི་གསུང་དུ་འཁྲུལ་ནས། ཞི་ལྷ་ཨཱརྱའི་དངོས་སློབ་ཡིན་ཞེས་ཡིད་བཟང་རྩེ་བ་གསུང་པ་ནི་གད་མོའི་གནས་སོ། །དེས་ན་འགྲེལ་པ་དེའི་རྩོམ་གདན་ལྟ་བུ་ཕྱི་མོའི་རྒྱ་དཔེ་རྙིང་པ་བར་བར་ན་ཡི་གེ་ཟུབས་པ་ཞིག་ལས་བྲིས་བཤུས་བྱས་པའི་རྒྱ་དཔེ་མ་དག་པ་ཞིག་ལས་བསྒྱུར་བའི་སྐྱོན་ནོ། །དེས་ན་སྔ་མའི་ཚིག་ནམ་ལངས་ཐུན་ཞེས་པའི་འགྲོས་ཀྱི་དབང་དུ་བྱས་ན། རྣམ་པ་ཀུན་ལྡན་ནམ་ལངས་པ་འདྲ་བའི་རྗེས་སུ་གཟུགས་སེམས་རོ་མཉམ་པ་མི་འགྱུར་བའི་བདེ་བར་གྱུར་པ་ན་ཉི་མ་ཤར་བ་དང་འདྲའོ། །ཞེས་པ་ཞིག་དོན་ལ་ཡོད་དགོས་སོ། །དེ་བཞིན་དུ་འདི་སྐད་ཅེས། རྨད་དུ་བྱུང་བ་གང་ཞིག་ཐུན་ལས་བྱུང༌། །གང་ཞིག་ཉི་ཟླ་བཅིངས་ཤིང་སྒྲོན་མེ་སྦར། །ཤཱན་ཏི་རང་ཉིད་དཔང་བཞག་རང་ཉིད་དགོད། །ནམ་མཁའི་སྦྲུམ་མ་ལས་ནི་སྐྱེ་བ་མཐོང༌། །ཞེས་དང༌། ཟབ་མོའི་ཆོས་ཐོས་ནས་ནི་ལམ་ངན་པ། །མུན་པའི་ལམ་ལས་ཅི་ཡང་མཐོང་བ་མེད། །གལ་ཏེ་ནམ་མཁའི་རྩེ་མོར་མེ་ཏོག་བྱུང༌། །ཤཱན་ཏིས་སྨྲས་པ་དེ་ཚེ་འཁྲུལ་པ་ཆད། །ཅེས་འབྱུང་སྟེ། འདི་སྐབས་ཀྱི་ཤཱན་ཏི་ཞེས་པ་ཡང་ཤཱན་ཏ་དེ་བ་དང་ཤཱནྟི་དེ་བ་ལ་ཁྱད་ཡོད་དམ་མེད་དཔྱད་དགོས་ལ། སྔར་དྲངས་པ་ཤཱན་ཏི་སྒྲོན་མེ་སོགས་ནི་བྷུ་སུ་ཀུ་ཞེས་འབྱུང་བས། ཤཱན་ཏི་དེ་བ་སྟེ་ཞི་བ་


TNT04_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་གསུང་ཡིན་པ་བཞིན་དུ། འདི་ཡང་ཤཱན་ཏི་དེ་བའི་ཡིན་ཞེས་བླ་མ་རྣམས་འཆད་དོ། །སྤྱིར་ནི་སྤྱོད་འཇུག་མཛད་པ་པོ་ལ་ཕལ་ཆེར་དུ་ཤཱནྟ་དེ་བ་ཞེས་འབྱུང་བ་དང༌། གྲུབ་ཐོབ་ཤཱནྟིའི་མཚན་ཅན་གཞན་མང་དུ་ཡོད་པའང་གོ་དགོས་སོ། །ཐུན་ལས་བྱུང་ཞེས་པ་ནི། ཐུན་བཞི་སྟེ་ཉི་མ་གཅིག་ཁོ་ན་བསྒོམས་པས་རྟགས་སྣང་འབྱུང་བའི་དོན་ཡིན། ཉི་ཟླ་རོ་རྐྱང་བཅིངས་ཤིང༌། ཡེ་ཤེས་ཀྱི་རླུང་གི་སྒྲོན་མེ་སྦར་བས། ནམ་མཁའ་སྟོང་པའི་བུད་མེད་སྦྲུམ་མ་ལས་སྟོང་གཟུགས་གྱི་བུ་སྐྱེ་བ་མཐོང༌། རང་ལ་ཆ་རྒྱུས་ཡོད་པས་རང་ཉིད་དཔང་པོར་བཞག་སྟེ། དེ་འདྲ་བ་མཐོང་བས་དགའ་ནས་འགོད་པ་སྟེ། དགའ་བའི་དོན་བདག་ཉིད་ལ་ཡིད་ཆེས་པའོ། །མུན་པར་ཞུགས་པ་བཞིན་དུ་ཟབ་མོའི་ཆོས་མ་ཐོས་ཤིང་ལམ་ངན་ལ་ཞུགས་པ་རྣམས་ཀྱིས། ཡེ་ཤེས་ཀྱི་སྣང་བ་མཐོང་བ་མེད་ལ། ཟབ་མོའི་ཆོས་ཐོས་ནས་གལ་ཏེ་མཉམ་པར་བཞག་ན། མཉམ་གཞག་རྟོག་བྲལ་གྱི་ནམ་མཁའི་རྩེ་མོར། འོད་གསལ་རྟགས་བཅུའི་མེ་ཏོག་ཤར་བ་དེའི་ཚེ། མ་དག་ལོག་སྣང་གི་འཁྲུལ་བ་ཆད་དོ་ཞེས། འདིས་བསམ་གཏན་གྱི་རྣལ་འབྱོར་ཡང་ཞོར་ལ་བསྟན་ཏོ། །རྣལ་འབྱོར་དབང་ཕྱུག་བི་རཱུ་པས་ཀྱང་སྤྲོས་མེད་ལས། རྣལ་འབྱོར་འདི་ལས་སྒྲུབ་པའོ། །དུ་བ་ལ་སོགས་མངོན་ཤེས་སོགས། །རྣམ་རྟོག་དྲ་བ་མ་ལུས་གཅོད། །ཤིན་ཏུ་སྤྲོས་མེད་གོ་འཕང་ཐོབ། །ཅེས་རླུང་དབུ་མར་འགགས་པ་ལས། རྟགས་ཀྱི་ཡེ་ཤེས་སྐྱེ་བར་གསུངས་ཏེ། དེ་ཡང་སྤྲོས་མེད་ཀྱི་ལུགས་ལ། བིདྷར་རྡོ་རྗེའི་རྣལ་འབྱོར་ནི་སྔོན་འགྲོ་རླུང་སྦྱང་བ་ཡིན། སྤྲོས་མེད་ཉིད་སོར་སྡུད་དང་གནད་གཅིག རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ནི། སྤོགས་ཆོག་བཙན་ཐབས་སུ་འགྱུར། དེ་ལྟར་སྒོམས་པ་ལས། སོར་བསམ་ཐུན་མོང་ལ་དུ་སོགས་ཀྱི་ཡེ་ཤེས་དང༌། བསམ་གཏན་གྱི་འབྲས་བུ་མངོན་ཤེས་ཀྱི་བར་དུ་འབྱུང༌།


TNT04_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཡིན་པས། མིང་འདོགས་ཀྱི་ཁྱད་ཙམ་མ་གཏོགས། ཤིན་ཏུ་སྤྲོས་མེད་ཀྱི་གཞུང་གི་དགོངས་པ་ཡང་རྡོ་རྗེའི་རྣལ་འབྱོར་འདི་ལ་འབད་པ་ཡིན་ལ། འདི་དང་དེ་སྦྱོར་ཚུལ་གཞན་ཡང་ཡོད་དོ། །དེ་བཞིན་དུ། །རང་ཡིད་མཚན་ཉིད་མཐའ་དག་བྲལ་པ་ཡིས། །མིག་ཕྱེད་གྱེན་དུ་བལྟ་བ་དང་བཅས་པས། །གང་ཚེ་དབུ་མར་རླུང་ནི་བུས་གྱུར་པ། །དེ་ཚེ་རྡོ་རྗེ་མེ་དང་དུ་བ་འབྱུང༌། །དེ་ཡང་མཚན་ཉིད་དང་བྲལ་བ་ནི་མཚན་མ་རྣམ་རྟོག་སྤངས་པ་ཡིན། དེ་དང་བྱེད་བཅིངས་ལྟ་སྟངས་དང་བཅས་པ་ལས། ལས་རླུང་དབུ་མར་བུས་པའི་ཚུལ་གྱིས་འཇུག དེ་ལས་རྡོ་རྗེ་ཡེ་ཤེས་ཀྱི་གཏུམ་མོའི་མེ་འབར་བ་དང༌། དུ་སོགས་ཁམས་གསུམ་པའི་གཟུགས་བརྙན་འབྱུང༌། ཞེས་པ་སྟེ། རྒྱུ་མི་གཡོ་གསུམ་ལྡན་བསྒོམས་པས་འབྲས་བུ་སྲོག་འཛིན་རྗེས་དྲན་སོགས་སྐྱེ་བའི་དོན་ཡིན་ནོ། །འདི་ལ་ལུང་ཁུངས་མ་སྨོས་ཀྱང༌། ཨིནྡྲ་བྷུ་ཏིའི་དོ་ཧ་ནས་དྲངས་པ་ཡིན་གསུང༌། དེ་བཞིན་དུ་གྲུབ་ཐོབ་ལྭ་བ་པས་ཀྱང༌། སྣང་བ་ཐོབ་པའི་རྣལ་འབྱོར་པས། །གཞན་དུ་རྟགས་ནི་ཤེས་བྱ་སྟེ། །གྲུབ་པའི་འཁྲུལ་པ་མེད་པ་རྣམས། །ལམ་ནག་གིས་ནི་དུ་བ་ བཞིན། །མིག་དག་རེངས་པར་བྱེད་པ་དང༌། །མགོ་བོ་དུད་པ་ཉིད་དང་མི། །སེམས་དང་སེམས་བྱུང་མི་གཡོ་དང༌། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །ཅེས་གསུངས་ཏེ། མིག་རེངས་པ་སྟེ་ལྟ་སྟངས་བརྟན་པ་དང༌། དེས་རོ་རྐྱང་གི་རྩའི་མགོ་བོ་སྤྱི་གཙུག་ནས་མིག་གི་གནས་སུ་བཀུག་སྟེ། དུད་པར་བྱས་ནས་འཐེན་པ་ལྟ་བུར་འགྱུར་བ་དང༌། སེམས་སེམས་བྱུང་འགགས་པ་ནི། རྣམ་རྟོག་བཙན་ཐབས་སུ་བཀག་པའི་མི་རྟོག་པ་སྟེ། དེ་ལྟར་བསྒོམས་པས་གཟུང་འཛིན་གྱིས་སྟོང་པའི་སྟོང་ཉིད་དེ་ཡང་རྣམ་མེད་ཙམ་མ་ཡིན་པར། དངོས་སུ་མཐོང་རྒྱུ་ཡོད་པའི་སྟོང་ཉིད་ཀྱི་གཟུགས་མཐོང༌། དེ་ཉིད་ཡེ་ཤེས་ཀྱི་སྣང་


TNT04_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོབ་པ་ཡིན། དེ་ལམ་དངོས་ཡིན་ཡང༌། རྣམ་གཞག་འཇོག་ཚུལ་གཞན་གཅིག་ལ་ལམ་རྟགས་ཀྱི་ཐ་སྙད་འཇོག་པར་ཤེས་དགོས་ཏེ། གྲུབ་པ་མི་འགྱུར་བའི་བདེ་བ་ཐོབ་པར་འགྱུར་བའི་རྟགས་འཁྲུལ་པ་མེད་པ་ནི་སྟོང་གཟུགས་རྣམས་ལ་མཉམ་པར་བཞག་པས་བདེ་བ་སྐྱེ་བ་འདི་ཡིན་ཏེ། ལམ་ནག་ཅེས་པ་མེའི་མིང་ཡིན་པ། བུད་ཤིང་འཚིག་བཞིན་པའི་མེ་ཡོད་པའི་རྟགས། དུ་བ་འཕྱུར་བ་མཐོང་བ་བཞིན། ཞེས་པའོ། །དེ་བཞིན་དུ་གྲུབ་ཐོབ་དྷརྨ་པས་ཀྱང༌། དང་པོ་ཐོག་མཐའ་ལས་གྲོལ་ཞིང༌། །དབུ་མ་ཙམ་ཞིག་བརྟེན་པར་བྱ། །དེར་གནས་གང་ཞིག་འདོད་པ་སྟེ། །འདི་ཡི་སྣང་བ་བཅུ་བདག་ཉིད། ཅེས་ཏེ། ཚིག་རྐང་ཕྱི་མ་གསུམ་ལ། འགྱུར་གཞན་ལས། དབུ་མ་ཙམ་ལ་རྣམ་པར་གནས། །དེ་ལ་གནས་ཤིང་དེ་སྤོང་གང༌། །དེ་ལས་མཚན་མ་བཅུ་འབྱུང་ངོ༌། །ཞེས་འབྱུང་བ་གོ་བདེའོ། །དང་པོ་ཐོག་མཐའ་ཞེས་པ་འདིས་ནི། སྤུན་གསུམ་གྱི་བར་མ་དང་འགྲོགས་པའང་བསྟན་ལ། སྐྱེ་འགག་གནས་གསུམ་དང་བྲལ་བའི་དབུ་མ་ནམ་མཁའ་སྟོང་པ་ལ་སེམས་གནས་ཤིང༌། ནམ་མཁའ་དང་རིག་པ་རང་ཉིད་ལ་ཡང༌། ཡིན་མིན་ཡོད་མེད་གཉིས་མཉམ་གྱི་འཛིན་པ་སྤོང་བའི་སྒོ་ནས་བཞག་ཅིང་གནས་པས། རྟགས་བཅུའི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་འཆར་བར་འགྱུར། གྲུབ་ཐོབ་ཙརྦ་ཊི་པས་ཀྱང༌། དངོས་མིན་དངོས་པོར་བརྟེན་ནས་སུ། །དངོས་པོ་དངོས་པོ་མིན་པར་བྱ། །སེམས་ནི་སེམས་མིན་བྱས་ནས་སུ། །ཅི་ཡང་མེད་པར་མི་བྱའོ། །ཞེས་གསུངས་ཏེ། སེམས་སྔར་རྟོག་བཅས་དེ་སེམས་མིན་པ་རྟོག་མེད་དུ་བྱེད་ཅིང༌། དེའི་ཚེ་ཅི་མེད་ཅང་མེད། རྟགས་མེད་མཐོང་མེད་དུ་མི་བྱ་སྟེ། རྡུལ་ཕྲ་རབ་ཀྱི་དངོས་པོ་མ་ཡིན་པ་སྟོང་གཟུགས་ཀྱི་དངོས་པོ་ལ་སེམས་བརྟན་ཞིང་བཞག་པས། ཐ་མལ་ལས་སྣང་གི་དངོས་པོ་རྣམས། འགའ་ཞིག་སྣང་བའི་


TNT04_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པ་དང༌། འགའ་ཞིག་སྣ ང་ཡང་བདེན་དངོས་མིན་པར་རིག་པར་བྱ། ཞེས་པ་སྟེ། འདིས་ཀྱང་བསམ་གཏན་གྱི་རིམ་པ་གསལ་པར་བྱེད་དོ། །ཡང་བཤད་པ། གང་དུ་དྲི་མ་མེད་པའི་མཁའ་ལ་མིག་ཕྱེད་སྤྲུལ་པ་ན། །འཕྲོ་བ་ཆེན་པོས་ཐུགས་རྗེས་བསླན་པའི་བསམ་པའི་རྟེན་ཟ་ ལས། །ཡོད་དང་མེད་དང་གཉིས་ཀ་དངོས་པོ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མཐའ་དག་གློ་བུར་འཆར། །ཞེས་འབྱུང་བ། འདི་གྲུབ་ཐོབ་ཆེན་པོ་དཔེ་མེད་མཚོའི་སྦྱོར་དྲུག་གི་གཞུང་ན་ཡོད་མོད། སྔོན་དུ་བྱོན་པ་ཞིག་གི་གྲུབ་ཐོབ་ཀྱི་ལུང་ཚིག་སྐབས་ངར་བཅུག་པར་ནི་ངེས་པར་གསལ་ལ། གྲུབ་ཐོབ་ཀླུའི་བྱང་ཆུབ་ཀྱི་གསུང་ཡིན་ནོ་ཞེས་བླ་མ་རྣམས་གསུང་ངོ༌། །ཉིན་མཚན་གྱི་ནམ་མཁའ་དྲི་མ་མེད་པ་ལ། མིག་ཕྱེད་གྱེན་དུ་བལྟ་བའི་ལྟ་སྟངས་སྤྲུལ་བར་བྱས་པ་ན། བསམ་པ་རྣམ་པར་མི་རྟོག་པའི་མེས་ཡོད་པ་དང་མེད་པ་དང་གཉིས་ཀར་འཛིན་པ་སོགས་ཀྱི་རྣམ་རྟོག་བསྲེགས། སེམས་ཅན་ཀུན་ལ་འཕྲོ་ཞིང་ཁྱབ་པའི་སྙིང་རྗེ་དང༌། མི་རྟོག་པ་སྒོམ་པ་ལས་གཞན་དངོས་པོ་དངོས་མེད་འབྱེད་པ་སྟེ་དཔྱད་སྒོམ་དང་བྲལ་བར་བསྒོམས་ན། སེམས་གདོད་ནས་སྤྲོས་པ་དང་བྲལ་བའི་སྟོང་ཉིད་ཀྱི་རྗེས་སུ་འགྲོ་བ་དུ་སོགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ། ཡུན་རིང་དགུག་མི་དགོས་པར་གློ་བུར་དུ་འཆར་རོ་ཞེས་སོ། །གྲུབ་ཆེན་ནག་པོ་སྤྱོད་པས་ཀྱང༌། གང་ཚེ་ཟླ་བ་ཉ་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་རབ་ཏུ་ཉལ། །དགའ་དང་སྙིང་རྗེ་ཌཱ་མ་རུ་ཡི་སྒྲ། །ཞེས་པ་དང༌། གཡོན་དང་གཡས་སུ་ཁྲལ་པ་ལ། །ཀཧྞས་སྨྲས་པ་བར་ལམ་མོ། །སེམས་རྟོགས་རིན་ཆེན་རབ་དགས་གྲོལ། །གྲོང་ཁྱེར་མི་སྨྲ་རྨོངས་པ་རྣམས། །མེ་ཏོག་ལྔ་བྱུང་དེ་རུ་ ཐིམ། །དགའ་བའི་སེམས་ཉིད་ནམ་མཁས་བྱིན། །ཞེས་གསུངས་ཏེ། གང་གི་ཚེ་སྟོང་གཟུགས་ཀྱི་ཡེ་ཤེས་སྣང་བའི་ཟླ་བ་


TNT04_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བར་གྱུར་པ་ན། སེམས་ཀྱི་རྒྱལ་པོ་ཡིད་རྟོག་བཅས་ཉལ་ཞིང་ཐིམ་པར་འགྱུར་ལ། དེའི་ཚེ་བསམ་གཏན་གྱི་དགའ་བདེ་ལྟ་བུའི་དགའ་བ་དང། སྙིང་རྗེ་ཞུ་བདེ་འགྱུར་མེད་ཀྱི་ཌཱ་མ་རུའི་སྒྲ་གྲགས་པར་འགྱུར་ཞེས་ཏེ་སྐབས་འདིར་ཚིག་དེའི་འཕྲོས་ཆད་དོ། །སྤྱོད་པའི་གླུའི་མཛོད་འགྲེལ་ན། དེ་ཚེ་སེམས་ཀྱི་རྒྱལ་པོ་རབ་ཏུ་ཉལ། །ཞེས་འབྱུང་དགའ་དང་ཞེས་པ་འདི་མི་སྣང་ངོ༌། །གཡས་གཡོན་རོ་རྐྱང་གཉིས་ཀྱི་ལམ་ལ་རླུང་རྒྱུ་བ་ནི། ཤོག་མ་སོགས་ཁྲལ་སྡུད་པའི་ལམ་དང་འདྲ། སེམས་མགྲོན་པོ་དང་འདྲ་བ་རླུང་དེ་གཉིས་ལ་བརྟེན་ནས་སོང་ན། ཁྲལ་སྡུད་པས་འཚེ་བ་བྱེད་པ་དང་འདྲ་བར། ཉོན་མོངས་སྣ་ཚོགས་སྐྱེ། སྡུག་བསྔལ་སྣ་ཚོགས་འབྱུང་ངོ༌། །ལམ་དེ་དག་གི་བར་གསེང་ལམ་ཁྲལ་སྡུད་པས་གོ་རིག་མི་འབྱུང་བ་ཞིག་ལ་ཚོང་པ་རྣམས་སོང་ན། ཁྲལ་སྡུད་པས་འཚེ་བ་མེད་ཅིང་བདེ་བར་འགྲོ་བ་ལྟར། བྱེད་བཅིངས་དང་བཅས་པའི་རྣམ་པར་མི་རྟོག་པ་སྒོམས་པས། གསང་ལམ་དང་འདྲ་བ་དབུ་མའི་ལམ་དུ་རྣམ་རྟོག་དང༌། ཉོན་མོངས་དང༌། སྡུག་བསྔལ་གྱིས་འཚེ་བ་མེད་པར། བདེ་བ་ཆེན་པོའི་དབྱིངས་སུ་འགྲོ་སྟེ། དེ་ཡང་ཞུ་བདེ་འགྱུར་མེད་ཀྱི་ཐིག་ལེ་ནི་རིན་པོ་ཆེ་སྟེ། དེའི་རབ་ཏུ་དགའ་བ་ཞུ་བདེ་ལྷན་སྐྱེས་ཀྱིས་འཛག་བདེ་མངོན་འགྱུར་གྱི་སྒྲིབ་པ་ལས་གྲོལ་བར་བྱེད་ཅིང༌། ཞུ་བདེ་འགྱུར་མེད་ཀྱི་ལྷན་སྐྱེས་དེ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་རྗེས་མཐུན་པ་ཡིན་པས། སེམས་རྟོགས་པ་ཞེས་བྱའོ། །རྨོངས་པ་རྣམས་ཞེས་བྱ་བ་ནི་བོད་པ་སྟེ། གྲོང་ཁྱེར་ཞེས་པ་ཀུན་ལ་གྲགས་བའི་ངག་ཚིག་གསལ་པོ་སྟེ། དེ་ལྟར་མི་སྨྲ་བར་བརྡའི་ཚིག་གིས་ང་སྨྲའོ། །འབྱུང་བ་ལྔའི་དྭངས་མའི་མེ་ཏོག་ཐིག་ལེ་ལྔ་གཙུག་ཏོར་ནས་ནོར་བུའི་བར་དུ་བྱུང་ཞིང༌། ནོར་བུར་བཅིངས་པས། རྩ་དབུ་མའི་ལམ་ཇི་ལྟར་འོས་པ་དེ་ཉིད་དུ་ཐིམ་པར་འགྱུར་ལ། མི་འགྱུར་བའི་བདེ་བ་དགའ་བའི་སེམས་ཉིད་དེ་ནི། དོན་དམ་གྱི་ནམ་


TNT04_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྟོང་གཟུགས་ཕྱག་རྒྱ་ཆེན་པོས་བྱིན་ཞེས་པའོ། །དེ་ཡང་ཐིག་ལེ་ནོར་བུར་སོན་པ་སྟོང་གཟུགས་ཀྱིས་བཅིངས་པས། གཟུགས་སེམས་གཅིག་ཏུ་འདྲེས་པ་ན་མི་འགྱུར་བའི་དོན་ཏེ། འདིས་ཡན་ལག་དྲུག་ཀར་གསལ་བར་བསྟན་ཏོ། །ཨཱརྱ་དེ་བས་ཀྱང༌། བཅོམ་ལྡན་སྲོག་གི་ལྷག་པའི་བདག་པོ་རྗེ་བོ་བདག་ཉིད་ལ་ནི་ཐིམ་གྱུར་ཞིང༌། །འཚོ་བའི་རླུང་གི་རྒྱུ་བ་འབྱུང་དང་འཇུག་པའི་ཚོགས་རབ་ཞི་བར་གྱུར་པ་དང༌། །གང་ཞིག་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་འོད་གསལ་སྐར་མའི་སྣང་བ་རབ་འབྱམས་འདི། །རང་ལུས་ཉིད་ནས་ངེས་འཐོན་མུན་པ་བཅོམ་ནས་འཇིག་རྟེན་གསུམ་པོ་སྣང་བར་བྱེད། །ཅེས་གསུངས་ཏེ། དེ་ཡང་སྲོག་སྟེ་རླུང་ཐམས་ཅད་ཀྱི་ལྷག་པའི་བདག་པོའམ་རྗེ་བོ་ན་དབུ་མའི་རླུང་སྟེ་བཅོམ་ལྡན་འདས་ཞེས་བཏགས་པ་སྟེ་དུས་ཀྱི་འཁོར་ལོའི་རླུང་ཞེས་རྒྱུད་ལས་གསུངས་པ་ལྟ་བུའོ། །གཞི་དུས་ཀྱི་དབུ་མའི་དབུས་དེ་ལམ་དུ་བྱས་པས། ཡེ་ཤེས་ཀྱི་རླུང་དུ་གྱུར་པ་ན་ལས་རླུང་རྣམས་ཡེ་ཤེས་ཀྱི་རླུང་བདག་ཉིད་ལ་ནི་ཐིམ་པར་འགྱུར་ཞིང༌། འཚོ་བ་ལས་ཀྱི་རླུང་འདིའི་རྒྱུ་བ། སྣ་སྒོ་ནས་འབྱུང་འཇུག་བྱེད་པའི་ཚོགས་རབ་ཏུ་ཞི་བར་འགྱུར་རོ། །དེ་ལྟར་རླུང་ཐིམ་པ་ལས། འོད་གསལ་རྟགས་བཅུའི་སྣང་བ་རབ་འབྱམས་ཤར་བ་ནི། མཁའ་ལ་སྐར་མ་ཤར་བ་ལྟ་བུའོ། །ཡང་ན་སྐར་མའི་སྐད་དོད། ཛྱོ་ཏི་ནི་འཇའ་འོད་ལའང་འཇུག་གོ །སྟོང་གཟུགས་ཀྱི་གཏུམ་མོ་འབར་བ་དེ་ནི་དབུ་མ་ལས་བྱུང་རང་ལུས་གང་ལུས་ལས་ཐོན་ནས་ནམ་མཁའ་གང་བའི་མུན་པ་བཅོམ་ནས་འོད་གསལ་བར་བྱེད། མ་དག་པའི་སྲིད་གསུམ་གྱི་སྣང་བ་མགོ་གནོན་པའི་ཚུལ་གྱིས་སྦྱོང་བར་བྱེད་དོ། །མུན་པ་བཅོམས་པ་ནི་འཕྲལ་དུ་མངོན་ཤེས་སྐྱེ་བ་དང༌། ཕུགས་གནས་ལུགས་རྟོགས་པའོ། །འདིས་གཙོ་བོར་རྗེས་དྲན་གྱི་སྟོང་གཟུགས་བཤད་པ་ཡིན་ཡང༌། རྣམ་པ་འདྲ་བའི་སྒོ་ནས་ཡན་ལག་དྲུག་ཀ་ལ་འབྱོར་རོ། །དེས་ན་


TNT04_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་རྟགས་བཅུ་ལ་མཉམ་པར་གཞག་པས་ནི། མ་དག་པའི་སྲིད་གསུམ་ཟིལ་གྱིས་མནན་ནས་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་བྱེད་པའོ། །དེ་ལྟར་ན་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་གཤེགས་ཤུལ་དུ་གྲུབ་ཅིང༌། གྲུབ་ཐོབ་ཀུན་གྱིས་དུ་བ་ལ་སོགས་པའི་ལམ་འདི་བསྒོམས་པ་ཡིན་ ནོ། །ལུང་འདྲེན་འདི་རྣམས་ཀྱི་དོན་གསལ་བར་བཤད་པ་ཆེར་མི་འདུག་ཅིང༌། མཆན་བུ་ཅུང་ཟད་བྲིས་པ་འདྲ་འདུག་པ་ཡང༌། བསྡུས་གྲགས་པ་དང༌། གནད་དོན་ལ་འབྱོར་པ་མ་མཐོང་ནས། འདིར་གསལ་ལ་འདུས་པར་བཤད་པ་ཡིན་མོད། རྒྱས་པར་བླ་མའི་གསུང་ལས་ཤེས་པར་བྱའོ། །ཀླུ་སྒྲུབ་ཡབ་སྲས་དགོངས་པ་ཡིན་ཚུལ་ནི་རྒྱས་པར་རིམ་ལྔའི་འགྲེལ་པར་བཤད་ཟིན་པ་ལས་ཤེས་པར་བྱ་ཞིང༌། ནག་པོའི་དགོངས་པའི་ཇི་ལྟ་བ་ཡིན་པ་ཡང༌། རྫོགས་རིམ་གཞུང་གསུམ་གྱི་འགྲེལ་པར་ཡང་བཤད་ཟིན་པ། སྤྱོད་པ་བ་ཉིད་ཀྱི་དོ་ཧའི་འགྲེལ་པ་ཞིག་བྱས་པར་ཤེས་པར་ཡང་འགྱུར་རོ། །རྟགས་བཅུ་ནི་དཀྱུས་སུ་བཤད་པ་ལྟར་དུས་འཁོར་བསྡུས་རྒྱུད་ལས་རྫོགས་པར་གསུངས། གསང་འདུས་རྒྱུད་ཕྱི་མ་ལས་གཙོ་བོར་མཚན་རྟགས་རྣམས་གསལ་བར་གསུངས་ཏེ། འགོག་པའི་རྡོ་རྗེར་བགྲོད་སེམས་ལ། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔ། །བྱང་ཆུབ་རྡོ་རྗེ་བཤད་པ་ཡིན། །དང་པོ་སྨིག་སྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མེ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་པ་འདི་དུས་འཁོར་ཕྱོགས་སུ་ལུང་དྲངས་པའི་འགྱུར་ལྟར་ཡིན་ལ། རྒྱུད་ལོ་ཆེན་གྱིས་བསྒྱུར་བ་ལས། རྣམ་པ་ཞེས་པ་རྣམས་འདྲ་བ་ཞེས་པར་ཡོད་དེ་སྨིག་སྒྱུ་འདྲ་བ་དང་པོ་སྟེ་ཞེས་སོགས་སོ། །རྣམ་པ་ཞེས་བརྗོད་ན་རྟགས་སྣང་ཁོ་ན་ལ་འབྱོར་གྱི་གཞན་ལ་མི་འབྱོར། འདྲ་བ་ཞེས་


TNT04_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན། རྟགས་སྣང་ལའང་འཇུག་མོད། རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ལའང་འབྱོར་བས། གསང་འདུས་ཀྱི་འགྲེལ་པ་རྣམས་ན། འཆད་ཚུལ་སྣ་ཚོགས་ཡོད་པ་ཀུན་ལ་སྦྱོར་བའི་དབང་དུ་མཛད་པར་སྣང༌། འོན་ཀྱང་སྐབས་འདིར་རྟགས་ཅན་གྱི་ཤེས་པ་ལ་སྦྱོར་དུ་མི་རུང་སྟེ། འདི་འཛིན་པའི་ཡན་ལག་གི་སྐབས་སུ་བཞེད་པའི་མཚན་རྟགས་ཡིན་ལ། རྟགས་ཅན་གྱི་ཤེས་པ་གནས་སྐབས་ལྔ་ཆར་ཡན་ལག་སྔ་མ་གསུམ་དུ་གྲུབ་ཟིན་པའི་ཕྱིར་རོ། །དེས་ན་འདི་རྟགས་སྣང་ཁོ་ན་ཡིན་པ་ལས། འདིར་སྨིག་སྒྱུ་དང་པོར་གསུངས་པར་དཀྲུགས་ཏེ་བཤད་པ་ཡིན་པས། དུང་དང་པོར་བྱེད་དགོས་པར་དྲི་མེད་འོད་ལས་གསུངས་པས་ངེས་པ་ཅན་ཡིན། མཚན་རྟགས་བཞི་ཡིན་ཡང་འདིར་ལྔ་བཤད་པ་ནི། འབྲོ་ལུགས་ཀྱི་བླ་མ་གོང་མ་རྣམས་མཚན་རྟགས་བཞི་དང༌། ནམ་མཁའ་སྤྲིན་མེད་ལ་རྟགས་ཅན་ཞེས་པའི་ཐ་སྙད་མཛད་ཀྱང་དོན་ལ་ལྔ་པ་ནམ་མཁའ་ལྟ་བུ་འདི། ཉིན་རྟགས་དྲུག་པོ་འཆར་བའི་གཞི་ལ་དགོངས་པ་ཡིན། གསང་འདུས་འཕགས་སྐོར་བ་རྣམས་ཀྱང༌། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །འོན་ཀྱང་འདི་ལ་དབྱེར་ཡོད་དེ། །མཚན་མོ་ཉིན་མོ་མཚམས་བདག་ཉིད། །ཞེས་ནམ་མཁའ་ལ་དབྱེ་བ་གསུམ་གྱིས་འབྱེད་པར་བྱེད་དེ་གནད་གཅིག་གོ །དེས་ན་འཆར་བའི་གཞི་ནམ་མཁའ་བཤད་པས་ཉིན་རྟགས་དྲུག་པོ་སྦས་པའི་ཚུལ་གྱིས་ཅུང་ཟད་བཤད་པའང་ཡིན་ནོ། །མཚན་ཡང་དག་པར་བརྗོད་པ་ལས། ཉིན་རྟགས་དྲུག་པོ་གསལ་བར་གསུངས་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་པོ་ཆེ་ནི་སེར་པོ་འབར་བ་སྟེ་དུས་མེའོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ་ནི་དཀར་པོ་འབར་བ་སྟེ་ཟླ་བའོ། འགྲོ་བའི་མར་མེ་ནི་དམར་པོ་འབར་བ་སྟེ་ཉི་མའོ།


TNT04_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྒྲོན་མེ་ནི་ནག་པོ་འབར་བ་སྟེ་སྒྲ་གཅན་ནོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་མཆོག་གི་ཆ་སྟེ་གློག་འགྱུ་བའོ། སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །ཞེས་པ་ནི་སྔགས་དང༌། རིག་སྔགས་ནི་ཐིག་ལེ་ཙམ་དང༌། མཆོག་དང༌། བདག་པོ་དང༌། རྒྱལ་པོའི་སྒྲས་ཐིག་ལེ་ཆེན་པོ་བསྟན། དེའི་ཤུགས་ལ་ཕལ་པ་དང༌། མངའ་འོག་དང༌། འཁོར་ཡང་ཡོད་དགོས་པས་དེ་ནི་སྣ་ཚོགས་གཟུགས་བརྙན་ནོ། །འབྲོ་བ་རྣམས་ཀྱིས་སྣ་ཚོགས་གཟུགས་བརྙན་ལ་ཡང་རྟགས་ཅན་གྱི་ཐ་སྙད་མཛད་འདུག་འདིར་རྟགས་ཞེས་བྱ་བ་ལམ་རྟགས་ཙམ་ལ་མི་གཟུང་སྟེ། གནས་ལུགས་ཀྱང་ཡིན་ལ་རྟགས་ཀྱང་ཡིན། དཔེར་ན་མཚན་མོ་རྒྱང་རིང་པོ་ནས་མཐོང་བའི་མེ་དེ་མེ་དངོས་ཀྱང་ཡིན། དེར་ཕྱིན་ན་གྲང་རེག་ས་ལ་ནུས་པ་ལ་རྟགས་ཀྱང་ཡིན་པ་བཞིན། སྟོང་གཟུགས་ཆོས་ཉིད་ཀྱི་རང་གཟུགས་དངོས་ཀྱང་ཡིན། ཆོས་ཉིད་བདེ་གཤེགས་སྙིང་པོ་གདོད་ནས་བཞུག་པའི་རྟགས་དང༌། སངས་རྒྱས་མྱུར་དུ་ཐོབ་པའི་རྟགས་ཀྱང་ཡིན་པར་ཤེས་པར་བྱའོ། །ཡེ་ཤེས་ཀྱི་ཕུང་པོ་སོགས་ཞེས་པ་ལ། ཡེ་ཤེས་ཀྱི་ཕུང་པོ་དང་ཡེ་ཤེས་ཀྱི་ཁམས། ཡིད་ཀྱི་དབང་པོ་སྒྲའི་སྐྱེ་མཆེད། མཆོག་གི་དབང་པོ་དང་དྲི་ཆུ་འདོར་བ་སྟེ་དྲུག་ཡིན། ལྷ་ཡེ་ཤེས་ཁམས་པ་དྲུག་ཚན་གཅིག་ཞེས་པ་ནི། རྡོ་རྗེ་སེམས་དཔའ། ཤེར་ཕྱིན་མ། ཀུན་ཏུ་བཟང་པོ། སྒྲ་རྡོ་རྗེ་མ། གནོད་མཛེས་དང་ཤིན་ཏུ་སྔོན་མོ་རྣམས་སོ། །སྣང་བའི་སྟེང་དུ་འོད་གསལ་འཛིན་པ་འདི་གོམས་ན། སྒེའུ་ཁུང་ནག་དང་ངེ་བ་ལྟ་བུ་དང༌། གཡབས་སོགས་ལ་བལྟས་ཏེ་དེར་སྟོང་གཟུགས་དྲངས་ནས་རིང་དུ་གོམས་པར་བྱས་ན་རིམས་པས་ཁྱིམ་གཏན་ལ་ཕེབས་པའི་མངོན་ཤེས་འབྱུང༌། སྟོང་པའི་སྒྲ་ལ་སེམས་གཏོད་པ་གོམས་ཤིང༌། སྒྲ་ཕལ་ཆེར་སྟོང་པའི་སྒྲར་འགྲོ་ན། ལྐོག་གྱུར་གྱི་དོན་འདི་ལྟ་བུ་ཞིག་རྟོགས་པར་བྱའོ། །ཞེས་འདུན་པ་བཏང་སྟེ། སྟོང་པའི་སྒྲ་ལ་སེམས་


TNT04_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བརྟད་པས། ལྐོག་གྱུར་གྱི་སྒྲ་རྣ་བར་ཚོར་བའམ། ལུང་སྟོན་པའི་རྣམ་པ་འབྱུང༌། རྣ་བའི་མངོན་ཤེས་རྗེས་མཐུན་པ་ཡིན། འདི་གཉིས་ལ་དང་པོ་ཐོག་མར་ལ་སྣང་བ་ཤར་བ་ཙམ་མ་གཏོགས་ཇི་བཞིན་ཐིངས་པ་དཀའ། འཛིན་ཞེན་དང་རྩིས་བཏབ་མི་བྱེད་པར་ཡང་ཡང་ལས་ལ་སྦྱར་བས། ཕྱིས་ངེས་པ་ཅན་ཐིངས་པར་འོང༌། བསམ་གཏན་གྱི་སྒོམ་དོན་བློ་ལ་འགོད་པའི་སྐབས་རྟོག་དཔྱོད་གཉིས་ཀྱི་ཐད་དུ་ངོ་སྤྲོད་ཐུན་མོང་བས་རྒྱས་པར་ངོ་སྤྲད་ན། སྐབས་སུ་བབ་ཅིང་ཤིན་ཏུ་ལེགས་པ་ཡིན། སོར་སྡུད་ཀྱི་འཁྲིད་ཙམ་ལས་མི་བྱེད་ཅིང༌། ངོ་སྤྲོད་དགོས་ན་སོར་སྡུད་ཀྱི་འཇུག་ཏུ་བྱེད་དགོས་མོད་ཀྱང༌། ཐོག་དགེའི་འཁྲིད་རྒྱས་པར་དཀྱུས་ཐོག་གཅིག་ལ་བྱེད་ཅིང་ངོ་སྤྲོད་དགོས་ན། བསམ་གཏན་ཡན་ལག་ལྔ་པའི་སྐབས་སུ་བྱེད་པའང་ཡན་ལག་སོ་སོ་དང་བསྟུན་ཀྱང་རུང་ངོ༌། །ཡུན་རིང་མ་བསྒོམས་པ་ལ་ངོ་སྤྲོད་མི་བྱེད་པ་ཉིད་ཐོབ་ཐང་ནི་ཡིན་ཏེ། ཉམས་མྱོང་མ་སྐྱེས་པ་ལ་ངོ་སྤྲོད་པར་མི་འོས་པའི་ཕྱིར་རོ། །ཡང་སྙིང་པོ་བསྡུས་ན་བསམ་གཏན་གྱི་རྟོག་པའི་ཡན་ལག་ཙམ་རྒྱུད་ལ་སྐྱེས་ན་ནི། བསྒོམས་པའི་ཉམས་མྱོང་གི་སྟོབས་ལས། སྟོང་གཟུགས་རང་སེམས་སུ་རྟོགས་པ་ཡིན་ལ། སོར་སྡུད་ཀྱི་ཉམས་མྱོང་ལ་དེ་ལྟར་རྟོག་པ་རང་མིན་ཡང༌། སྟོང་གཟུགས་མཐོང་བའི་ཉམས་མྱོང་ལས་བརྩམས་ཏེ། ལུང་རིག་གི་སྒྲུབ་བྱེད་ལ་མ་ལྟོས་པར། མྱོང་བའི་སྟོབས་ལས་སྟོང་གཟུགས་རང་སེམས་ལས་གཞན་དུ་མེད་པར་ངེས་ཤེས་འདྲེན་ནུས་པ་ཡིན་ཏེ། དེ་ཙམ་ན་དེ་ཁོ་ན་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་སྤྲོད་གཉིས་ཀ་བྱར་བཏུབ་ བོ། །སྔོན་འགྲོ་བལྟོས་མེད་བཞི་ལྡན་ཡུན་རིང་དུ་བསྒོམས་ན། དངོས་གཞིའི་འཁྲིད་ལ་མ་སླེབ་ཀྱང༌། སྔོན་འགྲོའི་ཉམས་མྱོང་ལ་སྟོང་ཕྱོགས་ཀྱི་ངོ་སྤྲོད་རྣལ་མ་འདེབས་ཐུབ། སྐབས་དེར་མ་ངེས་པའི་རྟགས་སྣང་


TNT04_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་འབྱུང་བས། སྣང་ཕྱོགས་ཀྱི་ངོ་སྤྲོད་ཀྱང་རྗེས་མཐུན་རགས་པ་ཐུབ་པ་ཞིག་འབྱུང་མོད། ཕྱིས་ཀྱི་ཕྱག་ལེན་ལ་དབེན་གསུམ་ཡུན་རིང་མི་སྐྱོང་བར། དངོས་གཞི་ལ་འཕྲལ་དུ་འཇུག་པའི་ཕྱིར། སྐབས་དེར་ངོ་སྤྲོད་པར་མི་མཛད་དོ། །དེ་ཡང་ད་ལྟའི་སྣང་བ་རགས་པ་འདི་སེམས་སྣང་ཡིན། བདེན་མེད་སྒྱུ་མ་ལྟ་བུ་ཡིན། གཞི་མེད་རྩ་བྲལ་ཡིན། བདེ་གཤེགས་སྙིང་པོ་གདོད་ནས་ལྷུན་གྲུབ་ཡིན། བྱ་བ་འདི་ལུང་དང་རིག་པའི་སྒོ་ནས་ངེས་པ་རྙེད་ནུས་ཀྱང༌། སྒོམ་རྣམ་དག་མ་སྐྱེས་ཀྱི་བར་དུ་མྱོང་སྟོབས་ཀྱིས་ངེས་པ་འདྲེན་མི་ཐུབ། སྟོང་གཟུགས་ཀྱི་སྟོབས་ཀྱིས་མྱོང་སྟོབས་ངོ་སྤྲོད་ན། སྣང་བ་རགས་པ་འདི་ལའང་དེ་ལྟར་མྱོང་སྟོབས་ཀྱིས་ངེས་ཤེས་གཏིང་ནས་སྐྱེ་ཐུབ་པ་ཡིན་ནོ། །དེ་ཡང་སློབ་མ་གཅིག་ལ་ཐིག་ལེ་སྔོན་པོ་ལུ་གུ་བརྒྱུད་ཡང་ཡང་འཆར་བ་ལྟ་བུ་ཞིག་ཡོད་ན། འདི་སྐད་ཅེས་བྱ་སྟེ། ཁྱེད་ལ་ཐིག་ལེའི་སྣང་བ་ཤར་འདུགདེ་གཟུགས་མ་ཡིན། མིག་གིས་མཐོང་བ་མ་ཡིན། མིག་གིས་བལྟ་སར་མི་ཡོང་བའི་ལྟག་པའི་ཕྱོགས་སུ་ཡང་རེས་འགའ་ཡོང་གིན་འདུག་པ། ཡང་དེ་ལ་ཐལ་མོས་བཀབ་ནས་ཀྱང་ལྟོས་ཤིག དེས་སྒྲིབ་ཀྱང་མི་ཐུབ། ཐལ་མོས་རྒྱབ་སྐོར་ནས་ཚུར་ཡོང་བའང་མིན། དེས་ན་ཐིག་ལེ་དེ་ཕྱི་ན་འདུག་པར་མཐོང་ཡང་ཕྱི་ན་མེད། དེ་རང་གི་ལུས་ཀྱང་མིན། གཞི་གང་ཡང་མ་ཡིན་པས་སེམས་ཁོ་ནར་འདུག་པ། སེམས་གནས་ཙམ་ཐིག་ལེའི་གཟུགས་དེ་གསལ་བ། མང་བ། བརྟན་པ་གཅིག་གདའ། སེམས་མི་གནས་པའི་སྐབས་དེ་ལས་གོ་ལོག །དེས་ན་སེམས་ཀ་སྟོང་གཟུགས་ཡིན། སྟོང་གཟུགས་ཀ་སེམས་ཡིན་པའི་རྟགས་འདི་ཀ་ཡིན། སེམས་མི་གནས་ན་སེམས་ཀྱི་རང་གཟུགས་མི་མཐོང༌། གནས་ན་རང་གཟུགས་མཐོང་བའི་རྒྱུ་མཚན་གྱིས་དེ་ལྟར་བྱུང་བ་ཡིན། དེས་ན་སྟོང་གཟུགས་འདི་སེམས་ལ་གཞན་ཕྱི་རོལ་དུ་གྲུབ་པ་མེད་དོ། །


TNT04_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གཟུགས་འདི་འདི་ལྟར་གསལ་བ་བརྟན་པ་ཞིག་ལ། ཕྱི་རོལ་ཏུ་མ་གྲུབ་སེམས་ལས་གཞན་དུ་མེད་པ་བཞིན་དུ། ད་ལྟའི་ལས་སྣང་རགས་པ་འདི་ཐམས་ཅད་ཀྱང༌། གསལ་བར་སྣང་ཞིང་བརྟན་བརྟན་འདྲ་མོད་ཀྱང༌། སེམས་ལས་གཞན་དུ་ཅུང་ཟད་ཀྱང་མ་གྲུབ། ཕྱི་ན་ཡོད་པར་སྣང་བ་ཙམ་གྱིས་ཕྱི་རོལ་ཏུ་གྲུབ་པར་མི་འགྲོ་སྟེ། ད་ལྟར་མཐོང་བའི་སྟོང་གཟུགས་ཐིག་ལེ་དང་འདྲ། ཡང་གསལ་གསལ་འདྲ། བརྟན་བརྟན་འདྲ་བས་ཀྱང་ཕྱི་དོན་ཡིན་པར་མི་འགྲོ་སྟེ། ཁྱེད་རང་གིས་མཐོང་བའི་ཐིག་ལེའི་གཟུགས་བཞིན། ཡང་གཉིད་འཐུག་པོ་ལོག་པ་ལྟ་བུ་མིག་ཤེས་འགགས་ཙ་ན། གཟུགས་ཀྱང་འགགས་ཏེ་མི་འདུག ཡང་གཉིད་སད་དེ་མིག་ཤེས་སྐྱེས་ཙ་ན་གཟུགས་འདུག དེས་ན་ད་ལྟའི་གཟུགས་སྣང་འདི་མིག་ཤེས་ལས་གཞན་དུ་མེད། དོན་དུ་མ་གྲུབ་ཤེས་པའི་སྣང་བ་ཙམ་ཡིན། དཔེ་སེམས་གནས་མི་གནས་ལ་སྟོང་གཟུགས་འཆར་མི་འཆར་དང་འདྲ་བ་ལགས། ཡང་མི་གཅིག་གཉིད་ལ་སོང་བ་ན། ཁོ་རས་གཟུགས་མ་མཐོང་བ་ཡིན་གྱི་གཟུགས་འགགས་པ་མ་ཡིན་ཏེ། ཁོ་གཉིད་ལ་སོང་པའི་སྐབས་མི་གཞན་གྱིས་མཐོང་པའི་ཕྱིར་སྙམ་ན། དེ་གནད་མ་གོ་བ་ཡིན། དཔེར་ན་ཁྱེད་རང་གཉིད་ལ་སོང་སྐབས། ཁྱེད་རང་གི་གྲོགས་མཆེད་ཀྱིས་ཁང་པ་དང༌། ཡོ་བྱད་མཐོང་བ་དེ་ཀ་གྲོགས་མཆེད་ཁོ་ལ་མིག་ཤེས་ཡོད་པས་བྱུང་བ་ཡིན། ཡང་གཉིས་ཀར་གཉིད་དུ་སོང་སྐབས་གཞན་ཞིག་གིས་མཐོང་པ་ཡང་དེ་དང་འདྲ། དེ་བཞིན་དུ་ཐུག་མེད་དུ་སྦྱར་ཏེ། ཇི་ཙམ་དུ་མིག་ཤེས་ཡོད་པ་ལ་གཟུགས་ཡོད། མེད་པ་ལ་མེད་པས་གཟུགས་སྣང་སེམས་སུ་ཐག་ཆོད། སྒྲ་སོགས་ལྔ་ལའང་དེ་བཞིན་དུ་སྦྱར། དེ་ལྟར་སྟོང་གཟུགས་དང༌། རིག་ཐོག་གཉིས་པོ་ལྷན་ཅིག་ཏུ་ངོ་སྤྲད་དོ། །དེ་ནས་སོ་སོར་ཕྱེ་སྟེ། ཤེས་རིག་འདི་ཡང་ངོ་


TNT04_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བོས་གྲུབ་རྒྱུ་མི་འདུག་སྟེ། རྣམ་རྟོག་འདི་ནི་ཡད་ཡུད་ཙམ་ལས་རྟག་ཐུབ་པ་མི་འདུག སྔ་མ་འགགས་ནས་ཕྱི་མ་སྐྱེ་བ་མ་གཏོགས། མུ་འབྲེལ་འབྲེལ་པ་རྒྱུན་ཆགས་ཆགས་པ་ཞིག་ཀྱང་མི་འདུགསྐྱེ་བཞིན་པ་ལ་འཇིག་བཞིན་པ་མ་གཏོགས་གནས་རྒྱུ་གཅིག་ཀྱང་མི་འདུགལེགས་པར་བརྟགས་དུས་འོད་དམ་མདངས་འགྱུར་བ་འདྲ་བ་ཞིག་མ་གཏོགས། འདི་ལྟར་ཡོད་ཅེས་བྱ་བ་གཅིག་ཀྱང་མི་འདུག་སྟེ། དེས་ན་རྣམ་རྟོག་འདི་འཁྲུལ་སྣང་མ་གཏོགས་དངོས་གནས་ལ་གྲུབ་རྒྱུ་མི་འདུག དེ་བཞིན་དུ་གཟུགས་སྒྲ་དྲི་རོ་རེག་བྱ་འཛིན་པའི་ཤེས་པ་ཐམས་ཅད་ལའང་འདོན་པ་སྤོས་ཏེ་ངོ་བོས་གྲུབ་རྒྱུ་མི་འདུག་གོ །ཡང་ཕྱི་སྣང་བ་དང༌། ནང་རྣམ་རྟོག་གཉིས་ཆར་ལ་མ་རེག་པའི་རིག་པ་གསལ་རིག་ཙམ་འདི་ཡང༌། རྟག་ཏུ་རྒྱུན་མ་ཆད་པ་ལྟར་སྣང་མོད་ཀྱི། ལེགས་པར་བརྟགས་ན་རྟེན་དང་གནས་གང་ལའང་མ་བརྟེན་པར་འདུག སྐད་ཅིག་གིས་སྐྱེ་འཇིག་གནས་གསུམ་དུ་སྣང་ཡང༌། མདངས་འགྱུར་བ་ཙམ་མིན་པ། སྐྱེ་གནས་འཇིག་གསུམ་ལ་ངོས་བཟུང་རྒྱུ་མི་འདུགངོ་བོ་འདི་ལྟར་གྲུབ་ཅིག་ཀྱང་མི་འདུག་པས། མ་བརྟགས་ཙ་ན་སེམས་འདི་ང་ཡིན་སྙམ། གསལ་ཞིང་རིག་ཀྱང་ངོས་བཟུང་གཅིག་ཀྱང་མི་འདུག་པས། སེམས་དེ་ཡང་གཞི་མེད་རྩ་བྲལ་ཡིན། རང་གཞན་སྣོད་བཅུད་འཁོར་བའི་རྣམ་པ་འདི་ཐམས་ཅད། གདོད་མ་ནས་ཡོད་མ་མྱོང་ངོ༌། །སྒོམ་ཆེན་པ་བྱིངས་དེ་ཆོས་སྐུ་ཡིན་ལྷན་སྐྱེས་ཡིན་སེམས་ལྷན་ཅིག་སྐྱེས་པ་ཟེར་བ་དེ་ཡང་འདི་ཁོ་ན་ཡིན། འདིའི་འཚང་རིག་པ་ན་སངས་རྒྱས་ལ་ཉིན་ཁུགས་བཏང་ཞེས་ཁ་ཕོ་འདོན། རང་ལུགས་ལ་དེ་ཙམ་གྱིས་མཐར་ཐུག་རང་དུ་མ་སླེབ་སྟེ། རེ་ཞིག་གནས་ལུགས་རྟོགས་པའི་རྣམ་གྲངས་གཅིག་ཏུ་འཇོག་ཀྱང་འཇོག་པ་ལགས། འདི་སྟོང་ཕྱོགས་ཀྱི་ངོ་སྤྲོད་ཡིན། སྣང་བ་


TNT04_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྟོང་པར་ངོ་སྤྲད་པས། སྟོང་པའི་རྩལ་སྣང་བ་མ་འགགས་པའི་རྟེན་འབྲེལ་ཅིར་ཡང་འཆར་བ་དེ་ཤུགས་ལ་འབྱུང་བས་རྒྱས་བཤད་མི་དགོས། དེ་ལ་སྣང་སྟོང་ཟུང་འཇུག་དང༌། སྟོང་ཉིད་དང་རྟེན་འབྲེལ་ཟུང་འཇུག་དང་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པ་སོགས་སྒོམ་ཆེན་སོ་སོའི་མིང་དུ་མ་འདོགས་ཏེ། དོན་ལ་སྒྱུ་མ་ལྟ་བུར་འདུས། གནས་སྐབས་ཀྱི་སྒོམ་བཟང་ཡང་བཟང་སྟེ། རང་ལུགས་ཀུན་རྫོབ་བདེན་པ་ལ་བལྟོས་པའི་ཟུང་འཇུག་ཡིན། དེ་རྣམས་ཐུན་མོང་བ་ཡིན། ཀུན་རྫོབ་ཀྱི་རྟེན་འབྲེལ་དང༌། སྣང་བའི་བཤད་པ་མང་ཡང་སྟོང་ཕྱོགས་སུ་འདུས་ཏེ་སྟོང་པ་གཙོ་བོ་ཡིན་པའི་ཕྱིར་རོ། །འོ་ན་རང་རེ་རྣམས་ཆོས་ལ་འབད་པ་ནི་གང་ལ་དམིགས་པ་ཡིན། གཞན་དེ་དག་ནི་གང་ཡང་མ་དམིགས་ན། གནས་ལུགས་ལ་སུ་ཞིག་ཡོད་སྙམ་ན། ཡོད་ངོས་ཤེས་པ་མཁའ་ཁྱབ་ཀྱི་ཆོས་སྐུ་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་ཡིན། དེ་ལ་དམིགས་ནས་ཆོས་བྱེད་པ་ཡིན། ཆོས་སྐུ་དེ་ཁོ་ཤེས་བྱ་ལ་སྲིད་ཚད་ཀྱི་གནས་ལུགས་ཡིན། ཡོད་ངེས་ཤེས་པའི་སྡོད་ལུགས་ཡིན། དཔེར་ན་བུམ་པར་སྣང་བ་ན་བུམ་པ་མེད་བུམ་སྣང་འཁྲུལ་བ་ཡིན། དེའི་ཤུལ་ན་ཕལ་བས་མི་མཐོང་བའི་ཆོས་སྐུ་ཡོད། དེ་ཀ་བུམ་པའི་གནས་ལུགས་ཡིན། སྡོད་ལུགས་ཡིན། རང་བཞིན་ཡིན། རང་གཟུགས་ཡིན། དེ་ཀ་དང་འདྲ་བར་ཁྱེད་རང་ལུས་ངག་ཡིད་གསུམ་འདུས་པའི་གང་ཟག་གཅིག་ཏུ་ཁྱེད་རང་ལ་ཡང་སྣང༌། གཞན་འགས་ཀྱང་མཐོང་གིན་འདུག་སྟེ། འཁྲུལ་སྣང་ཡིན། སྣང་ལུགས་ཡིན་གྱི་གནས་ལུགས་མིན། ལུས་ངག་ཡིད་གསུམ་འདུས་པའི་གང་ཟག་དེ་འདྲ་ཡོད་མ་མྱོང་གདོད་ནས་མ་གྲུབ། ཁྱེད་རང་མི་གཅིག་ཏུ་སྣང་གིན་འདུག་སྟེ་སྣང་བཞིན་པའི་དུས་ན། གནས་ལུགས་ལ་མི་མེད། འཁྲུལ་ལུགས་ལ་མི་ཡོད་པར་སྣང༌། མིར་སྣང་བ་དེའི་ཐད་ན།


TNT04_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕལ་བས་ཀྱང་མི་མཐོང༌། ཁྱེད་རང་གིས་ཀྱང་མ་རིག་པའི་སངས་རྒྱས་ཆོས་སྐུ་མཁའ་ཁྱབ་དེ་བཞུགས། དེ་ཁྱེད་རང་གི་གནས་ལུགས་ཡིན། སྡོད་ལུགས་ཡིན། རང་བཞིན་ཡིན། རང་གཟུགས་ཡིན། དཔེར་ན་ཤིང་འབྲས་ཀྱི་ཁོག་ན་ཚིག་གུ་ཡོད་ཀྱང་མི་མཐོང་བས་སྙིང་པོ་ཟེར་བ་དང་འདྲ་བར། ཀུན་ཁྱབ་ཀྱི་ཆོས་ཉིད་དེ་བདེ་གཤེགས་ཡིན། དེ་ཡོད་ཀྱང་མ་མཐོང་བས་སྙིང་པོ་ཡིན། དེས་ན་ཁྱོད་ལ་བདེ་གཤེགས་སྙིང་པོ་ཡོད། ཁྱེད་རང་བདེ་གཤེགས་སྙིང་པོ་ཅན་ཡིན། དེ་ཡང་ཇི་ལྟར་ཡིན་ན་ཁྱེད་རང་ལ་སྣང་བའི་སྣོད་བཅུད་ཐམས་ཅད་དང༌། ཁྱེད་རང་གི་ལུས་ངག་ལོངས་སྤྱོད་ཐམས་ཅད་ཁྱེད་རང་གི་ཤེས་པའི་སྣང་བ་ཡིན་པར་འདུག་པ། དེ་ཐམས་ཅད་རང་གི་ཤེས་པར་འདུས། ཤེས་པ་ལས་གཞན་དུ་མེད། ཤེས་པ་རྣམ་ཤེས་དང༌། རྣམ་རྟོག་སྣ་ཚོགས་འདི་ཡང་སེམས་གསལ་རིག་ཙམ་འདིའི་མདངས་ལས་གཞན་དུ་མེད། ཆུ་ལ་གཟུགས་བརྙན་ཤར་བ་དང་འདྲ། ཤེས་པ་གསལ་རིག་ཙམ་འདི། ཀུན་གཞི་རྣམ་ཤེས་ཡིན། གཞོམ་དུ་མེད་པའི་མ་རིག་པ་ཞེས་བླ་མ་སྔ་རབས་པ་རྣམས་ཐ་སྙད་འདོགས། འཛག་བདེའི་བག་ཆགས་ཀྱི་ངོ་བོར་གནས། ཁ་ནང་ལོག་གིས་བལྟ་ཤེས་ན། འདི་ད་ལྟ་བླུན་པོ་ཚུན་ཆོད་ཀྱིས་ཀྱང་མྱོང་བས་གྲུབ་པ་ཡིན། མཐོང་བ་ཡིན། རང་རིག་ཀུན་རྫོབ་པ་ཡིན། འདི་ཡང་སྣང་ཚུལ་ཡིན་ཏེ་གནས་ཚུལ་མ་ཡིན། རྒྱུན་ཆགས་པའི་རིག་པ་རྗེན་ནེ་བཞིན་སྣང་སྟེ། སྣང་བ་ལྟར་མ་གྲུབ་འཁྲུལ་སྣང་ཡིན། འདི་གང་ན་ཡོད་པའི་ས་དེ་ཀ་ན། ཆོས་དབྱིངས་ཀུན་ཁྱབ་ཀྱི་སངས་རྒྱས་དེ་ཡོད། དེ་སེམས་འདིའི་གནས་ལུགས་ཡིན། སྡོད་ལུགས་ཡིན། རང་བཞིན་ཡིན། རང་གཟུགས་ཡིན། ད་ལྟའི་སེམས་འདི་སེམས་ཀྱི་རང་བཞིན་མ་ཡིན། གནས་ལུགས་མ་ཡིན། སེམས་འདིའི་


TNT04_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གནས་ལུགས་བདེ་གཤེགས་སྙིང་པོ་དེ་ཡིན། འདི་རྫོགས་པའི་སངས་རྒྱས་ཀྱིས་ཇི་ལྟ་བ་རང་དེ་མཁྱེན། བྱང་སེམས་ས་བཅུ་པ་པས་གསལ་བར་མཐོང༌། བརྒྱད་པ་དགུ་པ་གཉིས་ཀྱི་འོལ་སྤྱི་ཙམ་མཐོང༌། མ་དག་ས་བདུན་ལ་གནས་པས་ཟུར་ཙམ་མཐོང༌། ཉན་རང་འཕགས་པ་དང༌། གསང་སྔགས་ཀྱི་ཐབས་ཟབ་མེད་ན་བྱང་སེམས་སོ་སྐྱེ་རྣམས་ཀྱིས་དད་པས་རྟོགས་བྱ་ཡིན་གྱི་དངོས་སུ་མཐོང་བ་མེད། སོ་སོ་སྐྱེ་བོ་ཕལ་པ་རྣམས་ཀྱིས་དད་པས་ཀྱང་མི་རྟོགས་ཏེ། པཎྜི་ཏ་མཁས་མཁས་པོ་སངས་རྒྱས་སྐྱངས་དང༌། ལེགས་ལྡན་འབྱེད་དང༌། ཟླ་བ་གྲགས་པ་དང༌། ཡེ་ཤེས་སྙིང་པོ་དང༌། ཀཱ་མ་ལ་ཤཱི་ལ་ལ་སོགས་པ་ལ་ཡང༌། ཆོས་འདི་དད་པས་རྟོགས་པའི་བསོད་ནམས་མེད་ན། བོད་སྟོན་དང་བོད་སྒོམ་ཟ་ཐང་དང་གྲགས་པ་ཆེ་ཚད་ཡོད་ཅིང༌། ནག་ཕྱོགས་ཀྱི་གདོན་གྱིས་འཕྲིན་ལས་སྒྲུབ་པ་རྣམས་ལ། ཆོས་འདིར་མོས་པ་སྐྱེ་བ་ལྟ་ཅི་དགོས། གེ་བར་ཡང་ག་ལ་འགྱུར་ཞིང༌། ཐ་ན་ཐོས་པའི་བསོད་ནམས་ཀྱང་ཡོད་རེ་རྐན། དེ་བས་ན་ཁྱོད་རང་འདི་ཐོས་པས་ལེགས། གོ་ཞིང་མོས་ན་ཨ་ཅང་ཆེ། གསང་སྔགས་ཟབ་མོ་ཐབས་ཀྱི་ཆེ་བ་ཡིན་པས། སོ་སོ་སྐྱེ་བོ་ལས་དང་པོ་པས་ཀྱང་ཕྱོགས་ཙམ་མཐོང་བ་ཡིན། ཁྱེད་རང་གིས་མཐོང་བའི་ཐིག་ལེ་ལུ་གུ་བརྒྱུད་འདི་ཀ་བདེ་གཤེགས་སྙིང་པོའི་རང་འོད་ཡིན་པར་གདོན་མི་ཟ། དེ་མ་ཟད་བདེ་གཤེགས་སྙིང་པོ་རང་ཡང་ཡིན། དེའི་རྒྱུ་མཚན་སྙིང་པོ་དེ་སྟོང་ཕྱང་ཕྱང་ཅིག་མེད། མུན་ཐོམ་ཐོམ་ཅིག་མེད། ཅི་མེད་ཅང་མེད་ཞིག་མིད། རིལ་རིལ་གོང་གོང་དུ་མེད། སྤྲོས་བྲལ་རྣམ་པ་ཐམས་ཅད་དུ་འཆར་བ། །ཀུན་ལ་ཁྱབ་པ་ཕྱོགས་ཆ་ཉེ་རིང་མེད་པ་ཞིག་ལགས། སྤྲོས་བྲལ་རྣམ་པ་ཐམས་ཅད་པ་བྱས་ཙ་ན། ད་ལྟའི་སེམས་ངོས་བཟུང་མེད་པ་ལ། ལས་སྣང་ཐ་མལ་


TNT04_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྣ་ཚོགས་འཆར་བ་འདི་ཀ་ཡིན་ནམ་མནོ་བ་ཞིག་ཁྱེད་རང་ལ་ཡང་ཡོད་སྲིད། མི་གཞན་རྣམས་ཀྱང་ཨེ་ཟེར་ལྟོས། ཕལ་ཆེར་ཟེར་ཡང་ཟེར། དེ་སྐད་དུ་ཟེར་ཡང༌། ཅལ་ཅོལ་འབའ་ཞིག་ཡིན། འདོད་ཆགས་སྐྱེས་ཙ་ན་ཞེ་སྡང་མེད། ཞེ་སྡང་སྐྱེས་ཙ་ན་འདོད་ཆགས་མེད། རྟ་མཐོང་ཙ་ན་བ་གླང་མེད། བ་གླང་མཐོང་ཙ་ན་རྟ་མེད། གཏམ་སྙན་ཐོས་ཙ་ན་ཡི་མུག་མི་སྐྱེ། གཏམ་ངན་ཐོས་ཙ་ན་དགའ་བ་མི་སྐྱེ། བསྡད་ན་མི་འགྲོ། འགྲོ་ན་མི་སྡོད། དེ་ཀ་རྒྱར་ཆད་ཕྱོགས་སུ་ལྷུངས། རྣམ་པ་ཐམས་ཅད་པ་ག་རེ། མཐོང་ཐོས་བྱ་བྱེད་རྟོག་པའི་རྗེས་འབྲངས་ཅན་དེ་ལ་ཀ་སྤྲོས་པ་ཟེར་བ་ཡིན། སྤྲོས་མེད་ག་རེ། ལས་སྣང་འཁྲུལ་པ་འདི་ལ་སྤྲོས་བྲལ་རྣམ་པ་ཐམས་ཅད་པ་ཡིན་དུ་རེ་བ་འདི་རྣམས་ཁྱི་ལུད་ལ་གསེར་དུ་མཐོང་བ་ཨ་རེ་འཁྲུལ། འོ་སྤྲོས་བྲལ་རྣམ་པ་ཐམས་ཅད་པ་བྱ་བ། མ་དག་ལས་སྣང་འཁྲུལ་པ་འདི་དག་ཅི་ཡང་མེད་པའི་ཤུལ་ན། རང་རིག་རང་གསལ་དོན་དམ་གནས་ལུགས་ཤིག་ཡོད། དེ་ཀ་ལ་སྤྲོས་བྲལ་ཟེར། དེ་ཉིད་ཀ་འཁོར་འདས་ཐམས་ཅད་ཀྱི་རྣམ་པར་གདོད་ནས་རྟག་ཏུ་ཤར་ཤར་བ་འགྱུར་མེད་ཅིག་ལ་རྣམ་པ་ཐམས་ཅད་པ་ཟེར། དམ་ཚིག་གིས་རང་ཏ་མཚོན་དུ་མེད་དེ། དེ་སྐད་སྨྲས་པས། སེམས་ལ་འཆར་ལུགས་མ་ནོར་བ་ཞིག་ཡོད། དཔེར་ན་ནོར་བུ་རིན་པོ་ཆེ་ས་འཇིམ་གྱིས་གོས་པ་ཞིག །ཕྱོགས་གཅིག་ནས་དྲད་ན། དང་པོར་ཁབ་རྩེའི་ཁྱོན་ཙམ་ནོར་བུ་མཐོང་ཡོང། ཁབ་རྩེ་ཙམ་འོད་ཙེ་རེ་མཐོང་བ་དེ་ཀ་ནོར་བུ་ཡིན། དཔེ་དེ་བཞིན་དུ་བདེ་གཤེགས་སྙིང་པོ་དེ། བདེ་སྟོང་ཟུང་འཇུག་ཅེས་བྱ་བ་མི་འགྱུར་བའི་བདེ་བ་ཡང་ཡིན། རྣམ་ཀུན་མཆོག་ལྡན་ཡང་ཡིན། དེ་ནོར་བུ་བཻཌཱུརྱ་དང་འདྲ། སྒྲིབ་པའི་རྩ་བ་འཛག་བདེའི་བག་ཆགས་དང་ལས་རླུང་ཡིན། ནོར་བུ་དེ་ས་འདམ་སྐམ་པོས་གཡོགས་ཏེ་ཅི་ཡང་མི་མཐོང་བ་དང་འདྲ། བྱེད་བཅིངས་


TNT04_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་ནས་མི་གཡོ་བ་གསུམ་ལྡན་བསྒོམས། དེས་ལས་རླུང་ཅུང་ཟད་ཅིག་འགགས། ཐིག་ལེ་ཅུང་ཟད་ཅིག་བསྟན་ཡོད། དེ་ཕྱི་གཡོགས་ཀྱི་ས་དེ་ཕྱོགས་གཅིག་ནས་དྲད་པ་དང་འདྲ། སྙིང་པོ་སྟེ་རྣམ་པ་ཐམས་ཅད་པ་ཡིན་ཡང༌། རྣམ་པ་གཞན་རྣམས་མ་མཐོང༌། ཐིག་ལེ་ལུ་གུ་བརྒྱུད་ཀྱི་རྣམ་པ་དེ་ཁྱེད་ཀྱིས་མཐོང་བར་གདའ། དཔེས་འདམ་དྲད་པས་ནོར་བུ་ཁབ་རྩེ་ཙམ་མཐོང་བ་དང་འདྲའོ། །དེས་ན་ཐིག་ལེ་ལུ་གུ་བརྒྱུད་མཐོང་བ་འདི། བདེ་གཤེགས་སྙིང་པོ་མཐོང་བ་ཡིན་པའི་རྒྱུ་མཚན་དེ་ལགས། འོ་ན་སྔར་སྟོང་གཟུགས་རྣམ་ཤེས་སུ་གཏན་ལ་ཕབ་པ་དང་འགལ་སྙམ་ན་མི་འགལ་ཏེ། སྤྱིར་རྣམ་ཤེས་ཡེ་ཤེས་གཉིས་གསེར་དང་གསེར་གྱི་གཡའ་ལྟ་བུ་ཡིན་པས། གོ་ས་ཐ་དད་ན་མེད། གསེར་རྙེད་ན་གཡའ་རྙེད། གསེར་ལ་རེག་ན་གཡའ་ལ་རེག གསེར་མཐོང་ན་གཡའ་ཡང་མཐོང་བ་བཞིན་ཡིན་པས། བདེ་གཤེགས་སྙིང་པོའི་སྣང་བ་ཡིན་པ་དང༌། རྣམ་ཤེས་ཀྱི་སྣང་བ་ཡིན་པའང་མི་འགལ། བློན་པོའི་གཡོག་དེ་རྒྱལ་པོའི་གཡོག་ཀྱང་ཡིན་པ་བཞིན་ནོ། །འོན་ཀྱང་སྐབས་འདིར་གསེར་ས་འོག་ན་ཡོད་ན་འོད་ས་སྟེང་ཟེར་བ་བཞིན་དང༌། ཉི་མའི་འོད་མེ་ལོང་དང་ཆུ་ལ་བརྡར་ནས་འོང་ན། མེ་ལོང་གི་འོད་དང་ཆུའི་འོད་ཀྱིས་མུན་ནག་བསལ་ཟེར་ཡང༌། དོན་ལ་ཉི་འོད་གཅིག་དེ་དག་ལ་བརྡར་ནས་འོངས་པས་མུན་ནག་བསལ་བ་ཡིན་པ་དང༌། མུན་ནག་ཏུ་མར་མེ་སྦར། དེ་ལ་འོད་སྐོང་ངམ་སྦྲང་སྐྱབས་ཡོད་ལ། འོད་སྐོང་གི་ཕྱི་རོལ་ཏུ་གཟུགས་སྣ་ཚོགས་མཐོང་བའི་སྣང་བ་འབྱུང་བ་དེ་སྣང་བ་སྟེ་དངོས་སུ་འོད་སྐོང་ལས་བྱུང་ཡང༌། གདོད་ནས་མར་མེའི་སྣང་བ་ཡིན་པས་མར་མེའི་སྣང་བ་དང༌། འོད་སྐོང་གི་སྣང་བའི་དབྱེ་བ་མེད། དཔེ་དེ་བཞིན་དུ་སྒྲིབ་པ་ཐམས་ཅད་ལས་གཏན་ནས་མ་གྲོལ་གྱི་བར་དུ། ཡེ་ཤེས་ཀྱི་


TNT04_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དང་རྣམ་ཤེས་འདྲེ་བ་ཡིན་པས། ད་ལྟར་ཐིག་ལེ་ལུ་གུ་བརྒྱུད་ཁོ་ན་མ་གཏོགས་གཞན་མི་སྣང་བས། ཁྱེད་རང་གི་སྣང་བ་ལ་རྒྱར་ཆད་ཕྱོགས་ལྷུངས་སུ་སྣང༌། མི་འགྱུར་བའི་བདེ་བ་མཁའ་ཁྱབ་ཡིན་ཡང༌། ད་ལྟ་མཉམ་བཞག་ཙམ་གྱི་བདེ་བ་ཕྲ་མོ་ཞིག་ལས་གཞན་ཉམས་སུ་མ་མྱོང་བ་ལ། བདེ་བ་ཆུང་ངུ་དང་སྣང་བ་ཕྱོགས་གཅིག་པའི་ཆ་ནས་རྣམ་ཤེས་ཀྱི་སྣང་བ་ཡིན། ཐིག་ལེར་མཐོང་བ་ཙམ་དང། བདེ་བ་ཙམ་གྱི་ཕྱོགས་ནས་བདེ་གཤེགས་སྙིང་པོ་མཐོང་བ་ཡིན། དེ་ཡང་དར་ལའམ་གསེང་གི་མིག་ནས་འོད་རྒྱུགས་པ་ལྟ་བུ་ཡིན་པས། བདེ་གཤེགས་སྙིང་པོའི་རང་འོད་ཡིན་པར་ཡང་འཐད་དོ། །ཡང་ཐ་མལ་གྱི་སྣང་བ་འདི་ལས་རླུང་གི་ནུས་པ་ལས་མཐོང་བ་ཡིན། འཛག་བདེའི་བག་ཆགས་སེམས་ཀུན་གཞི་རྣམ་ཤེས་དང་འདྲེན་པས་ཉོན་མོངས་དང་རྣམ་རྟོག་སྐྱེ་བ་ཡིན། བྱེད་བཅིངས་དང་ལྡན་པའི་མི་གཡོ་བ་གསུམ་ལྡན་གྱིས། ལས་རླུང་ཅུང་ཟད་འགགས་པས་མ་དག་ལས་སྣང་གི་ཆ་ཤས་ཅུང་ཟད་དགསྙིང་པོའི་མདངས་ཀྱི་ཆ་ཤས་འོད་གསལ་རྟགས་སྣང་ཅུང་ཟད་ཅིག་ཤར། ཤར་བས་ཐིག་ལེ་ཅུང་ཟད་ཅིག་བསྟན་ཏེ། བདེ་བ་ཅུང་ཟད་སྐྱེས་པ་དེའི་འཛག་བདེའི་བག་ཆགས་ཅུང་ཟད་ཅིག་འཇོམས་པ་ཡིན། རྣམ་པ་ཐམས་ཅད་པ་ལ་ལས་རླུང་གིས་སྒྲིབ། མི་འགྱུར་བདེ་བ་ལ་འཛག་བདེས་སྒྲིབ་པ་ཡིན། བྱེད་བཅིངས་ཀྱི་རླུང་འགག ནམ་མཁའི་རྣལ་འབྱོར་གྱིས་འཛག་བདེ་འཇོམས། དེ་གཉིས་འཛོམ་པས་སྣང་སེམས་གཟུང་འཛིན་ཐ་དད་དུ་སྣང་བའི་གཉེན་པོ་བྱེད། ཡང་ལས་སྣང་སེམས་སུ་གཏན་ལ་ཕེབས་པས་ལས་རླུང་གི་གཉེན་པོ་བྱེད། སེམས་སྟོང་པར་གཏན་ལ་ཕེབས་པས་འགྱུར་བདེའི་བག་ཆགས་ཀྱི་གཉེན་པོ་བྱེད། བྱེད་བཅིངས་མི་རྟོག་པས་སྣང་བ་སེམས་དང་སེམས་སྟོང་པར་རྟོགས་པའི་ཐབས་བྱེད་ཅིང༌། སྒྲིབ་


TNT04_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇོམས་བྱེད་དུ་འགྱུར། ཡང་དཔེར་ན་གསེར་གྱི་མཆོད་སྡོང་ཞིག་ཡོད་པ་ལས་དེ་ཡོལ་བས་བསྒྲིབས། དེ་ལ་སྦར་འཛིན་བྱས་ཀྱང་ཡོལ་བ་ལ་ལག་པ་ཐེབས་ཀྱི་མཆོད་སྡོང་ལ་མི་རེག ཐ་མལ་གྱི་སྣང་སེམས་ལ་དམིགས་པ་བརྟད་ཀྱང་དེ་དང་འདྲ། ཡེ་ཤེས་ལ་རེག་མི་ཐུབ། ཡོལ་བ་དབྲལ་བའི་སེབ་ནས་སྦར་འཛིན་བྱས་ན་མཆོད་སྡོང་གསལ་པོ་མ་མཐོང་ཡང༌། མཆོད་སྡོང་ལ་ལག་པ་ཐེབས་ཡོང༌། དམིགས་པས་ཐ་མལ་གྱི་སྣང་སེམས་ཅུང་ཟད་ཅིག་འགགས་པའི་སེང་ལ་སེམས་བརྟད་པས་ཆོས་དབྱིངས་ཀྱི་ཆ་ཤས་ཤིག་མཐོང༌། མཆོད་སྡོང་ལ་འཇུ་ཐུབ་པ་དང་འདྲ། ད་ཁྱོད་ཀྱིས་ཆོས་སྐུའི་སྣེ་ནས་སྦར་གྱིས་ཟིན་འཇུ་ཐུབ་པ་ཡིན་པས། མ་ཤོར་བར་གྱིས་ལ་སྟོང་གཟུགས་འདི་ཀ་འབད་པར་སྒོམས། མི་གཞན་གྱི་ཁ་སྐད་ཟེར་བགྲོས་ལ་ཡེ་མ་ཉན་ཅིག ལམ་བཟང་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ཐོབ་པ་ཡིན་ནོ་ཞེས་བརྗོད། འདི་སྣང་ཕྱོགས་སམ་ཟུང་འཇུག་ལ་ངོ་སྤྲད་པ་ཡིན། ཐུན་མོང་མ་ཡིན་པའོ། །སྣང་ཕྱོགས་བྱ་བ་ཀུན་རྫོབ་ཀྱི་སྣང་བ་ལ་བྱས་ན་དེ་གཞི་མེད་རྩ་བྲལ་ཡིན་པས་སྟོང་པར་ཀ་འདུས། ངོ་སྤྲོད་ལོགས་སུ་མེད། བདེན་མེད་དུ་ངོ་སྤྲོད་ན་ནི་དེར་ཟད། ཡེ་ཤེས་སམ་གནས་ལུགས་སུ་ངོ་སྤྲོད་ན་འཁྲུལ། འདིར་རང་ལུགས་ལ་སྣང་ཕྱོགས་ཞེས་པ། དོན་དམ་ཡེ་ཤེས་ཀྱི་སྣང་བ་ཡིན་པས་ངོ་བོ་ཟུང་འཇུག་ཁོ་ནའོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་སྤྲོད་རྒྱས་པ་མ་ལྕོགས་ན། འདིར་བཤད་པ་དེ་ཙམ་མ་ནོར་བར་སྟོན་ཤེས་ནའང་དོན་འགྲུབ་པ་ལགས་སོ། །ཡང་བསམ་གཏན་ཡན་ལག་ལྔ་དང་སྦྲེལ་ཏེ་འཆད་ན། ཐུན་མོང་མ་ཡིན་པ་སྟོང་གཟུགས་ལ་དམིགས་པའི་ཕྱོགས་ནི། ཤེས་རབ་སོགས་བསམ་གཏན་རིམ་པ་ལྔ་ཅར་ལ་ཁྱད་པར་མེད། ཐུན་མོང་གི་སྐབས་ཀྱི་


TNT04_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྣང་དང་ཤེས་པ་འགྲོ་ལྡོག་གཅིག་ཚུལ་ཤེས་རབ་དང་འབྲེལ། དེ་ལས་སྣང་བ་སེམས་སུ་རྟོགས་པ་རྟོག་པ་དང་འབྲེལ། སེམས་སྟོང་པར་ངོ་སྤྲོད་པ་དཔྱོད་པ་དང་འབྲེལ། ལས་སྣང་སྟོང་པའི་ངང་ནས། སྟོང་གཟུགས་ལ་བརྟེན་ནས་བདེ་བ་སྐྱེ་བ་དགའ་བ་དང་འབྲེལ། སྟོང་གཟུགས་རང་བདེ་བར་མྱོང་བས་འཛིན་ཞེན་དང་བྲལ་བ་ནི། གཡོ་མེད་བདེ་བ་དང་འབྲེལ་བའོ། །དེས་ན་བསམ་གཏན་རིམ་པ་ལྔ་དངོས་སུ་སྐྱེས་ན་རབ། མ་ཡིན་ཡང་སོར་སྡུད་ཀྱི་ཉམས་མྱོང་ཤར་བ་ལ། བསམ་གཏན་རྗེས་མཐུན་པའི་ངོ་སྤྲོད་བྱེད་དུ་བཏུབ། ངོ་འཕྲོད་ན་བོགས་ཀྱང་ཆེ་བར་འོང་བས་དོན་ཆེན་པོ་འགྲུབ་བོ། །བསམ་གཏན་གྱི་དག་དབྱེའི་སྐབས་སུ། སྦྱངས་བྱ་ཕུང་ཁམས་དྲུག་ནི། རྣམ་ཤེས་ཀྱི་ཕུང་པོ་ནམ་མཁའི་ཁམས། རྣ་བའི་དབང་པོ་ཆོས་ཀྱི་སྐྱེ་མཆེད། གསང་བའི་དབང་པོ་ཁུ་བ་འཕོ་བ་རྣམས་སོ། །མཐར་ཐུག་གི་འབྲས་བུ། ལྷ་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་ནི། མི་བསྐྱོད་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུགས་མ། ཕྱག་ན་རྡོ་རྗེ། ཆོས་ཁམས་རྡོ་རྗེ་མ། ཁྲོ་བོ་གཙུག་ཏོར་འཁོར་ལོས་བསྒྱུར་བ། ཁྲོ་མོ་དྲག་སྤྱན་མ་རྣམས་སོ། །མངོན་ཤེས་ལྔ་རྗེས་མཐུན་པ་སྒྲུབ་ཚུལ་རྒྱུད་ཀྱི་ལུང་ནི། ཉི་མ་ལ་ནི་རྒྱབ་ཀྱིས་ཕྱོགས་ནས་ཉི་འོད་ལ་གནས་རང་གི་གྲིབ་མ་བརྟན་པའི་མིག་གིས་བལྟ། །ཕྱི་ནས་ནམ་མཁའ་དག་ལ་མངོན་པར་བརྟགས་ན་རོ་མཉམ་སྐྱེས་བུ་དུ་བའི་མདོག་ཅན་མཐོང་བར་འགྱུར། །ཟླ་བ་དྲུག་ཏུ་གོམས་པའི་སྦྱོར་བ་དག་ལས་ས་ལ་གནས་པའི་གཏེར་ནི་སའི་བུ་གར་མཐོང༌། །ཡང་ན་ཤིང་གི་གྲིབ་མར་རབ་ཏུ་ཞུགས་ཏེ་ནམ་མཁའི་མཐིལ་དུ་ཐིག་ལེའི་འཕྲེང་བ་བསྒོམས་པས་སོ། །ཞེས་དང༌། སྒྲ་ནི་གང་ཞིག་སྙིང་གི་ཕྱོགས་ན་གནས་པ་མི་མཆོག་རྣམས་ཀྱི་རྣ་བའི་བུ་གས་ཐོས་གྱུར་པ། །དེ་ལ་མི་ཡི་སེམས་ནི་


TNT04_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གྱུར་པ་སྦྱར་བ་དག་ཀྱང་རོ་ནི་མཉམ་པར་འགྱུར་བ་སྟེ། །འཇིག་རྟེན་ཀུན་ཏུ་སྒྲ་ནི་གང་ཞིག་སྲིད་པར་སྐྱེས་པས་བརྗོད་པ་དེ་དང་དེ་ནི་དེ་བཞིན་ཐོས། ཁྱབ་བདག་གི་ནི་རྣམ་ཤེས་ཉིད་དང་རིང་དུ་ཐོས་པ་དག་ཀྱང་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཞེས་ཏེ། སྙིང་ཁའི་ཕྱོགས་ན་གནས་པ་ཞེས་པས་སྙིང་གར་རླུང་སེམས་འདུས་པས་སྟོང་པའི་སྒྲ་འབྱུང་བ་དང༌། རང་ངམ་གཞན་གྱི་སྙིང་གའི་རྩ་ཆུ་ཤིང་གི་མེ་ཏོག་ལྟ་བུ་ལ་དམིགས་པ་གཏོད་པ་བསྟན། རྣམ་ཤེས་ཉིད་དང་ཞེས་པས་གཞན་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའོ། །སྐབས་འདིར་མི་གསལ་ཡང༌། སྣང་བའི་སྟེང་དུ་འོད་གསལ་འཛིན་པ་གོམས་ཤིང༌། ལས་སྣང་འདི་རྣམས་གང་འདོད་དུ་འགོག་ཐུབ་པའི་མཚམས་ཤིག་ནས། བུམ་ཅན་རང་ཙམ་ཁེགས་པར་བྱས། སྣང་བ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས། རླུང་བ་གང་སྟོང་དང༌། སྟོང་གཟུགས་བསྲེས་ཏེ་བསྒོམས་ན། རྩིག་པ་ལ་མི་ཐོགས་པ་སོགས་དང༌། འབྱུང་བཞིའི་གནོད་པས་མི་ཚུགས་པ་སོགས་རྫུ་འཕྲུལ་ཅི་རིགས་པའང་འབྱུང་གསུང་སྟེ། གཙོ་བོར་བུམ་པ་ཅན་ལས་འབྱུང་བ་ཡིན་ནོ། །རྟགས་ཀྱི་དབྱེ་བ་ནི་རྒྱུད་ལས། ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡི། །སྟོང་པ་ལས་ནི་དུ་བ་སྨིག་སྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡི་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། །རེ་ཁ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་


TNT04_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་གཞན་གྱི་སེམས་ནི་མིན་པ་ཉིད། །ཅེས་གསུངས་ཏེ། ཐིག་ལེ་མཐོང་བར་འགྱུར་ཞེས་པ་ཡན་ཆད་རྟགས་བཅུ་སྟེ་སོར་སྡུད་ནས་འགྲུབ། དེའི་དབུས་སུ་སོགས་ངེས་པ་གསུམ་ལྡན་གྱི་ལོངས་སྐུ་སྟེ། བསམ་གཏན་མཐར་ཕྱིན་པའི་རྟགས་ཡིན། དུ་མ་ཞེས་པས་སོར་བསམ་ཐུན་མོང་དུ་སྣ་ཚོགས་གཟུགས་བརྙན་དེ་བསྟན། རེ་ཁ་ནག་པོ་ནི་སྲོག་འཛིན་གཉིས་ཀར་གྱི་རྟགས་ཀྱང་ཡིན། སྲོག་རྩོལ་མཐར་ཐུག་པ་ཕན་ཆད་ལ་འབྱུང་བས་གཙོ་བོར་སྲོག་རྩོལ་གྱི་རྟགས་སུའང་བྱེད། འཛིན་པ་མཐར་ཐུག་ན་དེ་ལ་ཀུན་མཁྱེན་གཟུགས་ཞེས་པ་དེ་འབྱུང་ཞིང༌། རྣམ་པ་ཀུན་ལྡན་ཞེས་སོགས་ཀྱིས་དྲན་ཏིང་གཉིས་ཀྱི་རྟགས་ཏེ། སངས་རྒྱས་ཀྱི་གཟུགས་དེ་ཡང་རྣམ་པ་ཐམས་ཅད་པར་ཤར་བའོ། །རྟགས་ཀྱི་དབྱེ་བ་སྟོན་པའི་རྒྱུད་ཚིག་འདིས། ཡན་ལག་དྲུག་ཀར་གྱི་དབྱེ་བ་སྟོན་ཚུལ་འདི། གྲུབ་ཐོབ་ཞི་བ་སྦས་པའི་ཞལ་ལུང༌། རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་སྐྱེས་མཆོག་དམ་པ་གང་བའི་རྡོ་རྗེའི་གསུང་ལས་ནན་ཏན་དུ་ཐོས་པ་ཡིན། ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཡང་འདི་ཁོ་ནར་གནས་པར་འདུག རིགས་པས་ཀྱང་གྲུབ་སྟེ། རེ་ཁ་ནག་པོ་དངོས་ཏེ་སོར་བསམ་གྱི་རིམ་པ་ལ་མི་མཐོང་སྟེ། འདི་ཡེ་ཤེས་ཀྱི་རྩ་དབུ་མ་ལ་འཆར་དགོས་པ་ལས། སོར་བསམ་གྱི་རིམ་པ་བས་རྩ་དེ་མི་མཐོང་བའི་ཕྱིར་དང༌། རིམ་པ་སོ་སོ་ལ་མི་སྦྱོར་ན། སངས་རྒྱས་ཀྱི་སྐུ་ལན་གཉིས་སྨོས་པ་ཟློས་པར་འགྱུར་བའི་ཕྱིར་དང༌། སོར་བསམ་གྱི་སྐབས་རྣམ་པ་ཀུན་ལྡན་རང་མ་མཐོང་བའི་ཕྱིར་དང། ཡུལ་དང་རྣམ་པར་བྲལ་བ་ཞེས་པ་ནི། གཟུང་བ་ཕྱི་དོན་དུ་མེད་ཅིང༌། རྣམ་རྟོག་གིས་བརྟགས་པའི་མཐུ་ལས་བྱུང་བ་མིན། དབང་ཡིད་ཀྱིས་ཤེས་པ་བསླད་པའི་སྣང་བ་ཡང་མིན་ཞེས་པ་ཡིན་ལ། དེ་ཡང་ཡུལ་དང་རྣམ་པར་


TNT04_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཚིག་སྔ་མས་རྟགས་བཅུ་དང༌། བསམ་གཏན་གྱི་ལོངས་སྐུ་ཚུན་ཆོད་སྟོང་གཟུགས་ཅི་ལ་དེ་ལྟར་གསུངས་ཟིན་ཀྱང༌། ཀུན་མཁྱེན་གཟུགས་ཏེ་རྗེས་དྲན་རྣམ་ཀུན་མཆོག་ལྡན་གྱི་སྐུ་འགྲུབ་པ་ན། དེས་རྣལ་འབྱོར་བའི་ལུས་དངོས་ཀྱི་བྱ་བ་བྱེད་ཅིང༌། ལུས་ཀྱི་གཙོ་བོ་ཡང་དེ་ཡིན་པ་དང༌། སྟོང་གཟུགས་ཀྱི་རིག་མ་དང་འདོད་ཡོན་རྣམས་ཀྱིས་ཀྱང་དེ་དང་དེའི་བྱ་བ་རླབས་པོ་ཆེ་དངོས་སུ་བྱེད་ནུས་པས། དེ་རྣམས་གཟུགས་ཅན་གྱི་རྗེས་སུ་གྲུབ་བོ་སྙམ་པའི་དོགས་པ་འབྱུང་བར་དགོངས་ནས་དོགས་པ་སེལ་བའི་ཕྱིར། །གཟུགས་ཅན་དུ་ལྟ་ག་ལ་གྲུབ། རྣམ་ཤེས་ཀྱི་རྣམ་པར་ཡང་མེད་དེ་སེམས་ཉིད་ཆོས་སྐུའི་སྣང་བའོ། །ཞེས་པའི་དོན་ལ་ཡུལ་དང་རྣམ་བྲལ་གྱི་ཚིག་ཕྱི་མ་སྨོས་སོ། །གཞན་དུ་ན་ཡུལ་དང་རྣམ་པར་བྲལ་བ་ཞེས། ལན་གཉིས་སྨོས་པ་ཡང་ཟློས་པར་འགྱུར་ཞིང༌། ཐིག་ལེའི་དབུས་ཀྱི་སངས་རྒྱས་དང་བསམ་གཏན་གྱི་ཡིན་ཏེ། རེ་ཁའི་དབུས་ཀྱི་སངས་རྒྱས་ལ་གང་དུ་སྦྱོར་མེད་པའི་ཟོལ་འཇོག་གིས་ཅི་ཞིག་བྱ། ཡང་ཁ་ཅིག་སངས་རྒྱས་ཀྱི་གཟུགས་དང་རྣམ་པ་ཀུན་ལྡན་གྱི་གཟུགས་སོར་སྡུད་ཁོ་ན་ནས་ཀྱང་རྫོགས་པར་འདོད་པ་དེ་དག འདི་སྐད་ཀྱང་སྨྲ་སྟེ། འདི་རྣམས་སོར་སྡུད་ལ་རྫོགས་དགོས་ཏེ། གཞན་གྱི་སེམས་ནི་མིན་པ་ ཉིད། །ཅེས་པའི་འགྲེལ་པར། གཞན་སེམས་ཤེས་པའི་མངོན་ཤེས་མེད་པས་མཐོང་བར་བཤད་ཅིང༌། བསམ་གཏན་ཐོབ་ན་མངོན་ཤེས་འབྱུང་བའི་ཕྱིར་ཟེར་བ་ནི་རྟོག་གེ་བའི་འོད་ཐོགས་ལ། གསང་སྔགས་པའི་ཁྲལ་གལ་བས་བླ་མའི་མན་ངག་གི་ཞལ་རྒྱུན་ཡང་མེད། དོན་འགང་ཆེ་ས་མཐོང་པའི་བློ་གྲོས་ཀྱང་མེད་པར། གྲྭ་གཤོག་པ་ཁོ་ན་སྙིང་ལ་བཞག་ནས། མགོ་བཀུག་སྟེ་དཔེ་ཆ་བལྟས་པའི་ཡིག་རིག་ནག་འདེད་ལ་གོ་བ་ལོག་པར་ཤར་བ་དེ། གཞན་གྱིས་མ་གོ་བ་གོ་ཚུལ་གྱི་མཁས་ཁྱད་


TNT04_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨྲས་པའོ། །དེའི་དོན་ནི་སྟོང་གཟུགས་དེ་དག་རང་སེམས་ཡིན་ན་ཡིན་མཉམ་དང༌། མིན་ན་མིན་མཉམ་དུ་བྱེད་དགོས་པ་ལས། གཞན་སེམས་ཤེས་པའི་མངོན་ཤེས་མ་ཐོབ་གོང་དུ་སྟོང་གཟུགས་མཐའ་ཡས་པ་མཐོང་བའི་ཕྱིར། རང་སེམས་ཁོ་ན་ཡིན་ཞེས་པ་སྟེ། འདི་ཡང་རྣམ་ཤེས་ཡེ་ཤེས་ཀྱི་དབྱེ་བ་མ་ཕྱེ་བར། རྣལ་འབྱོར་བའི་སྣང་ངོ་དང་བསྟུན་ནས་གསུངས་པ་ཡིན་ནོ། །ངེས་པར་དཔྱད་ན། རང་གཞན་གཉིས་ཀར་གྱི་སེམས་རྣམ་ཤེས་ནི་མ་ཡིན། ཆོས་ཉིད་ཀྱི་སེམས་ཀྱི་དབང་དུ་བྱས་ན་ནི་རང་གཞན་གཉིས་ཀར་གྱི་ཡིན་ཡང༌། ཆོས་ཉིད་དེ་ཆོས་སུ་དང་སྦྲེལ་ཡང་རང་གི་རང་བཞིན་ཡིན་གྱི་གཞན་ཡིན་པར་མི་འཇོག་ གོ །ཆོས་ཉིད་ཀྱི་སེམས་དང་སེམས་ཉིད་དང༌། ཀུན་གཞི་ཡེ་ཤེས་དང༌། དེ་བཞིན་ཉིད་ཀྱི་བདག་དང༌། དམ་པའི་བདག་རྣམས་དོན་གཅིག་མིང་གི་རྣམ་གྲངས་ལགས་སོ།། །།སྲོག་རྩོལ་གྱི་སྐབས། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་ཅེས་པ་ལ། པཎ་ཆེན་ལ་ཆོས་རྗེ་ས་པཎ་གྱིས་ཞུས། ས་པཎ་ཡང༌། ཕ་ཆོས་ཀྱི་ཐུགས་ཞེན་མཛད་ནས། ལམ་འབྲས་ཁོ་ན་གཞན་ལ་ངོམ་ཞིང་བསྔགས་བརྗོད་མཛད་ཀྱང་ཁོ་རང་གི ཉམས་ལེན་གྱི་མཐིལ་སྦྱོར་དྲུག་ལ་མཛད། སྒོ་རུམ་དཔེ་ཁང་གི་འོག་ན་ས་པཎ་གྱི་སྒོམ་ཁང་ཡང་མུན་ཁང་དུ་ཡོད། བུམ་ཅན་ལ་བརྟེན་ནས་ཏེ་ཏེ་འཆིང་བ་དང༌། བདུད་རྩི་ལྕེ་སྦྱོར་འགྲུབ་པ་སོགས་སྦྱོར་དྲུག་གི་རླུང་ཕྱོགས་ལ་ཡོན་ཏན་ཀྱང་འཁྲུངས་པ་ཡིན། དེ་འདྲ་རྗེས་འཇུག་རྣམས་ཀྱིས་ཉམས་མགོ་ཨེ་ནོན་ནི་མ་ཤེས་ལགས། རྭ་ལུགས་ཀྱི་སྦྱོར་དྲུག་ལ་ནི་མན་ངག་ཉུང་ཞིང་རྣོ་བ་ཞིག་འདུག་ཀྱང་སྒྲུབ་གྲྭ་བཟང་བ་ཙམ་མ་བྱུང་ངོ༌། །སྲོག་རྩོལ་སྒོམ་དགོས་པའི་རྒྱུ་མཚན་གྱི་སྐབས་སུ་རྒྱུད་ལས། དང་པོར་མཐའ་དག་རྒྱལ་བའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པ་དག་གིས་ཡང་དག་བསྲུང་བར་བྱ། །


TNT04_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་མེད། །དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི་ཉིན་ཞག་སོ་སོའི་འདུས་སུ་རྩ་ཡི་སྦྱོར་བ་བསྒོམ་པར་བྱ། །ལུས་ནི་གྲུབ་ན་གཞན་པའི་དངོས་གྲུབ་སྲིད་པ་གསུམ་གྱི་གནས་སུ་སྔགས་ཞུགས་ཉིད་དུ་རབ་ཏུ་འགྱུར། །ཞེས་དང༌། སྟོང་པ་ལས་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གི་གཟུགས་བརྙན་འཚམས་སུ་བསྒོམ་པར་བྱ། །དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་གཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་བ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། །ཞེས་པ་དང༌། ཁ་ཡང་བཙུམ་སྟེ་སྣ་ཡི་བུ་ག་གཉིས་ཀ་དག་ནས་ཕྱི་རོལ་དག་གི་རླུང་རྣམས་མ་ལུས་པ། །སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་མཚུངས་པ་ཐུར་སེལ་རླུང་དང་སྦྱར་བྱས་པ། །དུས་ཀྱི་གོམས་པའི་སྦྱོར་བ་དག་ལས་ཟླ་བ་ཉི་མ་མེ་ཡི་དབུས་སུ་རོ་ནི་མཉམ་པར་འགྱུར་བ་སྟེ། །ལུས་ལ་ཟས་ལ་སོགས་པ་བཀྲེས་པ་དང་ནི་སྐོམ་པ་འཕྲོག་སྟེ་འཆི་བ་མེད་པ་ཉིད་ཀྱང་སྟེར། །ཞེས་དང༌། ཟླ་བ་ཉི་མ་འགོག་པ་མཉམ་དང་མི་མཉམ་བགྲོད་པ་ལ་སྟེ་དབུ་མ་མེ་ལ་རབ་ཏུ་ཞུགས། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་སོང་ན་དུས་མིན་འཆི་བ་བསླུ་བ་སྟེ། །ལག་པ་དང་བཅས་རྐང་པའི་མཐེ་བོའི་ཚིགས་དང་སེན་མོའི་མཐར་ནི་སྲོག་གིས་ཀུན་ཏུ་གང་བྱས་པ། །འཁོར་ལོ་དྲུག་ལ་སངས་རྒྱས་ལྷ་མོ་འཇིགས་མེད་ཕྱག་གི་པདྨ་རྣལ་འབྱོར་པས་ནི་བསྒོམ་པར་བྱ། །ཞེས་དང༌། ནུས་མ་གང་ཞིག་ལྟ་བའི་དབུས་གནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་བཅུ་དྲུག་མཐར་འགྲོ་བ། །དེ་ནི་ལྟེ་བར་འགོག་པ་དང་བཅས་དྲི་མེད་གློག་དང་


TNT04_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་དབྱུག་པའི་གཟུགས་ཅན་ལངས་པ་ཡང༌། །འཁོར་ལོ་ནས་ནི་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་སྐྱོད། །ཇི་སྲིད་གཙུག་ཏོར་ཕུག་པར་བཙན་ཐབས་ཉིད་ཀྱི་ཕྱི་རོལ་ཀྱི་ནི་པགས་པ་དག་ལ་ཁབ་བཞིན་རེག དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར། །ཞེས་དང༌། སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ག་དེ་བཞིན་མགོ་བོ་དང་ནི་ཇི་སྲིད་མེ་ཡིས་གདུང་གྱུར་པ། །དེ་ལས་སྟེང་དག་ཏུ་ནི་བཟང་པོའི་པདྨར་རྒྱལ་བར་འགྱུར་ཏེ་མ་བསྡམས་པའམ་སྟོབས་དག་གིས། །གཙུག་ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་འཆི་བ་ཉིད་དུ་འགྲོ་འགྱུར་ ཏེ། །ཕྱག་རྒྱ་འགྲོགས་པ་རབ་ཉམས་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལ་ནི་བདེ་འབྲས་སྟེར་བ་མེད། །སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱིས་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་གནས་སུ་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། །ཞེས་གསུངས་པ་འདི་རྣམས་ལ། སྲོག་རྩོལ་དང་འཛིན་པའི་ལག་ལེན་གྱི་གནད་ཐམས་ཅད་འདུས་ཏེ། དམིགས་པ་རྣམས་ལ་ཁྲིད་ཡིག་གི་དཀྱུས་དང་གོ་དོན་རྣམས་གཞན་དུ་བཤད་ཟིན་ནོ། །འདིའི་དག་བྱ་ཕུང་ཁམས་དྲུག་ནི། འདུ་བྱེད་ཀྱི་ཕུང་པོ་རླུང་གི་ཁམས། སྣའི་དབང་པོ། རེག་བྱའི་སྐྱེ་མཆེད། ངག་གི་དབང་པོ། བཤང་བ་འདོར་བ་རྣམས་སོ། །མཐར་ཐུག་གི་འབྲས་བུའི་སྐབས། ལྷ་རླུང་ཁམས་པ་དྲུག་ནི། དོན་ཡོད་གྲུབ་པ། དམ་ཚིག་སྒྲོལ་མ། ནམ་མཁའི་སྙིང་པོ་


TNT04_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་རྡོ་རྗེ་མ། བགེགས་མཐར་ཕྱེད། ཤིན་ཏུ་བརྩོན་འགྲུས་མ་རྣམས་སོ། །དེ་བཞིན་དུ་འཛིན་པ་ལ་ཡང་སྦྱང་བྱ་དྲུག་ནི། ཚོར་བའི་ཕུང་པོ། མེའི་ཁམས། མིག་གི་དབང་པོ། རོའི་སྐྱེ་མཆེད། ལག་པའི་དབང་པོ། བྱ་བ་འགྲོ་བ་རྣམས་སོ། །འབྲས་བུ་ལྷ་མེ་ཁམས་པ་དྲུག་ནི།རིན་ཆེན་འབྱུང་ལྡན། གོས་དཀར་མོ། སའི་སྙིང་པོ། རོ་རྡོ་རྗེ་མ། ཤེས་རབ་མཐར་བྱེད། རྨུགས་བྱེད་མ་རྣམས་སོ། །རྗེས་དྲན་གྱི་འཁྲིད་ཀྱི་སྐབས་སུ་རླུང་སྦྱང་བ་ལ། ཛཿཧཱུཾ་བཾ་ཧོཿཧི་དང༌། ལཱྀ་ཨཱུ་རཱྀ་ཨཱྀ་ཨཿསྦྱོར་བ་དང༌། བླ་མ་གོང་མ་རྣམས་ཀྱི་ཁྲིད་ཡིག་ན། ལ་ཝ་ར་ཡ་ཧ་ལ་དབྱངས་སོ་སོ་སྦྱར་བའི་ངག་འདྲེན་སྣ་ཚོགས་གསུངས་པ་རྣམས། ཡེ་ཤེས་ལེའུ་ལས། ཡེ་ཤེས་དགུག་པར་བྱེད་པ་འདི་ནི་སླར་ཡང་ཤིན་ཏུ་སྟོབས་ཏེ་དེ་ནི་གཞུག་པ་རྨུགས་བྱེད་ཀྱིས། །དེ་བཞིན་བཅིངས་པ་རེངས་བྱེད་ཀྱིས་ཏེ་ངེས་པར་མཆོག་བདེའི་དབང་གིས་ཁེངས་བྱེད་ཀྱིས་ནི་མཉེས་པ་ཡང༌། །ཡེ་ཤེས་འཁོར་ལོ་དག་ལ་འཁོར་ལོ་རོ་ནི་མཉམ་པར་བྱེད་པ་རྡོ་རྗེ་ཤུགས་ཀྱིས་བྱེད་པ་སྟེ། །དེ་བཞིན་ཁྲོ་བོའི་ལྷ་མོ་རྣམས་ནི་རབ་གསལ་ངེས་པར་རྣལ་འབྱོར་མ་ཡི་རྒྱུད་ཀྱི་སྐུ་ལའོ། །ཞེས་དང༌། ལཱྀ་སོགས་དབྱངས་བརྒྱད་གང་དག་ཡུལ་དང་ཡོན་ཏན་དུ་འགྱུར་དབྱངས་ཕྱེད་ཀྱིས་ནི་རྣམ་པར་དམན་པ་རྣམས། །ཕན་ཚུན་དབྱེ་བས་ཕྱེ་བ་རྐང་པ་དང་བཅས་རོ་དང་མངའ་རྣམས་དབུ་མའི་དབུགས་ནི་འབབ་པ་སྟེ། །ཞེས་གསུངས་པའི་མན་ངག་ཏུ་གོང་མ་རྣམས་བཞེད་དེ་དེ་བཞིན་དུ་སྣང་ངོ༌། །རྗེས་དྲན་གྱི་སྦྱང་བྱ་དྲུག་ནི། འདུ་ཤེས་ཀྱི་ཕུང་པོ། ཆུའི་ཁམས། ལྕེའི་དབང་པོ། གཟུགས་ཀྱི་སྐྱེ་མཆེད། རྐང་པའི་དབང་པོ། བྱ་བ་ལེན་པ་རྣམས་སོ། །འབྲས་བུ་ལྷ་ཆུ་ཁམས་པ་དྲུག་ནི། འོད་དཔག་མེད། མཱ་མ་ཀཱི སྤྱན་རས་གཟིགས། གཟུགས་རྡོ་རྗེ་མ། པདྨ་


TNT04_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱེད། ཁེངས་བྱེད་མ་རྣམས་སོ། འདིར་རྒྱུད་ལས། དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་ཡུལ་དང་རྣམ་པར་བྲལ་བའི་སྣ་ཚོགས་ཡུམ་ལ་འཁྱུད་པ་སྟེ། །པདྨར་ཞུགས་པའི་རང་གི་རྡོ་རྗེ་སྤྲོ་བ་དག་ཀྱང་དེ་བཞིན་ཟླ་ཉིའི་དབུས་སུ་རབ་བཞུགས་པའོ། །བདེ་བའི་ས་བོན་མ་ལྷུང་བ་ལས་རབ་དགའི་དགའ་བར་གནས་པ་རྣལ་འབྱོར་པ་ཡི་རྣལ་འབྱོར་འདི། །ཕྱག་རྒྱའི་དངོས་གྲུབ་དོན་སླད་ཁྱབ་བདག་གི་ནི་དཔལ་ལྡན་གསང་བ་ལས་ཀྱང་མཆོག་ཏུ་གསང་བའོ། །ཞེས་གསུངས་ཏེ། འདིས་རྣམ་པ་ཀུན་ལྡན་གྱི་ཡེ་ཤེས་སྐུ་དེ་སྲོག་སྟེ་རླུང་འགགས་པ་ལས་བྱུང་བའི་གཏུམ་མོའི་སྣང་བ། རྩ་ཨ་ཝ་དྷཱུ་ཏཱི་ནས་གཞི་བཅས་པ་དང༌། རྩ་བ་དེ་ལྷ་སྐུ་ཁ་སྦྱོར་གྱི་རྣམ་པ་ཡིན་པའང་གསལ་བར་བསྟན་ཞིང༌། འདིས་རྗེས་དྲན་དང་ཞོར་ལ་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱང་གསལ་བར་བསྟན་ནོ། །ཏིང་ངེ་འཛིན་གྱི་དབྱེ་བའི་སྐབས་སུ། རྩ་རྒྱུད་ལས། ཡན་ལག་བཅུ་གཉིས་འགགས་པ་ཡིས། །དུས་སྦྱོར་རྣམས་ནི་མི་འབབ་ཕྱིར། །ས་རྣམས་བཅུ་གཉིས་ཞེས་གྲགས་པ། །གནས་ལ་སོགས་པ་དོན་དམ་མོ། །ཞེས་ས་བཅུ་གཉིས་དང༌། མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་ཡོངས་རྫོགས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཞེས་མི་འགྱུར་བའི་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང༌། བསྡུས་རྒྱུད་ལས། ཆགས་དང་ཆགས་བྲལ་ཐོག་མཐའ་ལ་གནས་སྐད་ཅིག་མ་ཡང་ཁྱབ་བདག་གི་ནི་དབུགས་ཀྱི་གྲངས་འཕེལ་ལོ། །ཞེས་མི་འགྱུར་བའི་སྐད་ཅིག་མ་འགྲུབ་པའི་རྒྱུ་གསུངས། ཏིང་ངེ་འཛིན་གྱི་སྦྱང་བྱ་དྲུག་ནི། གཟུགས་ཀྱི་ཕུང་པོ། སའི་ཁམས། ལུས་ཀྱི་དབང་པོ། གཟུགས་ཀྱི་སྐྱེ་མཆེད། བཤང་ལམ་གྱི་དབང་པོ། བྱ་བ་སྨྲ་བ་སྟེ་དྲུག་ གོ །འབྲས་བུ་ལྷས་ཁམས་པ་དྲུག་ནི། རྣམ་སྣང༌། སངས་རྒྱས་སྤྱན་མ། སྒྲིབ་པ་རྣམ་སེལ། དྲི་རྡོ་རྗེ་


TNT04_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མ། གཤིན་རྗེ་མཐར་བྱེད། རེངས་བྱེད་མ་རྣམས་སོ། དེ་ལྟར་ན། རྒྱུད་ཀྱི་རྒྱལ་པོ་ལས། དེ་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ཀྱི་དབྱིངས་ཀྱི་སྟེར་བྱེད་དེ། །སྲོག་གི་རོ་ཡི་འགྲོ་བ་རྣམས་ལ་གནས་པ་ཐམས་ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམས་བྱས་ནས། །རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལ་སྟེ། །གལ་ཏེ་ལམ་དུ་རབ་ཞུགས་འཆི་བར་གྱུར་ན་དེ་ཚོ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་གསུངས་པ་ལྟར། ལམ་འདི་ལ་མོས་ཤིང་དམ་ཚིག་དང་ལྡན་ན་ཇི་ཙམ་འགོར་ཡང༌། སྐྱེ་བ་བདུན་ཚུན་ཆད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད་དོ། །རྗེས་ཀྱི་འཁྲིད་ཀྱི་སྐབས་སུ། མགྲིན་སྙིང་ཁ་སྦྱོར་ལ་བརྟེན་ནས་འོད་གསལ་འཛིན་པ་ནི། ལུས་གནད་ཙོག་པུ་བྱ། རང་ལྷར་གསལ་བའི་སྙིང་ག་ཆོས་ཀྱི་འཁོར་ལོ་སྔོན་པོའམ་ནག་པོ་རྩ་འདབ་བརྒྱད། ཁ་གྱེན་བསྟན་རྒྱ་སོར་གསུམ་ཙམ། མགྲིན་པའི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་པ་ཁ་དོག་དམར་པོ་ཁ་ཐུར་བསྟན། རྒྱ་སོར་དྲུག་ཙམ། དེ་གཉིས་ཀྱི་བར་འཁོར་ལོའི་ལྟེ་བ་གཉིས་རྩ་དབུ་མ་ཁ་དོག་སྔོན་པོ་སྦོམ་ཕྲ་གྲོ་སོག་ཙམ་གྱི་སྦྲེལ་པ། སྙིང་གའི་འཁོར་ལོའི་ལྟེ་བར་ཐིག་ལེ་སྔོ་སྐྱ་སྲན་ཆུང་ཙམ། མགྲིན་པའི་འཁོར་ལོའི་ལྟེ་བ་ན། རྀ་ཡིག་མགོ་བོ་ཐུར་བསྟན་མེའི་རང་བཞིན་ཅན་དམར་ པོ། །དེ་ནས་རླུང་རོ་བསལ། སྟེང་རླུང་ཤུགས་ཆེ་ཞིང་རིང་བར་རྔུབས། མགྲིན་པའི་རྀ་ཡིག་ལ་ཕོག་དེ་ལས་འོད་ཟེར་མེའི་རང་བཞིན་དམར་སྐྱ་ཕྲ་མོ་ཞིག་ཐུར་དུ་འབར་ཏེ། དབུ་མའི་ལམ་ནས་མདུང་བཙུགས་པ་ལྟར་སོང་བ་སྙིང་གའི་ཐིག་ལེ་ལ་རེག་པས། དེ་ཞུ་ཞིང་ཅིལ་ལི་ལི་ཁོལ་བ་ལ་སེམས་བརྟད། རླུང་ཁ་སྦྱོར་དྲག་ཏུ་བཟུང་ངོ༌། །སྙིང་


TNT04_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གའི་བུམ་ཅན་ཐོབ་ཐང་ཡིན་ཡང༌། ལྟེ་བའི་བུམ་ཅན་བྱས་ན་གེགས་མི་སྡང་ཞིང་སད་འབྱམས་མི་འབྱུང་བའི་དགོས་པ་ཡོད་པས་ད་ལྟའི་ལག་ལེན་ལ་ལྟེ་བའི་བུམ་ཅན་ཀ་བྱེད་ཡང་རླུང་ཕྱིར་གཏོང་བའི་ཚེ་འོད་ཟེར་དམར་པོ་མགྲིན་པའི་རྀ་ལ་ཐིམ། སྙིང་གའི་ཐིག་ལེ་ཁེངས་པའི་ཚུལ་གྱིས་འོད་ཧྲིལ་ལེ་འདུག །རླུང་ཕྱིར་ཅུང་ཟད་བཟུང་བའི་སྐབས་ཐིག་ལེ་དེ་ཇེ་ཕྲ་ཇེ་ཕྲ་ལ་ཡུངས་འབྲུ་ཙམ། ཡང་ཇེ་སྦོམ་ཇེ་སྦོམ་ལ་སྔར་བཞིན་སྲན་ཆུང་ཙམ་དུ་སོང་བར་བསམ། དེ་ཉིད་ཉིན་པར་ཡང་ཡང་བསྒོམ། ཉལ་ཁར་རླུང་ཐེངས་ཉེར་གཅིག་དང༌། དམིགས་པ་ཉེར་གཅིག་སྦྱར། དེ་ནས་ལུས་གནད་ཙོག་པུའམ་སེངྒེ་ཉལ་སྟངས་བྱ། དམིགས་པ་རྀ་ཡིག་གི་མེ་འོད་སྙིང་གའི་ཐིག་ལེ་ལ་བསྣུན་པ་སྔར་བཞིན་བསྒོམ། རླུང་སྦྱོར་མི་བྱ། སེམས་སྙིང་གར་བརྟད་པ་དེ་ཁའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །ལྟེ་སྙིང་ཁ་སྦྱོར་གྱི་འོད་གསལ་སྤེལ་བ་ནི་ལུས་གནད་སྐྱིལ་ཀྲུ