Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་པར་བཤད་པ་རྒྱས་པར་བསྟན་པ་ཟུང་འཇུག་རབ་ཏུ་གསལ་བ་ཆེན་པོ།
   
   
   
   
   
   
   
   


 
previousཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་པར་བཤད་པ་རྒྱས་པར་བསྟན་པ་ཟུང་འཇུག་རབ་ཏུ་གསལ་བ་ཆེན་པོ།next

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་པར་བཤད་པ་རྒྱས་པར་བསྟན་པ་ཟུང་འཇུག་རབ་ཏུ་གསལ་བ་ཆེན་པོ།


TNT04_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་པར་བཤད་པ་རྒྱས་པར་བསྟན་པ་ཟུང་འཇུག་རབ་ཏུ་གསལ་བ་ཆེན་པོ་ཞེས་བྱ་བ་བཞུགས།


TNT04_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་པར་བཤད་པ་རྒྱས་པར་བསྟན་པ་ཟུང་འཇུག་རབ་ཏུ་གསལ་བ་ཆེན་པོ་ཞེས་བྱ་བ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རིགས་རྣམས་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལྷ་མོར་ བཅས། །བརྟན་གཡོར་བཅས་པའི་སྲིད་ཞི་ཀུན་གྱི་སྙིང་པོ་མཆོག་དང་མགོན་དུ་བཞུགས། །མཐའ་དག་སྲིད་གསུམ་


TNT04_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་དུ་རྟག་ཏུ་འཆར་བ་ཆོས་ཀྱི་དབྱིངས། །རྗེ་བོ་དམ་པ་སྲིད་མེད་སྲིད་བྲལ་མཆོག་གི་བླ་མའི་ཞབས་ལ་འདུད། །ཀུན་ལ་ཁྱབ་པ་གདོད་མའི་མགོན་པོ་ནི། །མངོན་སུམ་ལམ་གྱིས་མངོན་དུ་འགྱུར་བའི་ཐབས། ཁྱབ་བདག་སྐྱེ་དགུའི་བདག་པོས་གསལ་མཛད་ལམ། །བླ་མའི་ཞལ་ལུང་བླ་ན་མེད་པ་གང༌། །སྐལ་ལྡན་ཚོགས་སུ་སྐལ་བཟང་འཇུག་ངོགས་ཟླ་བྲལ་འདི། །དེ་རིང་འཆད་ཀྱི་དེ་བཞིན་ཉིད་དོན་འཚོལ་འདོད་རྣམས། །ལེགས་པར་བཟུང་ཞིག་ལེགས་པའི་ལམ་འདིས་འགྲོ་རྣམས་ལ། །མཆོག་དང་ཐུན་མོང་མཆོག་གི་འབྲས་བུའི་དགའ་སྟོན་འགྱེད། །རྡོ་རྗེ་ཐེག་པའི་ངེས་གསང་སྨྲ་བའི་ཚེ། །འཕགས་ཡུལ་མཁས་པ་མང་པོའང་རྣམ་འཁོར་ན། །ཕྱོགས་འདིའི་མཁས་པར་རློམ་པ་མང་པོ་ཞིག །འཁྲུལ་པས་གཡེངས་མོད་


TNT04_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ངོ་མཚར་ཅི། །ཐེག་པའི་ཡང་རྩེ་དཔལ་ལྡན་དུས་འཁོར་ཞེས། །ཕལ་ཆེར་སྨོན་གནས་ཙམ་ལས་ཁེངས་མོད་ཀྱང༌། །མ་ནོར་ཇི་བཞིན་གསལ་ལ་རབ་རྒྱས་པ། །ཞིབ་མོར་སྨྲ་བའི་དཔྱོད་ལྡན་དེང་འདིར་སུ། །བློ་ཆུང་འགའ་རེས་རྟོག་པའི་འཁྲུལ་འཁོར་སྤེལ། །ཟོལ་འཇོག་ཙམ་ལས་ངོ་སོར་སྒྲོག་པ་དང༌། །ལེགས་པར་བསླབས་མིན་མཐོང་བའི་ང་རྒྱལ་ཅན། །སྙིང་པོས་དབེན་པའི་རྣམ་བཤད་མང་མོད་ཀྱང༌། །དེ་དག་མ་ལུས་ཅིག་ཅར་ཟིལ་གནོན་པ། །གྲུབ་པའི་མན་ངག་མཁས་པའི་ལུང་རིག་ཅན། །ངེས་དོན་ལེགས་བཤད་ཆུ་གཏེར་འདིར་འཇུག་པ། །བརྒྱ་ལམ་ན་ཡིན་རྗེས་སུ་ཡི་རང་བྱོས། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཞིག་སྟོན་པ་དང༌། ཤེས་ལྡན་རྣམས་ཀྱིས་གང་ཞིག་དོན་དུ་གཉེར་བར་བྱ་བ་ནི་ཐར་པ་མཆོག་དང་དེའི་ཐབས་གཉིས་ཡིན་ལ། ཐར་པ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་གནས་ལུགས་ཙམ་ཞིག་ཏུ་ངེས་ཤིང༌། ལམ་གྱི་རིམ་པ་རྣམས་ཀྱང་གནས་ལུགས་དེ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་འཁྲུལ་པ་རྣམས་སྦྱོང་བའི་ཐབས་ཞིག་གོ །དེ་ལྟར་ངེས་ནས་ལམ་གོལ་བར་ནམ་ཡང་མི་འགྲོ་ཞིང༌། དྲང་དོན་ཙམ་ལ་བརྟེན་པའི་རིང་ལམ་དག་ལ་འཇུག་པར་ཡང་མི་སྤྲོ་བའི་སྐལ་བཟང་དག་ནི། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་མཐའ་དག་གིས་ཐུགས་ཀྱི་སྙིང་པོ་དང་ཞལ་གྱི་བདུད་རྩིར་གྱུར་པ་རྡོ་རྗེའི་ཐེག་པའི་


TNT04_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་གསང་བླ་ན་མེད་པའི་ལམ་མཆོག་མཐར་ཐུག་ཆོས་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་བ་འདི་ལ་འཇུག་དགོས་པས། འདིའི་དོན་ཅུང་ཟད་འཆད་པར་བྱེད་པ་ལ། ཆོས་ཐམས་ཅད་གཞི་ལམ་འབྲས་བུ་གསུམ་གྱིས་བསྡུས་པའི་གནད་ཀྱིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་རྒྱུད་གསུམ་དུ་གསུངས་སོ། །དེ་ལྟར་ཡང༌། འདུས་པ་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་ཕྱེ་བ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བའོ། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་ཤིང༌། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུ་སྡེ་འདི་རྣམས་སུ་ཕྱི་ནང་གཞན་གསུམ་གྱི་རིམ་པས་ཀྱང་གསུངས་ཏེ། དེ་ལ་ཕྱི་ཆགས་འཇིགས་གནས་པ་འཇིག་རྟེན་ཁམས། ནང་ལུས་རྩ་རླུང་ཐིག་ལེའི་རང་བཞིན། གཞན་ཆོས་ཉིད་དེ་བཞིན་ཉིད་ཟུང་འཇུག་གི་བདག་ཉིད་ཅན་རྣམས་ཡིན་ལ། གཞན་མཆོག་དེ་ཐོབ་བྱེད་ཀྱི་ཐབས་དབང་དང་བསྐྱེད་རྫོགས་ལ་སོགས་པའི་ལམ་རྣམས་ཀྱང་གཞན་གྱི་ཁོངས་སུ་བསྡུའོ། །དེ་ལྟར་ན་ཕྱི་ནང་གཉིས་ནི་རྒྱུ་རྒྱུད་ཀྱི་ཆོས་སུ་གཏོགས་ལ། གཞན་ལ་དབྱེ་ན་ཐབས་རྒྱུད་དང༌། འབྲས་རྒྱུད་གཉིས་སུ་འགྱུར་རོ། །དེ་ལ་རྒྱུད་དེ་གསུམ་པོའི་དོན་གྱི་གཙོ་བོ་ཆོས་ཉིད་དེ་བཞིན་ཉིད་ཡིན་པས་ངོ་བོའི་སྒོ་ནས་དབྱེ་བ་མེད་ལ།


TNT04_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཅེས་བྱ་བའི་སྒྲ་དངོས་ཀྱང་འདི་ལ་འཇུག་པ་ཡིན་ཞིང༌། གང་ཟག་སོ་སོའི་གནས་སྐབས་གསུམ་གྱི་བློའི་འཆར་སྒོ་ལ་འཁོར་བ་དང་ལམ་དང་འབྲས་བུའི་ཆོས་སྣ་ཚོགས་པར་ཤར་བ་རྣམས་ནི་རྒྱུ་དང་ལམ་དང་འབྲས་བུ་དངོས་སུ་འཇོག་པའི་སྐབས་ཡོད་ཀྱང་རྒྱུད་ནི་བཏགས་པ་བ་ཡིན་ཏེ། དེ་བས་ན་དེ་རྣམས་ལ་ནི་རྒྱུ་རྒྱུད་ཀྱི་བསྡུས་པའི་ཆོས་དང༌། ཐབས་རྒྱུད་ཀྱིས་བསྡུས་པའི་ཆོས་དང༌། འབྲས་རྒྱུད་ཀྱིས་བསྡུས་པའི་ཆོས་ཞེས་བྱ་ཡི། རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་དངོས་སུ་མི་འཇོག་གོ །དེ་དག་ལས་སྐབས་འདིར་ཐབས་ཀྱི་མཆོག་རྫོགས་པའི་རིམ་པ་གཙོ་བོར་གཏན་ལ་དབབ་བྱ་ཡིན་ཞིང༌། དེ་ཉིད་རྟོགས་པར་བྱ་བའི་ཡན་ལག་ཏུ་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་ཡང་ཅུང་ཟད་ཙམ་གཏན་ལ་དབབ་པར་བྱ་དགོས་པས། དོན་གྱི་མདོ་འདི་ལྟར་བཟང་བར་བྱ་སྟེ། གང་ལ་སྒྲུབ་པའི་ཡུལ་གཞིའི་གནས་ལུགས་གཏན་ལ་དབབ། ཇི་ལྟར་སྒྲུབ་པའི་ཐབས་རྡོ་རྗེའི་རྣལ་འབྱོར་སྒོམ་པའི་ཚུལ། དེ་ལྟར་བསྒྲུབས་པའི་འབྲས་བུ་སངས་རྒྱས་ཀྱི་སའི་རང་བཞིན་ཏེ་གསུམ་ལས། དང་པོ་ལ། གཞིའི་གནས་ལུགས་སྤྱིར་བཤད་པ་དང༌། ལུས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རང་ལུགས་གསལ་བར་བརྗོད་པ་དང༌། རྒྱུ་རྒྱུད་ལ་ལོག་རྟོག་སེལ་བའོ། །དང་པོ་ལ། རྒྱུ་རྒྱུད་ཀྱི་རང་བཞིན་ངོས་བཟུང༌། དེའི་ཁྱད་ཆོས་གསལ་བར་བཤད། འཁོར་བ་འཇུག་ལྡོག་གི་རྣམ་གཞག་བསྟན་པ་སྟེ་


TNT04_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། །དང་པོ་ལ་ཡང་གསུམ་གྱི་དོན་ཚན་དང་པོ་ངོ་བོ་ངོས་བཟུང་བ་ནི། རྒྱུ་རྒྱུད་ཀྱི་ངོ་བོ་སེམས་རང་བཞིན་གྱིས་འོད་གསལ་བ་དང་པོའི་སངས་རྒྱས་དང༌། དོན་དམ་རྫོགས་པའི་སངས་རྒྱས་དངོས་དང༌། བདེ་གཤེགས་སྙིང་པོའི་མིང་གིས་བསྙད་པ། གདོད་མ་ནས་བདེ་སྟོང་ཟུང་དུ་འཇུག་པའི་མཚན་ཉིད་ཅན་གྱི་སེམས་ཉིད་འདི་ཁོ་ན་ཡིན་ལ། སྤྱིར་སེམས་ལ་དབྱེ་ན་འཁོར་བའི་སེམས་དང༌། མྱ་ངན་ལས་འདས་པའི་སེམས་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། དེ་གཉིས་རིམ་པས་ཀུན་རྫོབ་པའི་སེམས་དང་དོན་དམ་པའི་སེམས་སུ་ཡང་འགྱུར་རོ། །དེ་དག་ཁོ་ན་ལ་གནས་སྐབས་མང་པོར་རིམ་པས་སེམས་དང༌། སེམས་ཉིད་ཅེས་སོ་སོར་བརྡའ་སྦྱར་བར་མཛད་དེ། རང་བཞིན་གྱིས་འོད་གསལ་བའི་སེམས་དངོས་ནི་དོན་དམ་དང༌། མྱང་འདས་ཀྱི་སེམས་དང༌། སེམས་སེམས་ཉིད་གཉིས་ཀྱི་ཟླས་ཕྱེ་བའི་སེམས་ཉིད་དོ། །རྣམ་ཤེས་ཚོགས་བརྒྱད་དང༌། སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་གློ་བུར་གྱི་དྲི་མའི་སེམས་ནི་འཁོར་བ་དང༌། ཀུན་རྫོབ་ཀྱི་སེམས་དང༌། སེམས་སེམས་ཉིད་གཉིས་ཀྱི་ཟླས་ཕྱེ་བའི་སེམས་སོ། །དོན་དམ་གྱི་སེམས་ནི་ཆོས་དབྱིངས་དང་ཟུང་འཇུག་གི་སེམས་ཀྱང་ཡིན་ལ། གནས་སྐབས་འགའ་ཞིག་ཏུ་ཀུན་རྫོབ་ཀྱི་སེམས་ལ་ཡང་རང་བཞིན་གྱི་འོད་གསལ་བ་དང༌། སེམས་ཉིད་དང༌། ཡེ་ཤེས་ལ་སོགས་པའི་བརྡས་བསྟན་པ་


TNT04_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཀྱང༌། དཔེ་ཙམ་དུ་འགྱུར་བའི་ཕྱོགས་འདྲ་བ་ལ་དགོངས་པ་དང༌། དགོས་པའི་ཁྱད་པར་འགའ་ཞིག་གཟིགས་ནས་བསྟན་པ་ཡིན་པས་དངོས་མ་ཡིན་ཏེ་བཏགས་པ་ཙམ་མོ། །དོན་ཚན་གཉིས་པ་དེ་ལ་སྒྲུབ་བྱེད་ཀྱི་ལུང་དགོད་པ་ནི། སེམས་གཉིས་པོའི་ངོས་འཛིན། དཔལ་དྲི་མ་མེད་པའི་འོད་ལས། དེ་ལྟར་འཁོར་བའི་སེམས་གྱི་རང་བཞིན་གྱི་སད་པ་ལ་སོགས་པའི་དབྱེ་བ་རྣམ་པ་བཞིར་ངེས་པའོ། །ཞེས་དང༌། གང་གི་ཕྱི་འཁོར་བའི་བག་ཆགས་ལས་གྲོལ་བའི་སེམས་ཀྱི་ཆོས་ཉིད་ཡིན་པ་དེའི་ཕྱིར། གང་སེམས་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་འཁོར་བའི་སེམས་དང་བྲལ་བ་མྱ་ངན་ལས་འདས་པའི་སེམས་གཞན་ཡོད་པ་ནི་རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་པ་སྟེ། གནས་སྐབས་བཞིའི་སེམས་ནི་འཁོར་བའི་སེམས་དང༌། དྲི་མ་རྣམས་ལས་གདོད་ནས་གྲོལ་བའི་སེམས་ནི་མྱང་འདས་ཀྱི་སེམས་སོ། །ཡང་འགའ་ཞིག་འདི་ལྟར་སེམས་པར་འགྱུར་ཏེ། འཁོར་བའི་སེམས་ནི་དེ་ཁོ་ན་ཡིན་ཡང་མྱང་འདས་ཀྱི་སེམས་ནི་བག་ཆགས་ལས་གྲོལ་བའི་སེམས་ཀྱི་ཆོས་ཉིད་ཅེས་གསུངས་པས་དག་པ་གཉིས་ལྡན་གྱི་རྫོགས་པའི་སངས་རྒྱས་ཀྱི་ཆོས་དབྱིངས་ཡེ་ཤེས་ལ་བརྗོད་ཀྱི། སེམས་ཅན་གྱི་སེམས་ལ་ངོས་བཟུང་དུ་མི་རུང་ངོ༌། །ཞེས་པ་འདིའོ། །དེ་ལ་བརྗོད་པ། དེ་ལྟར་མ་ཡིན་ཏེ། གོང་དུ་དྲངས་པའི་ལུང་དེ་ལས་རྡོ་རྗེ་ཅན་


TNT04_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མིང་གི་ཞེས་པའི་བཤད་བྱ་རྩ་བའི་ཚིག་ནི། དེ་དག་དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ཞིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་མེད། །ཅེས་དང༌། དེའི་འགྲེལ་པར་ཡང་ས་ལ་སོགས་པ་འདི་དག་གི་དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ཞིང་རྣམ་འགྱུར་མིན་ཏེ་ཞེས་མྱང་འདས་ཀྱི་སེམས་ནི་ས་སོགས་ལ་གནས་པར་བཤད་ཅིང༌། ཡང་དེ་ཉིད་ལས། ས་ལ་སོགས་པ་ནི་རང་བཞིན་དང་རྣམ་འགྱུར་ཞེས་བྱ་བ་མ་དག་པ་འཁོར་བའི་ཕུང་པོ་ལ་སོགས་པ་ཡིན་ནོ་ཞེས་ས་སོགས་འཁོར་བར་བཤད་པས་འཁོར་བའི་ཆོས་ཀྱི་ཆོས་ཉིད་དམ། འཁོར་བ་པ་རྣམས་ཀྱི་སེམས་རང་བཞིན་འོད་གསལ་ཡིན་པར་གསལ་བར་གྲུབ་བོ། །དེ་བཞིན་དུ་རྒྱུད་ལས། བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་ བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ཉིད། །ཅེས་དང༌། དེའི་འགྲེལ་པར་ཡང་མྱ་ངན་ལས་འདས་པའི་སེམས་འཁོར་བ་ལས་འདས་པ་ཐམས་ཅད་ཀྱི་ལས་ལ་གནས་པ་ནི་གང་གིས་ཀྱང་མ་བཅིངས་ཤིང་མ་གྲོལ་བའོ། །ཞེས་གསུངས་པས་ཀྱང་ཤིན་ཏུ་གསལ་ལོ། །དོན་ཚན་གསུམ་པ་བརྒལ་ལན་གྱིས་གཏན་ལ་འབེབས་པ་ནི། ཡང་འདི་ལྟར་སེམས་པར་འགྱུར་ཏེ། འདིར་མྱང་འདས་ཀྱི་སེམས་ཞེས་བྱ་བ་ཡང་རང་བཞིན་གྱི་མྱང་འདས་ཙམ་ལ་


TNT04_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཡིན་པས་མྱང་འདས་དངོས་མ་ཡིན་ལ། དེ་ཡང་འཁོར་བའི་སེམས་ཁོ་ན་རང་བཞིན་གྱི་མ་གྲུབ་པ་ཙམ་མམ། བདེན་པར་མེད་པ་ཙམ་ཡིན་གྱི། རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་མི་འཐད་དོ་སྙམ་ན། རྡོ་རྗེ་ཅན་གྱི་བརྡས་བསྟན་པས་ཀྱང་ཡེ་ཤེས་ཡིན་པར་གྲུབ་ཅིང༌། འཁོར་བའི་སེམས་ལས་གཞན་པར་བཤད་པས། དེ་གཉིས་ཤེས་པ་ངོ་བོ་ཐ་དད་པ་ཡིན་ནོ། །རང་བཞིན་མྱང་འདས་ནི་ཡིན་མོད་ཀྱི། མྱང་འདས་དངོས་མ་ཡིན་ནོ། །སྙམ་ན། དེ་ཉིད་ཀྱིས་མྱ་ངན་ལས་འདས་པ་དངོས་ཡིན་པར་གྲུབ་སྟེ། རང་བཞིན་མྱང་འདས་ནི་མྱང་འདས་ཀྱི་གཙོ་བོ་ཡིན་ལ། གློ་བུར་གྱི་དྲི་མ་ལམ་གྱིས་སྤངས་པའི་མྱང་འདས་ནི་རྣམ་གྲངས་པའི་མྱང་འདས་ཙམ་ཡིན་ནོ། །དེའི་རྒྱུ་མཚན་དང་པོ་ནི། རང་བཞིན་མྱང་འདས་ནི་དངོས་པོའི་གནས་ལུགས་ཡིན་ལ། གློ་བུར་དྲི་སྤངས་ཀྱི་མྱང་འདས་ནི་ཀུན་རྫོབ་རྒྱུ་རྐྱེན་ཚོགས་པ་ཙམ་གྱི་རྟེན་འབྲེལ་ལས་སྣང་བ་ཡིན་པའི་ཕྱིར་དང༌། རྒྱུ་མཚན་གཉིས་པ་ནི་རང་བཞིན་མྱང་འདས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པའི་ཡུལ་ཡིན་པ་དང༌། གློ་བུར་གྱི་དེ་ནི་རྗེས་ཐོབ་དག་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དང༌། རྒྱུ་མཚན་གསུམ་པ་ནི། སངས་རྒྱས་རང་སྣང་ལ་རང་བཞིན་རྣམ་པར་དག་པར་གཟིགས་ཤིང༌། གློ་བུར་གྱི་དེ་ལས་གདུལ་བྱ་གཞན་སྣང་ཁོ་ན་འབྱུང་བའི་ཕྱིར་དང༌། རྒྱུ་མཚན་བཞི་པ་ནི། ཀུན་རྫོབ་འཁོར་བའི་


TNT04_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བས་རང་བཞིན་རྣམ་དག་དེ་སངས་རྒྱས་ཀྱིས་གཟིགས་ཤིང༌། སྒྲིབ་པ་སྔར་ཡོད་དང་ཕྱིས་སྤངས་པ་གཉིས་ཆར་གཟིགས་རྒྱུ་མེད་པས། གློ་བུར་གྱི་དེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མ་གཟིགས་པའི་ཕྱིར་དང༌། རྒྱུ་མཚན་ལྔ་པ་ནི། རང་བཞིན་མྱང་འདས་ནི་གདོད་མ་ཡིན་པའི་ཕྱིར། འཁོར་འདས་ཐམས་ཅད་ཀྱི་སྐབས་སུ་གནས་ལ། དེའི་ཕྱིར་རང་བཞིན་རྣམ་དག་འདི་གློ་བུར་རྣམ་དག་ལ་བལྟོས་པ་མེད་ཅིང༌། རང་བཞིན་རྣམ་དག་ཡིན་པའི་རྒྱུ་མཚན་གྱིས་ལམ་བསྒོམས་པས་གློ་བུར་རྣམ་དག་ཏུ་འགྱུར་གྱི། རང་བཞིན་གྱིས་མ་དག་ན་ལམ་བསྒོམས་ཀྱང་གློ་བུར་རྣམ་དག་ཏུ་མི་འགྱུར་བས། གློ་བུར་རྣམ་དག་གི་མྱང་འདས་ནི་རང་བཞིན་མྱང་འདས་ལ་ངེས་པར་བལྟོས་པའི་ཕྱིར་རོ། །གཞན་ཡང་མྱང་འདས་ཀྱི་ངོ་བོ་ནི་རང་བཞིན་མྱང་འདས་ཁོ་ན་ཡིན་ལ། གློ་བུར་རྣམ་དག་གི་མྱང་འདས་ནི་ཐབས་སྒོམ་པ་པོ་དང༌། ཐབས་གོམས་པའི་སྐྱེས་བུ་རྣམས་ཀྱི་བློ་ངོར་དྲི་མ་སྤངས་ཚུལ་དང༌། ཡོན་ཏན་རྟོགས་ཚུལ་གྱི་བློའི་སྣང་བ་ཙམ་དུ་ཟད་དོ། །འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས་ཀྱང༌། བསོད་ནམས་ཕུང་པོས་སངས་རྒྱས་ཁྱོད། །སྟོན་པའི་སྐུ་དང་སྤྱོད་པ་སྟེ། །སྡིག་པའི་ཕུང་པོས་སངས་རྒྱས་ཁྱོད། །ངན་པ་རུལ་པའི་ལུས་ཉིད་དོ། །ཞེས་ཀྱང་གསུངས་ཏེ། གཞན་སྣང་དུ་སངས་རྒྱས་ཀྱི་སྐུ་དང་མཛད་པ་སྟོན་པའི་ཆོས་ཉིད་དང༌། སེམས་ཅན་རྣམས་ལ་


TNT04_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་ལུས་སུ་སྣང་བའི་ཆོས་ཉིད་ངོ་བོ་གཅིག་ཅིང་སངས་རྒྱས་སུ་བཤད་ལ། རྫོགས་མ་རྫོགས་དང་རྒྱུ་འབྲས་དང་བཟང་ངན་གྱི་དབྱེ་བ་གང་ཡང་མ་མཛད་པས་སོ། །གཉིས་པ་ནི། དེ་ལྟ་བུའི་རྒྱུ་རྒྱུད་སེམས་རང་བཞིན་གྱིས་འོད་གསལ་དེ་རང་བཞིན་གནས་རིགས་དང༌། བདེ་གཤེགས་སྙིང་པོ་དང༌། བདག་གི་དེ་ཁོ་ན་ཉིད་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། དོན་དམ་པའི་བྱང་ཆུབ་དང༌། དོན་དམ་པའི་སངས་རྒྱས་ཞེས་ཀྱང་བྱ་ཞིང༌། དེ་ཉིད་ཀྱི་ངོ་བོ་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཡིན་ཡང༌། རེ་ཞིག་ལྡོག་ཆས་ཕྱེ་བའི་རྣམ་གཞག་བྱས་ན། རྒྱུ་རྒྱུད་རང་བཞིན་འོད་གསལ་དེ་ཉིད་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེ་སྟེ་ཐིག་ལེ་བཞིའི་ངོ་བོར་གནས་ཤིང༌། དེ་ལྟར་གནས་པའི་གོ་དོན་ཡང་ལུས་ངག་ཡིད་ཡེ་ཤེས་ཀྱི་དྭངས་མ་དང་ཆོས་ཉིད་ཡིན་པའི་ཕྱིར་ཐིག་ལེ་ཞེས་བྱ་ཞིང༌། ཆོས་ཉིད་དེ་ཡང་ཀུན་རྫོབ་ཀྱི་སྣང་བ་མ་ཡིན་མོད། དོན་དམ་པའི་ལུས་ངག་ཡིད་ཡེ་ཤེས་ཀྱི་སྣང་བ་མཐའ་ཡས་པ་ཅན་ཡིན་པའི་ཕྱིར། སྤྱིར་སྣང་མེད་དུ་མི་འཇོག་གོ །དེ་ལྟར་ཐིག་ལེ་བཞི་པོ་དེ་ཉིད་འབྲས་དུས་ཀྱི་སྐུ་བཞིའམ་རྡོ་རྗེའི་བཞིའི་རྒྱུ་རྒྱུད་ཡིན་ཞེས་བྱ་ལ། ཞིབ་མོར་ན་གཞི་འབྲས་དབྱེ་བ་མེད་པ་ཡིན་པའི་ཕྱིར། ཐིག་ལེ་བཞི་པོ་དེ་ཉིད་སྐུ་བཞི་ཡིན་ཀྱང་སེམས་ཅན་རྣམས་ལ་ཐིག་ལེ་བཞི་ཙམ་ལས་འཕྲོས་པའི་སྣང་བ་འབྱུང་བའི་ཕྱིར་རྒྱུ་རྒྱུད་དུ་འཇོག་ལ། སངས་རྒྱས་རྣམས་ལ་ས་བཞིའི་


TNT04_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་གཙོ་བོར་འབྱུང་བའི་ཕྱིར་འབྲས་རྒྱུད་དུ་འཇོག་པ་ཡིན་ཞིང༌། ཐབས་རྒྱུད་ལའང་དེས་རིགས་འགྲེའོ། །དེ་ལྟར་ན་སྐབས་འདིར་ཆོས་ཉིད་དེ་དོན་དམ་པའི་རྒྱུ་ཡང་ཡིན། དོན་དམ་པའི་འབྲས་བུ་ཡང་ཡིན་ལ། ཀུན་རྫོབ་རྒྱུ་འབྲས་གང་ཡང་མ་ཡིན་མོད། སེམས་ཅན་རྣམས་ཀྱི་ཤེས་ངོར་རྒྱུའི་ཐ་སྙད་འཇུག་ཏུ་རུང་ཞིང༌། སངས་རྒྱས་རྣམས་ལ་ཤེས་ངོར་འབྲས་བུའི་ཐ་སྙད་དོན་མཐུན་དུ་འཇུག་གོ །ཞེས་པ་དང༌། དོན་དམ་པའི་སྣང་བ་ཅན་ཏེ་སེམས་ཅན་ཐམས་ཅད་ལ་གནས་པ་ཡིན་ཡང་ལམ་མ་བསྒོམས་པ་རྣམས་ལ་སྣང་བ་དེ་མི་སྣང་ངོ༌། །ཞེས་དང༌། དེ་རྣམས་དོན་དམ་པའི་ཐིག་ལེ་ཡིན་པའི་ཕྱིར་མི་འགྱུར་བའི་བདེ་བའང་ཡིན་ལ། དོན་དམ་དུས་ཀྱི་འཁོར་ལོའི་ཞལ་བཞི་དངོས་ཀྱང་ཐིག་ལེ་བཞི་པོ་འདི་ཡིན་ཞིང༌། གཞི་འཁོར་བའི་ཆོས་ལ་དགོངས་ཏེ། གནས་སྐབས་བཞི་ལ་བཤད་པ་ནི་ཐིག་ལེ་འདི་རྣམས་ཀྱི་དྲི་མ་ཡིན་པ་ལ་དགོངས་སོ། །ཞེས་པ་རྣམས་གྲུབ་དོན་ནོ། །དེ་ལྟར་ན་ཆོས་ཉིད་དང༌། སྣང་བཅས་དང། རྒྱུ་རྒྱུད་དང༌། གཞི་འབྲས་དབྱེར་མེད་སོགས་ཐིག་ལེ་བཞི་ལ་བཤད་པའི་སྐབས་འདིས་རིགས་བསྒྲེས་ཏེ། གཞན་རྣམས་ལ་ཡང་རྟོགས་པར་བྱ་ཞིང༌། དོན་དམ་དབྱིངས་དེ་ཁམས་ལྔའི་དྭངས་མ་ཡིན་པའི་ཕྱིར་སྟོང་པ་ཆེན་པོ་ཡི་གེ་ལྔ་ཞེས་བརྗོད་དེ། དེ་ནི་ཡེ་ཤེས་ལྔའི་རང་བཞིན་རྒྱུ་རྒྱུད་ཡིན་ལ། ཕུང་པོ་དྲུག་གམ་


TNT04_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དྲུག་གི་དྭངས་མ་ཡིན་པའི་ཕྱིར་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཅེས་བྱ་སྟེ། རྒྱལ་བ་རིགས་དྲུག་དང༌། ཡུམ་དྲུག་གི་རྒྱུ་རྒྱུད་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་དང༌། རླུང་འཕོ་བ་བཅུ་གཉིས་ཀྱི་དྭངས་མ་ཡིན་པའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་རྟོགས་པའི་ཡེ་ཤེས་ཆོས་སྐུའི་རྒྱུ་རྒྱུད་དང༌། ཐིག་ལེ་འཕོ་བ་བཅུ་དྲུག་གི་ཆོས་ཉིད་ཡིན་པའི་ཕྱིར་དོན་དམ་པའི་དགའ་བ་བཅུ་དྲུག་ཀྱང་ཡིན་ལ། དེ་ཉིད་རྣམ་པ་བཅུ་དྲུག་མཁྱེན་པའི་ཡེ་ཤེས་བཅུ་དྲུག་དང། སྐུ་བཅུ་དྲུག་གི་རྒྱུ་རྒྱུད་ཀྱང་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་དག་ལས་སྟོང་པ་ཆེན་པོ་ཞེས་བྱ་བ་ལ། རང་གི་ངོ་བོས་མ་གྲུབ་པ་ཙམ་གྱི་སྟོང་ཉིད་ནི་སྟོང་པ་ཙམ་ཡིན་ཡང་ཆེན་པོ་མ་ཡིན་ལ། ཆེན་པོའི་སྒྲས་སྟོང་པ་དེ་ཉིད་ཡེ་ཤེས་ཡིན་པར་ཡང་བསྟན་ཞིང༌། ཐིག་ལེ་སྟོང་པ་ཞེས་བརྗོད་པས་བདེ་བའི་ཐིག་ལེ་དེ་ཉིད་གཟུང་འཛིན་ཀྱི་སྤྲོས་པ་དང་བྲལ་བར་ཡང་བསྟན་ནོ། །འགྱུར་མེད་ཅེས་བྱ་བ་ནི་མི་འགྱུར་བའི་ཡེ་ཤེས་སུ་གོ་དགོས་ཤིང༌། ཡི་གེ་ལྔ་ཞེས་བྱ་བ་ལ་སོགས་པ་ཡི་གེའི་སྒྲས་བསྟན་ན། གསུང་གཞོམ་མེད་ཀྱི་ནཱ་ད་ལ་འཇུག་པས་གཉིས་ཀ་ལྟར་ཡང་མི་འགལ་ལོ། །གསུམ་པ་ནི། ཇི་སྐད་དུ། མཆོག་གི་དང་པོའི་སངས་རྒྱས་ལས། །ཆགས་སོགས་དྲི་མ་ལྡན་པའི་སེམས། །འགྱུར་བ་འཁོར་བའི་རྒྱུ་ཡིན་ཏེ། །དེ་དང་བྲལ་པས་རྣམ་པར་དག །རང་བཞིན་དྲི་མེད་དག་པའོ། །ཞེས་དང༌། འཕགས་


TNT04_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷས་ཀྱང༌། དེ་བཞིན་རང་བཞིན་སེམས་འདི་ཡང༌། །རྟོག་པའི་ཚོན་གྱིས་བསྒྱུར་བ་ཉིད། །ཐ་མལ་རྟོག་པའི་ཚོན་གྱིས་ནི། །རིན་ཆེན་སེམས་ནི་དབེན་གྱུར་ན། །ཐོག་མ་ནས་དག་མ་སྐྱེས་པ། །གཉུག་མའི་རང་བཞིན་དྲི་མ་མེད། །ཅེས་གསུངས་པ་ལྟར་སྤྲོས་བྲལ་གྱི་སེམས་ཉིད་འདི་མི་འགྱུར་བའི་བདེ་ཆེན་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་ཡེ་ཤེས་སུ་གནས་པ་ཡིན་ཡང༌། ཆགས་སོགས་འཁྲུལ་པའི་སྣང་བས་སེམས་རྒྱུད་བསྒྲིབས་པར་གྱུར་པའི་སེམས་ཅན་རྣམས་ལ་ནི་འཁོར་བ་འཇུག་པར་འགྱུར་ཞིང༌། འཁྲུལ་པ་དེ་ཉིད་རང་བཞིན་མེད་པའི་གནས་ལ་ཞུགས་ཏེ་རང་སངས་ལ་འགྲོ་བའི་སྐབས་ནི་འཁོར་བ་ལྡོག་པ་ཞེས་བྱའོ། །དེ་ལ་ཆོས་ཅན་འཁོར་བའི་ངོ་བོ་ནི། གནས་སྐབས་བཞི་དང་ཕུང་པོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་ཡུལ་དྲུག་དང་ལས་དབང་དྲུག་དང་ལས་དབང་གི་བྱ་བ་དྲུག་རྣམས་ཡིན་ལ། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས་ཀྱང༌། བདེ་དང་སྡུག་བསྔལ་ཉེར་སྤྱོད་པ། །རྟག་ཏུ་ཀུན་རྫོབ་འཁོར་བའོ། །ཞེས་ཀྱང་གསུངས་སོ། །འཁོར་བ་ལྡོག་པའི་ཆོས་ཉིད་ནི། རྡོ་རྗེ་བཞི་དང༌། རྒྱལ་བ་རིགས་དྲུག་དང༌། ཡུམ་དྲུག་དང༌། དོན་དམ་པའི་སེམས་དཔའ་དྲུག་དང༌། ལྷ་མོ་དྲུག་དང༌། ཁྲོ་བོའི་དབང་པོ་དྲུག་དང༌། རྡོ་རྗེ་མཁའ་འགྲོ་མ་དྲུག་གོ །དེ་ལྟར་ན་དོན་ཚན་


TNT04_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་འཁོར་བ་འཇུག་ལྡོག་གི་ངོ་བོ་བསྟན་པའོ།། འཁོར་བའི་གནས་སྐབས་ཀྱི་དྲི་མ་དེ་ཕྱིས་དག་འགྲོ་བའི་རྒྱུ་མཚན་ཡང༌། ཇི་སྐད་དུ་དབང་མདོར་བསྟན་ལས། སེམས་ལ་གློ་བུར་དྲི་མ་མེད། །སེམས་ལས་ཡུན་རིང་དུས་ཅན་མིན། །སེམས་མེད་པར་ནི་སྐྱེ་བ་མེད། །སེམས་ལ་མི་ཟད་གནས་པ་མིན། །ཞེས་དམ་བཅའི་ཚུལ་དུ་མདོར་བསྟན་ནས། གལ་ཏེ་འདི་ཉིད་གློ་བུར་བ། །དེ་ཚེ་སྔོན་དུ་སེམས་དྲི་མེད། །གང་ཚེ་སེམས་ལས་དུས་རིང་ ཅན། །དེ་ཚེ་དེ་ནི་ཅི་ལས་སྐྱེས། །གལ་ཏེ་སེམས་མེད་པར་སྐྱེ་ན། །དེ་ཚེ་ནམ་མཁའི་མེ་ཏོག་བཞིན། །གལ་ཏེ་སེམས་ལ་རྟག་ཏུ་གནས། །དེ་ཚེ་ཀུན་ཏུ་ཐར་པ་མིན། །ཞེས་འཐད་པ་བཀོད་པའི་ཚུལ་གྱིས་རྒྱས་བར་བཤད། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །རོ་ཡི་སྦྱོར་བས་ཉམ་པར་འགྱུར། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ཉམ་འགྱུར། །ཞེས་རང་བཞིན་ལ་གློ་བུར་གྱི་དྲི་མ་སྤོང་པའི་ཚུལ་གསལ་བར་གསུངས་པ་ལྟར་ཏེ། སེམས་སྔོན་དྲི་མ་མེད་པ་ལས་ཕྱིས་དྲི་མ་གསར་དུ་བྱུང་བ་མ་ཡིན་ཏེ། དེ་ལྟ་བུ་འབྱུང་སྲིད་ན་སྒྲིབ་གཉིས་སྤངས་ཟིན་པའི་རྗེས་སུ་སླར་ཡང་སྐྱེ་སྲིད་པར་ཐལ་བར་འགྱུར། སེམས་ཉིད་མེད་པའི་སྔོན་རོལ་ནས་ཆགས་སོགས་ཡོད་པའང་མི་སྲིད་དེ། སྲིད་ན་ཆགས་སོགས་རྒྱུ་མེད་དུ་ཐལ་བར་འགྱུར། ཆགས་སོགས་དེ་སེམས་མེད་པར་ཡང་མི་སྐྱེ་སྟེ། སྐྱེ་ན་ནམ་


TNT04_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལས་ཀྱང་མེ་ཏོག་སྐྱེ་བར་འགྱུར་ཏེ། རང་གི་གནས་མེད་པར་སྐྱེ་བ་མཚུངས་པའི་ཕྱིར་རོ། །དྲི་མ་དང་སེམས་ངོ་བོ་གཅིག་པའམ་མི་གཅིག་ཀྱང་འབྲལ་མི་རུང་མ་ཡིན་ཏེ། ཡིན་ན་སེམས་དྲི་མ་དང་བྲལ་བའི་ཐར་པ་མི་སྲིད་པར་འགྱུར་རོ། །དེས་ན་སེམས་དང་ཆགས་སོགས་གསེར་དང་གཡའ་བཞིན་དུ་སྔོན་གཅིག་གྲུབ་ཙམ་ན་གཅིག་ཤོས་ཀྱང་གྲུབ་པས་རྟག་ཏུ་འགྲོགས་པ་ཡིན་མོད་ཀྱང༌། དྲི་མ་དེ་སེམས་ཀྱི་ངོ་བོ་ནམ་ཡང་མ་ཡིན་པའི་ཕྱིར་དྲི་མ་སྤངས་ཀྱང་སེམས་ཉིད་མི་ཟད་དེ། དྲི་མ་སྤངས་པའི་སེམས་ཐར་པར་འགྱུར་རོ། །དཔེར་ན་ལྕགས་སམ་ཟངས་ཀྱི་དངོས་པོ་ཙམ་དང༌། དེའི་ཁ་དོག་ནག་པའམ་དམར་བ་དང༌། གྱོང་ཞིང་སྲ་བའི་མཚན་ཉིད་རྣམས་དང་པོ་ནས་རྟག་ཏུ་འགྲོགས་ཤིང་དབྱེ་བ་མི་ཕྱེད་པ་ལྟ་བུར་སྣང་ཡང་ལྕགས་ཟངས་ཀྱི་དངོས་པོ་ཙམ་ནི་དེ་དག་གི་ངོ་བོར་མེད་པས་གསེར་འགྱུར་རྩིའི་རོ་བཅུད་ཀྱིས་བཙོས་པ་ན་ཁ་དོག་ནག་དམར་མི་མཛེས་པ་དང༌། གྱོང་ཞིང་སྲ་བའི་དངོས་པོ་ནི་ཉམ་ཀྱང་ལྕགས་ཟངས་ཉིད་ཀྱི་དངོས་པོ་ནི་མི་ཉམ་སྟེ། དག་པའི་གསེར་ཁ་དོག་བཟང་ཞིང་རང་བཞིན་མཉེན་པར་འགྱུར་བ་བཞིན་ནོ། །དེ་ལྟར་ན་འཁོར་བ་འཇུག་པ་དང་ལྡོག་པ་གཉིས་ཀར་འཐད་དོ། །དོན་ཚན་གཉིས་པ་འཁོར་བ་འཇུག་ལྡོག་རུང་བའི་རྒྱུ་མཚན་བཤད་པའོ། །དེ་ལ་འཁོར་བ་འཇུག་པའི་རྣམ་གཞག་མདོ་ཙམ་


TNT04_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ན། གོང་དུ་བསྟན་པའི་ཐིག་ལེ་བཞི་པོ་ནི་ཆོས་ཉིད་ཡིན་ལ། དེ་ཉིད་ཀྱི་གཡའ་ལྟ་བུ་གློ་བུར་གྱི་དྲི་མ་ནི་གནས་སྐབས་བཞིའི་བག་ཆགས་ཡིན་ཞིང་དེ་ལས་འཁོར་བའི་ཆོས་ཐམས་ཅད་འབྱུང་བ་ཡིན་ནོ། །དེ་ཡང་སེམས་རང་བཞིན་གྱི་འོད་གསལ་བ་དེ་ནི་ཀུན་གཞི་ཡེ་ཤེས་དང༌། མི་ཤིགས་པའི་ཐིག་ལེ་དང༌། གཞོམ་དུ་མེད་པ་དང༌། འོད་གསལ་དང༌། ཨ་ཐུང་གི་བརྡས་བསྟན་པ་ཡིན་ཞིང༌། དཔལ་དྲི་མ་མེད་པའི་འོད་ལས། འདིར་སེམས་ཅན་རྣམས་ཀྱི་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ་རྟག་ཏུ་ནཱ་དའི་མཚན་ཉིད་དོ། །ཞེས་གསུངས་ཤིང་འདིར་སྙིང་གི་ནང་ན་གནས་པ་ཞེས་པ་ནི་སྙིང་པོར་གནས་པ་སྟེ་ཆོས་ཉིད་ཀྱི་དོན་ཡིན་ལ། དེ་ཉིད་ཐིག་ལེ་བཞི་དང་ཡོན་ཏན་བརྒྱད་ཀྱི་དྭངས་མར་གནས་པའི་རྟེན་འབྲེལ་ལས་དེ་ཉིད་དང་འདྲེས་པ་ལྟར་སྣང་བའི་གློ་བུར་གྱི་དྲི་མ་ཀུན་གཞི་རྣམ་ཤེས་ཀྱི་ངོ་བོ་གནས་སྐབས་འགར་རྩ་བའི་མ་རིག་པ་ཆེན་པོ་ཞེས་ཀྱང་བྱ་ལ། དེ་ལ་ཡང་ལྡོག་ཆས་ཕྱེ་ན་གནས་སྐབས་བཞིའི་བག་ཆགས་སོགས་ཡོད་ཅིང༌། དེའི་རང་སྣང་ལས་གནས་སྐབས་བཞིའི་སྣང་བ་དང་རྣམ་རྟོག་མངོན་འགྱུར་བ་རྣམས་འཆར་བ་དང༌། མུན་རྡུལ་སྙིང་སྟོབས་གསུམ་སྒྲ་རེག་རོ་གཟུགས་དྲི་སྟེ་ཡོན་ཏན་བརྒྱད་འབྱུང་ཞིང༌། དེ་དག་ལས་ཀྱང་ཁམས་དང་ཕུང་པོ་དབང་པོ་ལས་དབང་དང་བཅས་པ་རྣམས་འབྱུང་ངོ༌། །ཡེ་ཤེས་དེའི་བཞོན་པ་ནི་དེ་


TNT04_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རླུང་ཡིན་ལ། རྩ་བའི་མ་རིག་པ་དེའི་བཞོན་པ་ཡང་ཕྲ་མོའི་རླུང་ཡིན་ཏེ། རྩ་བའི་མ་རིག་པ་རླུང་དང་བཅས་པ་འདི་ལ་ཡང་སྐབས་འགའ་ཞིག་ཏུ་ཡེ་ཤེས་དང༌། དེའི་རླུང་གི་མིང་བཏགས་པ་ནི། འབྲས་ཀྱི་སྤུན་པ་ལ་འབྲས་ཀྱི་མིང་བཏགས་པ་དང་མཚུངས་ཤིང༌། དགོས་པ་ནི་སྤུན་པ་དང་མ་བྲལ་བའི་འབྲས་ཀྱི་གནས་ལུགས་གོ་དགོས་པ་ལྟར་དྲི་བཅས་དེ་བཞིན་ཉིད་གཏན་ལ་འབེབས་པའི་ཕྱིར་ཡིན་ནོ། །གྲུབ་ཆེན་ཡུ་མོ་ལ་སོགས་པ་གོང་མ་རྣམས་ཀྱི་གསུང་གི་རྩ་བའི་མ་རིག་པ་དེ་ལས་རླུང་གི་མཚན་ཉིད་ཅན་གཉིས་འབྱུང་བ་ལས་དགའ་བའི་རླུང་གིས་བཞི་པའི་གནས་སྐབས་བསྐྱེད་ལ། ལྷན་ཅིག་སྐྱེས་པའི་རླུང་གིས་སད་པ་དང༌། རྨི་ལམ་དང་གཉིད་འཐུག་པོའི་གནས་སྐབས་གསུམ་བསྐྱེད་དོ། །ཞེས་གསུངས་ཏེ་མ་རིག་པ་དེ་ལས་བེམ་ཆོས་ཀྱི་རླུང་སྐྱེ་པའི་དོན་མ་ཡིན་གྱི། དེ་ཉིད་རླུང་དེའི་ངོ་བོར་གནས་ཤིང་རླུང་ཡིན་པའི་ཆ་ནས་གནས་སྐབས་བཞིའི་རྣམ་རྟོག་སྐྱེ་བའི་དོན་ལ་དགོངས་སོ། །དེ་ལས་རླུང་བཅུ་དང༌། དེ་ལས་དུས་སྦྱོར་བཅུ་གཉིས་ཀྱི་རླུང་དང༌། དེ་དག་གིས་ཡུལ་ལྔ་འཛིན་པའི་དབང་ཤེས་ལྔ་དང༌། དེའི་རྗེས་སུ་འབྲང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང༌། བདག་ལ་དམིགས་པའི་ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་གཉིས་ཀྱི་རྗེས་སུ་འབྲངས་པའི་རྣམ་པར་རྟོག་


TNT04_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་མེད་དུ་འཕེལ་བར་འགྱུར་རོ། །གཞན་ཡང་ཡེ་ཤེས་དེ་ནི་དཀར་དམར་རླུང་གསུམ་གྱི་དྭངས་མ་ཆོས་ཉིད་ཡིན་པའི་ཕྱིར། དེའི་དྲི་མའི་ཚུལ་གྱི་རྩ་བའི་མ་རིག་པ་དེ་ཡང་དཀར་དམར་རླུང་གསུམ་ཕྲ་བའི་ངོ་བོར་གནས་ཤིང་རགས་པ་རྣམས་བསྐྱེད་པའི་ས་བོན་ཡིན་ནོ། །ཡེ་ཤེས་དེ་ནི་བརྟན་གཡོ་ཀུན་ལ་ཀུན་ཁྱབ་ཡིན་པ་བཞིན་དུ་རྩ་བའི་མ་རིག་པ་དེ་ཡང་འཁོར་བའི་ཆོས་ཀུན་གྱི་རྟེན་དང་གཞི་དང་འཁྲུལ་སྣང་ཀུན་ལ་ཁྱབ་པའི་ཚུལ་ཅན་ཡིན་མོད་ཀྱི། རེ་ཞིག་སེམས་ཅན་སོ་སོར་རེ་རེའི་སྣང་བ་དང་བསྟུན་ནས་སྐྱེས་བུའི་ལུས་ལ་ཁྱབ་པའི་ཚུལ་གྱིས་གནས་སོ་ཞེས་བརྗོད་ཅིང༌། རྡོ་རྗེ་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱི་གཞི་རྟོགས་པའི་ཕྱིར་སྙིང་གའི་འཁོར་ལོའི་དབུས་སུ་དཀར་དམར་ཁ་སྦྱོར་གྱི་ནང་ན་རླུང་དང་དྲོད་ཕྲ་མོའི་རང་བཞིན་ཅན་གནས་པ་ལ་མ་རིག་པ་ཕྲ་མོ་དེ་ཆོས་ཉིད་དང་བཅས་ཏེ་གནས་སོ་ཞེས་པ་ལྟ་བུར་བཤད་པ་དང༌། དཀར་དམར་ཁ་སྦྱོར་རླུང་དང་བཅས་པ་དེ་ལ་མི་ཤིགས་པའི་ཐིག་ལེར་ཡང་བཏགས་ཤིང༌། དེ་བཞིན་དུ་རྩ་འཁོར་གཞན་དང་གཞན་ལ་དེ་ལྟ་བུ་སྦྱར་བ་མང་སྟེ། དེ་དག་ལ་གནད་དུ་བསྣུན་པས་དྲི་མ་སྦྱོང་བ་དང༌། ལམ་གྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་རྐྱེན་བྱེད་པ་ལ་དགོངས་པ་ཡིན་ནོ། །དེ་ཡང་ཐིག་ལེ་བཞི་དང་འབྲེལ་བའི་གནས་སྐབས་བཞིའི་བག་ཆགས་ནི་ཤེས་པ་ཁོ་ན་ཡིན་པའི་ཕྱིར་


TNT04_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ཆ་ཤས་སོ་སོ་ལ་གནས་པ་མ་ཡིན་མོད་ཀྱང་དཔྲལ་བའི་རྩ་རླུང་ཐིག་ལེའི་བྱེད་པ་ལས་སད་པའི་གནས་སྐབས་ཀྱི་བག་ཆགས་སད་དེ། །སད་དུས་ཀྱི་སྣང་བ་རགས་པ་རྣམ་རྟོག་དང་བཅས་པ་མངོན་འགྱུར་དུ་འབྱུང་བ་ཡིན་ལ། དེ་བཞིན་དུ་མགྲིན་པའི་ལས་རྨི་ལམ་དང༌། སྙིང་གའི་ལས་གཉིད་འཐུག་དང༌། ལྟེ་བའི་ལས་བཞི་པའི་གནས་སྐབས་ཀྱི་བག་ཆགས་སད་དེ་ཆགས་རྟོགས་གི་སྣང་བ་རགས་པ་རྣམ་རྟོག་དང་བཅས་པ་མངོན་འགྱུར་དུ་འབྱུང་བས་ན་འཁོར་ལོ་བཞི་དང༌། རྡོ་རྗེ་བཞི་དང༌། གནས་སྐབས་བཞི་རྣམས་སྦྱར་བ་ཡིན་ནོ། །དང་པོའི་སངས་རྒྱས་རྩ་བའི་ རྒྱུད་ལས། ཡེ་ཤེས་རྣམ་ཤེས་སྦྱོར་བ་ལས། །ལྟེ་བའི་དབུས་ན་གནས་པའི་སེམས། །སྲོག་གི་ཡོན་ཏན་བརྒྱད་ཀྱིས་བཅིངས། །བདག་སྐྱེས་རྣམས་ཀྱི་དར་སྲིན་བཞིན། །སད་དང་རྨི་ལམ་གཉིད་ལོག་སྐབས། །རྣམ་གསུམ་ཡེ་ཤེས་དབྱེ་བ་ལས། །སྲོག་ཆགས་རྣམས་ཀྱི་ཞལ་གསུམ་སེམས། །བཞི་པའི་དུས་ལ་ཞལ་བཞིའོ། །ཞེས་དང༌། ལྟེ་བའི་དབུས་ན་ཐིག་ལེ་དང༌། །ཚེག་དྲག་དེ་དག་ཁ་སྦྱོར་ལ། །རྣམ་ཤེས་ཡེ་ཤེས་སྦྱོར་བ་ཡི། །བྱང་ཆུབ་སེམས་ནི་རྣམ་པར་གནས། །ཞེས་གསུངས་པ་ལས། ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས་དཀར་ཆ་ཡིན་ལ། ཚེག་དྲག་ནི་མེ་སྟེ་དམར་ཆའོ། །རྣམ་ཤེས་ཡེ་ཤེས་སྦྱོར་བ་ཞེས་བྱ་བ་ནི། ཆོས་ཉིད་


TNT04_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་ཡེ་ཤེས་ལ་རྩ་བའི་མ་རིག་པ་ཀུན་གཞི་རྣམ་ཤེས་ཀྱིས་གཡོག་པའི་མིང་ངོ༌། །དེས་ན་ཀུན་གཞི་རྣམ་ཤེས་དེ་ལ་དཀར་དམར་རླུང་གསུམ་གྱི་བག་ཆགས་ས་བོན་གྱི་ཚུལ་དུ་གནས་པ་དེའི་སྐབས་ཀྱང་རླུང་གི་མཐུ་ལས་རྣམ་པར་རྟོག་པའི་མཚན་ཉིད་ཅན་གཏི་མུག་གི་རང་བཞིན་དང༌། དམར་ཆ་རྡུལ་གྱི་བག་ཆགས་ལས་ཆགས་ཤིང་གདུང་བའི་མཚན་ཉིད་ཅན་དང༌། སྙིང་སྟོབས་དཀར་ཆའི་བག་ཆགས་ལས་ཞི་ཞིང་གཡོ་བ་འཛག་བཅས་ཀྱི་བདེ་བའི་མཚན་ཉིད་དུ་གནས་པས། རྩ་བའི་མ་རིག་པ་དེ་ནི་དུག་གསུམ་གྱི་རང་བཞིན་དང་རྣམ་པས་བྱིན་གྱིས་བརླབས་པ་འགྱུར་བའི་བདེ་བ་དང༌། འཕོ་བའི་བག་ཆགས་དང༌། འཛག་བདེའི་སེམས་ཞེས་བརྗོད་པ་ཡིན་ལ། དེ་ཉིད་ལ་རླུང་གཡོ་བ་དང་རྣམ་རྟོག་མངོན་འགྱུར་བ་བསྐྱེད་པ་དང༌། འཛག་བདེའི་དགའ་བ་བཅུ་དྲུག་དང༌། རྟེན་འབྲེལ་བཅུ་གཉིས་རྣམས་རགས་པ་མངོན་འགྱུར་བ་བསྐྱེད་པའི་ནུས་པ་ཡོད་ལ། ས་བོན་གྱི་དུས་ཉིད་ནས་རགས་པ་མངོན་འགྱུར་བ་མེད་ཀྱང་རླུང་རྣམ་རྟོག་དགའ་བ་རྟེན་འབྲེལ་རྣམས་ཕྲ་བའི་མཚན་ཉིད་རྣམས་དངོས་སུ་ཡོད་པ་ཡིན་ནོ། །དེ་ལྟ་བུའི་རྩ་བའི་མ་རིག་པ་དེ་ཉིད་རགས་པའི་ལུས་དང་འབྲེལ་བ་ལས་ཁྱད་པར་འདོད་ཁམས་པ་གཙོ་བོར་གྱུར་པའི་འཁོར་བ་འཇུག་ཚུལ་ནི་འདི་ལྟར་ཡིན་ཏེ། གཟུགས་ཁམས་དང་གཟུགས་མེད་ཁམས་ལའང་ཕྲ་རགས་ཀྱི་ཁྱད་པར་མ་གཏོགས་ཕལ་


TNT04_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་འདྲའོ། །དེ་ཡང་དཀར་དམར་རླུང་གསུམ་གྱི་བག་ཆགས་ལས་རླུང་གི་ནུས་པ་སད་དེ་འཕོ་བ་བཅུ་གཉིས་ཀྱི་རླུང་རྒྱུ་བར་འགྱུར་ལ། དེས་དམར་ཆ་གཡོ་ཞིང་འབར་བར་འགྱུར། དེས་དཀར་ཆ་རྣམས་ཡོངས་སུ་ཞུ་བར་བྱེད། རླུང་གཡོ་བ་དང་དམར་ཆ་འབར་བ་དང་དཀར་ཆ་ཞུ་བ་གསུམ་གྱི་སྤྱི་ཐུན་མོང་དུ་རྣམ་རྟོག་སྣ་ཚོགས་སྐྱེ་ཞིང་སྔོན་གྱི་ལས་ཀྱིས་འཕངས་པའི་ས་བོན་གཞན་རྣམས་སད་པས་རང་གཞན་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་འཆར། ལས་འཕེན་བྱེད་ཀྱི་ཉོན་མོངས་སྣ་ཚོགས་སྐྱེ། ད་དུང་ཉོན་མོངས་ཏེ་རླུང་དང་བཅས་པ་ལྷག་པར་འཕེལ་བས་སྐྱེ་བ་འཕེན་འགྱུར་གྱི་ལས་གསོག་ཅིང༌། ལས་དེ་ལའང་གཉིས་ཏེ། ཐུན་མོང་གི་ལས་ཀྱིས་སྐྱེ་བ་གཞན་དུ་སྣོད་ཀྱི་འཇིག་རྟེན་གཙོ་བོར་འགྲུབ་ལ། ཐུན་མོང་མ་ཡིན་པའི་ལས་ཀྱིས་སེམས་ཅན་རང་རང་གི་ལུས་དང་ལོངས་སྤྱོད་ལ་སོགས་པ་འགྲུབ་བོ། །སྣོད་བཅུད་དེ་ཐམས་ཅད་ཀྱང་ཕུང་ཁམས་སྐྱེ་མཆེད་དུ་འདུས་སོ། །དེ་ལྟར་ཡང་རྩ་རྒྱུད་ལས། རྣམ་ཤེས་ཡེ་ཤེས་སྦྱོར་བ་ ཡིས། །ལྔ་དྲུག་ཡུལ་གྱི་བདག་ཉིད་ཅན། །སེམས་ནི་ཞལ་ལྔ་ཞལ་དྲུག་པ། །སེམས་མིན་སེམས་ཀྱི་གཟུང་བྱ་སྟེ། །ཞེས་གསུངས། དེ་དག་ནི་དོན་ཚན་གསུམ་པ་འཁོར་བ་འཇུག་ཚུལ་སྤྱིར་བཤད་པའོ། །ཐུན་མོང་མ་ཡིན་པའི་དོན་དེ་གསལ་བར་བརྗོད་པ་ནི་འདི་ལྟར་ཡིན་ནོ། །དེ་ཡང་འཛག་བདེ་འཁོར་བའི་རྩ་བ་ཡིན་ཏེ།


TNT04_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་ཁམས་ན་ནམ་མཁའ་དང༌། སྒྲ་ཁམས་ཀྱི་ཐིག་ལེ་འགྱུར་བའི་འཛག་བདེ་དང། གཟུགས་ཁམས་ན་དེའི་སྟེང་དུ་རླུང་དང་རེག་བྱ། མེ་དང་གཟུགས་ཀྱི་དེ་དག་ཀྱང་ཡོད། འདོད་ལྷ་རིགས་དྲུག་ལ་ཆུ་དང་རོའི་དེ་དང༌། མི་དང་དུད་འགྲོ་སོགས་ལ་ས་དང་དྲིའི་ཁམས་ཀྱི་ཐིག་ལེ་འགྱུར་བའི་འཛག་བདེ་ཡང་ཡོད་པས་མིའི་རྟེན་ལ་ནི་འབྱུང་བ་ལྔ་དང། ཡོན་ཏན་ལྔ་ཆར་ཚང་བའི་འཛག་བདེ་རགས་པའི་མཐར་ཐུག་པ་ཡོད་ཅིང༌། དེ་འཆིང་དུ་རུང་བའི་ནུས་པ་མཐར་ཐུག་པའང་ཡོད་པས་རྟེན་འདི་ལ་ལྷག་པར་བསྔགས་པ་ཡིན་ནོ། །གཟུགས་དང་གཟུགས་མེད་ཀྱི་ཁམས་ན་འཛག་བདེ་ཕྲ་མོ་དངོས་ཀྱང་ཡོད་ལ་རགས་པའི་བག་ཆགས་དང་ས་བོན་ཡོད་པས། སླར་འདོད་ཁམས་ཀྱི་མངལ་སྐྱེས་སུ་སྐྱེ་བ་དང། གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་ཉིད་དུ་ཡང་ཉིང་མཚམས་སྦྱོར་ཏེ། རང་རང་གི་ཕུང་པོ་དང་ཏིང་ངེ་འཛིན་ལ་ཆགས་པ་འབྱུང་བ་ཡང་ཁམས་དེ་དག་ཉིད་ཀྱི་འཛག་བདེའི་རྣམ་འགྱུར་ཡིན་ནོ། །དེ་བཞིན་དུ། དྲི་དང་གནས་ལ་མངོན་འདོད་གཞན། ཞེས་གཞན་ལས་འབྱུང་སྟེ། འདོད་ཁམས་ཀྱི་རྫུས་སྐྱེས་གནས་ལ་སྲེད་པ་དང༌། དྲོད་གཤེར་སྐྱེས་དྲི་ལ་སྲེད་པ་འཛག་བདེའི་རྣམ་འགྱུར་དུ་ཤེས་པར་བྱའོ། །དེ་ཐམས་ཅད་ལ་མཚུངས་པར་རླུང་གིས་དམར་ཆ་སྦར་བས་ཐིག་ལེ་ཞུ་བ་ན། འཛག་བདེའི་དགའ་བ་བཅུ་དྲུག་རིམ་གྱིས་འཆར་ཞིང༌། རེ་རེ་ཡང་དགའ་བ་ཉམ་


TNT04_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་ཉིད་ཅན་ཡིན་པས་ཞེ་སྡང་དང་གཏི་མུག་ཕྲ་མོ་རེ་ཡོད་ལ། ཁྱད་པར་བཅུ་དྲུག་པའི་མཐར་ཁམས་འགྱུར་ཞིང་འཛག་པས་ཆགས་པ་དང་བྲལ་ནས་ཞེ་སྡང་དང༌། ཆགས་སྡང་གཉིས་ཀྱིས་སེམས་འཁྲུགས་པས་རྨོངས་པར་འགྱུར་ཞིང༌། དེ་གསུམ་འཛོམ་པས་སྔར་གྱི་དུག་གསུམ་གྱི་བག་ཆགས་ལྷག་པར་སྟོབས་སུ་འགྱུར་ལ། དེ་ནི་མ་རིག་པའི་རྟེན་འབྲེལ་ལ་ལྷག་པར་སྤྱོད་པའི་སྐབས་ཡིན་ཞིང༌། དེས་ལས་བསགས་པས་འདུ་བྱེད་ཀྱི་རྟེན་འབྲེལ་སོགས་གཞན་རྣམས་འབྱུང་སྟེ། སྲིད་པའི་འཁོར་ལོ་བར་མ་ཆད་དུ་འཁོར་བ་ཡིན་ལ། རྟེན་འབྲེལ་ཚར་གཅིག་གི་འཕེན་པ་ཟད་མཚམས་སུ་འཆི་འཕོ་བ་ཡིན་ཞིང༌། དེ་ཡང་རླུང་སེམས་རགས་པ་རྣམས་འགགས་རྗེས་འཁོར་བ་པ་རྣམས་ཐབས་མཁས་དང་བྲལ་བ་ཡིན་པའི་ཕྱིར་དམར་པོ་སྟེང་དུ་ལྷག་པར་འབར་བས་ཐིག་ལེ་དཀར་པོ་ལྷག་མ་མེད་པར་ཞུ། ཆུས་མེ་བསད་པའི་ཚུལ་གྱིས་དམར་པོའི་ནུས་པ་རྩ་བ་ནས་ཉམ། དཀར་དམར་ཁ་སྦྱོར་ཞིག་པའི་མཚམས་ནས་སྐྱེ་བ་གཞན་འགྲུབ་འགྱུར་གྱི་ལས་ཀྱི་མཐུ་ལས་རླུང་བསྐྱོད་པ་དང་ལྷན་ཅིག་སེམས་གཞན་དུ་འཕོའོ། །དེ་མ་ཐག་དཀར་དམར་རླུང་གསུམ་དང་ཁམས་ལྔ་ཕྲ་མོ་དང་བཅས་པའི་བར་དོ་འགྲུབ་ལ། དེས་མངལ་གཟུང་བ་སོགས་སྐྱེ་བའི་སྲིད་པ་བླངས་པ་ན་རྩ་བའི་མ་རིག་པ་ས་བོན་གྱི་གནས་སྐབས་ཅན་དེ་ཐ་མལ་པའི་ལུས་ངག་ཡིད་གསུམ་རགས་པ་


TNT04_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པ་ལེན་པར་འགྱུར་ཞིང༌། གོང་དུ་བཤད་པ་ལྟར་འཕོ་བ་བཅུ་གཉིས་ཀྱི་རླུང་གཡོས་པས་འཛག་བདེ་གསར་པ་སྐྱེ་བ་ལ་སོགས་པར་འགྱུར་རོ། །འདི་དག་ཀྱང༌། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། མ་རིག་པ་ནི་འདིར་ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། །དེས་འདོད་ཆགས་རབ་ཏུ་འཇུག་སྟེ་འདོད་ཆགས་ལས་ཀྱང་འགྱུར་བའོ། །འགྱུར་བ་ལས་ཆགས་པ་དང་བྲལ་བ་སྟེ་ཆགས་པ་དང་བྲལ་བ་ལས་ཀྱང་ཞེ་སྡང་ངོ༌། །ཞེ་སྡང་གི་བདག་ཉིད་ནི་བརྒྱལ་བ་སྟེ་བརྒྱལ་བ་ཞེས་བྱ་བ་ནི་གཏི་མུག་གོ །དེ་ལྟར་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ནི་མ་རིག་པ་སྟེ། ནམ་མཁའི་མེ་ཏོག་གི་ཕྲེང་བ་ནི་མ་ཡིན་ནོ། །མ་རིག་པ་ཞེས་བྱ་བ་ནི་ཉོན་མོངས་པའོ། །མ་རིག་པ་ལས་འདུ་བྱེད་དེ་འདུ་བྱེད་ལས་རྣམ་པར་ཤེས་པ་སྟེ་སྡུག་བསྔལ་བའོ་ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། མདོར་བསྡུ་ན། འཛག་བདེའི་བག་ཆགས་ཀྱི་སེམས་ལས་ཁུ་རྡུལ་རླུང་གསུམ་མངོན་དུ་འགྱུར། དེ་གསུམ་གྱིས་ད་ལྟའི་ལུས་ངག་ཡིད་གསུམ་བསྐྱེད། ལུས་ངག་ཡིད་གསུམ་གྱི་རྩ་རླུང་ཐིག་ལེའི་སྣང་བ་ལས་ཕྱི་འཇིག་རྟེན་ཁམས་ཀྱི་སྣང་བ་སྣ་ཚོགས་ཤར། ནང་བག་ཆགས་ཀྱི་ནུས་པ་ཁུ་རྡུལ་རླུང་གསུམ་གྱི་རྣམ་པར་ཤར་བའི་ཉེར་ལེན་དང༌། ཕྱི་རོལ་སྣང་བ་རང་ལུས་དང་བཅས་པའི་ཡུལ་དང་འཕྲད་པའི་རྐྱེན་གཉིས་འཛོམ་པ་ལས་སླར་ཡང་ཉོན་མོངས་སྐྱེས་ནས་ལས་


TNT04_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པས་སྐྱེ་བ་གཞན་འཕེན་ཞིང༌། སྔར་ཡོད་པའི་ཉོན་མོངས་པའི་བག་ཆགས་དེ་སྟོབས་དང་ལྡན་པར་བྱས་ནས་མ་འོངས་པ་ན་ཉོན་མོངས་སྣ་ཚོགས་སྐྱེ་བའི་རྒྱུ་ཡང་བྱེད་དོ། །དེས་ན་འཁོར་བར་འཁྱམས་པ་ཐམས་ཅད་རང་སེམས་ལས་བྱུང་བའི་ཉོན་མོངས་ཀྱིས་སྡུག་བསྔལ་སྣ་ཚོགས་ཀྱི་རང་བཞིན་ཅན་གྱི་འཁོར་བ་བསྒྲུབས་པ་ཡིན་པས་འཁོར་བའི་སྡུག་བསྔལ་བསྐྱེད་པ་པོ་གཞན་ན་མེད་པས་དར་ཀྱི་སྲིན་བུ་རང་ཉིད་ཀྱི་ཁ་ཆུས་བཅིངས་པ་བཞིན་ནོ། །དེ་དག་ནི་དོན་ཚན་བཞི་པ་འཁོར་བ་ཇི་ལྟར་བསྐྱེད་པའི་ཚུལ་ལོ། །དེ་ནས་འཁོར་བ་ལྡོག་པའི་ཚུལ་བཤད་ན། དེ་ལྟར་འཁོར་བར་འཁྱམས་པའི་ཚུལ་དེ་ཐམས་ཅད་ཀྱང་གནས་ལུགས་ལ་ཡོད་ཅིང་བདེན་པར་གྲུབ་པ་མ་ཡིན་གྱི། མེད་བཞིན་དུ་སྣང་བའི་འཁྲུལ་པ་ཡིན་ནོ། །འཁྲུལ་པ་དེ་ཡང་རྣམ་པར་རྟོག་པ་ཙམ་ཡིན་ལ། རྣམ་པར་རྟོག་པ་དེ་ཡང་བག་ཆགས་ཡོད་པའི་མཐུ་དང༌། ལས་རླུང་རྒྱུ་བའི་རྐྱེན་གྱིས་བསྐྱེད་པ་ཡིན་ཏེ དེའི་གཉེན་པོར་མི་རྟོག་པའི་ཡེ་ཤེས་ཀྱིས་ལས་རླུང་དགག་དགོས་པ་ཡིན་ནོ། །དེ་ཡང་ཆོས་ཉིད་ལ་མངོན་སུམ་པའི་སྣང་བ་ཅན་གྱི་མི་རྟོག་ཡེ་ཤེས་ཀྱིས་འགྱུར་བདེའི་བག་ཆགས་སྤོངས་ལ། ལས་རླུང་བཀག་པས་ནི་དཀར་དམར་གྱི་ཚོགས་པ་རང་སར་དེངས་ནས་འཛག་བདེ་བཅུ་དྲུག་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་རིམ་པ་དེ་རྣམས་འགག་པར་འགྱུར་རོ། །ལས་ཉོན་སྡུག་བསྔལ་


TNT04_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་རྒྱུན་རྣམས་དངོས་སུ་འགགས་ཤིང༌། རྣམ་རྟོག་སྤང་པས་སླར་སྐྱེ་བར་ཡང་མི་འགྱུར་ལ། སྲིད་པར་ལས་ཉོན་གྱི་སྐྱེ་བ་ཟད་པར་འགྱུར་རོ། །དེ་ནི་མེད་བཞིན་དུ་སྣང་བའི་འཁྲུལ་པའི་འཁོར་ལོ་རང་སངས་སུ་སོང་བ་ཙམ་ན་ཐར་པ་སྟེ། སྔར་ཡོད་བདེན་པ་པོ་བསལ་རྒྱུ་དང། སྔར་མེད་ཁྱད་པར་ཅན་བཞག་རྒྱུ་མེད་ཏེ། དེ་ལྟར་ཡང་དྲི་མེད་འོད་ལས། དེའི་ཕྱིར་བདུད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི་འཁོར་བའི་སེམས་ཀྱི་བག་ཆགས་དང་བྲལ་བའི་སེམས་སོ། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ལྟར་ན་ཀུན་རྫོབ་སེམས་ཅན་གྱི་གང་ཟག་ནི་རྣམ་ཤེས་འཁོར་བའི་ཆོས་མཐའ་དག་དང་བཅས་པའི་རྒྱུན་ཙམ་ཡིན་ལ། དེ་ཉིད་ལ་དོན་དམ་ཡེ་ཤེས་ཀྱི་སངས་རྒྱས་རྟག་ཏུ་བཞུགས་པའི་ཕྱིར། རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་སོགས་གསུངས་ཤིང༌། རྒྱུད་ཀྱི་རྒྱལ་པོ་གཞན་དང༌། མདོ་སྡེ་རྣམས་ལས་ཀྱང་རྒྱ་ཆེར་གསུངས་སོ། །དོན་འདི་རྒྱས་པར་ལམ་དང་འབྲས་བུ་བསྟན་པས་ཤེས་པར་འགྱུར་རོ། །གཉིས་པ་རྒྱུ་རྒྱུད་ལ་ལོག་རྟོག་སེལ་བ་དངོས་དང༌། འཕྲོས་དོན་ནོ། །དང་པོ་ནི། མཁས་པ་འགའ་ཞིག་སྐབས་འདིར་གནས་སྐབས་བཞིའི་དྲི་མ་དང༌། མ་


TNT04_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཁམས་དྲུག་དང༌། ལས་རླུང་འཕོ་བ་བཅུ་གཉིས་དང། འགྱུར་བདེའི་དགའ་བ་བཅུ་དྲུག་རྣམས་འབྲས་བུའི་རྡོ་རྗེ་བཞི་ལ་སོགས་པའི་རྒྱུ་རྒྱུད་དངོས་ཡིན་ཞེས་གསུངས་ཤིང༌། སྤྱིར་ཡང་རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། ཞེས་པའི་དགོངས་པར་བྱས་ནས་འཁོར་བ་ཉིད་རྒྱུ་རྒྱུད་དུ་བཞེད་དོ། །འོན་ཀྱང་རྣམ་གཞག་འདི་ལེགས་པ་མ་ཡིན་ཏེ། གནས་སྐབས་བཞི་སོགས་འཁོར་བའི་ཆོས་རྣམས་ནི་སྤང་བྱ་ཁོ་ན་ཡིན་པས་སངས་རྒྱས་ཀྱི་རྒྱུ་གྲུང་པོར་མི་རུང་ལ། འཁོར་བ་སྤངས་པའི་ཚེ་རྒྱུན་ཆད་པས་གཞི་ལམ་འབྲས་གསུམ་དུ་རྒྱུན་ཆགས་པར་ཡང་མི་རུང་བའི་ཕྱིར་དང༌། རྡོ་རྗེ་རྩེ་མོའི་ལུང་དེ་ཡང་རྒྱུ་ཐབས་འབྲས་བུས་བསྡུས་པའི་རྒྱུད་གསུམ་གྱི་རྣམ་གཞག་འཆད་པའི་སྐབས་མ་ཡིན་པའི་ཕྱིར་དང༌། འཁོར་བའི་རང་བཞིན་ལ་བསམ་པ་ཡིན་ན་རང་བཞིན་དེ་འཁོར་བ་མ་ཡིན་པའི་ཕྱིར་རོ། །ཡང་བོད་མང་པོ་ཞིག་ནི། རྒྱུ་རྒྱུད་འཁོར་བའི་ཆོས་ཉིད་ཡིན་ལ་འཁོར་བ་རང་བཞིན་མེད་ཙམ་དེ་འཁོར་བའི་ཆོས་ཉིད་ཡིན་ནོ། །ཞེས་སྨྲ་བ་ནི་མི་འཐད་པ་ཆེན་པོ་སྟེ། མེད་པར་དགག་པའི་མཚན་ཉིད་ཅན་དངོས་མེད་དེ་ནི་རྒྱུ་དངོས་ཀྱང་མ་ཡིན་ལ། རྒྱུར་འཇོག་པའི་རྒྱུ་མཚན་ཡང་མེད་པའི་ཕྱིར་དགོས་པ་དང་ལྡན་པའི་བཏགས་པ་པར་ཡང་མི་རུང་ངོ༌། །རང་བཞིན་མེད་ཙམ་དེ་ནི་


TNT04_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྤྱི་ཁྱབ་ཡིན་པའི་ཕྱིར། འཁོར་བ་ཁོ་ནའི་སྟེང་དུ་གནས་པ་མི་སྲིད་ན། འཁོར་བ་ཁོ་ན་ལ་རང་བཞིན་མེད་པའི་སྒྲ་སྦྱར་བ་དོན་མེད་པ་དང༌། འབྲས་བུའི་སངས་རྒྱས་ཀྱང་འཁོར་བ་རང་བཞིན་མེད་པ་ཡིན་པས་ཁྱེད་ལ་རྒྱུ་རྒྱུད་དུ་ཐལ་བར་འགྱུར་ཞིང༌། དེ་ལྟར་འདོད་པ་ཡང་མ་ཡིན་པའི་ཕྱིར་དང༌། དངོས་མེད་ལ་རྒྱུན་ཆགས་པའི་དོན་དངོས་དང་ཕྱོགས་མཐུན་གང་ཡང་མ་ཚང་བའི་ཕྱིར་དང༌། འཁོར་བ་ཁོ་ན་ལ་གནས་པའི་རང་བཞིན་མེད་པ་ཞིག་ཀྱང་ཡོད་དོ་སྙམ་ན་དེ་ལྟ་བུའི་ཆོས་དེ་ཇི་ལྟར་ཡིན་ཞེས་རྣམ་པར་དཔྱད་པས་དེ་འདྲ་ཤེས་བྱ་ལ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །ཡང་འགའ་ཞིག་རྒྱུ་རྒྱུད་རྣམ་པ་གཉིས་ཏེ། མེད་དགག་གི་མཚན་ཉིད་ཅན་གྱི་སྟོང་པ་དེ་ནི་རྒྱུ་རྒྱུད་ཀྱི་གཙོ་བོ་ཡིན་ཞིང་གནས་ལུགས་མཐར་ཐུག་ཀྱང་ཡིན་ལ། རང་རིག་ཙམ་གྱི་ཡེ་ཤེས་ཤིག་ཀྱང་ཁས་ནི་ལེན་ཞིང༌། དེ་གནས་སྐབས་ཀྱི་ཆོས་ཉིད་དང༌། གནས་ལུགས་ཕལ་པ་ཙམ་ཡིན་ཞིང༌། སྔ་མ་གཏན་ལ་དབབ་བྱ་དང༌། བསྒོམ་བྱའི་གཙོ་བོ་ཡིན་ཡང་ཕྱི་མ་ཡང་བསྒོམ་ཞིང་གཏན་ལ་འབེབས་དགོས་ཏེ། གནས་ལུགས་སྤྲོས་པ་ཉེར་ཞིའི་རྣམ་པ་ཅན་གཞི་ཟག་མེད་ཀྱི་སེམས་དང་འབྲེལ་བ་དེ་ཀུན་གཞི་ཡེ་ཤེས་ཡིན་ཞིང་གཞི་དུས་ན་ཡོད་ཅིང༌། དེ་ལྷན་སྐྱེས་ཀྱི་བདེ་ཆེན་དུ་གནས་པ་སངས་རྒྱས་ཀྱི་ཐུགས་ཀྱི་ཉེར་ལེན་དང༌། སྟོང་གཟུགས་ལོངས་སྐུའི་རྣམ་པ་


TNT04_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཞིག་གཞི་དུས་ནས་ཡོད་པ་ནི་གཟུགས་ཀྱི་སྐུའི་ཉེར་ལེན་ཡིན་ལ། དེ་དག་རྟག་པ་དངོས་མིན་ཞིང་རིགས་པའི་དཔྱད་བཟོད་ཀྱི་བདེན་གྲུབ་མིན་ཡང༌། རྒྱུན་གྱི་རྟག་པ་དང་དགོས་པའི་དོན་ལ་མི་བསླུ་བའི་བདེན་པ་ཡིན་ནོ། །དེ་སྒོམ་པའི་ཚུལ་ཡང་སྤྲོས་བྲལ་གྱི་ཡུལ་ལ་ལས་དང་པོ་པས་དེ་དང་མཐུན་པའི་འཛིན་སྟངས་དགོས་པས་སྟོང་ཉིད་ནི་འཛིན་སྟངས་ཀྱི་གཟུང་བྱ་དང༌། སྟོང་གཟུགས་ནི་སྟོང་པའི་རྣམ་པ་ཅན་གྱི་སྣང་ཡུལ་ཡིན་ནོ། །འདི་ལྟར་བྱས་ན་འཁོར་ལོ་བར་མཐའ་གཉིས་དང༌། ཤིང་རྟ་ཆེན་པོ་གཉིས་ཀྱང་དགོངས་པ་འགལ་མེད་དུ་སྒྲུབ་ནུས་པས། ཆོས་སྤོང་གི་ལས་སྤངས་པ་ཡིན་ནོ་ཞེས་ཟེར་ཞིང༌། དཔྱོད་ལྡན་ཆེན་པོ་གཞན་དང་གཞན་དག་ཀྱང་འདི་དང་ཕྱོགས་མཐུན་དུ་གསུངས་པ་དག་ཡོད་ དོ། །འདི་ནི་སྔ་མ་གཉིས་ལས་ལེགས་ཀྱང་ད་དུང་མི་འཐད་པ་སྣང་ངོ༌། །ཆོས་སྐུའི་ཉེར་ལེན་ཟག་མེད་ཀྱི་སེམས་རྒྱུན་ཁོ་ན་ལ་མི་འཇོག་པར་སྤྲོས་པ་ཉེར་ཞིས་ཁྱད་པར་དུ་བྱས་པའི་ཟག་མེད་ཀྱི་སེམས་ལ་འཇོག་པ་ནི་རྣམ་དཔྱད་མེད་པའི་ཚིག་སྟེ། རང་བཞིན་སྤྲོས་པ་དང་མ་བྲལ་བའི་ཟག་མེད་ཀྱི་སེམས་ཤིག་ཡོད་ན་དེ་གཅོད་པའི་ཕྱིར་དེ་སྐད་བརྗོད་དགོས་པ་བདེན་ཀྱང་དེ་འདྲ་མི་སྲིད་པའི་ཕྱིར་དང༌། ཟག་མེད་སེམས་རྒྱུད་ཙམ་དེ་རྒྱུ་རྒྱུད་ཡིན་ན་ནི་སྤྲོས་པ་དང་བྲལ་ཙམ་དེ་རྒྱུ་རྒྱུད་ཀྱི་གཙོ་བོར་བཞག་པ་ཤིན་ཏུ་འགལ་བའི་


TNT04_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང༌། སྤྲོས་པ་དང་བྲལ་ཙམ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པར་འདོད་པའི་ཕྱིར་ཟག་མེད་ཀྱི་སེམས་ཁོ་ན་དང་འབྲེལ་བ་ལ་དགོས་པ་ཅི་ཡང་མེད་པའི་ཕྱིར་དང༌། ཁྱེད་ལྟར་ན་གདོད་ནས་གྲུབ་པའི་སྟོང་གཟུགས་དེ་ཡང་རང་བཞིན་མེད་པའི་ཕྱིར། དེའི་རང་བཞིན་མེད་པ་ནི་གཟུགས་སྐུའི་རྒྱུར་ཐལ་བར་འགྱུར་བའི་ཕྱིར་དང༌། དེ་ཡང་འདོད་ན། འཁོར་ལོ་བར་པའི་དངོས་བསྟན་བསྟན་བྱས་གཙོ་བོ་ཆོས་ཉིད་མེད་དགག་དེ་ཆོས་སྐུའི་རྒྱུ་རྒྱུད་གཙོ་བོར་བཤད་པའི་རང་ཚིག་དང་འགལ་བའི་ཕྱིར་དང༌། དངོས་མེད་ལ་རྒྱུའི་དོན་དང་རྒྱུད་ཀྱི་དོན་གཉིས་ཀ་མ་ཚང་ཞིང་ཅི་ཡང་མ་ཡིན་པ་ནི་དངོས་པོའི་ཁྱད་པར་གཅིག་ཁོ་ན་ལ་དམ་པོར་སྡོད་པ་མི་སྲིད་པའི་སྐྱོན་སྔར་བཤད་པ་ཡང་འདིར་འཇུག་པ་དང༌། ཟག་མེད་ཀྱི་སེམས་རྒྱུན་དང་མ་འབྲེལ་བའི་སྤྲོས་བྲལ་ཙམ་གྱི་ཆོས་སྐུའི་རྒྱུ་རྒྱུད་དུ་མི་འགྱུར་ཞིང༌། གདོད་མའི་སྟོང་གཟུགས་དང་མ་འབྲེལ་བའི་སྤྲོས་བྲལ་ཡང་གཟུགས་སྐུའི་རྒྱུ་རྒྱུད་དུ་མི་འགྱུར་ན། སྐུ་གཉིས་གང་ལ་ཡང་རྒྱུའི་དོན་མི་བྱེད་པ་དེ་རྒྱུ་རྒྱུད་ཀྱི་གཙོ་བོར་ཁས་ལེན་པ་ཤིན་ཏུ་འགལ་བའི་ཕྱིར་དང༌། སྒོམ་པས་ཉམས་སུ་ལེན་ཚུལ་ལ། བདག་གཉིས་བཀག་པའི་འཛིན་སྟངས་ཅན་གྱི་རིག་ཤེས་ངེས་པར་སྔོན་དུ་འགྲོ་དགོས་པར་འདོད་པ་ནི། རྒྱ་བོད་ཀྱི་དབུ་མའི་གཞུང་སྨྲ་བ་པོ་ཐེག་ཆེན་གྱི་གྲུབ་མཐའ་བཟུང་ནས་རྟོག་གེ་ལ་དགའ་བ་རྣམས་ཀྱི་


TNT04_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཁོ་ན་ཡིན་པའི་ཕྱིར་དང༌། རྫོགས་རིམ་གཏན་ལ་འབེབས་པའི་སྐབས་སུ་སྣང་ཡུལ་དང༌། ཞེན་ཡུལ་གྱི་ཐ་སྙད་སྦྱོར་བ་ཚད་ལྡན་སུས་ཀྱང་མ་བཤད་པའི་རྟོག་བཟོར་འགྱུར་བའི་ཕྱིར་རོ། །དེས་ན་འདི་ལ་གྲུབ་མཐའ་མི་འདྲ་བ་གཉིས་བསྲེས་པའི་སྐྱོན་ཆེན་པོ་བྱུང་ཞིང༌། བོད་ཕལ་ཆེར་རྟག་པ་དང༌། བདེན་པ་མི་འདོད་པ་ནི་རུང་བ་མ་ཡིན་ཏེ། མདོ་རྒྱུད་རྣམས་ལས། རྟག་པ་དང་བདེན་པའི་རྣམ་གཞག་མཐའ་ཡས་པ་གསུངས་པའི་ཕྱིར་དང༌། ཀླུའི་ཞབས་ཀྱི་སྒོམ་རིམ་དུ། དེ་ལྟར་ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་འདི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བརྟགས་པའི་གཞན་དངོས་འབྱུང་མ་ཡིན། །ཞེས་པ་དང༌། ཨརྱཱ་དེ་བས་ཀྱང༌། ཡོད་ལ་མེད་པར་འཁྲུལ་དང་མི་རྟག་ཉིད་དུ་འཁྲུལ། །མེད་ལ་ཡོད་པར་འཁྲུལ་དང་རྟག་པ་ཉིད་དུ་འཁྲུལ། །ཞེས་དང༌། ཀླུའི་བཤེས་གཉེན་གྱི་སྐུ་གསུམ་དུ་འཇུག་པར་ཡང༌། ངོ་བོ་ཉིད་ནི་རྣམ་གསུམ་པོ། །ཡོངས་སུ་ཤེས་དང་སྤངས་དག་པའི། །སྐུ་གསུམ་པོ་ནི་ཐོབ་འགྱུར་ཏེ། །དེ་ཕྱིར་དེ་ནི་དེ་ཡིས་བསྡུས། །ཞེས་དང༌། རྒྱུད་ཀྱི་རྒྱལ་པོ་ལས་ཀྱང༌། གང་དག་ས་ལ་དཔག་བསམ་ཤིང་དང་རོ་དང་མཆོག་གི་རོ་དང་སྨན་དང་རོ་ཡི་དབང་པོ་གཞན། །མཐའ་དག་ནད་འཕྲོག་རྡུལ་ཕྲན་རྣམས་ཀྱི་རབ་ཏུ་བསྐྱེད་པ་དེ་རྣམས་སེམས་ཅན་རྣམས་ཀྱིས་མི་མཐོང་སྟེ། །གང་ཞིག་ཕལ་པའི་རྩ་


TNT04_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤིང་དང་ཆུ་དང་རྡུལ་དང་རྔོ་བ་དང་ནི་ལྕགས་རྣམས་མཐོང་བར་འགྱུར། །ཞེས་ཡོད་པའི་ཆོས་ཉིད་མི་མཐོང་ལ། མེད་པའི་ཀུན་རྫོབ་མཐོང་བར་གསུངས་སོ། །མདོ་ལས་ཀྱང༌། བྱིས་པ་རྣམས་ནི་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་ན། ཆོས་ཉིད་དང་དོན་དམ་པ་ཡང་གནས་ཚུལ་ལ་མེད་ན། སངས་རྒྱས་རྣམས་ཀྱང་མེད་པའི་ཆོས་ལ་སྤྱོད་པར་འགྱུར་བའི་ཕྱིར། བྱིས་པ་ཁོ་ན་ལ་ཅིའི་ཕྱིར་དེ་ལྟར་གསུངས། གཞན་ཡང་གནས་ལུགས་འགྱུར་བ་མེད་པའི་ཕྱིར་རྟག་པ་ཡིན་ལ། ཡེ་ཤེས་མ་འཁྲུལ་བའི་སྤྱོད་ཡུལ་ཡིན་པའི་ཕྱིར་བདེན་པར་གྲུབ་པ་ཡིན་ནོ། །གལ་ཏེ་དེ་བདེན་པར་མ་གྲུབ་ན་ཐེག་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་རྫུན་པའི་ཡུལ་ཅན་དུ་སོང་བས་འཁྲུལ་པར་ཐལ་བ་དང༌། དེ་མི་རྟག་པ་ཡིན་ན་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཡེ་ཤེས་ཀྱིས་དེ་མི་རྟོག་པར་རྟོགས་པར་ཐལ་བ་དང༌། དེ་ལས་སྡུག་བསྔལ་གྱི་འདུ་ཤེས་འཇུག་པར་ཐལ་བ་དང༌། འདུས་བྱས་ཡིན་པའི་ཕྱིར་རྒྱུ་རྐྱེན་དུ་མ་ལས་འབྱུང་བར་ཐལ་ཏེ། རྒྱུ་མེད་པ་དང༌། རྒྱུ་གཅིག་ལས་དངོས་པོ་གང་ཡང་འབྱུང་བ་མེད་པའི་ཕྱིར་རོ། །འདི་དག་རྒྱས་པར་ལོགས་སུ་དཔྱད་པར་བྱ་སྟེ། འདིར་ཡི་གེ་མངས་པར་འགྱུར་བའི་ཕྱིར་བཞག་གོ །དེ་བཞིན་དུ་རྩ་བའི་མ་རིག་པ་ལ་ཡེ་ཤེས་སུ་འདོད་པ་དང༌། མ་རིག་པ་ལ་གཞོམ་མེད་ཀྱི་ཐ་སྙད་མཛད་པ་དང༌། གཞིའི་དུས་ན་ཡེ་ཤེས་གཏན་ནས་མེད་པར་འདོད་པ་


TNT04_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཡང་ཤིན་ཏུ་འཁྲུལ་པ་ཁ་ཅིག །དཔལ་ལྡན་གསང་འདུས་ལས། རྡོ་རྗེ་འཆང་གི་སྒྲུབ་གཞི་ཤིན་ཏུ་ཕྲ་བའི་རླུང་སེམས་གདོད་ནས་རང་ཆས་སུ་ཡོད་པར་གསུངས་ཤིང༌། དེའི་ལུགས་ཀྱི་ལམ་ལ་སྒྲུབ་གཞི་དེ་ཇེ་བཟང་དུ་སོང་བ་ཡིན་པར་འདོད་ཅིང༌། དུས་ཀྱི་འཁོར་ལོ་ནས་སྒྲུབ་གཞི་དེ་འདྲ་མ་གསུངས་ཤིང་ལམ་གྱིས་ཀྱང་དེ་ལ་གནད་དུ་མི་བསྣུན་པར་སྟོང་གཟུགས་ཤིག་སྔར་མེད་གསར་དུ་བསྒྲུབས་ནས་དེ་ལས་སངས་རྒྱས་འབྱུང་བའི་ཕྱིར་དུས་འཁོར་ལ་སྒྲུབ་གཞི་མེད་ཟེར་བ་དང༌། ཡང་སོར་སྡུད་ཀྱི་སྐབས་དབུ་མའི་ཡས་སྣ་ལ་གནད་དུ་བསྣུན་དགོས་པ་རྒྱུ་མཚན་སྐུའི་ཐིག་ལེ་ལ་གཞི་ལམ་འབྲས་གསུམ་གྱི་སྣང་བ་སྣ་ཚོགས་སུ་འཆར་ཐུབ་པའི་ནུས་པ་རང་ཆས་སུ་ཡོད་པས་དེ་ལ་སེམས་གཏད་ན་སྟོང་གཟུགས་འཆར་བའི་རྒྱུ་མཚན་གྱི་ཡིན་ཟེར་བ་སོགས་ནི། སངས་རྒྱས་སྒྲུབ་པར་བྱེད་པའི་མཐར་ཐུག་གི་ལམ་མི་འདྲ་བ་གཉིས་སུ་ཐལ་བ་དང༌། རང་ཚིག་སྔ་ཕྱི་དངོས་སུ་འགལ་བའི་ཕྱིར་ཤིན་ཏུ་མི་འཐད་དོ། །ཡང་གཞན་སྟོང་དབུ་མ་སྔགས་ལུགས་སུ་རློམ་པ་ཁ་ཅིག །བདེ་གཤེགས་སྙིང་པོའམ་གཞོམ་མེད་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་དོན་དམ་པར་ཡོད་ཟེར་པ་ཡང་རྫུན་ཆོས་ཀྱི་ཁ་སྐད་བློ་ལ་ཞེན་ནས་གསང་སྔགས་ཟབ་མོ་མ་གོ་བར་ཟད་དོ། །འདི་དག་ནི་དཔྱད་པའི་སྒོ་ཙམ་བསྟན་པ་ཡིན་གྱི། རྒྱས་པར་གཞན་དུ་ཤེས་པར་བྱའོ། །


TNT04_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། སྐབས་འདི་འཕྲོས་དོན་ལ་རྣམ་གཞག་འདི་ལྟ་བུ་ཡང་ཤེས་དགོས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་རྒྱུ་རྒྱུད་ཀྱི་མཚན་ཉིད་གསལ་རྫོགས་སུ་མ་བཤད་ཅིང༌། གསང་སྔགས་རྣལ་འབྱོར་བླ་མེད་དུ་གསལ་རྫོགས་སུ་བཤད་པའི་ཕྱིར། ཐོས་བསམ་སྒོམ་གསུམ་ཆར་གྱི་ལྟ་བ་དང༌། ཡུལ་དང་ཡུལ་ཅན་གྱི་ལྟ་བ་གཉིས་ཀའི་སྒོ་ནས་མདོ་སྔགས་གཉིས་ལྟ་བ་མི་གཅིག་ལ། དེ་བཞིན་དུ་ཟུང་འཇུག་གི་གནས་ལུགས་དེ་མ་རིག་པས་བསྒྲིབས་པ་ཙམ་ཞིག་ཞེ་འདོད་ལ་མཐུན་ཀྱང༌། མ་རིག་པའི་ངོས་འཛིན་མི་མཐུན་པར་གྱུར་ཏེ། ཉན་ཐོས་རྣམས་ནི་འཇིག་ཚོགས་ལ་ལྟ་བ་དང་འབྲེལ་བའི་སེམས་རྨོངས་ཙམ་དེ་ལ་འདོད་ཅིང༌། དེའི་གཉེན་པོར་གང་ཟག་གི་བདག་མེད་ཙམ་སྒོམ་པ་དང༌། སེམས་ཙམ་པ་རྣམས་ནི་གཟུང་འཛིན་རྫས་གཞན་ཏུ་འཛིན་ཞིང༌། སྣང་བ་ལ་མ་རིག་པ་ཕྲ་བར་བྱས་ནས། དེའི་གཉེན་པོར་གཟུང་བ་རང་བཞིན་མེད་པར་སྒོམ་པ་དང༌། དབུ་མ་ཕལ་པ་རྣམས་ནི། མཚན་འཛིན་གྱི་སྤྲོས་པ་མ་རིག་པ་ཕྲ་བར་བྱས་ནས། དེའི་གཉེན་པོར་ཅི་ཡང་མ་ཡིན་པའི་སྟོང་ཉིད་སྒོམ་པ་དང༌། དབུ་མ་ཆེན་པོ་མདོ་ལུགས་པ་རྣམས་ནི་བག་ཆགས་ཀྱིས་མ་རིག་པ་ཕྲ་བར་བྱས་ན། དེའི་གཉེན་པོར་རང་རིག་རང་གསལ་དོན་དམ་གྱི་དབྱིངས་སྒོམ་པ་དང༌། དབུ་མ་ཆེན་པོ་གསང་སྔགས་པ་ནི། འགྱུར་བདེ་འཕོ་བའི་བག་ཆགས་མ་རིག་པའི་


TNT04_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་ཏུ་བཞག་ནས། དེའི་གཉེན་པོར་རང་རིག་ཟུང་འཇུག་གི་ཡེ་ཤེས་དབང་བཞི་པའི་ལམ་སྒོམ་པ་ཡིན་ནོ། །དེ་ལྟར་ན་སྤྲོས་པ་བཀག་པའི་འཛིན་སྟངས་ཅན་གྱི་རིག་ཤེས་ཀྱིས་མ་རིག་པ་ཕྲ་མོ་འགོག་མི་ནུས་པས། རྒྱུད་ཀྱི་རྒྱལ་པོ་ལས་ཀྱང༌། དངོས་དང་དངོས་མེད་ཀྱིས་ཕྱེ་སེམས་ཀྱི་རྡོ་རྗེ་དག་ཀྱང་རྣལ་འབྱོར་བ་ལ་བདེ་ཉམས་སྟེར་བ་མིན། །གང་ཞིག་མཁའ་ཡི་ཤེས་རབ་ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་རང་སེམས་དེ་ནི་ཐར་པ་སྟེ། །ཞེས་དང༌། ལྟ་འདོད་མདོར་བསྟན་ལས་ཀྱང༌། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། དགྱེས་རྡོར་ལས་ཀྱང༌། རང་རིག་བདག་ཉིད་དག་པ་སྟེ། དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་གསུངས་ཤིང༌། དེའི་འགྲེལ་པར་གྲུབ་ཆེན་མཚོ་སྐྱེས་ཀྱིས་རང་གིས་རིག་པ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་དག་པས་དག་པ་ཡིན་གྱི། གཞན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དག་པས་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། །ཞེས་གསུངས་ཤིང༌། རང་རིག་ཡེ་ཤེས་ཀྱི་མཚན་ཉིད་ཐུན་མོང་མ་ཡིན་པ་སྔགས་ནས་བདེ་བ་ཆེན་པོར་བཤད་དེ། རིམ་ལྔ་ལས་ཀྱང༌། རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། འོན་ཀྱང་


TNT04_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་དབྱེར་ཡོད་དེ། །མཚན་མོ་ཉིན་མོ་མཚམས་བདག་ཉིད། །ཅེས་གསུངས། སྔགས་ལ་ཡིད་མཚན་རྟོག་ལས་སྐྱོབ་པའི་སྒྲ་བཤད་མཛད་པ་སོགས་ཀྱང་ཕར་ཕྱིན་ཐེག་པས་སྐྱོབ་མི་ཐུབ་པའི་མཚན་རྟོག་ཡོད་པར་སྟོན་པའི་ཚིག་ཡིན་ལ། སྤོང་རྒྱུའི་སྒྲིབ་པ་ཡང་འཕོ་བའི་བག་ཆགས་དེ་མདོ་ནས་མ་བཤད་ཅིང༌། དེ་སྤོང་པའི་ཐབས་ཀྱང་མདོ་ལས་མི་འབྱུང་སྟེ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ལས་མཐའ་རྣམ་འབྱེད་ལས། མགོ་དང་རྐང་ལག་སོགས་སྦྱིན་ཀྱང༌། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །ཞེས་གསུངས་ཏེ། སྣང་བའི་སྒྲིབ་པ་ནི་གོང་དུ་བཤད་པའི་འཕོ་བའི་བག་ཆགས་ཏེ། སྣང་མཆེད་ཐོབ་གསུམ་གྱི་སྣང་བ་གསུམ་དང༌། ཉི་ཟླ་སྒྲ་གཅན་གྱི་སྣང་བ་གསུམ་དོན་གཅིག་གོ །མདོ་ནས་མ་བཤད་པའི་ཚོགས་བསོགས་ཚུལ་ཡང་ལྷག་པོར་ཡོད་དེ། དེས་ན་གཙོ་བོ་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་གུང་དུ་ཚུལ་ཁྲིམས་ཀྱི་ཚོགས་རྒྱ་ཆེར་བཤད་དོ། །འདིར་ལུས་ཀྱི་བདེ་བ་ཞེས་གསུངས་པས། ལུས་ཚོར་བདེ་བ་ཟག་མེད་དུ་སྐྱེ་བ་སྔགས་ཀྱི་ཟབ་ཁྱབ་དུ་འདོད་པ་ནི་མུན་སྤྲུལ་ཆེན་པོ་སྟེ། མི་འགྱུར་བའི་བདེ་བ་ནི་ལུས་ཚོར་བདེ་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་འདི་ལ་མང་དུ་དཔྱད་པ་བྱར་ཡོད་དོ། །


TNT04_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ལྟ་བ་དང༌། སྒྲིབ་པ་དང༌། བསྒོམ་བྱ་ལམ་དང༌། བསྒྲུབ་བྱ་ཚོགས་གསོགས་པ་སྟེ་བཞི་ཆར་གྱི་སྒོ་ནས་གསང་སྔགས་ཁྱད་པར་དུ་ཕྱེའོ། །འདི་དག་ཏུ་གསང་སྔགས་ཞེས་སྤྱིར་བསྟན་པ་ཚིག་ཟོར་ཡང་བའི་ཕྱིར་ཏེ་བླ་མེད་ལ་གོ་དགོས་ཤིང་རྒྱུད་སྡེ་གཞན་འོག་མ་རྣམས་ལའང་འདི་ལས་དཔགས་ཏེ་ཤེས་པར་བྱའོ། །འདི་རྣམས་ལམ་གྱི་རྣམ་གཞག་གཙོ་ཆེ་ཡང་ལོག་རྟོག་སེལ་བའི་སྐབས་འདིར་འབྲེལ་ཆེ་བས་བཤད་དོ། །གཉིས་པ་ལུས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པ་ལ། ལུས་ཆགས་པ་དང༌། གནས་པ་དང༌། འཇིག་པ་དང་བསྲུང་བའི་ཚུལ་རྣམས་རྒྱས་པར་རྒྱུད་ཀྱི་རྒྱལ་པོའི་ནང་གི་ལེའུ་རྩ་འགྲེལ་ལས་ཤེས་པར་བྱ་དགོས་ལ། འདིར་སྒོམ་པས་རྣལ་འབྱོར་དུ་བྱེད་པ་རྣམས་ལ་ཉེར་མཁོ་རགས་པ་ཙམ་བཤད་ན། ཤེས་བྱ་རྩ་རླུང་ཐིག་ལེའི་རྣམ་གཞག་དང༌། སྤང་བྱ་ཉི་ཟླ་སྒྲ་གཅན་གྱི་འཆི་ལྟས་བཤད་པའོ། །དང་པོ་ལ་རྩ་དང་རླུང་དང་ཐིག་ལེའི་རྣམ་གཞག་གསུམ་ལས། ཐོག་མར་རྩའི་རྣམ་གཞག་ནི། རྡོ་རྗེའི་ལུས་འདི་ལ་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་སོགས་པ་མཐའ་ཡས་པ་གསུངས་ཀྱང༌། འདི་ཙམ་ཞིག་ཤེས་པར་བྱ་སྟེ། གསང་གནས་ནས་གཙུག་ཏོར་གྱི་བར་དུ་ཨ་ཝ་དྷཱུ་ཏཱི་སྲོག་ཤིང་གི་ཚུལ་དུ་གནས་པའི་ཡས་སྣ་དངོས་གཙུག་ཏོར་དུ་ཟུག་ཅིང༌། དེ་ལས་གྱེས་པའི་ཡལ་


TNT04_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ག་སྦོམ་པ་ཞིག་སྨིན་མཚམས་དང༌། ཕྲ་མོ་ཞིག་ཚངས་བུག་ཏུ་ཟུག་གོ །རོ་རྐྱང་གཉིས་ཀྱང་གཙུག་ཏོར་ནས་གསང་བའི་བར་དུ་དབུ་མ་དང་སུམ་གཞིབས་སུ་གནས་ལ། གཙུག་ཏོར་དཔྲལ་མགྲིན་སྙིང་ག་ལྟེ་གསང་སྟེ་འཁོར་ལོ་དྲུག་གི་ལྟེ་བའི་གནས་སུ་རོ་རྐྱང་དང། དབུ་མ་རྩའི་ཡལ་ག་ཕྲ་མོ་རེས་སྦྲེལ་ནས་སྦུབས་འབྲེལ་བར་ཡོད་ཅིང༌། གཙུག་ཏོར་ནས་རོ་རྐྱང་གཉིས་ཡལ་ག་སྣ་ཚོགས་སུ་གྱེས་ཏེ། མིག་དང་རྣ་བ་དང་སྣའི་བུ་ག་རྣམས་སུ་ཟུག་པ་ལས་རླུང་གི་ལམ་གཙོ་བོར་སྣ་བུག་ཡིན་ནོ། །ལྟེ་བ་སོར་བརྒྱད་ནས་གསང་བའི་འཁོར་ལོ་ཡོད་ཅིང༌། འཁོར་ལོ་དེའི་འོག་མཚམས་ཀྱི་ལྟེ་བ་ནས་དབུ་མའི་མས་སྣ་སྦོམ་ཤོས་ནི་ཅུང་ཟད་གཡས་ལ་བརྟེན་ཏེ་མདུན་ངོས་སུ་འགྲོ་ཞིང༌། རོ་མའི་མས་སྣ་ཡང་ཅུང་ཟད་གཡོན་ངོས་ལ་བརྟེན་ཏེ། མདུན་དུ་སྣ་བསྟད་ནས་ཆུ་ལམ་དུ་ཟུག་པ་ཡིན་ལ། རྐྱང་མ་ནི་དབུས་ཀྱི་ཆ་བཟུང་སྟེ་རྒྱབ་ཏུ་འཁྱོགས་ནས་བཤང་ལམ་དུ་ཟུག་པའོ། །གཙུག་ཏོར་ནས་གསང་བའི་བར་ལ་ནི་རོ་མ་གཡས་དང་རྐྱང་མ་གཡོན་དུ་འགྲོ་ལ་ཡལ་ག་ཕྲ་མོ་ནི་ལྟེ་བ་ནས་རྩ་གསུམ་ལས་གྱེས་པའི་རྩ་ཕྲན་མཁལ་རྩ་ལ་འབྲེལ། དེ་བཞིན་དུ་གསང་བ་ནས་གྱེས་ཏེ་ལྟེ་བའི་རྩ་རྣམས་དང་ཡང་འབྲེལ་ཞིང༌། དེ་གཉིས་ཀ་ལས་དཔྱི་དང་བརླ་སོགས་རྐང་མཐིལ་གྱི་བར་གྱི་རྩ་རྣམས་གྱེས་པ་ཡིན་ལ། ལྟེ་བ་ནས་


TNT04_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་སོང་སྙིང་ག་དང་འབྲེལ་ཞིང༌། སྙིང་ག་ནས་གྱེས་པས་མཆན་ཁུང་གི་རྩ་ལ་སྦྲེལ་ནས་དཔུང་པ་གཡས་གཡོན་སོགས་ལག་པའི་རྩ་རྣམས་བསྐྱེད། དེ་རྣམས་ཀྱི་སྣེ་མགྲིན་པར་འདུས། དེ་ལས་ལྕེ་ཆུང་དང༌། མཆུ་དང༌། རྣ་བ་སྣ་ལྕེ་མིག་སོགས་ཀྱི་རྩ་རྣམས་བསྐྱེད་དེ་སླར་ཡང་གཙུག་ཏོར་གྱི་བར་དུ་འབྲེལ་ལོ། །ལྟེ་བ་ནས་གཙུག་ཏོར་གྱི་བར་གྱི་འཁོར་ལོ་ལྔ་ལ་དབུས་རྩ་གསུམ་འབྲེལ་བའི་ཐད་དུ་ལྟེ་བའི་འཁྱུད་མོ་ཅུང་ཟད་ཡོད་ཅིང༌། དེ་དག་རེ་རེ་ལས་ཕྱོགས་བཞིར་འབྱུང་བཞིའི་ནུས་པ་འཛིན་པའི་རྩ་བཞི་བཞི་རེ་ཡོད་ལ། གཙུག་ཏོར་དུ་དེ་ཉིད་ཁོ་ན་སྟེ་ཕྱི་ནང་རིམ་པའི་དབྱེ་བ་མེད་པ་དང༌། གཞན་བཞི་པོ་ལ་རྩ་འདབ་བཞི་རེ་ཡོད་པ་དེ་ལས་གཉིས་གཉིས་སུ་གྱེས་པས་རིམ་པ་གཉིས་པ་ལ་རྩ་འདབ་བརྒྱད་བརྒྱད་དོ། །སྙིང་ག་ལ་དེ་ཉིད་ཁོ་ན་དང༌། དཔྲལ་མགྲིན་གཉིས་ལ་དེ་རྣམས་ལས་ཀྱང་གཉིས་གཉིས་གྱེས་པས་རིམ་པ་གསུམ་པ་ལ་བཅུ་དྲུག་བཅུ་དྲུག་གོ །དཔྲལ་བ་ལ་དེ་ཉིད་ཁོ་ན་དང༌། མགྲིན་པར་བཅུ་དྲུག་ལས་ཀྱང་གཉིས་གཉིས་གྱིས་ཏེ་རིམ་པ་བཞི་པ་ལ་སུམ་ཅུ་སོ་གཉིས་སོ། །ལྟེ་བར་བརྒྱད་ཀྱི་ཕྱོགས་བཞི་ལས་གཉིས་གཉིས་གྱེས་ཤིང༌། མཚམས་བཞི་ལས་མ་གྱེས་པས་རིམ་པ་གསུམ་པ་ལ་བཅུ་གཉིས་དང༌། དེའི་ཕྱོགས་ཀྱི་གཉིས་གཉིས་ལས་ལྔ་ལྔ་དང། མཚམས་


TNT04_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཞི་ལས་དྲུག་དྲུག་གྱེས་པས་རིམ་པ་བཞི་པ་དྲུག་ཅུ་རེ་བཞི་ཡིན་ལ། དྲུག་ཏུ་གྱེས་པའི་ཐ་མ་རེ་རེ་ནི་སྟོང་པ་འབབ་པའི་རྩ་ཞེས་བྱ། གསང་གནས་ལ་འཁོར་ལོ་དྲུག་ཆར་གྱི་ནུས་པ་འཛིན་པའི་དབང་གིས་འཁྱུད་མོ་ནས་སྐྱེས་པའི་ནང་སྐོར་རྩ་འདབ་དྲུག དེའི་ལྔ་ལས་གཉིས་གཉིས་སུ་གྱེས་པས་བར་སྐོར་ལ་རྩ་འདབ་བཅུ། དེའི་བརྒྱད་ལས་གཉིས་གཉིས་སུ་གྱེས་པས་ཕྱི་སྐོར་ལ་རྩ་འདབ་བཅུ་དྲུག་ཅེས་བཤད་པ་དང༌། ཡང་བར་སྐོར་བཅུ་ལས་གསུམ་གསུམ་དུ་གྱེས་པས་སུམ་ཅུ་དང༌། དབུས་ཀྱི་ལྟེ་བ་ལས་གྱེས་པ་གཉིས་ཏེ་ཕྱི་སྐོར་ལ་སོ་གཉིས་སུ་ཡང་བཤད་ན། གཉིས་ཀ་ལྟར་ཡང་མི་འགལ་ཏེ་བཅུ་དྲུག་ནི་ཁ་སྟེང་དུ་ལྟ་བ་དང༌། སོ་གཉིས་ནི་འོག་ཏུ་ཕྱོགས་པའི་ཁྱད་པར་ཡིན་གསུང༌། རྩ་འདབ་བརྒྱ་ལྔ་བཅུ་རྩ་དྲུག་བགྲོད་པའི་ཚེ། ཕྱི་སྐོར་བཅུ་དྲུག་པ་ལྟར་ན། འཁོར་ལོ་གཞན་རྣམས་ཀྱི་ཕྱི་སྐོར་འབའ་ཞིག་དང༌། གསང་གནས་ཀྱི་རིམ་པ་གསུམ་ཆར་བགྲངས་པ་སྟེ། ཕྱི་སྐོར་སོ་གཉིས་པ་ལྟར་འཁོར་ལོ་ཐམས་ཅད་ཀྱི་ཕྱི་སྐོར་རོ། །གསང་གནས་ལ་འཁོར་ལོ་གཞན་རྣམས་དང་བགྲོད་ཚུལ་མི་འདྲ་བར་བྱེད་པ་ཡང་མི་འགལ་ཏེ། སྐྱོན་ཡོན་བསྐྱེད་པ་ལ་འཁོར་ལོ་གཞན་ལྔ་ཆར་དང་གསང་བའི་འཁོར་ལོ་གཅིག་པུ་སྟོབས་མཉམ་པར་འཇོག་པའི་རྒྱུ་མཚན་བཤད་དུ་ཡོད་པའི་ཕྱིར་རོ། །


TNT04_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལས་གྱེས་པ་བད་ཀན་སོགས་དཀར་ཆ་འཛིན་པའི་རྩ་སྟོང་ཕྲག་ཉེར་བཞི་དང༌། ཁྲག་མཁྲིས་སོགས་དམར་ཆ་འཛིན་པ་སྟོང་ཕྲག་ཉེར་བཞི་དང༌། མུན་པ་རླུང་གི་ཁམས་འཛིན་པའི་སྟོང་ཕྲག་ཉེར་བཞི་སྟེ་བདུན་ཁྲི་ཉིས་སྟོང་ངོ༌། །དེ་དག་ཁམས་དྲུག་དང་སྦྱར་བ་ནི། སྤྱིར་ཡེ་ཤེས་ཁྱབ་བྱེད་དུ་བྱས། ཁམས་ལྔ་ཁྱབ་བྱར་བྱས་ན། ཡེ་ཤེས་ཁོ་ན་ཤེས་རབ་དང༌། ཁམས་ལྔ་ཐབས་སོ། །ཡེ་ཤེས་རྣམ་ཤེས་ཁ་སྦྱོར་མཚོན་བྱེད་དུ་བྱས་ནས། ཡེ་ཤེས་ནམ་མཁའ་གཉིས་ཁྱབ་བྱེད་ཤེས་རབ་དང༌། འབྱུང་བཞི་ཁྱབ་བྱ་ཐབས་སུ་བྱས་པའང་ཡོད་དོ། །སྔ་མ་ནི་རྡོ་རྗེ་གསུམ་ལ་བཞི་པ་ཡེ་ཤེས་ཀྱིས་ཁྱབ་པ་དང༌། ཕྱི་མ་ནི་ལུས་ངག་ལ་སེམས་ཀྱིས་ཁྱབ་པའི་ངེས་པའོ། །དེ་དག་འཁོར་ལོ་དྲུག་དང་སྦྱར་ན། ལྟེ་བ་ས་དང་སྙིང་ག་རླུང་ཐབས་ཤེས། མགྲིན་པ་མེ་དང་དཔྲལ་པ་ཆུ་ཐབས་ཤེས་ཏེ་དེ་དག་ཆུང་ངུ་འཁོར་ལོ་ཐར་མ་ཆད་ཀྱིས་ཟུང་འཇུག་མཚོན་པ་དང༌། གཙུག་ཏོར་ནམ་མཁའ་དང་གསང་བ་ཡེ་ཤེས་ཁ་སྦྱོར་ནི་ཆེན་པོ་ཁྱབ་བྱ་རྣམས་ཁོངས་སུ་འཇུག་པའི་ཐབས་ཤེས་སྦྱོར་ཚུལ་ལོ། །དཔྲལ་པ་རླུང་དང་སྙིང་ག་ཆུར་བཞག་པ་ན་འབྱུང་བ་བསྐྱེད་བསྡུད་ཀྱི་དབང་དུ་བྱས་པ་ཡིན་ལ། དེའི་ལྟེ་བ་དང་དཔྲལ་བ་ས་རླུང་ཐབས་ཤེས་མགྲིན་པ་དང་སྙིང་ག་མེ་ཆུ་ཐབས་ཤེས་སོ། །གང་ལྟར་


TNT04_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ས་མེ་ཡེ་ཤེས་ཀྱི་འཁོར་ལོ་གསུམ་ཡུམ་གྱི་སྐུ་གསུང་ཐུགས་གསུམ་དང༌། ཆུ་རླུང་ནམ་མཁའ་གསུམ་ཡབ་ཀྱི་སྐུ་གསུང་ཐུགས་ཡིན་པས་ཡབ་ཡུམ་གྱི་རྡོ་རྗེ་གསུམ་སོ་སོར་བྲང་སྤྲོད་དུ་སྦྱོར་བའི་ལུགས་ཀྱང་འབྱུང་བས་བསྡུས་རྒྱུད་གཞན་རྣམས་ཀྱི་ངེས་པ་མང་པོ་ཡང་འདི་ལ་གནས་ སོ། །དེ་དག་ཀྱང་རགས་པ་ལུས་ཀྱི་དབང་དུ་བྱས་ལ། ཕྲ་བ་བསམ་པའི་དབང་དུ་བྱས་ན། གཙུག་ཏོར་ཡེ་ཤེས། གསང་གནས་ནམ་མཁའ། ལྟེ་བ་རླུང༌། དཔྲལ་བ་ས། མགྲིན་པ་ཆུ། སྙིང་ག་མེ་སྟེ་དེའི་ཚེ་འཁོར་ལོ་རེ་རེ་ལ་ཡང་ལུས་བསམ་གྱི་ཐབས་ཤེས་ཁ་སྦྱོར་དུ་གནས་པ་ཡིན་ནོ། །ཡན་ལག་གི་འཁོར་ལོ་ནི། ལག་པ་གཡས་རླུང༌། གཡོན་མེ། རྐང་པ་གཡས་ཆུ། གཡོན་ས། དེ་རེ་རེ་ཡང་ཚིགས་གསུམ་གསུམ་དང་ལྡན་པས་འཁོར་ལོ་གསུམ་གསུམ་དུ་བཞག་པ་དང༌། དཔུང་པ་གཉིས་ནམ་མཁའ། གྲུ་མོ་གཉིས་རླུང༌། འཁྲིག་མ་གཉིས་མེ། དཔྱི་གཉིས་ཆུ། པུས་མོ་གཉིས་ས། ལོང་བུ་གཉིས་ཡེ་ཤེས་སུ་བཞག་པ་ཡོད་དེ་སྐབས་ཐོབ་སོ་སོ་ལ་སྦྱར་བ་ཡིན་ནོ། །དེ་ལྟར་ན་ཚིགས་ཆེན་བཅུ་གཉིས་ལ་རྩ་འདབ་སུམ་སུམ་ཅུའི་འཁོར་ལོ་རེ་ཡོད་དེ། ཟླ་བ་བཅུ་གཉིས་ཞག་གི་གྲངས་དང་མཚུངས་པའོ། །དེ་དག་བྱ་བའི་འཁོར་ལོ་ཞེས་ཀྱང་བྱ་སྟེ། རྩ་བའི་འཁོར་ལོ་དྲུག་ཡན་ལག་འཁོར་ལོ་བཅུ་གཉིས་བསྡོམས་པས་རྩ་བ་ཡན་


TNT04_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་འཁོར་ལོ་བཅོ་བརྒྱད་ཅེས་གྲགས་སོ། །རྐང་ལག་གི་སོར་མོ་ཉི་ཤུ་ལ་ཚིགས་ཀྱི་འཕྲེང་བ་གསུམ་གསུམ་ཡོད་པ་རྣམས་སྐུ་གསུང་ཐུགས་གསུམ་གྱི་ངེས་པས་སྙིང་སྟོབས་རྡུལ་མུན་གསུམ་དང་སྦྱོར་བའམ་ཡང་ན་ཁམས་དྲུག་གི་རིམ་པས་ལག་པའི་སོར་ཚིགས་དང་པོ་རྣམས་ནམ་མཁའ། བར་བ་རྣམས་རླུང༌། གསུམ་པ་རྣམས་མེ། རྐང་པའི་སོར་ཚིགས་དང་པོ་རྣམས་ཆུ། བར་བ་རྣམས་ས། གསུམ་པ་རྣམས་ཡེ་ཤེས་ཏེ་དེ་དག་རེ་རེ་ལ་རྩ་འདབ་དྲུག་དྲུག་དང་ལྡན་པའི་འཁོར་ལོ་སྟེ། སོར་ཚིགས་ཀྱི་འཁོར་ལོ་དྲུག་ཅུ་ཡོད་ཅིང༌། རྩ་འདབ་ཀྱི་གྲངས་སུམ་བརྒྱ་དྲུག་ཅུ་ཉིད་དོ། །རྩ་དེ་དག་ཐམས་ཅད་ཀྱང་རོ་རྐྱང་དྷཱུ་ཏཱི་སྟེ་རྩའི་གཙོ་བོ་གསུམ་ལས་སྐྱེས་པ་ཡིན་ཞིང༌། གཞན་ཡང་རྩ་ཉི་ཤུ་རྩ་བཞི་ལ་དཀར་དམར་རླུང་གསུམ་གྱིས་དབང་བྱས་པའི་རྩ་གསུམ་གསུམ་སྐྱེས་པས་བདུན་ཅུ་རྩ་གཉིས་དེ་རེ་རེ་ལས་ཀྱང་སྟོང་ཕྲག་རེ་སྐྱེས་པས་བདུན་ཁྲི་ཉིས་སྟོང༌། དེ་རྣམས་ལས་བ་སྤུའི་མཐས་གཏུགས་པར་ཕྱེད་བཅས་བྱེ་བ་ཕྲག་གསུམ་གྱི་རྩ་རྣམས་སྐྱེས་པ་ཡིན་ཞིང༌། ཡང་རྒྱུད་འདིར་རྩ་སུམ་ཅུ་རྩ་གཉིས་རྣམ་གྲངས་ཀྱི་སྒོ་ནས་མི་འདྲ་བ་འགའ་རེ་གསུངས་ཏེ། གསང་བའི་རྩ་འདབ་སོ་གཉིས་དང༌། གཙུག་ཏོར་གྱི་བཞི་བསྡོམས་ཏེ་སུམ་ཅུ་རྩ་དྲུག་དང༌། འཁོར་ལོ་སྡོམ་པ་རྩ་བཤད་དང༌། རྡོ་རྗེ་འཕྲེང་


TNT04_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་ལས་གསུངས་བ་ལྟར་མི་ཕྱེད་མ་སོགས་ཉེར་བཞིའི་སྟེང་དུ་སྙིང་གའི་རྩ་བརྒྱད། སྤྱི་བོའི་བཞི་བསྣན་པས་སོ་དྲུག་དང༌། ཡུལ་ལྔ་དང༌། དབང་པོ་ལྔའི་རྩ་སྟེ་བཅུ་མགྲིན་པ་ཡན་ཆད་ན་གནས་པ་དང༌། སྙིང་གར་ཐུན་བརྒྱད་ཀྱི་རྩ། ལྟེ་བར་དུས་སྦྱོར་བཅུ་གཉིས་ཀྱི་རྩ། འཁོར་ལོ་དྲུག་གི་ལྟེ་བའི་མདུད་པ་དྲུག་སྟེ་སོ་དྲུག་གམ། ཕུང་ཁམས་སུམ་ཅུ་རྩ་དྲུག་གི་རྩ་དང༌། ཕུང་པོ་དྲུག་པོ་རེ་རེ་ལ་ཁམས་དྲུག་དྲུག་གི་དབྱེ་བས་སོ་དྲུག་སྟེ། དེ་ཐམས་ཅད་ལ་ཁྱབ་བྱེད་ཡེ་ཤེས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་བསྣན་པས་རྩ་སུམ་ཅུ་རྩ་བདུན་ནོ། །དེ་དག་ཀྱང་རིགས་དྲུག་གི་དག་པར་འདུས་པས་ལྟེ་བ་ཡན་ཆད་དུ་རོ་རྐྱང་དབུ་མ་གསུམ། ལྟེ་བའི་འོག་ཏུ་བཤང་གཅི་ཁུ་བའི་རྩ་གསུམ་སྟེ། རྩ་ཕྲན་མཐའ་དག་ལ་དབང་སྒྱུར་བའི་རྩ་དྲུག་གོ །དྷཱུ་ཏཱི་དང་ཁུ་བའི་རྩ་གཅིག་ཏུ་སྡོམ་ན་རིགས་ལྔའི་དག་པ་རྩ་ལྔར་འགྱུར་ཞིང༌། གཞན་གཉིས་ཀྱིའང་སྟེང་འོག་གཉིས་གཅིག་ཏུ་སྡོམ་ན་རྩ་གསུམ་དུའང་འདུས་པ་ཡིན་པས་འཁོར་འདས་འཇུག་ལྡོག་གཉིས་ཀ་དང་འབྲེལ་བའི་རྣམ་གཞག་བྱེད་པའི་ཚེ་དེ་ལས་ཉུང་དུ་མི་རུང་ཞིང་དོན་དམ་མྱང་འདས་ཀྱི་རྣམ་གཞག་གཏན་ལ་འབེབས་པའི་སྐབས་རྩ་ཐམས་ཅད་ཨ་ཝ་དྷཱུ་ཏཱི་གཅིག་པུར་འདུས་ཏེ། དཔལ་མཁའ་འགྲོ་རྒྱ་མཚོ་ལས། འདི་ལྟར་དབུ་མ་ཐམས་ཅད་ཀྱི། ཁྱབ་བྱེད་དུ་ནི་རྣམ་པར་གནས། །ཞེས་


TNT04_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དུས་ཀྱི་འཁོར་ལོའི་རྩའི་དབང་དུ་བྱས་ན། གཙུག་ཏོར་དུ་ཐུན་མཚམས་བཞིའི་རྩ་དཔྲལ་བར་ཚེས་བཅོ་ལྔ་དང་ཡེ་ཤེས་ཀྱི་ཆ་སྟེ་བཅུ་དྲུག མགྲིན་པར་རྒྱུ་སྐར་ཉེར་བརྒྱད་དང༌། ཡེ་ཤེས་ཆ་དབྱུག་གུ་བཞི་སྟེ་སོ་གཉིས། སྙིང་གར་ཐུན་བརྒྱད་དམ་གཟའ་བརྒྱད། ལྟེ་བར་དུས་སྦྱོར་བཅུ་གཉིས་དང༌། ཆུ་ཚོད་དྲུག་བཅུ་ལ་ཡེ་ཤེས་སྟོང་པའི་རྩ་བཞི་བསྣན་པ་དང༌། གསང་བར་དཀར་དམར་གྱི་འཕེལ་འགྲིབ་ཚེས་བཅུ་དྲུག་ཚན་པ་གཉིས་དང༌། དགའ་བ་བཅུ་དྲུག་ལ་ཡས་བརྟན་མས་བརྟན་གྱི་དབྱེ་བས་སུམ་ཅུ་རྩ་གཉིས་སོ། །སྤྱིར་ལུས་ལ་རྡུལ་ཕྲ་རབ་ཀྱི་ཆོས་ཅན་རྩ་རྣམས་གནས་པ་ནི། གཙོ་བོར་འཁོར་བའི་ཆོས་ཡིན་ལ། དེ་རྣམས་ཀྱི་ཆོས་ཉིད་དོན་དམ་པ་ཡེ་ཤེས་ཀྱི་རྩ་ནི་རང་རིག་རྩའི་རྣམ་པར་ཤར་བ་ཐ་མལ་གྱི་རྩ་རྣམས་ལ་ཁྱབ་པའི་རྣམ་པས་བཞུགས་ཤིང༌། དེ་ཡང་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་རྒྱུད་སྡེ་ཐ་དད་ལས་གསུངས་པའི་རྩའི་རྣམ་གཞག་མི་འདྲ་བ་ལྟ་བུ་རྒྱལ་བའི་གསུངས་པའི་ཁུངས་ཤིག་ཡང་ན་རྣམ་གཞག་ཐ་དད་པ་ཐམས་ཅད་མི་འགལ་ཞིང༌། ཡེ་ཤེས་ཀྱི་རྩ་དེས་བྱིན་གྱིས་བརླབས་པས་རྣལ་འབྱོར་པའི་སེམས་རྣམ་པ་གང་དང་གང་ལ་ཡིད་བཞག་པ་དེ་དང་དེ་འདྲ་བར་ཐ་མལ་པའི་རྩ་རྣམས་ཀྱིས་ཀྱང་བྱ་བ་བྱེད་པར་འགྱུར་ཏེ། ཡེ་ཤེས་ཀྱི་རྩ་རྣམ་པ་


TNT04_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་པ་ཡིན་ཞིང༌། ཀུན་རྫོབ་ཀྱི་རྩ་ཡང་དེའི་རྗེས་སུ་འབྲང་བ་ཡིན་མོད་ཀྱི། རྒྱུད་སྡེའི་མཆོག་དམན་གྱི་རིམ་པས་ཐབས་ཀྱི་མན་ངག་ལ་ཟབ་མི་ཟབ་ཀྱི་ཁྱད་པར་འབྱུང་བ་ཡང་མི་འགལ་ལོ། །གནད་འདི་མ་ཤེས་པས་འགལ་བར་འཛིན་པའི་ལོག་རྟོག་གིས་ཀུན་ནས་བླངས་ཏེ། སྔ་ཕྱི་ཐམས་ཅད་དུ་ཅ་ཅོ་སྣ་ཚོགས་པ་བྱུང་ངོ༌། །འདི་གསལ་བར་གཞན་ཏུ་བཤད་པར་བྱའོ། །གཉིས་པ་རླུང་གི་རྣམ་པར་བཞག་པ་ནི། རླུང་མཐའ་དག་འཆར་བའི་གཞིར་གྱུར་པ་དོན་དམ་པ་ཡེ་ཤེས་ཀྱི་སྲོག་ཆེན་པོའི་གློ་བུར་གྱི་དྲི་མ་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་ཡུལ་ལ་གཡོ་མེད་ཡིན་ལ། དེ་ལས་ཨ་ཡིག་གི་རང་བཞིན་སྲོག་རླུང་མཁའ་ཁམས་པ་དང། ཨེ་ཡིག་མཉམ་གནས་རླུང་ཁམས་པ་དང༌། རྀ་ཡིག་གྱེན་རྒྱུ་མེ་ཁམས་པ་དང༌། ཨུ་ཡིག་ཁྱབ་བྱེད་ཆུ་ཁམས་པ་དང༌། ལྀ་ཡིག་ཐུར་སེལ་ས་ཁམས་པ་ཞེས་པའམ། ཨ་ཡིག་ཀླུའི་རླུང་ཡེ་ཤེས་ཀྱི་ཁམས་པ། རུས་སྦལ་ཨེ་ཡིག་རླུང་ཁམས་པ། རྩངས་པ་ཨར་ཡིག་མེ་ཁམས་པ། ལྷས་བྱིན་ཨོ་ཡིག་ཆུ་ཁམས་པ། ནོར་ལྷས་རྒྱལ་ཨལ་ཡིག་ས་ཁམས་པ་སྟེ། དེ་ལྟར་ན་རླུང་བཅུའོ། །ཡང་ཐུར་སེལ་ཡེ་ཤེས་དང༌། ཀླུ་ས་ཁམས་པར་སྦྱར་བའི་གནས་སྐབས་ཡོད་དེ། ས་ལས་ཡེ་ཤེས་འཆར་བའི་འབྲེལ་


TNT04_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡིན་ནོ། །དེ་རྣམས་གང་ལ་གནས་པ་ནི། སྲོག་རླུང་ལྟེ་བ་ཡན་ཆད་ཀྱི་དབུ་མ་དང༌། སྙིང་གའི་སྟེང་ངོས་ཀྱི་རྩ་ལ་གནས་ཏེ། སྲོག་འཛིན་པར་བྱེད་པ་དང༌། ང་བདག་ཏུ་འཛིན་པ་དང༌། རྣམ་རྟོག་སྣ་ཚོགས་སྐྱེད་པར་བྱེད། འདི་གཞན་ཏུ་ལོག་པ་སྟེ། འདི་ལ་སྐྱོན་ཞུགས་ན་དྲན་པ་ཉམས་པ་དང༌། བརྒྱལ་བ་དང༌། སྨྱོ་བ་དང༌། འཆི་བའི་བར་དུ་འགྱུར་རོ། །ཐུར་སེལ་ནི་ལྟེ་བ་མན་ཆད་ཀྱི་དབུ་མ་དང༌། སྙིང་གའི་འོག་གི་ངོས་ནས་བརྩམས་པའི་རྩ་རྣམས་སུ་གནས་ལ། བྱེད་ལས་བཤང་གཅི་ཁུ་བ་གསུམ་འཕེན་བསྡོམས་བྱེད་ལ། ལོག་པ་ལས་གྲང་བ་དང་སྨད་ཀྱི་ནད་སྐྱེད་པར་བྱེད་དོ། །མཉམ་གནས་སྙིང་གའི་མདུན་ངོས་ཀྱི་རྩ་སྣར་མ་ལ་གནས། ལྟོ་བའི་མེ་དྲོད་དང་ལྷན་ཅིག་ཏུ་སྤྱོད་པས་ཕོ་བར་ཟས་ཀྱི་དྭངས་སིགས་འབྱེད། དྭངས་མ་ལུས་ལ་ཁྲེམས་པ་དང༌། སྙིགས་མ་འོག་ཏུ་འདོར་བར་བྱེད། ལོག་པ་ལས་ཕོ་བའི་ནད་སྐྱེད་པར་འགྱུར། གྱེན་རྒྱུ་མེ་མཚམས་ཀྱི་རྩ་ལག་ལྡན་ལ་གནས་ཤིང༌། ངག་སྨྲ་བརྗོད་དང་རོ་མྱོང་བ་དང༌། བཟའ་བཏུང་མིད་པ་དང་སྐྱུག་པ་སོགས་འགུགས་འདྲེན་གྱི་བྱ་བ་རྣམས་བྱེད། ལོག་པ་ལས་ཚ་བ་དང་སྟོད་ཀྱི་ནད་སྐྱེད་དོ། ཁྱབ་བྱེད་གཡས་ཀྱི་རྩ་སེར་སྐྱ་ལ་གནས། ལུས་ཐམས་ཅད་ལ་ཁྱབ། རོ་མའི་ནུས་པ་དང་འདྲེས་ཏེ། ཚིགས་


TNT04_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གནས་ན་ཡན་ལག་བརྐྱང་བསྐུམས་ཀྱི་བྱ་བ་བྱེད་ཅིང༌། ལོག་པ་ལས་ཞ་འཁུམས་སོགས་ཡན་ལག་གི་ནད་སྐྱེད་དོ། །ཀླུ་ནི་བདེན་བྲལ་གྱི་རྩ་རྒྱལ་ལ་གནས། མིག་གི་རྣམ་ཤེས་སྐྱེད། སྦོ་འཁྲོག་དང་སྒྲེག་པ་སོགས་འབྱུང༌། རུས་སྦལ་རྒྱབ་ཀྱི་རྩ་རྒྱལ་བ་ལ་གནས། ཡན་ལག་བརྐྱང་བསྐུམ་ཀྱི་བྱ་བ་བྱེད། རྩངས་པ་རླུང་མཚམས་ཀྱི་རྩ་ཀུན་ཏུ་འཕྱང་བ་ལ་གནས། ཁྲོ་བ་དང་གཡེང་པ་དང་སྨྱོ་བ་ལ་སོགས་པའི་བྱ་བ་བྱེད། ལྷས་བྱིན་གཡོན་གྱི་རྩ་ཨི་ཊ་ལ་གནས། གཡལ་བ་དང་རླུང་ནད་སྐྱེད་པའི་བྱ་བ་བྱེད། ནོར་ལྷས་རྒྱལ་དབང་ལྡན་གྱི་རྩ་ཚུལ་འཆོས་མ་ལ་གནས། འདི་ས་ཁམས་ཀྱི་ནང་ཚན་ཤིན་ཏུ་རགས་པ་ཡིན་པས། སྲོག་དང་བྲལ་ནས་ཀྱང་ལུས་ཀྱི་ཚོགས་པ་མི་གཏོར་བར་ཡུན་རིང་དུ་གནས་སོ། །རྩ་བཅུ་ནི་རླུང་རྣམས་ཀྱི་སྐྱེ་གནས་ཀྱི་དབང་དུ་བྱས་ཀྱི། སྤྱིར་ན་རྩ་འཁོར་ཐམས་ཅད་ན་རླུང་བཅུའི་ཆ་ཤས་ཚང་བ་རེ་རྟག་ཏུ་རྒྱུ་བ་ཡིན་ལ། དེ་ཡང་ལྟེ་བར་ས་ཁམས་ཀྱིས་གཙོ་བོར་བྱིན་གྱིས་བརླབས་པ་དང་སྙིང་གར་ཆུ། མགྲིན་བར་མེ། དཔྲལ་བར་རླུང༌། གཙུག་ཏོར་དུ་མཁའ་ཁམས། གསང་བར་ཁམས་དྲུག་གམ་ཡེ་ཤེས་ཀྱི་གཙོ་བོར་བྱིན་གྱིས་བརླབས་པ་ཡིན་པས། གནས་དེ་རྣམས་ཀྱི་རླུང་གིས་བྱ་བ་བྱེད་ཚུལ་ནི་གོང་དུ་བཤད་པ་ལས་ཁྱད་པར་ཅུང་ཟད་ཅུང་ཟད་དང་བཅས་པར་ཤེས་པར་བྱའོ། །སྲོག་


TNT04_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སོགས་ལྔ་ལ་རྩ་བའི་རླུང་ལྔ་དང༌། ཀླུ་སོགས་ལྔ་ལ་ཡན་ལག་གི་རླུང་ལྔ་དང༌། དེ་རྣམས་ལ་མིང་གི་ཁྱད་པར་ཡང་རབ་ཏུ་རྒྱུ་བ་ལ་སོགས་པར་མིང་འདོགས་པ་དང༌། མིག་ཤེས་སོགས་དབང་ཤེས་རྣམས་སྐྱེད་པ་དང༌། དོན་སྣོད་ལྔ་ལ་གནས་ནས་དེའི་བྱ་བ་བྱེད་པ་སོགས་ཀྱང་གནས་སྐབས་གཞན་ཏུ་བཤད་པ་ལྟར་འདིར་ཡང་ཅི་རིགས་པར་ཤེས་པར་ བྱའོ། །རླུང་དེ་དག་ཇི་ལྟར་རྒྱུ་བའི་ཚུལ་ནི་རྣམ་པ་གཉིས་ཏེ། ནང་དུ་རྒྱུ་བའི་ཚུལ་དང༌། ཕྱི་རོལ་ཏུ་རྒྱུ་བའི་ཚུལ་ལོ། །དང་པོ་ནང་དུ་རྒྱུ་བའི་ཚུལ་ནི། གཙུག་ཏོར་སྟོང་པའི་ངོ་བོ་ཉིད་ཀྱིས་ན་མི་གསལ་བའི་ཚུལ་ཅན་ཡིན་མོད་ཀྱི། ཐུན་མཚམས་བཞིའི་རིམ་པས་འབབ་པ་དང༌། དཔྲལ་བར་ཟླ་རྐང་བཅུ་བཞི་ལ། སྔ་རྐང་ཕྱི་རྐང་གི་མཐར་སྟོང་པ་རེ་རེ་སྟེ་བཅུ་དྲུག་གི་རིམ་པས་འབབ་པ་དང༌། མགྲིན་པར་རྒྱུ་སྐར་ཉེར་བརྒྱད་དང༌། དབྱུག་གུ་བཞི་སྟེ་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་བརྒྱད་ཅུའི་རིམ་པས་འབབ་པ་དང༌། སྙིང་གར་གཟའ་བརྒྱད་ཀྱི་རིམ་པ་དང༌། ལྟེ་བའི་རྩ་འདབ་བཅུ་གཉིས་ལ་དུས་སྦྱོར་བཅུ་གཉིས་ཀྱི་རིམ་པ་དང༌། སོ་སོའི་དབུས་ནས་ནམ་མཁའ་དང་ཡེ་ཤེས་མདུན་ནས་རླུང། གཡས་ནས་མེ། གཡོན་ནས་ཆུ། རྒྱབ་ནས་ས་ཏེ་དཀྱིལ་འཁོར་ལྔ་ལྔ་འབབ་པས་ཡོངས་སུ་གྲིལ་པ་ལ་དཀྱིལ་འཁོར་དྲུག་ཅུའི་རིམ་པས་འབབ་བོ། །དེའི་ཕྱིར་ལྟེ་བའི་ཕྱི་སྐོར་རྩ་དྲུག་ཅུ་རྩ་བཞིའི་རླུང་རྣམས་ལས།


TNT04_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ནི་དེ་དག་དང་བྱ་ལས་གཅིག་ལ། མཚམས་ཀྱི་སྟོང་པའི་རྩ་བཞི་ལ་འབབ་པའི་རླུང་ནི། དེ་ཀུན་དང་འདྲེས་པ་ཡིན་ལ། དབུ་མའི་དབུགས་ཀྱི་ཐོབ་སྐལ་ཡིན་པར་ཤེས་པར་བྱའོ། །གསང་བའི་འཁོར་ལོར་ནི་དེ་ཐམས་ཅད་ཀྱི་ཆ་ཤས་བསྡོམས་ནས་འབབ་སྟེ། ནང་སྐོར་ནས་ཁམས་དྲུག་དང༌། བར་སྐོར་ནས་རླུང་བཅུའམ་དཀྱིལ་འཁོར་བཅུ་དང༌། ཕྱི་སྐོར་ནས་ཐིག་ལེ་འཕོ་བ་བཅུ་དྲུག་གམ་ཕྱི་དང་ནང་དུ་ཚེས་བཅུ་དྲུག་དང་དགའ་བ་བཅུ་དྲུག་གི་རིམ་པས་རླུང་རྣམས་འབབ་པར་བྱའོ། །གཉིས་པ་ཕྱི་རོལ་ཏུ་རྒྱུ་བའི་ཚུལ་ནི། རླུང་རྣམས་རོ་རྐྱང་གཉིས་ཀྱི་དབང་བྱས་ནས་སྣ་བུག་གཡས་གཡོན་དུ་འབབ་ཅིང༌། སྣ་བུག་གཡས་རོ་མའི་ཆོས་ལ་ས་ཆུ་མེ་རླུང་ནམ་མཁའི་རིམ་པས་འབབ་པས་འཕོ་ཆེན་རེ་རེའི་ནང་དུ་ཡང་སྡུད་རིམ་གྱིས་འབྱུང་ཞིང༌། དུས་སྦྱོར་ཡང་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་དྲུག་དང་སྦྱོར་ཞིང༌། གཡོན་རྐྱང་མའི་ཆོས་ལ་ནམ་མཁའ་རླུང་མེ་ཆུ་སའི་དབྱེ་བས་འཕོ་ཆེན་རེ་རེའི་ནང་དུ་ཡང་སྐྱེ་རིམ་ཀྱིས་འབབ་ལ། དུས་སྦྱོར་ཡང་ལུག་ལ་སོགས་པ་མི་མཉམ་པ་དྲུག་གོ །དེ་ལ་དཀྱིལ་འཁོར་རེ་རེ་ནི་འཕོ་ཆུང་ཡིན་ལ། དབུགས་སུམ་བརྒྱ་དྲུག་ཅུ་པ་རེ་རེའོ། །དེ་ལྟ་བུ་ལྔ་ལྔ་སྡོམ་པ་ལ་འཕོ་ཆེན་རེ་དང་དུས་སྦྱོར་རེ་སྟེ། དབུགས་སྟོང་བརྒྱད་བརྒྱ་པ་རེའོ། །དེ་བཅུ་གཉིས་ནི་ཞག་གཅིག་སྟེ་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ནི་དབུགས་


TNT04_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་ཆ་ཚང་བ་གཅིག་ཡིན་པས། དེ་ཉིད་ཡང་དང་ཡང་དུ་འཁོར་རོ་ཞེས་རེ་ཞིག་དེ་ཙམ་བརྗོད་དོ། །ཡེ་ཤེས་ཀྱི་ཐོབ་སྐལ་དབུ་མའི་དབུགས་ནི་དབུགས་དེ་དག་ལས་ལོགས་སུ་མེད་ཅིང༌། དེ་རྣམས་ཉིད་ཀྱི་སྟེང་ནས་རྩི་སྟེ། དབུགས་གཅིག་གི་སྟེང་ནས་དབུགས་དེ་ཉིད་ཆ་སུམ་ཅུ་སོ་གཉིས་སུ་བཏང་པའི་ཆ་གཅིག་སྟེ། འདིའི་མིང་ལ་སོའི་ཆ་ཞེས་ཟེར་རོ། །དེ་བསགས་པས་དཀྱིལ་འཁོར་གཅིག་ཏུ་ལོངས་པ་ན་བཅུ་གཅིག་རྐང་བཅས་དང༌། དུས་སྦྱོར་གཅིག་ཏུ་ལོངས་པ་ན་ང་དྲུག་རྐང་བཅས་དང༌། ཞག་གཅིག་གི་མཐར་དྲུག་བརྒྱ་བདུན་བཅུ་རྩ་ལྔར་ལོངས་ཤིང༌། དེ་ལོ་བརྒྱད་བསགས་ན་ལོ་གསུམ་དང་ཕྱོགས་གསུམ་དུ་ལོངས་སོ། །འཕོ་ཆེན་རེའི་མཚམས་སུ་ང་དྲུག་རྐང་བཅས་འབབ་པ་ལྟར་གསུངས་པ་ནི། འཕོ་ཆེན་རེ་སོང་པ་ན་དབུ་མའི་དབུགས་དེ་ཙམ་དུ་ལོངས་པའི་དོན་ཡིན་གྱི། བར་སྐབས་དེར་ལོགས་པ་འབབ་པའི་དོན་མ་ཡིན་ནོ། །དེ་ལྟ་མོད་ཀྱི་དབུགས་ཀྱི་གྲངས་ལོགས་པ་མི་འབབ་ཀྱང་འཕོ་བ་གཉིས་པོའི་ཐ་མ་དང་ཐོག་མའི་དབུགས་མཉམ་རྒྱུ་ཡེ་ཤེས་ཁམས་ཀྱིས་བྱིན་གྱིས་བརླབས་པ་ནི་ཡོད་དོ། །དབུ་མའི་དབུགས་འདི་ནི་ཕལ་པ་རྣམས་ལ་དུས་དང་དུས་མ་ཡིན་པའི་འཆི་བ་སྟེར་པ་དང༌། ནད་དང་རྒུད་པ་ལ་སོགས་པ་སྐྱེད་པར་བྱེད་ལ། ལམ་དུ་བྱས་ན་འཆི་བ་


TNT04_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། ཡོན་ཏན་མཐའ་དག་གི་གཞི་ཡིན་ནོ། །དེ་ཡང་འདི་ལྟར་ཐ་མལ་པ་རྣམས་ལ་དབུ་མའི་ཐོབ་སྐལ་གང་ཡིན་པ་དེ་དབུ་མར་ཡང་བྱ་བ་མི་བྱེད་ལ། གཞན་དུ་ཡང་མི་རྒྱུ་སྟེ། དེ་ཉིད་ཀྱི་ལོངས་སྤྱོད་ཁུངས་སྟོངས་པས་རྩའི་ཁྱོན་རླུང་གིས་ཅུང་ཟད་ཁྱབ་པར་མ་ནུས་པས་གང་མ་ཁྱབ་པའི་ནུས་པ་བསགས་པ་རྣམས་ཉིན་རེ་བཞིན་རྩ་གཉིས་རེ་སྐམ་པའི་རྒྱུར་འགྱུར་ལ། དེ་ཙམ་ལས་ལོ་བརྒྱའི་མཐར་དུས་ཀྱི་འཆི་བ་འབྱུང་ཞིང༌། རྩ་གནས་རླུང་གིས་མ་ཁྱབ་པའི་རྐྱེན་ལས་འབྱུང་བའི་ཁམས་འཁྲུགས་ཏེ། ལུས་ལ་ནད་སྐྱེད་པའམ། ཕྱི་རོལ་ཀྱི་འགལ་རྐྱེན་འབྱུང་ལ། དུས་མིན་གྱི་འཆི་བ་ཡང་དེ་དག་ལ་བརྟེན་ནས་འབྱུང་ ངོ༌། །དེ་ལམ་དུ་བྱས་པའི་ཚེ། དབུ་མ་ཉིད་ཀྱི་ཡེ་ཤེས་ཀྱི་རླུང་འཆི་བ་མེད་པའི་བྱ་བ་བྱེད་ནུས་དེར་འགྱུར་ལ། དེས་རླུང་གཞན་རྣམས་ཀྱང་རིམ་གྱིས་དབང་དུ་བྱས་ནས་དབུ་མའི་དབུགས་དེར་ཐིམ་པ་ན་འདོད་པའི་དངོས་འགྲུབ་ཏུ་འགྱུར་བ་ཡིན་ནོ། །རླུང་རྣམས་རྒྱུ་བའི་ཚུལ་ཕྱི་ནང་སྦྲགས་པ་ནི་འདི་ལྟར་ཡིན་ཏེ། ལྟེ་བའི་རྩ་འདབ་གཡོན་གྱི་དང་པོ་ལ་དེ་ཉིད་ཀྱི་དབུས་སུ་པདྨ་འདབ་བཞིའི་རྣམ་པ་ཅན་གྱི་ལྟེ་བ་ནས་ནམ་མཁས་དབང་བྱས་པའི་རླུང་སུམ་བརྒྱ་དྲུག་ཅུ། དེ་རྗེས་དེའི་མདུན་གྱི་འདབ་ཆུང་ནས་རླུང་ཁམས་ཀྱིས་དབང་བྱས་


TNT04_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

པ་སུམ་བརྒྱ་དྲུག་ཅུ། དེ་རྗེས་གཡས་ཀྱི་ནས་མེ་ཁམས་ཀྱིས་དབང་བྱས་པ་སུམ་བརྒྱ་དྲུག་ཅུ། དེ་རྗེས་གཡོན་གྱི་ནས་ཆུ་ཁམས་ཀྱིས་དབང་བྱས་པ་སུམ་བརྒྱ་དྲུག་ཅུ། དེ་རྗེས་རྒྱབ་ཀྱི་ནས་ས་ཁམས་ཀྱིས་དབང་བྱས་པ་སུམ་བརྒྱ་དྲུག་ཅུ་རྒྱུ་དེས་ལུག་གི་དུས་སྦྱོར་རྫོགས་ཤིང༌། དེ་རྣམས་སྣ་བུག་གཡོན་ནས་འབབ་ལ། དེ་ཡང་ནམ་མཁའ་སྣ་བུག་གཡོན་གྱི་དཀྱིལ་ནས་འབབ། རླུང་ཁམས་སྟེང་ངོས་དང༌། མེ་ཁམས་གཡོན་གྱི་སྣ་གཤོག་ངོས་དང༌། ཆུ་ཁམས་སྣའི་བར་ཀའི་ངོས་དང༌། ས་ཁམས་འོག་གི་ངོས་ཏེ་ཡས་མཆུ་ནས་བརྡར་བའི་ཚུལ་གྱིས་འབབ་ཅིང༌། འབྱུང་བ་ལྔ་ནི་ཐམས་ཅད་ལ་འབབ་པ་ཡིན་ཀྱང་སུ་ཞིག་གིས་དབང་བསྒྱུར་བའི་གཙོ་བོ་བྱེད་པ་པོ་དེ་དཀྱིལ་འཁོར་ལྔ་ལ་རེ་མོས་ཀྱི་འཕོ་བ་ཡིན་ནོ། །དེ་ལྟར་ལུག་གི་དུས་སྦྱོར་རྫོགས་མ་ཐག་ཏུ་ལྟེ་བའི་རྩ་འདབ་གཡས་ཀྱི་དང་པོར་འཕོ་ཞིང༌། ཕྱི་རོལ་ཏུ་ཡང་སྣ་བུག་གཡས་སུ་འཕོ། དེ་དག་ཀྱང་གཡོན་ལ་བཤད་མ་ཐག་པ་ལྟར་ཕལ་ཆེར་རིགས་འགྲེ་ཞིང༌། ཅུང་ཟད་མི་འདྲ་བའི་ཁྱད་པར་ནི། གཡས་ཀྱི་རྩ་འདབ་དང་པོའི་དབུས་ན་འདབ་ཆུང་བཞི་པ་ཞིག་ཡོད་པའི་དང་པོར་རྒྱབ་ཀྱི་འདབ་ཆུང་ནས་ས་ཁམས། དེ་རྗེས་གཡོན་ནས་ཆུ་ཁམས། དེ་རྗེས་གཡས་ནས་མེ་ཁམས། དེ་རྗེས་མདུན་ནས་རླུང་ཁམས།


TNT04_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་དབུས་ནས་མཁའ་ཁམས་རྣམས་རྒྱུའོ། །དེས་གླང་གི་དུས་སྦྱོར་རྫོགས་ཏེ། ཡང་གཡོན་གྱི་རྩ་འདབ་གཉིས་པ་ལ་འཁྲིག་པའི་དུས་སྦྱོར་རྩོམ། དེ་རྫོགས་ནས་གཡས་ཀྱི་རྩ་འདབ་གཉིས་པ་ལ་ཀརྐཊའི་དུས་སྦྱོར་རྩོམ་པ་སོགས་རིམ་གྱི་སྦྱར་ནས་མཐར་གཡོན་གྱི་རྩ་འདབ་དྲུག་པ་ལ་བུམ་པའི་དུས་སྦྱོར་དང། གཡས་ཀྱི་རྩ་འདབ་དྲུག་པ་ལ་ཉའི་དུས་སྦྱོར་རྣམས་འབབ་བོ། །དེ་ཡང་གཡོན་ནས་གཡས་སུ་འཕོ་བའི་ཚེ་ས་ནས་སར་འཕོ་བ་ཡིན་ལ་དེ་ལྟར་འཕོ་མཚམས་ཀྱི་ཐོག་མཐའི་རླུང་ང་དྲུག་རྐང་བཅས་ཀྱང་ཕྱི་རོལ་སྣ་སྒོར་མཉམ་རྒྱུའི་ཚུལ་དུ་འབྱུང་བ་ནི་ཡིན་ལ། ནང་དུ་དེ་དག་ལའང་སོ་ཆ་ལས་ལྷག་པ་དབུ་མར་འབབ་པ་མེད་ཀྱང་འཕོ་ཆེན་གཅིག་གི་དབུ་མའི་དབུགས་སྡོམ་པ་དེ་ཙམ་དུ་ལོངས་པས་ཕྱི་རྟགས་ལ་མཉམ་རྒྱུར་སོང་བ་ཡིན་ནོ། །གཞན་ཡང་དབུགས་ཕྱིར་འགྲོ་བ་ཐམས་ཅད་ལྟེ་བ་ས། སྙིང་ག་ཆུ། མགྲིན་པ་མེ། དཔྲལ་བར་རླུང༌། གཙུག་ཏོར་ནམ་མཁའི་ཁམས་ཀྱི་དབྱེ་བས་སྡུད་རིམ་དང༌། ནང་དུ་འོང་བའི་ཚེ་དེ་ལས་ཟློག་པའི་སྐྱེ་རིམ་དང༌། འབྱུང་བའི་ཁ་དོག་ཀྱང་ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ནག་པོ། ནམ་མཁའི་རླུང་ལྗང་ཁུའོ། །གཞན་ཡང་གཡོན་གྱི་དཀྱིལ་འཁོར་ལྔ་ལ་ཞི་གཟའ་དང༌། གཡས་


TNT04_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྔ་ལ་དྲག་གཟའ་ལྔ། སོ་སོར་དབྱིངས་དང་བཅས་པ་འཆར་ཞིང༌། དེ་བཞིན་དུ་རླུང་ལ་བསད་བསྐྲད། མེ་ལ་དབང་དགུག ཆུ་ལ་ཞི་རྒྱས། ས་ལ་རྨོངས་རིངས་ཀྱི་ལས་རྣམས་སྦྱོར་ཞིང༌། ཐུར་སེལ་གྱི་ཕྱོགས་ལ་ལྟེ་བར་སྐུ། གསང་བར་གསུང༌། ནོར་བུར་ཐུགས་ཀྱི་རིམ་པས་རྒྱུ་ཞིང༌། དེ་ཡང་ཕྱིར་འགྲོ་བ་སྡུད་རིམ་དང༌། ནང་དུ་ཡོང་བ་སྐྱེ་རིམ་ཡིན་ཞིང༌། ཐུགས་ནི་ནམ་མཁའ་ཡེ་ཤེས་དང༌། གསུང་ནི་རླུང་མེ་དང༌། སྐུ་ནི་ས་ཆུའི་རང་བཞིན་ཡིན་པས་དཀྱིལ་འཁོར་ལྔ་དང་དོན་གནད་གཅིག་ལ། ལྟེ་བའི་འོག་ཕྱོགས་ནི་སྟེང་གི་ལྟེ་བ་དང༌། གསང་འཁོར་ནི་སྙིང་ག་དང༌། རྡོ་རྗེའི་སྐེད་པ་ནི་མགྲིན་པ་དང༌། ནོར་བུའི་རྩ་བ་ནི་དཔྲལ་བ་དང༌། རྩེ་མོ་ཡང་གཙུག་ཏོར་དང་མཚུངས་པར་དགོངས་ཤིང༌། སྲོག་རླུང་ཉི་མའི་ཆོས་ཅན་དང༌། ཐུར་སེལ་ཟླ་བའི་ཆོས་ཅན། ཞེས་ལུས་ཀྱི་དབང་ལས་བཞག་ཅིང༌། བསམ་པའི་སྒོ་ནས་དེ་དག་གོ་ཟློག་པ་ནི་ཡིན་ནོ། །དེ་དག་ནི་རག་པ་ལས་རླུང་གི་རྣམ་གཞག་ཡིན་ལ། དེ་ཉིད་བེམ་པོའི་རླུང་ཡིན་ཞིང༌། ཅུང་ཟད་ཕྲ་བའི་རླུང་ནི་རྣམ་པར་ཤེས་པའི་རླུང་སྟེ། བཤད་རྒྱུད་རྡོ་རྗེ་ཕྲེང་བར། རྣམ་རྟོག་བྱང་ཆུབ་ཅེས་བྱ་བའི། །རླུང་ལ་རབ་ཏུ་བརྗོད་པ་ཡིན། །སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པོ། །རྨི་ལམ་


TNT04_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྨིས་པ་བཞིན་ཏུ་སྣང༌། །ཞེས་པ་ལྟར་ཡིད་ཀྱི་གཡོ་བ་ཡུལ་སྣང་དང་བཅས་པའི་རྟེན་རླུང་དུ་སྣང་བའི་རྣམ་ཤེས་ཀྱི་འཛིན་ཆ་ཉིད་དོ། །ཤིན་ཏུ་ཕྲ་བའི་རླུང་ནི་ཆོས་ཉིད་ཀྱི་སྲོག་ཆེན་པོ་སྟེ་དགོངས་པ་ལུང་སྟོན་ཞེས་བྱ་བའི་རྒྱུད་ལས། འདི་ལྟར་མི་མངོན་ཕྲ་བ་ལས། །རྟག་ཏུ་གསལ་བར་བརྗོད་པ་ཡིན། །ཞེས་དང༌། རླུང་ཞེས་བྱ་བ་བྱང་ཆུབ་སེམས། །ཞེས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་པའི་རླུང་གི་རྣམ་ཆ་སྤྲོས་བྲལ་སྒྲ་སྐད་ཐམས་ཅད་པའོ། །དེ་ལྟར་ཡེ་ཤེས་ཀྱི་རླུང་ཆེན་པོ་རྣམ་པ་ཐམས་ཅད་པ་ཡིན་ཞིང༌། ཀུན་རྫོབ་ཀྱི་རླུང་རྣམས་ཀྱང་དེའི་རྗེས་སུ་འབྲང་བར་འགྱུར་བས། རྒྱུད་སྡེ་སོ་སོ་དང་གྲུབ་པའི་སློབ་དཔོན་རྣམས་ཀྱི་མན་ངག་ཐ་དད་པ་རྣམས་ལས། རླུང་གི་རྣལ་འབྱོར་མི་འདྲ་བ་མཐའ་ཡས་པ་བྱུང་ཡང་གནད་གཅིག་ཏུ་འདུ་བ་ཡིན་ནོ། །གསུམ་པ་ཐིག་ལེའི་རྣམ་གཞག་ལ། སྤྱིར་ཐིག་ལེ་ལ་དབྱེ་ན། རྣམ་ཤེས་ཀུན་རྫོབ་ཀྱི་ཐིག་ལེ་དང༌། དོན་དམ་ཡེ་ཤེས་ཀྱི་ཐིག་ལེའོ། །དང་པོའི་དབང་དུ་བྱས་ནས་ཐིག་ལེ་ཇི་ལྟར་གནས་པའི་ཚུལ་ནི། ལྟེ་འོག་ན་ཁྲག་གི་དངས་མ་དམར་ཆ་ཐམས་ཅད་ཀྱི་བདག་པོ་མེ་དྲོད་ཐམས་ཅད་ཀྱི་གཙོ་བོ་ནང་གི་ཉི་མ་དང༌། ལས་ཀྱི་གཏུམ་མོ་དང༌། ཀུན་རྫོབ་ཀྱི་ཐིག་ལེ་ཞེས་བྱ་བ་གནས་ཤིང༌། སྤྱི་བོའི་འཁོར་ལོའི་སྟེང་ན་ཁུ་བའི་དྭངས་མ་མཆོག་ཏུ་གྱུར་པ་ནང་གི་ཟླ་བ་དང༌།


TNT04_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤིགས་པའི་ཧཾ་ཡིག་དང༌། ཀུན་རྫོབ་པའི་དཔྱིད་ཅེས་བྱ་བ་དཀར་ཆ་ཐམས་ཅད་ཀྱི་བདག་པོ་ཞུ་བདེའི་རང་བཞིན་ཅན་གནས་སོ། །དེ་གཉིས་ཐིག་ལེ་ཐམས་ཅད་ཀྱི་བསྐྱེད་གཞི་ཡིན་ཞིང་ཐ་སྙད་དུ་ཨེ་ཝཾ་གྱི་མཚན་ཉིད་ཅན་དུ་ཡང་འཇོག་ལ། དེ་ལས་འབྱུང་བ་བཞི་དང་འབྲེལ་བར་དཔྲལ་བར་ཆུ་ཁམས་ཀྱི་ཐིག་ལེ་ཟླ་བའི་བདག་ཉིད་ཅན་སྐུ་དང༌། མགྲིན་པར་མེའི་ཐིག་ལེ་ཉི་མ་གསུང་དང༌། སྙིང་གར་རླུང་གི་ཐིག་ལེ་སྒྲ་གཅན་ཐུགས་དང༌། ལྟེ་བར་སའི་ཐིག་ལེ་དུས་མེ་ཡེ་ཤེས་ཏེ་ཐིག་ལེ་བཞི་ཞེས་བྱ་བ་དེ་རྣམས་ཡིན་ལ། འདི་རྣམས་ལའང་མི་ཤིགས་པའི་ཐ་སྙད་ཙམ་འཇོག་ཅིང༌། སྐུའི་ཐིག་ལེས་སད་པའི་གནས་སྐབས་དང༌། གསུང་གི་ཐིག་ལེས་རྨི་ལམ་གྱི་གནས་སྐབས་དང༌། ཐུགས་ཀྱི་ཐིག་ལེས་གཉིད་འཐུག་པོའི་གནས་སྐབས་དང༌། ཡེ་ཤེས་ཀྱི་ཐིག་ལེས་བཞི་པའི་གནས་སྐབས་ཀྱི་འཁྲུལ་པ་རྣམས་བསྐྱེད་ཅིང༌། ལམ་དུས་སུ་དགའ་བཞི་འཆར་བའི་རྒྱུ་ཡང་བྱེད་ལ། ཀུན་རྫོབ་ཀྱི་ཐིག་ལེ་བཞི་པོ་དེ་དག་ནས་དོན་དམ་ཆོས་ཉིད་ཀྱི་ཐིག་ལེ་མངོན་དུ་གྱུར་པ་ན་སྐུ་བཞི་ཐོབ་པར་འཇོག་གོ །བཞི་པོ་དེ་ལ་ཁྱབ་བྱེད་ཀྱི་ཚུལ་གྱི་གཙུག་ཏོར་དུ་ནམ་མཁའི་ཁམས་ཀྱི་ཐིག་ལེ་དང༌། གསང་བར་ཡེ་ཤེས་ཁམས་ཀྱི་ཐིག་ལེ་སྟེ་དྲུག་ཏུ་འཇོག་ཅིང༌། ཕྱི་མ་འདི་གཉིས་གོང་གི་རྩ་བའི་ཐིག་ལེ་གཉིས་དང་གནད་གཅིག་ལ།


TNT04_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བྱ་འཁོར་ལོ་ལྔའི་ཐིག་ལེ་དང༌། ཁྱབ་བྱེད་གསང་འཁོར་གྱི་ཐིག་ལེར་འཇོག་པའི་སྐབས་ཀྱང་ཡོད་དོ། ཁྱབ་བྱེད་དེ་ཡང་ལྟེ་གསང་ནོར་བུའི་དབྱེ་བས་ལུས་ངག་ཡིད་ཀྱི་རང་བཞིན་ཐིག་ལེ་གྲོལ་བ་གསུམ་གྱི་ངོ་བོར་གནས་ལ། གཞན་ཡང་ཁམས་ཀྱི་དབྱེ་བ་དྭངས་མ་བཅུ་གཉིས༌། སྙིགས་མ་ཉེར་བཞི། ཁྱབ་བྱེད་ཐིག་ལེ་ཆེན་པོ་སྟེ་སུམ་ཅུ་སོ་བདུན་དུ་འཇོག་ལ། དྭངས་མ་བཅུ་གཉིས་ནི་སྙིང་གའི་རྩ་འདབས་བརྒྱད་དང༌། སྟེང་གི་རྩ་གསུམ་གཅིག་ཏུ་བསྡོམས། འོག་གི་རྩ་གསུམ་སོ་སོར་ཕྱེ་སྟེ་བཞི་པོ་དེ་བསྣན་པས་རྩ་བཅུ་གཉིས་པོ་ལས་དྭངས་ མ་བཅུ་གཉིས་འབབ་བོ། །དེ་ལ་ཕྱོགས་བཞི་དང་སྟོང་ནས་ཕུང་པོ་ལྔའི་དྭངས་མ་དང༌། མཚམས་བཞི་དང་འོག་གི་དྲི་ཆུའི་རྩ་ལས་ཁམས་ལྔའི་དྭངས་མ་དང། དུང་ཅན་མ་དང་བཤང་བའི་རྩ་ལས་ཡེ་ཤེས་ཀྱི་ཁམས་གཉིས་པོ་འབབ་པོ། །ཕྱི་མ་གཉིས་པོ་འདི་བླ་མ་གོང་མ་རྣམས་ཀྱི་མན་ངག་ལས། གྲོགས་དགའ་བ་དང་ལྷན་ཅིག་སྐྱེས་པའི་རླུང་དང་འགྲོགས་པས་དགའ་བའི་ཐིག་ལེ་དང༌། ལྷན་ཅིག་སྐྱེས་པའི་ཐིག་ལེ་ཞེས་འཆད་དོ། །སྙིགས་མ་ཉི་ཤུ་རྩ་བཞི་ནི་སོ་དང་སེན་མོ་བསྐྱེད་པའི་ཐིག་ལེ་ནས། བེ་སྣབས་སྐྱེད་པའི་ཐིག་ལེའི་བར་དུ་ཁམས་ཉི་ཤུ་རྩ་བཞི་ཞེས་མ་རྒྱུད་ཕལ་ཆེར་དུ་གྲགས་པ་དེ་རྣམས་ཡིན་ལ། དེ་དག་ལའང་གནས་སྐབས་གསུམ་གྱི་དབྱེ་བས་བདུན་བཅུ་རྩ་


TNT04_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང༌། དེ་རེ་རེ་ལའང་རྩ་གནས་སོ་སོར་འབབ་ཚུལ་སྟོང་ཕྲག་རེ་སྟེ། ཁམས་བདུན་ཁྲི་ཉིས་སྟོང་དུ་འདོད་པ་ཡིན་ནོ། །གནས་སྐབས་གསུམ་པོ་དེ་ཡང་གང་ཞེ་ན། རྡུལ་དང་རླུང་གི་གྲོགས་བྱས་ནས། ཡར་འཕེལ་དུ་དར་བ་ནི་བདག་པོའི་གནས་སྐབས། འཕེལ་ཟིན་སྨིན་ཞིང་གནས་པ་ནི་ལོངས་སྤྱོད་པའི་གནས་སྐབས། གནས་སོ་སོར་བྱ་བ་བྱས་ཟིན་ནས། རྩིགས་མའི་ནང་དུ་དེངས་པ་ནི་ཐིམ་པའི་གནས་སྐབས། ཐིམ་པའི་རྗེས་སུ་དྭངས་པའི་ཁམས་ཀྱི་ནུས་པ་བག་ལ་ཞ་བའི་ཚུལ་གྱི་གནས་པ་ནི། སླར་ཡང་གནས་སྐབས་གསུམ་པོ་སྟེ། ཡང་ཡང་འབྱུང་བའི་ས་བོན་ཡིན་པའི་ཕྱིར། བདག་པོའི་གནས་སྐབས་ཞེས་བྱ་སྟེ་གནས་སྐབས་བཞི་པ་ཡིན་ནོ། ཁམས་དེ་དག་ཇི་ལྟར་འགྲུབ་པའི་ཚུལ་ནི་བཟའ་བཏུང་རྣམས་ཕོ་བའི་གནས་སུ་བད་ཀན་མྱགས་བྱེད། མཁྲིས་པ་འགྱུར་བྱེད། རླུང་མེ་མཉམ་སྟེ་ནང་གི་མེ་གསུམ་གྱིས་བཞུ་པ་ལས་དྭངས་མ་ཁྲག་ཏུ་སྨིན་ཞིང༌། སྙིགས་མ་བཤང་གཅིར་འགྱུར་རོ། ཁྲག་དེ་ཡང་བཞུ་བ་ལས་དྭངས་མ་མཆིན་རྩ་སོགས་བརྒྱུད་ནས་ཟུངས་ཁྲག་ཏུ་འགྱུར་ལ། སྙིགས་མ་ནི་བེ་སྣབས་ནད་ཁྲག་ཏུ་འགྱུར་རོ། ཁྲག་གི་དྭངས་མ་ཤ། སྙིགས་མ་མཁྲིས་པ། ཤའི་དྭངས་མ་ཚིལ། སྙིགས་མ་པགས་པ་དང་རགས་པ། ཚིལ་གྱི་དྭངས་མ་རུས་པ། སྙིགས་མ་རྨེན་བུ་དང་རྡུལ།


TNT04_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པའི་དྭངས་མ་རྐང༌། སྙིགས་མ་སོ་སེན་དང་རྒྱུད་པ། རྐང་གི་དྭངས་མ་ཁུ་བ། སྙིགས་མ་རྐང་སྦུབས་ཀྱི་དྲི་མ་སྐྱ་སོབ་པོ། ཁུ་བའི་དྭངས་མ་མདངས་དང་སྟོབས། སྙིགས་མ་ཨསྟུ་ཀ་ལ་སོགས་པ། མཁྲིས་པའི་དྭངས་མ་ཆུ་སེར། སྙིགས་མ་ཀུ་ཡ་ལ་སོགས་པ་སྟེ། མདོར་ན་ལུས་ཀྱི་ཁམས་རྣམ་པ་སྣ་ཚོགས་པ་འགྲུབ་པར་འགྱུར་ཏེ། མདངས་སྟོབས་ལས་ཀྱང་སྙིགས་མའི་ཁམས་རྣམ་པ་སྣ་ཚོགས་པ་འགྲུབ་པའི་ས་བོན་དུ་འགྱུར་རོ། །གཞན་ཡང་རྩ་གནས་སོ་སོའི་ཐིག་ལེ་དང༌། ནང་དུ་དགའ་བ་བཅུ་དྲུག་གི་ཐིག་ལེ་དང་ཕྱི་རོལ་ཏུ་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་ཟླ་བ་འཕེལ་འགྲིབ་ཀྱི་ཆ་བཅུ་དྲུག་བཅུ་དྲུག་དང་སྦྱར་བ། ཁམས་ལྔ་དང་ཡོན་ཏན་གསུམ་གྱི་དབྱེ་བ་རྣམས་དང༌། ལུས་ལ་གནད་ཀྱི་ཚུལ་དུ་ཐིག་ལེ་འཕོ་ཚུལ་སུམ་ཅུ་སོ་གཉིས་དང༌། དེ་རྣམས་ལ་སོ་སོའི་དབྱིངས་འཆར་བའི་ཚུལ་དང༌། ལྟེ་བ་ཡན་ཆད་དུ་སྲོག་ནི་ལུས་ཉི་མ་ཡིན་ཀྱང་བསམ་པ་ཟླ་བ་ཡིན་པས་ཆ་བཅུ་དྲུག་གི་རིམ་པའི་ཐིག་ལེར་གནས་ལ། ལྟེ་བ་མན་ཆད་དུ་ཐུར་སེལ་ནི་ལུས་ཟླ་བ་ཡིན་ཀྱང༌། བསམ་པ་ཉི་མ་ཡིན་པས་ཡོན་ཏན་གསུམ་གྱི་བདག་ཉིད་དུ་གནས་པའང་ཡིན་ལ། རིམ་པས་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་འཕེལ་འགྲིབ་ལ་ཡང་སྦྱོར་རོ། །སྒྲ་གཅན་དུས་མེའི་ཐིག་ལེ་གཉིས་གཅིག་ཏུ་སྡོམ་པ་ནི། མུན་པ་དང་རླུང་གི་ཐིག་ལེ་ཞེས་བྱ་ཞིང༌།


TNT04_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་དུ་འབྱུང་བ་བཞིའི་དབྱེ་བས་དཀར་ཆ་བཞི་དང༌། དཔྲལ་མགྲིན་དུ་འབྱུང་ཆུང་གི་དབྱེ་བས་བཅུ་དྲུག་བཅུ་དྲུག་དང། སྙིང་གར་དེའི་ཕྱེད་བརྒྱད་དང༌། ལྟེ་བར་དེའི་ཡང་ཕྱེད་བཞི་སྟེ། དེའི་རྗེས་སུ་དུང་ཅན་མའི་མཐར་གཏུམ་མོ་ལ་དཀར་ཆ་རབ་ཏུ་ཞུགས་པ་ནི། ཟླ་བའི་ཆ་ཡོངས་སུ་གང་བར་འཇོག་པ་སོགས་རྣམ་གཞག་ཞིབ་མོ་དག་ནི་སྐབས་འདིར་ཧ་ཅང་མང་པར་འགྱུར་བས་ཤེས་པར་འདོད་ན་སེམས་འགྲེལ་སྐོར་གསུམ་ཉིད་ལས་རྟོགས་པར་བྱའོ། །ཐིག་ལེ་མཐའ་དག་ཁུ་རྡུལ་མུན་པ་གསུམ་དུ་འདུས་ལ། ཁུ་བས་འདོད་ཆགས་རྡུལ་གྱིས་ཞེ་སྡང༌། མུན་པས་གཏི་མུག་སྐྱེད་ཅིང༌། དེ་དག་ལས་རང་བཞིན་བརྒྱད་བཅུའི་རྣམ་པར་རྟོག་པ་དང༌། དེས་ལས་བསགས་ནས་འཁོར་བའི་སྡུག་བསྔལ་སྣ་ཚོགས་བ་འབྱུང་བ་ཡིན་ཞིང༌། དེ་གསུམ་འགྱུར་མེད་དུ་བཅིངས་བས་འཁོར་བ་ཟློག་པར་འགྱུར་བའང་ཡིན་ནོ། །གཉིས་པ་ཡེ་ཤེས་ཀྱི་ཐིག་ལེ་ནི། ཆོས་ཉིད་ཀྱི་ཐིག་ལེ་མི་ཤིགས་པ་ཆེན་པོ་ཞེས་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། སེམས་ཙམ་ཐིག་ལེའི་ངོ་བོ་སྔགས་ཀྱི་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །ཞེས་དང༌། མངོན་བརྗོད་བླ་མ་ལ་སོགས་པ་རྒྱུད་གཞན་ལས་ཀྱང༌། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་པུ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་


TNT04_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྐྱེ་བར་འགྱུར། །ཞེས་སོགས་རྒྱུད་ཐམས་ཅད་ལས་རྒྱ་ཆེར་གསུངས་པ་སྟེ། ཆོས་ཉིད་བདེ་གཤེགས་སྙིང་པོ་གདོད་མ་ནས་སྤྲོས་བྲལ་མི་འགྱུར་བའི་བདེ་བར་གནས་པ་ཉིད་དེ། འདི་ཡང་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། བརྟགས་པ་དང་མ་བརྟགས་པའི་ཐིག་ལེའི་རྣལ་འབྱོར་ཇི་སྙེད་པ་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་ཡང་དག་པའི་ལམ་དུ་འགྱུར་ཚུལ་ཡང་ཤེས་པར་བྱའོ། །གཉིས་པ་སྤང་བྱ་འཆི་ལྟས་བཤད་པ་ནི། སྤྱིར་རྒྱུད་རྒྱལ་འདི་ནས་ཁམས་འགྱུར་བའི་འཆི་ལྟས་སོགས་རྣམ་གྲངས་མང་པོ་གསུངས་ཀྱང་གོ་བདེ་ཞིང་གཙོ་བོའི་དོན་མ་ཡིན་ལ། འདིར་རླུང་གི་འཆི་ལྟས་ནང་དུ་ཐུར་སེལ་ལ་གཙོ་བོར་སྐྱོན་ཞུགས་པས་ཟླ་བའི་འཆི་ལྟས་འབྱུང་སྟེ། ནང་གི་འབྱུང་བའི་ཁམས་མ་སྙོམས་པ་ལས། དུས་སྦྱོར་གྱི་མཚན་ཉིད་ཅན་གྱི་རླུང་སྣ་བུག་ནས་ཡོན་པོར་རྒྱུ་བར་འགྱུར་ཏེ། འཆི་ལྟས་དང་པོ་ཤར་བ་ནས་འཆི་བ་ལ་ཐུག་གི་བར་དུ་ཟླ་བ་སུམ་ཅུ་རྩ་དྲུག་སྟེ་ལོ་གསུམ་ཡོད་པ་ལས། དང་པོར་གཡོན་ཁོ་ན་ལ་འབབ་པ་འཆི་ལྟས་ཀྱི་རླུང་ཞག་གཅིག་དེ་ནས་གཡས་གཡོན་རེ་མོས་སུ་འབབ་པ། ཐ་མལ་པའི་ཞག་གམ་འཚོ་ཞག་ལྔ་བཅུ་ང་དགུ་སྟེ། དེས་ཟླ་བ་གཉིས་སོང༌། དེ་འདྲ་ལན་གསུམ་གྱི་ཟླ་བ་དྲུག་འགྲོ་སྟེ། དེ་ལ་འཆི་ལྟས་ཀྱི་ཞག་གསུམ་འབྱུང་བས་ལྟེ་བའི་དུས་སྦྱོར་གྱི་རྩ་འདབ་དང་པོ་གཅོད་དོ། །


TNT04_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཟླ་བ་རེ་རེ་བཞིན་འཆི་ཞག་རེ་འབྱུང་སྟེ། འཆི་ཞག་གསུམ་གསུམ་ཀྱི་རྩ་འདབ་རེ་རེ་བཅད་འགྲོ་བས་ཟླ་བ་གསུམ་གསུམ་ལ་རྩ་འདབ་རེ་རེ་བཅད་དེ། ཟླ་བ་གསུམ་ལ་བཅུ་ཕྲག་གཅིག་གིས་རྩ་འདབ་བཅུ་གཅོད་པ་དང༌། སྔར་གྱི་ཟླ་བ་དྲུག་དང་བཅས་པས་ཟླ་བ་སུམ་ཅུ་སོ་དྲུག་ལ། དུས་སྦྱོར་གྱི་རྩ་འདབ་བཅུ་གཅིག་བཅད་ཟིན་ཏོ། །དེའི་རྗེས་སུ་སྣ་བུག་གཡས་ལ་ཞག་གཉིས་རྒྱུ་བས་རྩ་འདབ་བཅུ་གཉིས་པ་གཅོད། དེ་ནས་དབུ་མའི་མཉམ་རྒྱུ་ཞག་གཅིག་གིས་འཁོར་ལོའི་ལྟེ་བ་བཅད་ནས་སྲིད་པ་གཞན་ཏུ་འཕོའོ། །སྲོག་གི་རླུང་ལ་གཙོ་བོར་སྐྱོན་ཞུགས་པ་ཉི་མའི་འཆི་ལྟས་ནི། དང་པོ་ཤར་བ་ནས་འཆི་བའི་བར་ལ་ལོ་གསུམ་སྟེ། དང་པོར་སྣ་བུག་གཡས་ནས་བར་མ་ཆོད་དུ་ཞག་ལྔ་འབབ་པ་ཉི་མའི་འཆི་ལྟས་ཀྱི་འཆི་ཞག་ཅེས་ཀྱང་བྱ་རྒྱུ་ཞག་ཅེས་ཀྱང་བྱ་བ་ཞག་ལྔ་པོ་དེ་ཐེ་བའི་ཞག་སུམ་བརྒྱ་སུམ་ཅུ་སོ་ལྔས་རྩ་འདབ་དང་པོ་གཅོད་དོ། །དེ་ནས་འཆི་ཞག་བཅུ་དང༌། ཐ་མལ་པ་སུམ་བརྒྱ་སུམ་ཅུ་སོ་ལྔས་རྩ་འདབ་གཉིས་པ་དང༌། ཡང་འཆི་ཞག་བཅོ་ལྔ་དང༌། ཐ་མལ་པ་བརྒྱ་ལྔ་བཅུ་རྩ་ལྔས་གསུམ་པ་དང༌། ཡང་ཉི་ཤུ་དང་ཐ་མལ་པ་དྲུག་ཅུ་རྩ་གཉིས་ཀྱིས་བཞི་པ་དང༌། ཡང་ཉེར་ལྔ་དང་ཐ་མལ་པ་སུམ་ཅུ་ཐམ་པས་ལྔ་པ་དང༌། ཡང་ཉི་ཤུ་རྩ་དྲུག་དང་ཐ་མལ་པ་གཉིས་ཀྱིས་དྲུག་པ་རྣམས་


TNT04_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་དོ། །དེ་ནས་འཆི་ཞག་འབའ་ཞིག་པ་ཉི་ཤུ་རྩ་བདུན་གྱིས་བདུན་པ་དང༌། དེ་ནས་འཆི་ཞག་འབའ་ཞིག་པ་བཅོ་ལྔས་བརྒྱད་པ་དང༌། བཅུ་ཡིས་དགུ་པ་དང༌། ལྔ་ཡིས་བཅུ་པ་དང༌། གསུམ་གྱིས་བཅུ་གཅིག་པ་བཅད་ནས་གཡོན་དུ་ཞག་གཉིས་རྒྱུས་པས་བཅུ་གཉིས་པ་གཅོད། དེ་ནས་མུན་པ་ཆེན་པོའི་རླུང་སྟེ་དབུ་མའི་མཉམ་རྒྱུའི་ཞག་གཅིག་གིས་འཁོར་ལོའི་ལྟེ་བ་བཅད་ནས་སྲིད་པ་གཞན་ཏུ་འཕོའོ། །སྤྱིར་རྩ་དང་པོ་དྲུག་གཅོད་པ་ལ་རྒྱུ་འཚོ་བསྡོམས་པའི་ཞག་གྲངས་ནི། སུམ་བརྒྱ་སོ་ལྔ་སུམ་བརྒྱ་ཞེ་ལྔ་དང༌། བདུན་བཅུས་ལྷག་བརྒྱ་བརྒྱད་ཅུ་གྱ་གཉིས་དང༌། ང་ལྔ་ཉེར་བརྒྱད་རྣམས་སུ་ཤེས་པར་བྱ། འཆི་ཞག་རྒྱུ་བའི་དུས་ལ་ངེས་མེད་འདོད། འདི་ལ་དབང་མདོར་བསྟན་ལས། གསུམ་གཉིས་གཅིག་ལོ་ཟླ་བ་ནི། །དྲུག་གསུམ་ཟུང་ཟླ་ཉིན་ཞག་ཚེས། །ཕྱོགས་ལྔ་ཡོན་ཏན་གཉིས་གཅིག་གིས། །ཞེས་དང༌། བསྡུས་རྒྱུད་དུ་ཡང་དེ་ལྟར་དུ་གསུངས་པ་ནི། རགས་རྩིས་ཀྱི་དབང་དུ་བྱས་པ་ཡིན་པས་འདབ་མ་གཉིས་པ་སོགས་ལྔ་བཅད་པ་ལ་ཡང་རྒྱུ་ཞག་རྣམས་ཐོག་མར་འབྱུང་བ་ཉིད་ཡིན་པར་མངོན་ནོ། །དབང་མདོར་བསྟན་གྱི་འགྲེལ་པ་རྣམས་ལས་སྣ་ཚོགས་སུ་བཤད་དེ་བརྟག་པར་བྱའོ། །དེ་དག་ནི་ཉི་ཟླའི་འཆི་ལྟས་ལུགས་འབྱུང་གི་འཆར་ཚུལ་དུ་གྲགས་པ་དེ་ཡིན་ལ་ལུགས་ཟློག་ཏུ་གྲགས་པ་ནི་དཔེར་ན་བུ་ཆུང་བཙས་ནས་


TNT04_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གསུམ་ནས་འཆི་བ་ཡིན་ན། འཆི་ལྟས་གཉིས་པོ་གང་ཡིན་ཀྱང་ཞག་གཉིས་ཀྱིས་རྩ་འདབ་བཅུ་གཉིས། གཅིག་དང་གཅིག་ཤོས་ནས་རླུང་རྒྱུ་བས་གཅོད་ཅིང༌། ཞག་གཅིག་མུན་པ་ཆེན་པོ་འབབ་སྟེ་འཕོའོ། །དེ་ཕན་ཆད་ལོ་གསུམ་ཚུན་ལ་སྔར་གྱི་རིགས་འགྲེ་ཞིང་གཞན་ཡང་ཞག་དྲུག་ནས་འཆི་ན་ཉི་མའི་ཡིན་ཏེ། གཡས་སུ་འཆི་ཞག་གསུམ་གྱིས་རྩ་འདབ་བཅུ་གཅིག་དང༌། དེ་ནས་གཡོན་ཏུ་ཞག་གཉིས་དང་མུན་ཅན་ཞག་གཅིག་གོ །ཟླ་བ་གསུམ་དང་ཞག་གསུམ་ནས་འཆི་ན་ཟླ་བའི་འཆི་ལྟས་ཡིན་ཏེ། གཡས་ནས་འབབ་པ་འཆི་ཞག་གསུམ་ཐེ་བའི་ཟླ་བ་གསུམ་གྱིས་རྩ་འདབ་བཅུ་གཅིག་དང༌། དེ་རྗེས་གཡོན་ནས་གཉིས་ཀྱིས་བཅུ་གཉིས་པ་དང༌། དེ་ནས་མུན་ཆེན་ཞག་གཅིག་གོ །བཙས་ནས་ལོ་གསུམ་ཕན་ཆད་ལ་གདོད་འཆི་ལྟས་འཆར་ན། ལུགས་འབྱུང་གི་ཚུལ་གྱིས་བཤད་དོ། །ལུགས་འབྱུང་དང་ལུགས་ཟློག་གི་གོ་དོན་ཡང་རྒྱུད་ལས་བཤད་ཚུལ་ལུགས་འབྱུང་ཟློག་གི་གོ་དོན་ཡིན་གྱི་རྩ་ལ་འཆར་ཚུལ་ལུགས་འབྱུང་ཟློག་གི་གོ་དོན་མིན་ནོ། །བྱིས་པ་བཙས་མ་ཐག་པ་ལ་གསུངས་པ་ནི་མཚོན་བྱེད་དེ། མཚོན་དང་དུག་ལ་སོགས་པ་གློ་བུར་དུ་འཆི་བ་རྣམས་ལ་ཡང་ལུགས་ཟློག་དངོས་དང་རྗེས་མཐུན་པ་ཅི་རིགས་འཆར་བར་ངེས་པ་ཡིན་ནོ། །གཞན་ཡང་དང་པོར་ལུགས་འབྱུང་གི་རིམ་པ་ཤར་དུ་


TNT04_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཀྱང་རྐྱེན་གྱི་ཁྱད་པར་ལས་བར་སྐབས་སུ་རིམ་པ་བརྒལ་ནས་འགྲོ་བ་ཡང་ཡོད་ཅིང༌། འཆི་བསླུས་བཟློག་པར་ཡང་འགྱུར་བས་ལུགས་འབྱུང་གི་རིམ་པ་ལ་ལོ་གསུམ་གྱི་ཚད་དུ་བཞག་པ་ནི། སྤྱིར་བཏང་གི་དབང་དུ་བྱས་པ་ཡིན་ ནོ། །དེ་བཞིན་ཏུ་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་ལ་སྐྱེས་ན་ཟླ་བ་དང༌། གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སྐྱེས་ན་ཉི་མའི་འཆི་ལྟས་འབྱུང་བར་བཤད་པ་ཡང་ཤས་ཆེ་བའི་དབང་དུ་བྱས་པ་ཡིན་ནོ། །དེ་གཉིས་ནི་དུས་མིན་དུ་འཆི་བའི་ལྟས་ཡིན་ལ། སྒྲ་གཅན་གྱི་འཆི་ལྟས་ནི། ཚེ་ལོ་བརྒྱ་པའི་དབང་དུ་བྱས་པའི་དུས་འཆི་ལ་སྦྱོར་རྒྱུ་ཡིན་ནོ། །དེ་ལ་འདི་ལྟར་ཤེས་པར་བྱ་སྟེ། དང་པོར་མངལ་དུ་སྐྱེ་བ་བཟུང་བ་ནས། ཟླ་བ་གཅིག་སོང་མཚམས་ནས་ལོ་གཅིག་གི་བར་དུ་ཞག་རེ་ལ་རྩ་ཉིས་བརྒྱ་རེ་འཆགས་པས་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་རྫོགས་སོ། །རྫོགས་པའི་དུས་དེ་ནི་མངལ་བཟུང་ནས་ཟླ་བ་བཅུ་གསུམ་སོང་མཚམས་ཡིན་ལ། མངལ་དུ་ཟླ་བ་ངོ་བཅུ་ལྟར་ན། བཙས་ནས་ཟླ་བ་ངོ་བཞིའི་མཚམས་སོ། །དེ་ནས་བརྩམས་པའི་ལོ་བརྒྱ་སྟེ། ཁ་ཅིག་ཟླ་བ་བཅུ་གཉིས་རྫོགས་མཚམས་སུ་རྩ་བའི་དུས་ཀྱི་ཕྱི་མཐའ་འཛིན་པ་ཡིན་ཞེས་འདོད་པའང་ཡོད་པ་མི་འགལ་ལོ། །དེ་ལྟར་ན་བཙས་ནས་ལོ་བརྒྱ་དང་ཟླ་བ་གཅིག་འཚོ་བའི་དབང་དུ་བྱས་སོ། །དེ་ཡང་དབུ་མའི་


TNT04_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་སོ་ཆ་དེས་རྩ་རྣམས་རིམ་གྱིས་བསྐམ་པའི་བྱེད་པས་ཡིན་ཞིང༌། སོ་ཆ་དེ་བསགས་པས་ལོ་གསུམ་ཕྱོགས་གསུམ་དུ་ལོངས་པ་ན་དུས་ཀྱི་འཆིའོ། །ཞེས་པ་སྟེ། དེ་ཡང་འདི་ལྟར་བཙས་ནས་ཟླ་བ་ཕྱེད་དང་བཅུ་གཅིག་ལ་བགྲོད་པ་གཉིས་སུ་བརྩིས་པའི་བགྲོད་པ་གཉིས་པོ་དེ་ལ་འཆི་ལྟས་ཀྱི་རླུང་མི་རྒྱུའོ། །དེ་ནས་ལོ་རེ་རེ་ལ་བགྲོད་པ་གཉིས་གཉིས་ཏེ་སྔ་མ་གཉིས་དང་སྡོམས་པས་ལོ་བདུན་ལ་བགྲོད་པ་བཅུ་བཞིའོ། །དེ་ལ་གཡོན་ནས་བརྩམས་པའི་དབང་དུ་བྱས་ན། བགྲོད་པ་གསུམ་པ་ལ་གཡོན་ཏུ་འཆི་ལྟས་ཀྱི་དབུགས་ཡོན་པོ་གཅིག་ཏུ་རྒྱུའོ། །དེ་ནས་བགྲོད་པ་རེ་རེ་བར་དུ་བོར་ཏེ་བགྲོད་པ་ལྔ་པ་ལ་གཡས་སུ་གཉིས། བདུན་པ་ལ་གཡོན་དུ་གསུམ། དགུ་པ་ལ་གཡས་སུ་བཞི། བཅུ་གཅིག་པ་ལ་གཡོན་དུ་ལྔ། བཅུ་གསུམ་པ་ལ་གཡས་སུ་དྲུག་སྟེ་འཆི་ལྟས་ཆུ་སྲང་གཅིག་ཏུ་ལོངས་སོ། །བཅུ་བཞི་པ་ལ་མི་རྒྱུའོ། །དེ་ཡན་ཆད་ལ་ལོ་ཧྲིལ་པོ་བདུན་དུ་ཟླ་བ་ཕྱེད་དང་གཉིས་ཀྱི་མ་ཚང་ངོ༌། །དེ་ནས་ལོ་དྲུག་ཅུ་ལ་བགྲོད་པ་གཉིས་གཉིས་ཏེ་དྲུག་ཅུ་པ་ཕྲག་གཉིས་ཡོད་པའི་ལོ་རེ་རེ་བཞིན་གྱི་བགྲོད་པ་ཕྱི་མ་རྣམས་ལ་འཆི་རླུང་མི་རྒྱུ་ལ། བགྲོད་པ་བརྒྱ་ཉི་ཤུ་པོའི་དང་པོ་ལ་གཡོན་ནས་ཡོན་པོ་ཆུ་སྲང་གཅིག གསུམ་པ་ལ་གཡས་ནས་ཡོན་པོ་ཆུ་སྲང་གཉིས། གཡོན་ནས་ང་དགུའི་བར་དུ་འཕེལ་བ་དང༌།


TNT04_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ནས་དྲུག་ཅུའི་བར་དུ་འཕེལ་བ་རྣམས་སྤེལ་མར་སྦྱར་བས་དྲུག་ཅུ་པ་ལ་འཆི་ལྟས་ཀྱི་ཆུ་སྲང་སྟེ་ཆུ་ཚོད་དུ་ལོངས་སོ། །དེ་ནས་ལོ་སུམ་ཅུའི་བར་དུ་ལོ་རེ་ལ་བགྲོད་པ་གཉིས་ཏེ་བགྲོད་པ་དྲུག་ཅུ་དང་དེ་ལའང་གཉིས་གཉིས་སུ་བཏང་བས་བགྲོད་པ་ཕྱེད་པའམ། ཟླ་བ་གསུམ་ཚན་པ་བརྒྱ་ཉི་ཤུ་འབྱུང་ངོ༌། །དེ་ལྟར་བགྲོད་པ་རེ་རེའི་ཕྱེད་ཕྱི་མ་རྣམས་ལ་འཆི་ལྟས་མི་རྒྱུ། བགྲོད་པ་ཕྱེད་པ་དང་པོ་ལ་གཡོན་ནས་ཆུ་ཚོད་གཅིག་ནས་བགྲོད་པ་ཕྱེད་པ་གསུམ་པ་ལ་གཡས་ནས་ཆུ་ཚོད་གཉིས། ཞེས་པ་ནས་བརྩམས་ཏེ། བགྲོད་པ་ཕྱེད་པ་བརྒྱ་བཅུ་བདུན་པ་ལ་གཡོན་ནས་ཆུ་ཚོད་ང་དགུ བཅུ་དགུ་པ་ལ་གཡས་ནས་ཆུ་ཚོད་དྲུག་ཅུ་འབབ་སྟེ་ཉིན་ཞག་གཅིག་ཏུ་ལོངས་སོ། །དེ་ཡན་ཆད་ལ་ལོ་དགུ་བཅུ་གོ་དྲུག་དང༌། ཟླ་བ་ཕྱེད་དང་བཅུ་གཅིག་སོང༌། ལྷག་མ་འཚོ་ཞག་སྟོང་དང་བརྒྱ་ལྔ་བཅུ་ང་དྲུག་ལས་སོ། །གཡོན་ནས་རླུང་ཡོན་པོ་ཞག་གཅིག ཐ་མལ་པ་ཞག་གཅིག གཡས་ནས་ཡོན་པོ་ཞག་གཉིས་དང༌། ཐ་མལ་པ་ཞག་གཉིས། དེ་བཞིན་ཏུ་སྦྱར་ཏེ། གཡོན་ནས་ཡོན་པོ་གསུམ་དང་ཐ་མལ་གསུམ། གཡས་ནས་བཞི་དང༌། ཐ་མལ་བཞི། གཡོན་ནས་ལྔ་དང། ཐ་མལ་ལྔ། གཡས་ནས་དྲུག་དང༌། ཐ་མལ་དྲུག་སྟེ། གཡས་གཡོན་དུ་འཆི་བའི་ཞག་སྡེ་ཚན་གསུམ་གསུམ་དང༌། རང་མིང་དང་མཚུངས་པ་སྡེ་ཚན་དྲུག་གིས་ལྟེ་བའི་དཀྱིལ་


TNT04_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དྲུག་ཅུ་ལས། གཡོན་མི་མཉམ་པའི་དུས་སྦྱོར་དྲུག་གིས་ནམ་མཁའི་དཀྱིལ་འཁོར་དྲུག་དང༌། གཡས་མཉམ་པའི་དུས་སྦྱོར་དྲུག་གིས་སའི་དཀྱིལ་འཁོར་དྲུག་པོ་གཅོད་དོ། །དེ་བཞིན་དུ་རིམ་པར་སྦྱར་ནས་རིགས་བསྒྲེས་ཏེ་བདུན་པ་ནས་བཅུ་གཉིས་པའི་བར་དུ་ཡོན་པོ་དང་ཡོན་པོ་མ་ཡིན་པ་རང་མིང་དང་གྲངས་མཚུངས་སྤེལ་བ་གཡོན་དང་གཡས་སུ་འབབས་པས་གཡོན་གྱི་རླུང་དྲུག་དང་གཡས་ཀྱི་ཆུ་དྲུག་གཅོད་དོ། །བཅུ་གསུམ་པ་ནས་བཅོ་བརྒྱད་ཀྱི་བར་དེ་བཞིན་དུ་སྦྱར་བས་གཡོན་གཡས་ཀྱི་མེའི་དཀྱིལ་འཁོར་དྲུག་ཚན་པ་གཉིས་གཅོད་དོ། །བཅུ་དགུ་ནས་ཉི་ཤུ་རྩ་བཞི་པའི་བར་ལ་སྔར་བཞིན་སྦྱར་བས་གཡོན་གྱི་ཆུ་དྲུག་དང་གཡས་ཀྱི་རླུང་དཀྱིལ་དྲུག་གཅོད། ཉི་ཤུ་རྩ་ལྔ་པ་ནས་སུམ་ཅུ་པའི་བར་ལའང་སྔར་བཞིན་སྦྱར་བས་གཡོན་གྱི་ས་དྲུག་དང་གཡས་ཀྱི་ནམ་མཁའི་དཀྱིལ་འཁོར་དྲུག་ཚན་པ་གཅིག་གཅོད། དེ་ནས་གཡོན་ནས་ཡོན་པོ་དང་ཡོན་པོ་མ་ཡིན་པ་ཞག་སུམ་ཅུ་སོ་གཅིག་རེ་རེས་གཡས་ནས་སྙིང་སྟོབས་ཀྱི་ཁམས་རྣམས་འདོར་བར་བྱེད། གཡོན་ནས་སོ་གཉིས་པ་རེ་རེས་རྡུལ་གྱི་ཁམས་འདོར་བར་བྱེད་སོ་གསུམ་པ་རེ་རེས་མུན་པའི་ཁམས་འདོར་བར་བྱེད། དེ་དག་གི་ཞག་པོ་སྟོང་དང་བརྒྱ་ཉི་ཤུ་རྩ་གཉིས་སོང་ངོ༌། །ལྷག་མ་སུམ་ཅུ་སོ་བཞི་ཡོད་པའི་སོ་གསུམ་གཡས་འབའ་ཞིག་ལ་འབབ་པས་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ། ཡུལ་ལྔ། ལས་


TNT04_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྔ། བྱ་བ་ལྔ་རྣམས་འདོར་བར་བྱེད། ལྷག་མ་ཞག་གཅིག་པོ་མཉམ་རྒྱུར་བབས་པས། ཕུང་སོགས་ཡེ་ཤེས་ཀྱི་ཆ་དྲུག་པོ་འདོར་བར་བྱེད། ཚུལ་དེས་སྲིད་པ་གཞན་དུ་འཕོའོ། །དུས་ཀྱི་འཆི་ལྟས་འདི་དག་འཕོ་མཚམས་སུ་བཙས་པ་ལ་འབྱུང་ཞིང༌། གོང་དུ་དེ་དག་གཡོན་གྱི་དུས་སྦྱོར་དུ་འཕོ་མཚམས་ལ་བཙས་པའི་དབང་དུ་བྱས་ལ། གཡས་ཀྱི་དུས་སྦྱོར་དུ་འཕོ་མཚམས་ལ་བཙས་པ་དག་ནི། གཡས་ནས་འབབ་པའི་འཆི་ལྟས་ལ་འགོ་རྩོམ་དགོས་པས་གོང་དུ་བསྟན་པའི་གཡས་གཡོན་གྱི་རིམ་པ་དེ་དག་གོ་ཟློག་པ་ཡིན་ནོ། །འཆི་བའི་ལྟས་གཉིས་པོ་ལ། དུས་སྦྱོར་དྲུག་གི་རྩ་འདབ་བཅད་ཟིན་ཏེ། བདུན་པ་ལ་འཆི་ལྟས་ཞུགས་ན་མི་བཟློག་པར་གསུངས་པ་ཡང་སྤྱིར་བཏང་ཙམ་ཡིན་གྱི། ལྷ་ལ་སོགས་པའི་བྱིན་རླབས་ཀྱི་སྟོབས་དང༌། སྔགས་དང་རྫས་དང་ཏིང་ངེ་འཛིན་གྱི་ནུས་མཐུའི་ཁྱད་པར་གྱིས་བཟློག་ཏུ་རུང་བ་ཁོ་ན་སྟེ། ཤི་ཟིན་པ་དང་ལུས་ཐལ་པར་གྱུར་པ་ཡང་སླར་འཚོ་བ་ཡོད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་སྲོག་འཛིན་གྱི་རྣལ་འབྱོར་ལ་རྟགས་ཐོབ་པའི་སྐྱེས་བུ་དེ་ནི་བར་སྐབས་དེར་བརྩོན་པ་དང་བྲལ་བས་དུས་དང་དུས་མིན་གྱི་འཆི་ལྟས་གང་ཤར་ཡང་རུང་སྟེ། རྡོ་རྗེ་བསླད་པའི་སྦྱོར་བས་སྲོག་ཐིག་ལེར་དྲག་པ་གཟུང་བ་ལ་འབད་ན། འཆི་བདག་བཅོམ་སྟེ་ངེས་པར་


TNT04_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་མེད་པའི་གནས་ཐོབ་པར་འགྱུར་རོ། །དེ་ལྟར་ཡང་དབང་མདོར་བསྟན་ལས། འཆི་ལྟས་མཚན་ཉིད་ཤེས་ནས་ནི། སྲོག་ནི་ཐིག་ལེར་གཞུག་པར་བྱ། །ཨ་ཝ་དྷཱུ་ཏཱིའི་ཞབས་བསྟེན་ནས། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །རྟག་ཏུ་རྡོ་རྗེ་བསླང་བར་བྱ། །ཟླ་བ་ཉི་མའི་བགྲོད་འཇོམས་ལས། །གཞན་དུ་ཨ་ཝ་དྷཱུ་ཏཱིའི་ཆར། །སྲོག་གི་རླུང་ནི་འཇུག་པ་མེད། །འོག་ཏུ་དུང་ཅན་མར་ཐུར་སེལ། །དེ་མ་ཞུགས་ལས་འཆི་བའོ། །འཆི་ལྟས་བསླུ་བ་རྣལ་འབྱོར་པའི། །འདི་ནི་དགའ་བ་རྣམས་ཀྱིས་འགྱུར། །ཞེས་སོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཐབས་རྡོ་རྗེའི་རྣལ་འབྱོར་སྒོམ་པའི་ཚུལ་ནི། སྤྱིར་སྔགས་ཀྱི་ཐེག་པ་ལ་རྡོ་རྗེའི་ཐེག་པ་ཞེས་བརྗོད་པ་ལྟར། སྔགས་བླ་མེད་ཀྱི་ལམ་ཚང་ལ་མ་ནོར་བ་ཐམས་ཅད་ལ་རྡོ་རྗེའི་རྣལ་འབྱོར་གྱི་དོན་ཚང་ཞིང༌། དོན་གྱིས་ན་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་གི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལའང་རྡོ་རྗེའི་རྣལ་འབྱོར་གྱི་དོན་ཅི་རིགས་པ་ཚང་སྟེ། གནས་ལུགས་འགྱུར་པ་མེད་པའི་དོན་སྒོམ་པ་ནི་རྡོ་རྗེའི་རྣལ་འབྱོར་གྱི་དོན་ནོ། །དེ་བཞིན་ཏུ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཡང་འདྲ་མཚུངས་ཚང་སྟེ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང། སོ་སོ་ཡང་དག་པར་རིག་པ་བཞི་སྒྲུབ་པའི་ཐབས་དང༌། སྟོང་པ་ཉིད་ཀྱི་དོན་བསྒོམ་པ་རྣམས་ལ་སྒྲ་བཤད་དུ་ཡོད་ཅིང༌། གསང་སྔགས་


TNT04_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་བསྒོམ་པ་དང་སྔགས་བཟླས་པ་དང། མཚན་མ་མེད་པའི་རྣལ་འབྱོར་སྤྱི་ལའང་ཚང་ཞིང༌། བླ་མེད་ཀྱི་བསྐྱེད་རིམ་རྣམས་ནི། ངེས་པར་རྫོགས་རིམ་དང་དག་པ་ཡང་སྦྱོར་དགོས་པ་རྡོ་རྗེའི་རྣལ་འབྱོར་དངོས་དང་ཡང་དག་སྦྱོར་བྱེད་དགོས་སོ། །རྡོ་རྗེའི་རྣལ་འབྱོར་བཞི་པ་ཡང་རྗེས་མཐུན་པ་ཡོད་པ། མདོ་ལས་ཀྱང༌། འཁྲིག་པ་གཞན་ཏུ་གྱུར་ན་ནི། །སངས་རྒྱས་བདེ་བར་གནས་པ་དང༌། །མོ་མཐོང་ཉོན་མོངས་མེད་པ་ ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་ཤིང༌། རྒྱུད་སྡེ་འོག་མ་གསུམ་ལ་ཡང་འདོ་ཆགས་ལམ་བྱེད་ཡོད་པའི་ཕྱིར་རོ། །འོན་ཀྱང་དེ་དག་རྡོ་རྗེའི་རྣལ་འབྱོར་དངོས་མ་ཡིན་ཏེ། ལ་ལ་རྣམ་རྟོག་གི་སྒོམ་པ་ཡིན་པ་དང༌། ཁ་ཅིག་མཚན་ཉིད་རྫོགས་པར་མ་ཚང་བའི་ཕྱིར་ཏེ། དེས་ན་མདོའི་དགོངས་དོན་མཐར་ཐུག་སྔགས་སུ་གནས་པ་དང༌། སྔགས་ལམ་གྱི་མཐར་ཐུག་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཁོ་ནའོ་ཞེས་རིག་པར་བྱའོ། །དེ་ཉིད་འཆད་པར་བྱེད་པ་ལ་དོན་ལྔ་སྟེ། ལམ་གྱི་ངོ་བོ། མཚན་དང་དོན་གྱི་རྣམ་གྲངས། ཡན་ལག་དྲུག་གི་རྣམ་པར་ངེས་པ། རྡོ་རྗེའི་རྣལ་འབྱོར་ལ་ལོག་རྟོག་བསལ་བ། ལམ་དང་འབྲས་བུའི་ས་མཚམས་བསྟན་པའོ། །དང་པོ་ནི། གཞིའི་དུས་ཀྱི་ཆོས་ཉིད་ཟུང་འཇུག་གི་ངོ་བོར་གནས་པས་འབྲས་བུའི་ཡེ་ཤེས་ཀྱང་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཡིན་ལ། རྒྱུ་མཚན་དེའི་ཕྱིར་དེ་སྒྲུབ་པར་བྱེད་པའི་ཐབས་སམ་ལམ་


TNT04_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟུང་འཇུག་གི་མཚན་ཉིད་ཅན་ཞིག་དགོས་ཏེ། མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བ་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ནི་ཟུང་འཇུག་གི་ལམ་སྟེ། ཟུང་འཇུག་དེ་ཡང་གང་ཞེ་ན། མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་དང༌། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་སྐུ་ཟུང་དུ་འཇུག་པའི་བདག་ཉིད་དེ། དེ་ཉིད་སྙིང་རྗེ་ཆེན་པོ་དང། སྟོང་པ་ཉིད་ཟུང་དུ་འཇུག་པའང་ཡིན་ལ། སྒྱུ་ལུས་དང་འོད་གསལ་ཟུང་དུ་འཇུག་པ་ཡང་འདི་ཁོ་ནའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པའི་གསུངས། །ཞེས་གསུངས་ཏེ། སྙིང་རྗེ་ཆེན་པོ་དང༌། འོད་གསལ་དང༌། མི་འགྱུར་བའི་བདེ་བ་རྣམས་དོན་གཅིག་ཏུ་འགྱུར་ཞིང༌། དེ་ཉིད་ཐབས་དང་སྤྱི་ལ་གྲགས་པ་ལྟར་གྱི་ཀུན་རྫོབ་བདེན་པར་ཡང་བསྟན་ལ། སྟོང་པ་ཉིད་དང༌། སྒྱུ་ལུས་དང༌། རྣམ་ཀུན་མཆོག་ལྡན་གྱི་སྐུ་རྣམས་དོན་གཅིག་ཏུ་འགྱུར་ཞིང༌། དེ་ཉིད་ཤེས་རབ་དང། སྤྱི་ལ་གྲགས་པ་ལྟར་གྱི་དོན་དམ་བདེན་པར་ཡང་འཇོག་གོ །དེ་ལ་མི་འགྱུར་བའི་བདེ་བ་ཆེན་པོ་ནི་ཆོས་ཀྱི་དབྱིངས་རང་བཞིན་འགྱུར་བ་མེད་པ་དང༌། རྟེན་ཐིག་ལེ་འཛག་མེད་གཉིས་ངོ་བོ་གཅིག་ཏུ་འདྲེས་


TNT04_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེ་བ་ཆེན་པོའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་དབྱིངས་རང་གིས་རིག་པའི་རྣམ་པ་ཅན་དེ་ཡིན་ལ། བདེ་བ་ཆེན་པོ་འདིས་རང་གཞན་གྱི་སྡུག་བསྔལ་འཇོམས་པའི་ཕྱིར་འདི་ནི་སྙིང་རྗེ་ཆེན་པོ་ཡིན་ཏེ། སྡུག་བསྔལ་ཅན་ཡོངས་སུ་སྐྱོབ་པ་ནི་སྙིང་རྗེའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྙིང་རྗེའི་སྒྲ་བཤད་འཇུག་པ་ཁོ་ན་ཙམ་གྱི་སྒོ་ནས་མ་ཡིན་ཏེ། མ་ལུས་པའི་འགྲོ་བ་རྣམས་ལ་རབ་ཏུ་བརྩེ་བ་ཆེན་པོའི་རྣམ་པའམ་འཛིན་སྟངས་ཅན་དུ་འཆར་བ་ཡིན་ཞིང༌། དེ་ཡང་གཟུང་འཛིན་གཉིས་སྣང་འགགས་ཤིང༌། སྤྲོས་བྲལ་གྱི་རྒྱ་ལས་མ་འདས་པས་དམིགས་པ་མེད་པའི་ཕྱིར་ན། དམིགས་པ་མེད་པའི་སྙིང་རྗེ་ཞེས་བྱའོ། །དེར་མ་ཟད་ལས་རྒྱའི་བདེ་བ་ཡང་སྙིང་རྗེའི་རྣམ་པར་འཆར་བ་ཞིག་ཡོད་དེ། ཇི་སྐད་དུ། མཐའ་དག་བྱང་ཆུབ་རྒྱུ་རུ་ཤེས་རབ་ཐབས་ཀྱིས་མཆོད་པར་བྱ་སྟེ་རྒྱལ་པོ་བློན་པོ་སྙིང་རྗེ་དང༌། །བཅས་པའི་ཐུགས་ལྡན། ཞེས་འབྱུང་བ་ལྟར་ཏེ། ལས་རྒྱའི་བདེ་བ་སེམས་ཅན་ལ་དམིགས་པ་དང༌། ཡེ་རྒྱའི་བདེ་བ་ཆོས་ལ་དམིགས་པ་དང༌། ཕྱག་ཆེན་གྱི་བདེ་བ་དམིགས་པ་མེད་པ་སྟེ་སྙིང་རྗེ་གསུམ་མོ། །གཞན་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཤར་བའམ་མ་ཤར་བའང་སྲིད་ན། གང་ལྟར་ཡང་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཏེ། གཟུང་འཛིན་གྱི་སྣང་བ་ཐམས་ཅད་འགགས་


TNT04_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ན་གཞན་གྱི་ཡང་སྣང་བ་ཅི་ཡང་མེད་པའི་སྟོང་ཉིད་དུ་འགྲོ་འགྲོ་འདྲ་བ་ལས་དེ་ལྟར་མི་འགྱུར་ཏེ། སྤྲོས་བྲལ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་འཁོར་འདས་ཁམས་གསུམ་པའི་རྣམ་པ་ཅན་ཐམས་ཅད་དུ་འཆར་བ་ཡིན་ལ། དེ་ལྟར་ཤར་བ་དེ་ཡང་ཀུན་རྫོབ་ཀྱི་སྣང་བའམ། ལས་སྣང་ངམ། འཁྲུལ་སྣང་མ་ཡིན་ཏེ། ཡེ་ཤེས་ཀྱི་སྣང་བའམ། ཆོས་ཉིད་ཀྱི་སྣང་བའམ། གདོད་མའི་སྣང་བའོ། །དེ་ལྟར་ན་འདི་གཟུགས་སྒྲ་སོགས་དང་རྣམ་པ་མཐུན་པར་ཤར་བ་ན་རྡུལ་ཕྲ་རབ་ཀྱི་ཆོས་སུ་དོགས་པ་འབྱུང་བ་ལ་དགོངས་ནས་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་ཞེས་ཡང་ཡང་སྨོས་ཀྱི། ཁ་ཅིག་འདིར་སྟོང་ཉིད་དུ་བཤད་པ་དོན་དམ་སྟོང་ཉིད་དངོས་མ་ཡིན་ཡང་རྡུལ་ཆོས་ཀྱིས་སྟོང་པའི་སྟོང་ཉིད་ལ་དགོངས་སོ་ཞེས་ཟེར་བ་ནི། ཟབ་མོའི་དོན་ལ་ཕྱོགས་བསླད་པའི་གཏམ་མོ། །རྣམ་པ་ཐམས་ཅད་པའི་སྟོང་ཉིད་འདི་ལ་དམིགས་བཅས་ཀྱི་སྟོང་ཉིད་ཅེས་གསུངས་པའི་དམིགས་བཅས་ནི་སྤྲོས་པ་དང་བཅས་པ་དང༌། མཚན་མ་དང་བཅས་པ་དང༌། རྟོག་པ་དང་བཅས་པ་དང༌། རྩོལ་བཅས་རྣམས་མ་ཡིན་གྱི། དམིགས་པ་ནི་དངོས་སུ་མཐོང་ཞིང་མྱོང་བའི་དོན་ཡིན་པས་ཡེ་ཤེས་མ་འཁྲུལ་བ་ལ་མངོན་སུམ་དུ་སྣང་བའོ། །འདི་ཉིད་ཆོས་དབྱིངས་སྟོང་པ་ཉིད་དངོས་ཡིན་པའི་ཕྱིར། སྤྱི་ལ་གྲགས་པའི་


TNT04_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་བདེན་པ་ཡིན་ལ། བདེ་བ་ཆེན་པོ་ལ་ཀུན་རྫོབ་ཏུ་བཞག་པ་ནི། བདེ་ཆེན་དེ་ཀུན་རྫོབ་དངོས་མ་ཡིན་ཡང་ཀུན་རྫོབ་ཞུ་བདེའི་ཐབས་ལ་བརྟེན་ནས་དེ་ཉིད་རྟོགས་དགོས་པའི་ཕྱིར། ཀུན་རྫོབ་དང་འབྲེལ་བའི་ཚུལ་གྱིས་ཀུན་རྫོབ་ཏུ་བཞག་ གོ །སྐབས་འདིའི་ཐུན་མོང་མ་ཡིན་པའི་རྣམ་གཞག་ལ། མི་འགྱུར་བའི་བདེ་བ་ཆེན་པོ་ལ་དོན་དམ་བདེན་པའི་ཐ་སྙད་བཏགས་ཏེ། གཟུང་འཛིན་ལ་སོགས་པའི་སྤྲོས་པ་ནུབ་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་ཀུན་རྫོབ་བདེན་པའི་ཐ་སྙད་སྦྱོར་ཏེ། ཀུན་རྫོབ་དང་རྣམ་པ་ཕྱོགས་མཚུངས་པའི་གོ་ནས་ཀུན་རྫོབ་ཀྱི་ཆོས་དེ་དང་དེའི་ཆོས་ཉིད་དུ་བཞུགས་པའི་ཕྱིར་རོ། །དེ་ལ་གནས་ལུགས་དོན་དམ་པ་ནི་ཟུང་འཇུག་གི་མཚན་ཉིད་ཅན་ཡིན་པའི་ཕྱིར་ན། མི་འགྱུར་བའི་བདེ་བ་ཡང་ཀུན་རྫོབ་ལ་ཆོས་ཉིད་དུ་བཞུགས་པའི་ཕྱིར། ཀུན་རྫོབ་བདེན་པའི་ཐ་སྙད་བྱེད་དགོས་པར་འགྱུར་རོ་སྙམ་ན། སྤྱིར་ངོ་བོར་དབྱེ་བ་མེད་ཀྱང་དགོས་པའི་སྒོ་ནས་རྣམ་གཞག་ཐ་དད་མཛད་པ་འདིའི་རིགས་ལ་མགོ་བསྒྲེ་བའི་རིགས་པ་དེ་ལྟ་བུ་མི་འཇུག་ལ་འདིར་དགོས་པ་ནི་འདི་ལྟར་གོ་དགོས་པ་ཡིན་ཏེ། མི་འགྱུར་བའི་བདེ་བ་དང༌། རྣམ་ཀུན་མཆོག་ལྡན་གཉིས་ངོ་བོ་གཅིག་པའི་ཕྱིར། མི་འགྱུར་བའི་བདེ་བ་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཀྱང་མི་


TNT04_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་དང༌། བདེ་བའི་ལྡོག་ཆ་ནས་དོན་དམ་ཁོ་ནའི་རང་ཚུགས་སུ་གནས་ལ། བདེ་ཆེན་དེ་ཉིད་རྣམ་པ་ཐམས་ཅད་པར་ཤར་བའི་ལྡོག་ཆ་ནས་ཀུན་རྫོབ་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་ཆོས་ཉིད་དུ་སོང་བའི་ཕྱིར། རྣམ་པ་ཐམས་ཅད་པའི་ལྡོག་ཆ་ནས་ཀུན་རྫོབ་བདེན་པར་བཞག་གོ །དེས་ན་དེ་ལྟར་རྟོགས་པར་འགྱུར་བ་ནི་འདིར་དགོས་པའོ། །འདི་ལ་རྒྱུ་འབྲས་ཟུང་དུ་འཇུག་པ་ཞེས་ཀྱང་བྱ་སྟེ། དེ་ལྟར་ཡང་དབང་མདོར་བསྟན་ལས། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། །མི་འགྱུར་ལས་སྐྱེས་བདེ་བ་ འབྲས། །རྒྱུ་ནི་འབྲས་བུས་རྒྱས་བཏབ་ཅིང༌། །འབྲས་བུ་རྒྱུ་ཡིས་རྒྱས་བཏབ་བོ། །ཞེས་གསུངས་ཏེ། རྒྱས་བཏབ་པ་ནི་གཉིས་སུ་མེད་པ་སྟེ་ཟུང་འཇུག་གི་དོན་ནོ། །དེ་གཉིས་ངོ་བོ་གཅིག་པ་ཡིན་ན། གཅིག་ལ་རྒྱུ་འབྲས་ཀྱི་དབྱེ་བ་ཇི་ལྟར་འཐད་སྙམ་པ་འགའ་ཞིག་གི་བསམ་པ་ལ་འབྱུང་བར་འགྱུར་ཏེ། འོན་ཀྱང་འདི་ནི་གནས་ལུགས་ཟུང་འཇུག་དེ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དངོས་མེད་པ་ནི་བདེན་ནོ། །འོན་ཀྱང་རྒྱུ་རྣམས་ཀྱི་རང་བཞིན་ཆོས་དབྱིངས་ནི་སྟོང་གཟུགས་དང༌། འབྲས་བུ་རྣམས་ཀྱི་ཆོས་དབྱིངས་ནི་མི་འགྱུར་བའི་བདེ་བ་སྟེ། རང་གི་ངོ་བོས་ཀྱང་སྟོང་པ་ལས་བདེ་བར་འཆར་བའི་ཕྱིར་རྒྱུ་འབྲས་དང་རྣམ་པ་མཚུངས་པ་ཡིན་ལ། རང་བཞིན་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། རྣལ་


TNT04_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཅན་གྱི་རྟོགས་ཚུལ་ལ་རྣལ་འབྱོར་ཡན་ལག་དང་པོ་ལྔས་རྣམ་པ་ཐམས་ཅད་པའི་མཚན་ཉིད་རྟོགས་ཀྱང་མི་འགྱུར་པའི་བདེ་བའི་ཆ་ནས་མ་རྟོགས་ལ། ཏིང་ངེ་འཛིན་ཕན་ཆད་དུ་དེ་ཡང་རྟོགས་པའི་ཕྱིར་སྟོང་ཉིད་ཙམ་རྟོགས་པའི་ལམ་ལས་བདེ་བ་ཆེན་པོ་རྟོགས་པའི་ལམ་འབྱུང་བའི་ཕྱིར། རྟོགས་བྱེད་ལམ་གྱི་ཡེ་ཤེས་རྒྱུ་འབྲས་སུ་སོང་བས། རྟོགས་བྱ་ཆོས་དབྱིངས་ལ་ཡང་རྒྱུ་འབྲས་ཀྱི་ཐ་སྙད་མཛད་པའོ། །དེ་ལྟར་ན་ཟུང་འཇུག་ཆེན་པོའི་ལམ་ནི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོའོ། །གཉིས་པ་མཚན་གྱི་རྣམ་གྲངས་ནི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང༌། དབང་བཞི་པའི་ཡེ་ཤེས་དང༌། མངོན་སུམ་གྱི་ལམ་དང༌། རང་བྱུང་གི་ལྷའི་རྣལ་འབྱོར་དང༌། ཕྱག་རྒྱ་ཆེན་པོ་དང༌། ནང་གི་རིག་པ་དང༌། དབུ་མ་ཆེན་པོ་དང༌། ཤིན་ཏུ་རྣམ་དག་གི་རིམ་པ་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྫོགས་པའི་རིམ་པ་དང༌། ཆགས་ཆེན་གྱི་ལམ་དང༌། ཡིད་ཆེས་གསུམ་ལྡན་གྱི་རིམ་པ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་དུ་མས་ཡོངས་སུ་བསྟན་པ་ཡིན་ནོ། །དང་པོ་ནི། རྩ་རྒྱུད་ལས། སྟོང་ཉིད་གཟུགས་བརྙན་འཛིན་པར་རྒྱུ། །སྙིང་རྗེ་འགྱུར་མེད་འཛིན་པ་འབྲས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་


TNT04_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དེ་བརྗོད་དོ། །ཞེས་དང༌། འདུས་པ་ཕྱི་མ་ལས་ཀྱང༌། ཐོག་མ་མཐའ་མ་མེད་ཞི་བ། །དངོས་པོ་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བརྗོད་པར་བྱ། །ཞེས་གསུངས་ཏེ། སྟོང་གཟུགས་རྒྱུ་དང་མི་འགྱུར་བའི་བདེ་བ་འབྲས་བུ་ཟུང་དུ་འཇུག་པ་ནི་དོན་དམ་པའི་བྱང་ཆུབ་ཡིན་ལ། དེ་ཉིད་སྒོམ་པར་བྱེད་པ་ནི་དེའི་སེམས་སོ། །བྱང་ཆུབ་དེའི་ཁྱད་པར་ནི་གདོད་མ་ཡིན་པའི་ཕྱིར་ཐོག་མཐའ་མེད་པ་དང༌། སྤྲོས་པ་ཐམས་ཅད་ཞི་བ་དང༌། དངོས་པོ་དངོས་མེད་གཉིས་ཀ་ལས་འདས་པ་དང༌། གཙོ་བོ་སྟེ་ཤེས་བྱ་ཐམས་ཅད་ལ་ཁྱབ་བདག་ཏུ་འཇུག་པའོ། །གཉིས་པ་ནི། དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་ཀྱང་བྱ་ལ། དེ་ལ་རྣམ་པར་མི་རྟོག་པའི་འཇོག་མཚམས་མི་འདྲ་བ་མང་དུ་སྣང་སྟེ། རང་གི་ངོ་བོ་དམིགས་པའི་ཡུལ་ལ་རྟོག་པ་དང་བཅས་པ་ཡིན་ཀྱང་དམིགས་པའི་ཡུལ་ལས་གཞན་པའི་རྟོག་པ་མི་བྱེད་པ་ལ་མི་རྟོག་པར་འཇོག་པ་དང༌། གཙང་བདེ་རྟག་བདག་ཏུ་འཛིན་པའི་རྟོག་པ་འགོག་པ་ལ་མི་རྟོག་པར་འཇོག་པ་དང༌། འདོད་པ་ལ་འདུན་པ་དང༌། གནོད་སེམས་ཙམ་འགོག་པ་ལ་མི་རྟོག་པར་འཇོག་པ་དང༌། བདེན་པར་རྟོག་པ་འགོག་ཙམ་ལ་དེར་འཇོག་པ་སོགས་ཡོད་དེ། དེ་དག་ནི་རྣམ་རྟོག་གི་ནང་ཚན་ཆེས་མ་རུངས་པ་འགའ་ཞིག་སྤོང་པའི་ཐབས་སུ་ཉེ་


TNT04_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བའི་མི་རྟོག་པ་ཡིན་ལ། གཞན་ཡང་མཚན་མར་འཛིན་པའི་འདུ་ཤེས་མངོན་འགྱུར་བ་འགགས་པ་ལ་མི་རྟོག་པར་འཇོག་པ་དང༌། དབང་ཤེས་ལྔ་ལྟ་བུ་སྒྲ་དོན་འདྲེས་འཛིན་གྱི་རྣམ་རྟོག་མ་ཡིན་པ་ལ་མི་རྟོག་པར་བཞག་པ་སོགས་ཡོད་ཀྱང་སྐབས་འདིར་རྣམ་རྟོག་གི་ཁྱད་པར་འགའ་ཞིག་གི་གཉེན་པོ་ཙམ་དང༌། རྣམ་རྟོག་མེད་ཙམ་དང༌། རྣམ་རྟོག་མ་ཡིན་པ་ཙམ་ལ་མི་འཇོག་པར་ཆོས་དབྱིངས་རང་གི་ངོ་བོ་སེམས་སེམས་བྱུང་ཡང་དག་པ་མ་ཡིན་པའི་ཀུན་རྟོག་མཐའ་དག་ལས་འདས་ཤིང༌། རྣམ་པར་རྟོག་པས་དམིགས་པ་དང༌། རྟོགས་པར་བྱ་བ་ཡང་མ་ཡིན་ལ། འདི་ལ་དམིགས་ནས་མཉམ་པར་བཞག་ན། ཀུན་ཏུ་རྟོག་པ་མཐའ་དག་སྤོང་པའི་གཉེན་པོར་འགྱུར་བའི་ཕྱིར། གང་རྣམ་པར་བྱང་བའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་ཡིན་ལ། དེའི་ཡུལ་ཅན་དམིགས་ཡུལ་དོན་དམ་དེ་ལ་རྩོལ་བས་རྩེ་གཅིག་པའི་མཚན་ཉིད་ཅན་ཡིན་ཡང༌། ལྷག་མ་རྣམ་པར་རྟོག་པའི་རྩོལ་བ་མཐའ་དག་དང་བྲལ་བའི་སྒོམ་པ་དེ་ལ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་སྣང་བ་རྒྱན་གྱིས་མདོ་ལས། རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་པ་ནི། གང་འདས་པའི་ཡིད་ལ་མི་བྱེད། མ་འོངས་པའི་རློམ་སེམས་སུ་མི་བྱེད། ད་ལྟར་བྱུང་བ་ལ་ཁྲོ་བར་མི་བྱེད་དོ། །ཞེས་གསུངས་པས་ཡིད་བྱེད་ཐམས་ཅད་བཀག་པ་ཡིན་ནོ།


TNT04_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་གི་འདོད་པ་ལྟར། ཕལ་པའི་རྣམ་རྟོག་བཀག་པ་ཡིན་གྱི། དམིགས་པའི་ཡུལ་སྟོང་པ་ཉིད་ལ་རྗེས་དཔག་གམ་ཡིད་དཔྱོད་ཀྱི་སྒོ་ནས་ངེས་ཤེས་ཀྱི་འཛིན་སྟངས་ནི་དགོས་པ་ཡིན་ནོ་སྙམ་ན་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུད་པ་ལས་ཀྱང༌། ཕུང་འདི་སྟོང་ཞེས་རྟོག་ན་བྱང་ཆུབ་སེམས་དཔའ་སྟེ། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། ཞེས་དང༌། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་ཤིང༌། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས་ཀྱང༌། དགེ་བ་དང་ནི་མི་དགེ་བའི། །རྣམ་པར་རྟོག་པའི་དབྱེ་བ་མེད། །དོན་མཆོག་རྣམ་པར་རྟོག་པ་ཡང། །མཁས་པ་རྣམས་ཀྱིས་མི་བྱའོ། །མེ་ཡིས་རབ་ཏུ་སྲེག་བྱེད་ཀྱི། །རྟེན་གྱི་དབྱེ་བས་དབྱེ་བ་མེད། །ཙན་དན་ལས་ནི་འབར་བས་ཀྱང༌། །རེག་པར་གྱུར་ན་བསྲེག་པའོ། །ཞེས་གསུངས་སོ། །འོ་ན་གང་དུ་ཡང་རྟོག་པ་མེད་པ་ཉིད་ཀྱི་ཕྱིར། གང་ཡང་སྣང་བ་མེད་པ་ཉིད་ལམ་མཆོག་གི་སྙམ་ན། མ་ཡིན་ཏེ་རྟོག་པ་དང་སྣང་བ་འགྲོ་ལྡོག་གཅིག་མ་ཡིན་པས། མི་རྟོག་ན་མི་སྣང་དགོས་པའི་རྒྱུ་མཚན་མེད་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། དེ་ལ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང༌།


TNT04_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྣང་བར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ ཏོ། །ཞེས་གསུངས་ཏེ། དོན་དམ་པའི་སྣང་བ་རབ་འབྱམས་ཅན་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ནའོ། །གསུམ་པ་ནི། རྡོ་རྗེའི་རྣལ་འབྱོར་འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱལ་བའི་ཡུམ་ལས། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་གང་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀོའུ་ཤི་ཀ གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་སྟེ། བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱའོ། །ཞེས་གསུངས་ཏེ། འདི་ཉིད་སོ་སོར་སྡུད་པ་ཁོ་ན་ལ་སྦྱར་བ་ན། ནམ་མཁའ་ལ་རྣལ་འབྱོར་དུ་བྱ་བ་ནི་མཚན་མོའི་རྣལ་འབྱོར་དང། བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱ་བ་ནི་ཉིན་མོའི་རྣལ་འབྱོར་རོ། །ཡན་ལག་དྲུག་པོ་མཐའ་དག་ལ་སྦྱར་ན། སོར་བསམ་གཉིས་ཀྱི་སྐབས་སུ་མཚན་མོ་དང༌། ཉིན་མོའི་རྣལ་འབྱོར་ལ་དེ་གཉིས་རིམ་ཅན་དུ་སྦྱར་ཞིང༌། སྲོག་འཛིན་ནི་ཨ་ཝ་དྷཱུ་ཏཱིའི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དང༌།


TNT04_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དྲན་ཡང་སྟོང་གཟུགས་ཀྱི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དང༌། ཏིང་ངེ་འཛིན་ནི་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱི་བགྲོད་པ་མཐའ་དག་སྟེང་ནས་སྟེང་དུ་འགགས་པའི་ཕྱིར་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་ པའོ། །གཞན་ཡང་ཡུམ་ལས། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཞེས་བྱ་བ་ནས་བརྩམས་ཏེ། སྒྲ་དབྱངས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ནམ་མཁའ་དང་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། །ཞེས་གསུངས་ཏེ། ཏིང་ངེ་འཛིན་གྱི་རྣམ་གྲངས་འདི་དག་གིས་ཀྱང་རྟགས་བཅུ་ལ་སོགས་པའི་སྟོང་གཟུགས་ཁོ་ནའི་རྣམ་གྲངས་ཡང་བསྟན་པར་འགྱུར་ལ། ཡང་རྣམ་པ་གཅིག་ཏུ་ན། རིན་ཆེན་སྣང་བ་ནི་སྟོང་གཟུགས་ལ་རྩེ་གཅིག་པ་དང༌། རིན་ཆེན་སྒྲོན་མ་ནི་སྟོང་གཟུགས་དེ་སེམས་ཉིད་ཀྱི་ངོ་བོར་རྟོགས་པ་དང༌། ཟླ་བ་སྣང་བ་ནི་དེ་ཉིད་ཐིག་ལེ་དང་རོ་གཅིག་ཏུ་རྟོགས་པ་དང༌།


TNT04_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཙུག་རྣམ་པར་ལྟ་བ་ནི་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་བ་དང༌། བྱང་ཆུབ་ཀྱི་སེམས་གཙུག་ཏོར་དུ་འགགས་པའང་ཡིན་ལ། འོད་ཟེར་རབ་ཏུ་འགྱེད་པ་ནི་རྗེས་དྲན་ཕན་ཆད་དུ་ལུས་ལས་དཀྱིལ་འཁོར་སྤྲོ་བ་དང༌། སྒྲ་དབྱངས་དང་ལྡན་པ་ནི་དྷཱུ་ཏཱིའི་ནང་གི་གཞོམ་མེད་ཀྱི་སྒྲ་དང༌། སྒྲོན་མ་འབར་བ་ནི་གཏུམ་མོའི་སྣང་བ་དང༌། རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ནི་ཁམས་གསུམ་གྱི་གཟུགས་བརྙན་དང༌། ནམ་མཁའ་འདྲ་བ་ནི་ནམ་མཁའི་རྣལ་འབྱོར་རྣམ་པ་གཉིས་སམ། དཀར་དམར་རླུང་གསུམ་གྱི་བགྲོད་པ་དབྱིངས་སུ་ཐིམ་པ་དང༌། གློག་གི་སྒྲོན་མ་ནི་རྟེན་ཐིག་ལེ་གཏུམ་མོའི་སྣང་བ་དང་རོ་གཅིག་ཏུ་འདྲེས་པའི་ཡེ་ཤེས་སུ་གྱུར་པ་རྣམས་ཡིན་ཏེ། ཏིང་ངེ་འཛིན་གྱི་རྣམ་གྲངས་གཞན་མཐའ་ཡས་པ་གསུངས་པ་རྣམས་ཀྱང་འདི་དག་ལས་དཔག་ཏེ་ཤེས་པར་བྱའོ། །འདིར་མཁས་པར་འདོད་པ་ཁ་ཅིག་གི་བསམ་པ་ལ་འདི་འབྱུང་བར་འགྱུར་ཏེ། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ལས་སྦྱོར་བ་ཡན་ལག་དྲུག་པ་བསྟན་ན། མདོ་སྔགས་ལ་ཟབ་མི་ཟབ་ཀྱི་ཁྱད་པར་མེད་པར་འགྱུར་ཞིང༌། སྔགས་ཀྱི་སྒོར་མ་ཞུགས་པ་ལ་མདོ་དེ་དག་བསྟན་ན་གསང་སྒྲོགས་སུ་འགྱུར་རོ། །དེའི་ཕྱིར་འདི་མི་འཐད་དོ་སྙམ་པའོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དཔེར་ན་ཙན་དན་སྤྱིའི་མཚན་ཉིད་གསལ་པོར་བརྗོད་པ་ན། ཙན་དན་ས་མཆོག་གི་མཚན་ཉིད་


TNT04_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གསལ་པོར་བརྗོད་པར་འགྱུར་རོ། །དེ་བཞིན་དུ་མི་སྤྱིའི་མཚན་ཉིད་བསྟན་པས། ཛམ་བུ་གླིང་པའི་མིའི་མཚན་ཉིད་ཀྱང་བསྟན་པར་འགྱུར་བ་བཞིན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་སྤྱིའི་མཚན་ཉིད་གསལ་བར་བསྟན་པས་རིག་པ་འཛིན་པའི་ལམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ངེས་པར་བསྟན་པ་ཡིན་ནོ། །འོན་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་པར་འགའ་ཞིག་དངོས་བསྟན་གྱི་ཚིག་ལ་གསལ་པོར་མ་བརྗོད་པས་གསང་སྒྲོགས་འབྱུང་བའང་མིན་ལ། དངོས་བསྟན་ཚིག་ཟིན་གྱི་དོན་ལ་གསལ་མི་གསལ་དང་རྒྱས་བསྡུས་ཀྱི་ཁྱད་པར་ཆེ་བས་མདོ་སྔགས་ཁྱད་པར་མེད་པར་ཡང་མི་འགྱུར་ རོ། །དེས་ན་རྣལ་འབྱོར་ཡན་ལག་དྲུག་པའི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཡིན་ན། ཤེར་ཕྱིན་ལས་གསུངས་པའི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཡིན་པས་ཁྱབ་ཀྱང༌། ཤེར་ཕྱིན་ལས་གསུངས་པའི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཡིན་ན། རྣལ་འབྱོར་ཡན་ལག་དྲུག་པའི་ནམ་མཁའི་རྣལ་འབྱོར་དེ་ཡིན་པས་མ་ཁྱབ་སྟེ། དེའི་ནང་ན་གསང་པ་ཆེན་པོའི་ལམ་དུ་མི་གཏོགས་པ་ཐུན་མོང་གི་ལམ་ནམ་མཁའི་རྣལ་འབྱོར་ཡང་ཡོད་པའི་ཕྱིར་རོ། །མདོ་ཚིག་དེའི་དགོངས་པའི་གཏད་སོ་གཙོ་བོ་ནི་གསང་བ་ཆེན་པོའི་ལམ་ནམ་མཁའི་རྣལ་འབྱོར་འདི་ཡིན་ཡང་དགོངས་དོན་གྱི་གཙོ་བོ་དེ་སྦས་པའི་ཚུལ་གྱིས་བསྟན་ནས། དངོས་བསྟན་ཚིག་ཟིན་ལ་ཐུན་མོང་གི་


TNT04_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དེ་ཉིད་གསལ་རྒྱས་སུ་བཤད་པ་ཡིན་ཞིང༌། མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པའི་རྒྱུད་རྣམས་སུ་ཐུན་མོང་པ་དེ་དག་ཀྱང་བསྟན་མོད་ཀྱི་དགོངས་དོན་གྱི་གཙོ་བོ་ཐུན་མོང་མ་ཡིན་པ་དེ་ཉིད་ཤིན་ཏུ་གསལ་ཞིང་རྒྱས་པར་བསྟན་ཏོ། །ཐུན་མོང་མ་ཡིན་པ་དེ་མདོ་ལམ་མ་ཡིན་ཀྱང་མདོ་ནས་སྟོན་པ་ནི་མི་འགལ་ཏེ། མདོ་ལམ་གྱི་མཐར་ཐུག་སྔགས་ལ་བལྟོས་དགོས་པའི་ཕྱིར་དང༌། སྐབས་སུ་བབ་ཅིང་འབྲེལ་པའི་འཕྲོས་དོན་ཡིན་པའི་ཕྱིར་དང༌། རིམ་གྱིས་སྔགས་ལ་བཀྲི་བའི་དགོས་པ་ཡོད་པའི་ཕྱིར་རོ། །དཔེར་ན་རྫོགས་པའི་སངས་རྒྱས་ཀྱིས་ངེས་པར་སྔགས་ལམ་ལས་བྱུང་བའི་འབྲས་བུ་ཡིན་ཀྱང༌། མདོ་སྡེ་ནས་རྒྱས་པར་བཤད་པ་ལ་འགལ་བ་མེད་པ་བཞིན་ནོ། །རིག་པ་འདི་ནི་རིན་ཆེན་སྣང་བའི་ཏིང་ངེ་འཛིན་སོགས་ལའང་སྦྱོར་ཞིང༌། འཕགས་པ་ལྷའི་སྤྱོད་བསྡུས་སྒྲོན་མེ་ལ་སོགས་པར་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་རྣམས་མདོ་སྡེའི་ལུང་གིས་སྒྲུབ་པར་མཛད་པ་ལ་ཡང་སྦྱོར་དགོས་ཏེ། གཞན་ཏུ་ན། ལུང་གོ་བསྟུན་གྱི་མིང་བཏགས་ནས་སྔགས་ལ་ལོག་རྟོག་དགག་པའི་ཕྱིར་མིང་མཐུན་པར་བསྟན་པ་ཡིན་ཟེར་བ་དང༌། ཁ་ཅིག་ལམ་རིགས་མཐུན་པའི་སྒོ་ནས་དེ་དང་དེ་འགྲུབ་པར་འདོད་པ་ནི་མི་འཐད་དེ། མིང་གཅིག་པ་ཙམ་གྱིས་དོན་མཐུན་པ་སྒྲུབ་


TNT04_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་ཤིང༌། དེ་མ་འགྲུབ་ན་མདོ་སྔགས་འགལ་བའི་ལོག་རྟོག་སེལ་མི་ནུས་པའི་ཕྱིར་དང༌། ཕྱོགས་མཚུངས་པ་ཙམ་གྱིས་ཀྱང་སྒྲུབ་པར་ནུས་པ་མ་ཡིན་ཏེ། དཔེར་ན་ལང་དཀར་གཤེགས་པའི་མདོ་ལུང་གིས་སྔགས་ཀྱི་ལམ་རིམ་པ་ལྔ་རིམ་ཅན་དུ་སྒྲུབ་པ་ན། མདོ་ལུང་གི་དོན་མདོ་ལམ་ཁོ་ན་ལ་དགོངས་པ་ཡིན་ན། དེས་སྔགས་ལམ་རིམ་གྱིས་པར་མི་འགྲུབ་སྟེ། ལམ་ཡིན་པ་ཙམ་དུ་མཉམ་ཡང་མདོ་སྔགས་ཚུལ་ཐ་དད་ཡིན་པའི་ཕྱིར། བྲམ་ཟེའི་བུ་གཅིག་དཀར་ཤམ་ཡིན་པའི་རྒྱུ་མཚན་གྱི་བྲམ་ཟེའི་བུ་ཐམས་ཅད་དཀར་ཤམ་ཡིན་པར་མི་འགྲུབ་པ་བཞིན་ནོ། །མདོ་ལུང་དེའི་སྤྱིར་བཏང་ལ་ལམ་རིམ་གྱིས་པ་བསྟན་པ་ཡིན་ནོ་སྙམ་ན། དེས་ཀྱང་མི་འགྲུབ་སྟེ་སྔགས་ཀྱི་ལམ་དམིགས་བསལ་ཅན་ཡིན་པའི་ཕྱིར་རོ། །ཡང་མདོ་ཚིག་དེས་འབྲས་བུ་ལ་ཉེ་བར་བགྲོད་པའི་ལམ་ཐམས་ཅད་རིམ་གྱིས་པར་བསྟན་པའི་ཕྱིར། རིམ་ལྔ་སོགས་སྔགས་ལམ་རིམ་གྱིས་པའི་རྒྱབ་རྟེན་ཏུ་འདྲེན་ནོ་སྙམ་ན། ཁོ་བོ་ཅག་ཀྱང་དེ་བཞིན་ཏུ་སྨྲ་སྟེ། འོན་ཀྱང་མདོ་ཚིག་དེས་ལམ་ཐམས་ཅད་རིམ་གྱིས་པར་བསྟན་པའི་ཕྱིར། རྒྱབ་རྟེན་ཙམ་མ་ཡིན་པར་ཚིག་དེ་ཁོ་ནས་སྔགས་ལམ་ཡང་རིམ་གྱིས་པར་བསྟན་པ་ཡིན་ཏེ། ལམ་


TNT04_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ནང་དུ་སྔགས་ལམ་འདས་པའི་ཕྱིར་རོ། །དེས་མཚོན་ཏེ། ངག་དབེན་གྱི་མཐའ་མ་བརྗོད་བྲལ་གྱི་ཡེ་ཤེས་ལ་ཐུག་པའི་ལུང་དུ་སྒྲ་ཐམས་ཅད་རང་བཞིན་བརྗོད་བྲལ་དུ་སྟོན་པའི་མདོ་མང་དུ་དྲངས་པ་དང༌། སེམས་དབེན་གྱི་རྒྱབ་རྟེན་དུ་སེམས་སྤྲོས་བྲལ་དུ་སྟོན་བྱེད་དང༌། སྒྱུ་ལུས་ཀྱི་རྒྱབ་རྟེན་དུ་སྣང་བ་སྒྱུ་མ་ལྟར་སྟོན་པའི་མདོ་དྲངས་པ་སོགས་མཐའ་ཡས་པའི་བར་དུ་བསྒྲེ་བར་བྱའོ། །ཡང་གཞན་དག་སྔགས་ལམ་མདོ་སྡེའི་ལུང་གིས་བསྒྲུབས་པ་འདི་དག་ལ་མདོ་སྔགས་གཉིས་པོ་མིང་འདོགས་མ་གཏོགས་ངོ་བོ་ཁྱད་པར་གཏན་ནས་མེད་པར་འདོད་པ་ནི་བླུན་པོའི་བབ་ཅོལ་ཙམ་སྟེ་མི་འཐད་པར་རྟོགས་སླའོ། །བཞི་པ་ནི། ལམ་འདི་ནི་སྤྱིར་དབང་མཐའ་དག་གི་དོན་དང༌། དབང་མཐའ་དག་གི་ཡེ་ཤེས་ཡིན་ལ། དེ་ལས་ཀྱང་ཁྱད་པར་དུ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡེ་ཤེས་སམ། དོན་དམ་པའི་དབང་བཞི་པའི་ལམ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། ཤེས་རབ་ཡེ་ཤེས་དག་ཀྱང་སེམས་དང་དེའི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་


TNT04_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་གསུངས་ཏེ། སོར་སྡུད་དང་བསམ་གཏན་བྱིས་འཇུག་གི་དབང་ལས་ཆུ་ཅོད་དང༌། གོང་མ་བཞི་ལས་བུམ་དབང་གི་ལམ་དུ་འགྱུར་ལ། དེ་བཞིན་དུ་སྲོག་རྩོལ་དང་འཛིན་པ་དར་དཔྱངས་དྲིལ་བུའི་དབང་དང༌། གསང་དབང་གི་ལམ་དུ་ཡང་འགྱུར་ཞིང༌། རྗེས་དྲན་བརྟུལ་ཞུགས་དང་མིང་གི་དབང་དང༌། འཇིག་རྟེན་པའི་གསུམ་པའི་ལམ་དུ་ཡང་འགྱུར་ལ། ཏིང་ངེ་འཛིན་རྗེས་གནང་དང༌། འཇིག་རྟེན་པའི་བཞི་པའི་ལམ་དུ་ཡང་འགྱུར་མོད་ཀྱི། དངོས་སུ་ན་ཡན་ལག་དྲུག་ཀ་ཡང་འཇིག་རྟེན་ལས་འདས་པའི་དབང་བཞི་པའི་ལམ་མོ། དེ་ལ་བྱིས་འཇུག་གི་དབང་རྣམས་རྡོ་རྗེའི་རྣལ་འབྱོར་གྱི་དངོས་ཀྱི་སྨིན་བྱེད་མིན་ཡང་བརྒྱུད་པའི་སྨིན་བྱེད་ཡིན་ཞིང༌། ཡན་ལག་དྲུག་གི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་དང༌། སྐུ་བཞིའི་ས་བོན་གསོས་འདེབས་པའི་ཐོག་མའི་རྟེན་འབྲེལ་སྒྲིག་བྱེད་རིང་རྒྱུ་ཙམ་ཡིན་པས། བརྒྱུད་ནས་དབང་དེ་དང་དེའི་དབང་དོན་ཡང་རྡོ་རྗེའི་རྣལ་འབྱོར་ཡིན་ལ། དབང་གོང་མ་འཇིག་རྟེན་པ་བཞི་པོ་དེ་ཡན་ལག་དྲུག་གི་སྨིན་བྱེད་དུ་འགྱུར་ཞིང༌། དབང་དེ་རྣམས་ཀྱང་དབང་དོན་དང་ཡེ་ཤེས་སུ་ཡང་འགྱུར་


TNT04_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ནི་སོར་བསམ་ཐོག་མར་དགེ་བའི་སྐབས་ན་སྟོང་པ་ཉིད་ལ་རྩོལ་བ་དང་བཅས་ཤིང༌། ཞུ་བདེ་ཆུང་ངུའི་ཏིང་ངེ་འཛིན་ནི་བུམ་དབང་གི་དོན་དང༌། སྲོག་འཛིན་བར་དུ་དགེ་བའི་སྐབས་དམིགས་པ་དང་བཅས་པས་རླུང་དགག་པ་དང༌། ཀུན་རྫོབ་ཀྱི་གཏུམ་མོ་འབར་བས་ཞུ་བདེ་འབྲིང་དུ་གྱུར་པའི་ཆ་ནི་གསང་དབང་གི་ལམ་དང༌། མཐའ་མར་དགེ་བ་རྗེས་དྲན་གྱི་ཡན་ལག་ཁོ་ན་ལ་གནས་པའི་སྐབས་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར་དང༌། ཞུ་བདེ་ཆེན་པོར་གྱུར་པའི་ཆ་ནི་འཇིག་རྟེན་པའི་གསུམ་པའི་ཡེ་ཤེས་དང༌། ཏིང་ངེ་འཛིན་གྱི་སྐབས་ཀྱང་ཐིག་ལེའི་ཆ་ཤས་ལ་ལ་མི་འགྱུར་བ་ཐོབ་ཀྱང་ཁ་ཅིག་ཞུ་བདེར་གནས་པ་དང༌། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་དབང་བཞི་པའི་ཡེ་ཤེས་སོ། །ཡན་ལག་དྲུག་ཀར་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་སྒོམ་པ་ལམ་གྱི་མཐིལ་ཡིན་ཞིང༌། དེ་ཉིད་ཤེས་རབ་མའི་མཆོག་ཡིན་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡེ་ཤེས་ཀྱི་ལམ་ཡིན་ལ། ཡན་ལག་དང་པོ་ལྔའི་སྐབས་སུ་འགྱུར་མེད་བདེ་བའི་སྐད་ཅིག་མ་དངོས་མ་གྲུབ་ཀྱང་གང་སྟོང་གཟུགས་མཐོང་བ་ཚུན་ཆོད་ནས་འགྱུར་མེད་བདེ་བའི་སྐད་ཅིག་གི་ཆ་ཤས་ཡོད་དེ།


TNT04_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་དྲུག་ལས། སོར་སྡུད་ལ་ཆ་ཤས་ཕྲ་མོ་དང༌། བསམ་གཏན་ལ་ཆུང་ངུ་དང༌། སྲོག་རྩོལ་ལ་འབྲིང་པོ་དང༌། འཛིན་པ་ལ་ཆེན་པོ་དང༌། རྗེས་དྲན་ལ་ཆ་ཤས་རབ་ཏུ་གྱུར་པ་ཞེས་བྱའོ། །ཏིང་ངེ་འཛིན་ལ་ནི་སྐད་ཅིག་དང་པོ་རྫོགས་པ་ནས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་བར་དུ་སྟེ། གང་ཐིག་ལེ་འགྱུར་བ་མེད་པའི་བདེ་བ་དེ་ནི་དོན་དམ་པའི་དབང་བཞི་པ་ཞེས་བྱའོ། །སྟོང་གཟུགས་ལ་མཆོག་དམན་གྱི་དབྱེ་བ་དང༌། མི་འགྱུར་བའི་བདེ་བ་ལ་རྫོགས་མ་རྫོགས་སོགས་ཀྱི་དབྱེ་བ་ནི་རྣལ་འབྱོར་པའི་སེམས་ལ་དེ་ལྟར་སྣང་ཚུལ་ཡིན་གྱི་ཡུལ་སྟོང་གཟུགས་དང་བདེ་བའི་ངོས་ནས་ཀུན་ཁྱབ་ཀྱི་ཆོས་དབྱིངས་ཡིན་པའི་ཕྱིར་དེ་འདྲའི་དབྱེ་བ་མེད་དོ། །ཡན་ལག་དང་པོ་ལྔའི་རིམ་པའི་སྐབས་སུ་ཡང་དངོས་གནས་ལ་སྟོང་གཟུགས་དང་བདེ་ཆེན་ངོ་བོ་གཅིག་ཀྱང་རྣལ་འབྱོར་བའི་བློ་ངོ་ལ་དེ་གཉིས་ཐ་དད་པར་སྣང་ཞིང༌། ཏིང་ངེ་འཛིན་གྱི་གནས་སྐབས་སུ་ཉིས་ཁྲི་ཆིག་སྟོང་གི་རིམ་གྱིས་གཉིས་སྣང་རིམ་པས་ཟད་པར་འགྱུར་རོ། །ལྔ་པ་ནི། རྡོ་རྗེའི་རྣལ་འབྱོར་འདི་ལ་མངོན་སུམ་ཀྱི་ལམ་ཞེས་ཀྱང་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་


TNT04_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མེད་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང༌། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པའི་དོན། །ཞེས་དང༌། དཔལ་དྲི་མ་མེད་པའི་འོད་ལས། དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནི་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་དུས་གསུམ་རྨི་ལམ་མམ་སྒྱུ་མ་དང་མཚུངས་པའོ། །ཞེས་གསུངས་ཏེ། དེ་ལ་བསྐྱེད་རིམ་ལ་སོགས་པ་རྣམ་པར་རྟོག་པ་སྒོམ་པ་གོམས་པ་ལས་བྱུང་བའི་ལྷའི་སྐུ་དང༌། ཡིག་འབྲུ་དང༌། ཐིག་ལེ་དང༌། རྩ་དང༌། རླུང་ལ་སོགས་པའི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་དང༌། རྣམ་པར་རྟོག་པའི་རྒྱུ་ཅན་གྱི་སྟོང་ཉིད་དང་སྙིང་རྗེ་ལ་སོགས་པ་སྒོམ་པ་ཐམས་ཅད་ཀྱང་རྗེས་སུ་དཔག་པའི་རྣལ་འབྱོར་ཡིན་ལ། རྣམ་པར་མི་རྟོག་བཞིན་དུ་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་གསལ་སྣང་ཅན་འདི་ནི་མངོན་སུམ་གྱི་ལམ་ཞེས་བྱ་སྟེ། གང་རྫོགས་པའི་རིམ་པ་ཐམས་ཅད་མངོན་སུམ་གྱི་ལམ་གྱིས་བསྡུས་སོ། །དེ་ཡང་སྤྱན་ལྔ་ལ་བརྟེན་


TNT04_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མངོན་སུམ་རྣམ་པ་བཞིར་འགྱུར་ཏེ། མདོ་ཙམ་འོག་ཏུ་བཤད་པར་བྱའོ། །དྲུག་པ་ནི། ཟུང་འཇུག་འདི་ལ་རང་བྱུང་དོན་དམ་པའི་ལྷ་ཞེས་ཀྱང་བྱ་སྟེ། བརྟགས་པའི་ལྷ་སྐུ་ནི་རང་བྱུང་མ་ཡིན་པའི་ཕྱིར་རོ། །དེ་བས་ན་བདེ་ཆེན་དང་སྟོང་གཟུགས་ཟུང་དུ་འཇུག་པ་འདི་ནི་དོན་དམ་པའི་ལྷ་ཞེས་ཀྱང་བྱ་སྟེ། དེ་སྐད་དུ་ཡང༌། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །ཞེས་སྒྱུ་མ་བདེ་མཆོག་ལ་སོགས་པ་མང་པོར་བསྟན་ཏོ། །དེ་བཞིན་དུ་དཔལ་གསང་བ་སྒྲུབ་པ་ལས་ཀྱང༌། རང་གིས་རིག་པའི་ལྷ་རྫས་ཏེ། །ཕྱག་རྒྱ་ཆེན་པོ་མཆོག་ཏུ་དགེ །ཞེས་གསུངས་ལ། ལྷ་རྫས་ཀྱི་སྐད་དོ་ད་དི་བྱ་ཞེས་པ་མཆོག་གམ་བླ་ན་མེད་པའི་དོན་ཡིན་ཏེ་མཆོག་གི་ཕྱག་རྒྱའི་སྐད་དོད་དི་བྱ་མུ་དྲ་ཞེས་འབྱུང་ངོ༌། །སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ལས་ཀྱང༌། སེམས་ཅན་མོས་པ་སྣ་ཚོགས་རྣམས། །ཐ་དད་ལྷ་ཡི་དམིགས་པ་ལ། །རིན་ཆེན་སེམས་ནི་རྣམ་གྲོལ་ལས། །ལྷ་གཞན་སྒྲུབ་ཏུ་ཡོད་མ་ཡིན། །ཞེས་གསུངས་པ་དང༌། དཔལ་དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང༌། དེ་ལྟར་རྣམ་པར་མི་རྟོག་ལས། །ལྷ་རྫས་དངོས་འགྲུབ་འབྱུང་བར་འགྱུར། །ཞེས་གསུངས་པ་དང༌། སྒྱུ་མ་བདེ་མཆོག་གི་རྒྱུད་ལས་གསུངས་པའི་ལུང་


TNT04_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱརྱ་དེ་བས་སེམས་ཀྱི་སྒྲིབ་སྦྱོང་དུ་དྲངས་པར་ཡང༌། དཀྱིལ་འཁོར་དུ་ནི་མ་ཞུགས་པའམ། །སྒྲིབ་པ་ཀུན་དང་བཅས་ཀྱང་རུང༌། །རང་གི་ལྷག་པའི་ལྷར་སྦྱོར་བས། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། དོན་དམ་པའི་ལྷའི་རྣལ་འབྱོར་འདི་ལ་གནས་ན། དབྱིབས་ཀྱི་དཀྱིལ་འཁོར་དུ་འཇུག་པ་དང༌། ཀུན་རྫོབ་བདེན་པའི་སྒྲུབ་ཐབས་དང༌། ལམ་གཞན་གྱིས་རྒྱུད་སྦྱངས་པའི་བསོད་ནམས་བསྐྱེད་པ་སྔོན་དུ་མ་སོང་ཡང་འདོད་པའི་དངོས་གྲུབ་འགྲུབ་པར་འགྱུར་ཞེས་ཏེ། ཞོར་ལ་འོངས་པའི་དོན་ནོ། །བདུན་པ་ནི། རྣལ་འབྱོར་འདི་ནི་དཔལ་རྡོ་རྗེ་འཆང་ཆེན་པོའི་རྒྱུད་སྡེ་རྣམས་སུ་ལམ་དང་འབྲས་བུའི་མཐར་ཐུག་པ་ཕྱག་རྒྱ་ཆེན་པོ་ཞེས་བསྔགས་པ་དེ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པ་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། །སེམས་ལ་སེམས་དག་གི་ནི་བདག་གིས་འཁྱུད་དེ་འགྲོ་བ་དུ་མའི་གཟུགས་ཅན་དེ་ནི་གཅིག་པུའོ། །ཞེས་དང༌། སྙིང་ནི་རྙོག་པ་དང་བཅས་ལས་ཀྱི་


TNT04_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་འདི་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་བཏང་བྱས་ཏེ། ཡང་དག་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱལ་བ་མཆོག་གིས་བསྐྱེད་མ་མཆོག་གི་ཕྱག་རྒྱ་གོས་པ་མེད། །རྣམ་པར་འགྱུར་བ་མེད་ཅིང་མཁའ་མཉམ་མུན་བཅོམ་ཁྱབ་བྱེད་རྣལ་འབྱོར་དག་གིས་བགྲོད་བྱ་ཐེར་ཟུག་གནས། །ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཕྲོག་ཅིང་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་བསྒོམ་པར་བྱ། །ཞེས་གསུངས་ཏེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་རྣལ་འབྱོར་ཉིད་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པའི་ཕྱག་རྒྱ་མཆོག་སྟེ་ཕྱག་རྒྱ་ཆེན་པོའོ། །དྲི་མ་མེད་པའི་འོད་ལས་ཀྱང༌། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །ཕྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་ པ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་གསུངས་ཏེ། དེས་ན་ཕྱག་རྒྱ་ཆེན་པོའི་མིང་ཅན་ནི་བསྐྱེད་རིམ་དང་ལག་པའི་ཕྱག་རྒྱ་སོགས་ལའང་ཡོད་མོད་ཀྱི། ངེས་དོན་ཕྱག་ཆེན་འདི་མཚོན་པར་བྱེད་པའི་བརྡ་ཙམ་ཡིན་ལ། མདོ་སྔགས་ཐུན་མོང་གི་སྟོང་པ་ཉིད་སྒོམ་པ་ཙམ་ལ་ཕྱག་རྒྱ་ཆེན་པོའི་སྒྲ་འཇུག་པར་ཕྱོགས་འདི་ན་ཤིན་ཏུ་གྲགས་ཆེ་ཞིང༌། རྒྱ་གར་གྱི་སློབ་དཔོན་འགའ་ཞིག་གིས་ཀྱང་བཤད་པ་སྲིད་ནའང་སྔགས་ལམ་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་སོགས་ཕྱག་རྒྱ་བཞི་གཏན་ལ་འབེབས་པའི་


TNT04_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་མདོ་དང་ཐུན་མོང་གི་ལམ་ཕྱག་རྒྱ་ཆེན་པོའི་ཐ་སྙད་ཅན་ཞིག་ཡོད་སྐད་བྱེད་དེ་ཁུངས་ཙམ་ཞིག་ཡོད་དུ་ཆུག་ཀྱང་སྐབས་ཀྱི་གཏམ་ལས་ཕྱིར་ཕྱོགས་པ་ཡིན་པའི་ཕྱིར་དེ་ལྟ་བུའི་རྣམ་གཞག་བྱེད་པ་ནི་མི་འཛངས་པའི་ལུགས་སོ། །དེ་ལྟར་ན་རྫོགས་པའི་རིམ་པ་གཏན་ལ་འབེབས་པའི་སྐབས་འདིར་ཡང་ཕྱག་རྒྱ་ཆེན་པོའི་ངོས་འཛིན་ཆ་ཤས་མི་འདྲ་བ་ཅུང་ཟད་ཡོད་མོད། གཙོ་བོ་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་རྣལ་འབྱོར་ཉིད་བསྔགས་པ་ཡིན་ནོ། །བརྒྱད་པ་ནི། རྡོ་རྗེའི་རྣལ་འབྱོར་འདི་ལ་ནང་གི་རིག་པ་ཞེས་ཀྱང་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། རིག་པ་ཞེས་པ་ནང་རིག་འགྱུར་མེད་ཀྱང་སྟེ་འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་རབ་གསུངས་ཉིད། །ཅེས་གསུངས་ཤིང་དེའི་འགྲེལ་པར་ཡང་རིག་པ་ཞེས་པ་རྣམ་པར་མི་རྟོག་པ་ནང་གི་རིག་པ་སྟེ། རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དོ། །གཞན་ཡང་འགྱུར་མེད་ཀྱང་རིག་པ་སྟེ་དམིགས་པ་མེད་པ་ཟག་པ་མེད་པའི་བདག་ཉིད་ཅན་ནོ། །རིག་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་རྒྱུ་དང་འབྲས་བུ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། འོད་དང་སྲེག་པར་བྱེད་པ་གཅིག་ཏུ་འདྲེས་པར་གྱུར་པ་བཞིན་ནོ། །ཞེས་གསུངས་ཏེ། སྟོང་གཟུགས་དང་མི་འགྱུར་བའི་བདེ་བ་རེ་རེའི་ལྡོག་པ་ནས་


TNT04_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་རིག་ཏུ་གསུངས་ཤིང༌། གཙོ་བོར་ནི་ཟུང་དུ་འཇུག་པའི་མཚན་ཉིད་ཅན་ཉིད་དེར་བསྟན་ནོ། །དགུ་པ་ནི། རྡོ་རྗེའི་རྣལ་འབྱོར་འདི་ནི་མཐར་ཐུག་གི་དབུ་མ་ཆེན་པོའི་རྣལ་འབྱོར་ཡིན་ཏེ། དམིགས་བཅས་ཀྱི་སྟོང་ཉིད་དང་དམིགས་མེད་ཀྱི་སྙིང་རྗེ་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པའི་མཚན་ཉིད་ཅན་ནི། གཞི་ལམ་འབྲས་བུའི་གནས་སྐབས་གསུམ་ཆར་དུ་དབུ་མའི་མཐར་ཐུག་ཏུ་གནས་པའི་ཕྱིར་རོ། །དེ་ལྟར་ཡང་རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་པོ་ཕྱོགས་ཉམ་དེ་ནི་མ་ཉམ་པར་འགྱུར་རོ། །ཞེས་གསུངས་ཤིང༌། འདིའི་སྟོང་ཉིད་སྙིང་རྗེ་ཡང་འགྲེལ་ཆེན་ལས། འདིར་གང་ཞིག་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག་པའོ། །ཞེས་བཤད་དོ། །འོ་ན་གནས་ལུགས་ཀྱི་དབུ་མ་ནི། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པ་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་མཐའ་བྲལ་ཙམ་ཞིག་ལ་དབུ་མའི་ཐ་སྙད་བཏགས་པ་དང། གནས་ལུགས་དེ་ཇི་ལྟར་རྟོགས་པ་ཡང༌། འདི་ལྟར་སྣང་བའི་ཆོས་རྣམས་ ཀུན། །རིག་པས་བཙལ་


TNT04_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་མོ། །ཞེས་པ་ལྟར་ཤེས་བྱ་རྣམ་པར་དཔྱད་པས་གང་ཡང་གདོད་མ་ནས་ཡོད་མ་མྱོང་བའི་ཚུལ་དུ་འཛིན་པའི་ཡུལ་དུ་སྣང་བ་ཞིག་པ་ན། འཛིན་བྱེད་ཀྱི་བློ་ཡང་རང་སར་དེངས་པ་ཙམ་ལ་མཐའ་བྲལ་དུ་རྟོགས་པའི་ཐ་སྙད་བཞག་པ་ཙམ་ཡིན་གྱི། མདོར་ན་དོན་དམ་པར་གང་ཡང་མ་གྲུབ་ཅིང༌། ཀུན་རྫོབ་འདི་ཡང་སྣང་ཙམ་ཞིག་ལས་ཡོད་མེད་ཡིན་མིན་གང་དུ་ཡང་བརྗོད་དུ་མེད་པ་འདི་ནི་གཞི་ལམ་འབྲས་གསུམ་གྱི་དབུ་མར་རིགས་ཀྱི། བདེ་བ་མྱོང་རྒྱུ་ཡོད་པ་དང༌། གཟུགས་བརྙན་མཐོང་རྒྱུ་ཡོད་པ་དེ་ནི་དངོས་པོ་དང༌། སྒྲུབ་པ་དང༌། ཀུན་རྫོབ་ཀྱི་ཆོས་ཡིན་པའི་ཕྱིར། དེ་ཙམ་ཞིག་དབུ་མར་ཡང་མི་རིགས་ལ། གཞན་ཡང་གནས་ལུགས་ནི་རྣམ་བཅད་ཀྱི་ཕྱོགས་ཡིན་པས། ཡོངས་སྤྱོད་དུ་གྲུབ་པའི་ཟུང་འཇུག་དེ་འདྲ་གནས་ལུགས་སུ་ཡང་མི་འགྱུར་ལ། དེ་འདྲ་བསྒོམས་པས་དངོས་པོར་འཛིན་པ་ཡང་མི་བཟློག་སྟེ། དངོས་པོ་ཡོད་འཛིན་དང་འཛིན་སྟངས་


TNT04_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་མེད་པའི་ཕྱིར་རོ། །ཤར་ཕྱོགས་སུ་ཤིང་སྡོང་ཡོད་པར་ངེས་པས་ནུབ་ཕྱོགས་སུ་རི་ཡོད་པར་འཛིན་པ་མི་བཟློག་པ་བཞིན་ནོ་སྙམ་པ་འདི་ནི་རྟོག་གེའི་རིག་པས་ཆོས་ཉིད་རྟོགས་པའི་རློམ་པ་ངེས་དོན་མཐར་ཐུག་གི་གནས་ལ་རྒྱབ་ཀྱིས་ཕྱོགས་པ་གསང་སྔགས་ཟབ་མོ་ཁོང་དུ་མ་ཆུད་པ་དག་གིས་ལོག་པར་རྟོག་པའི་མུན་པ་ཆེན་པོ་སྟེ། འདི་དག་ལ་ཤིན་ཏུ་རྒྱས་པར་དཔྱད་པ་བྱར་ཡོད་མོད་ཀྱི། སྙིང་པོར་བརྗོད་ན་འདི་ལྟ་སྟེ། འཇིག་རྟེན་གྲགས་པར་ཡང་ཕུག་གང་ན་སེང་གེ་ཡོད་པར་ངེས་ན་ཝ་སྐྱེས་མེད་པར་རྟོགས་ནུས་པ་དང༌། ཉི་མ་ཤར་བར་ངེས་ན་མུན་པ་མེད་པར་རྟོགས་ནུས་པ་ལྟར་དོན་དམ་ཡེ་ཤེས་ཀྱི་སྲིད་གསུམ་གདོད་མ་ནས་ཡོད་པར་ངེས་ན་ཀུན་རྫོབ་རྣམ་ཤེས་ཀྱི་སྲིད་གསུམ་གདོད་མ་ནས་ཡོད་མ་མྱོང་བར་རྟོགས་པར་ནས་ཏེ། དེའི་ཕྱིར་བདེ་བ་དང་སྟོང་གཟུགས་བསྒོམས་པས་དངོས་པོར་འཛིན་པ་དང༌། དངོས་པོར་སྣང་བ་གཉིས་ཀར་བཟློག་གོ །སྟོང་གཟུགས་དང་མི་འགྱུར་པའི་བདེ་བ་ཟུང་དུ་འཇུག་པ་དེ་ནི་དགག་སྒྲུབ་དང་དངོས་པོ་དངོས་མེད་དང་ཡོད་མེད་ཡིན་མིན་གྱི་མཐའ་ལས་འདས་པ་དོན་དམ་འདུས་མ་བྱས་ཡིན་པའི་ཕྱིར། དངོས་པོ་སྒྲུབ་པ་རང་དབང་ཅན་མིན་མོད། རྒྱུ་མཚན་


TNT04_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་དངོས་པོར་འགྱུར་རོ། །ཞེས་ནན་གྱིས་འཕུལ་བར་བྱེད་ན་ནི་ཧ་ཅང་ཐལ་བའི་དབང་གི་སྤྱོད་པ་སྟེ། དེ་ལྟར་ན་ཁྱེད་ཀྱི་ལུགས་ཀྱི་མཐའ་བྲལ་དེ་ཡང་དངོས་པོའམ་ཡང་ན་མེད་ངེས་སུ་འཕུལ་བར་བྱེད་ཀྱང་ཅི་ཞིག་ལན་ལྡོན་ཏེ། རྒྱུ་མཚན་མེད་པར་མཉམ་པའི་ཕྱིར་རོ། །ལམ་གྱི་གནས་སྐབས་ན་ཞུ་བདེ་དང་རྩོལ་བ་ཅན་གྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དངོས་པོ་དང་འདུས་བྱས་ཡིན་ཀྱང་དངོས་པོར་འཛིན་པ་བཟློག་པར་བྱེད་པའི་ཐབས་ཡིན་ཏེ། ཤིང་ལས་བྱུང་བའི་མེས་ཤིང་བསྲེག་པ་བཞིན་ནོ། །དེས་ན་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་འདི་ནི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་བྱ་དང༌། ལམ་བསྒོམས་པ་རྣམས་ཀྱིས་ཐོབ་པར་བྱ་བ་དང༌། སངས་རྒྱས་རྣམས་ཀྱིས་མཁྱེན་བྱ་དང༌། ཆོས་ཐམས་ཅད་ལ་བཞུགས་པའི་གནས་ལུགས་སུ་འཐད་ཀྱི། ཁྱེད་འདོད་པའི་མཐའ་བྲལ་ཙམ་དེ་ནི་ཅི་ཡང་མ་ཡིན་ཞིང་གང་ཡང་མེད་པའི་ཕྱིར། རྟོགས་རྒྱུ་དང༌། འཐོབ་རྒྱུ་དང༌། མཁྱེན་རྒྱུ་དང༌། གནས་ལུགས་ལ་ཞུགས་རྒྱུ་གང་ཡང་མ་གྲུབ་པའི་ཕྱིར། རྟོགས་འཐོབ་མཁྱེན་ཞུགས་ཀྱི་རྣམ་གཞག་གང་ཡང་མི་འཐད་དོ། །དོན་དམ་པར་རྟོགས་འཐོབ་སོགས་གང་ཡང་མེད་པས་རྣམ་གཞག་ཀྱང་མི་འཐད་པ་


TNT04_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཟང་ངོ་སྙམ་ན། གནས་ལུགས་དེ་ལྟར་ཡིན་དུ་ཆུག་ན་རྟོགས་བྱེད་ཀྱི་ཤེས་པ་མེད་པས་གྲོལ་བ་མི་སྲིད་པའི་སྐྱོན་དུ་འགྱུར་ལ། རྟོགས་བྱེད་ཀྱི་ཤེས་པ་མེད་ཀྱང་གྲོལ་ན་ནི་ཐམས་ཅད་གྲོལ་ཟིན་ཏེ། མ་གྲོལ་བ་མི་སྲིད་པར་འགྱུར་རོ། །འཐོབ་རྟོགས་སོགས་གང་ཡང་མེད་པ་དེ། མེད་པར་ཤེས་པ་ཙམ་གྱིས་གྲོལ་ལོ་སྙམ་ན། མེད་པར་ཤེས་པ་ཡང་མི་སྲིད་དེ། ཅི་ཡང་མ་ཡིན་པ་ལ་མེད་པར་ཡང་ཤེས་པར་བྱ་རྒྱུ་ཡང་མེད་ལ། ཤེས་པར་བྱེད་མཁན་ཡང་མེད་པའི་ཕྱིར་རོ། །དེས་ན་དངོས་པོ་རྣམས་ལ་མངོན་པར་ཞེན་པ་འགོག་པའི་ཕྱིར་དུ་ཆོས་རྣམས་ཅི་ཡང་མེད་པར་གསུངས་པ་ཡིན་གྱི། དེ་འདྲ་དེ་འཕགས་པ་རྣམས་ཀྱིས་གཟིགས་ངོ་དང༌། ཡེ་ཤེས་ཀྱིས་རྟོགས་བྱ་དང༌། ཆོས་ཉིད་མ་ཡིན་ཏེ། གང་ཆོས་ཀྱི་དབྱིངས་འཕགས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དཔེར་བགྱིད་ན་དུག་མེད་པས་ཁྱད་པར་དུ་བྱས་པའི་ཁ་ཟས་བཟང་པོ་ནི་ཟ་ཞིང་མྱང་བར་ནུས་པ་ཡིན་གྱི། ཁ་ཟས་ཡེ་མེད་ན་དུག་མེད་པའི་ལྡོག་ཆ་ཙམ་ཞིག་སུས་ཀྱང་ཟ་བར་མི་ནུས་པ་བཞིན་ནོ། །མི་འགྱུར་བའི་བདེ་བ་དང་སྟོང་གཟུགས་དེ་ཡང་ཚོར་བའི་མྱོང་བྱ་དང༌།


TNT04_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་ཚོགས་བརྒྱད་ཀྱིས་མཐོང་བ་མ་ཡིན་གྱི། རང་རིག་ཡེ་ཤེས་ཉིད་ཀྱིས་རང་གིས་རིག་པའི་མྱོང་བྱ་དང་སྣང་བ་ཡིན་ནོ། །དེ་ལྟར་ཡང་ལྟ་འདོད་མདོར་བསྟན་ལས། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་བ་མེད་ཅིང་འགག་མེད་པའི། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་རྣམས་རྣམ་པར་དཔྱད་པ་མིན། །ཞེས་གསུངས་ཏེ། མཐའ་བྲལ་ཙམ་གྱི་སྟོང་ཉིད་དེ་ནི་བློས་འཛིན་སྟངས་ཀྱི་ཡུལ་དུ་བྱེད་ན་སྒོམ་བྱེད་རྟོག་པ་ལས་མ་འདས་ཤིང༌། རྟོག་མེད་ཀྱི་ཤེས་པས་དངོས་མེད་དེ་འདྲ་ནམ་ཡང་ཡུལ་དུ་བྱེད་མི་ནུས་པའི་ཕྱིར། དེ་འདྲ་དེ་བསྒོམ་བྱ་སྟོང་ཉིད་དུ་ནམ་ཡང་མི་འགྱུར་གྱི། གཞན་དུ་ན་ཐོས་བསམ་གྱི་ཤེས་པས་གོ་བར་བྱ་བ་ཙམ་དུ་ཟད་དོ། །བཅུ་པ་ནི། རྣལ་འབྱོར་འདི་ལ་ཤིན་ཏུ་རྣམ་པར་དག་པའི་རིམ་པ་ཞེས་བྱ་སྟེ། དཔལ་དྲི་མ་མེད་པའི་འོད་ལས། དཔའ་བོའི་རིམ་དང་བདག་བྱིན་རླབས་པ་ཡི། །རིམ་པ་དག་ཀྱང་ཐར་པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་གསུངས་ཏེ། གོང་དུ་ཇི་སྐད་བསྟན་པ་ལྟར་ཟུང་དུ་འཇུག་པའི་ཡེ་ཤེས་


TNT04_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གནས་ལུགས་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་ཤིན་ཏུ་རྣམ་དག་དང༌། དེ་སྒོམ་པའི་ཐབས་ནི་རིམ་པའོ། །འདིར་དཔའ་བོའི་རིམ་པ་ནི། ལྷ་དྲག་པོའི་རྣལ་འབྱོར་གྱིས་དུར་ཁྲོད་ལ་སོགས་པའི་ས་གཞིར་བཞུགས་ཏེ། བསད་བསྐྲད་དབྱེ་རྨོངས་རེངས་པ་ལ་སོགས་པའི་ལས་སྒྲུབ་པ་དང༌། རོ་ལངས་ཀྱི་དངོས་འགྲུབ་དང༌། འབྱུང་པོ་རྣམས་མངག་གཞུག་ཏུ་བྱེད་པ་ལ་སོགས་པ་སྔགས་ལ་གཞོལ་བའི་རིམ་པ་དང༌། རྫས་དང་རླུང་ལ་སོགས་པ་རྩོལ་བ་ཅན་གྱི་སྦྱོར་བས་ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལ་སོགས་པ་གློ་བུར་དུ་ཐིག་ལེ་འགྲོ་འོང་བཀག་པས་བསྐྱེད་རིམ་གྱི་བདེ་བ་བསྒྲུབས་ཏེ་ལས་དང་དངོས་འགྲུབ་སྔར་བཤད་པ་ལྟར་ལ་སྦྱོར་བ་ནི་ནང་ལ་གཞོལ་བའི་རིམ་པའོ། །བདག་བྱིན་བརླབ་པའི་རིམ་པ་ནི། ལྷ་ཞི་བའི་རྣལ་འབྱོར་ལ་བརྟེན་ནས་མཆོད་རྟེན་ལ་སོགས་པའི་གནས་སུ་ཞུགས་ཏེ། ཞི་རྒྱས་དབང་དགུག་གི་ལས་དང་གཏེར་གྱི་བུམ་པ་དང་བཅུད་ལེན་ལ་སོགས་པའི་དངོས་གྲུབ་སྒྲུབ་པ་སྔགས་ལ་གཞོལ་པའི་རིམ་པ་དང༌། རང་ལུས་ལ་རྩ་དང་ཡི་གེ་དང་ཐིག་ལེ་ལ་སོགས་པའི་རྣམ་པ་ལ་གསལ་སྣང་བསྒྲུབས་ནས། སྔ་མ་ལྟར་གྱི་ལས་དང་དངོས་གྲུབ་ལ་སྦྱོར་བ་ནི། ནམ་ལ་གཞོལ་བའི་


TNT04_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པའོ། །དེ་དག་གིས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མི་ཐོབ་མོད། དེའི་དོན་དུ་དེ་དག་གསུངས་པ་ནི་དགོངས་པའི་སྐད་ཀྱི་བརྡ་ཙམ་སྟེ། དཔའ་བོའི་རིམ་པ་ནི་སྲོག་འཛིན་གྱི་རིམ་པ་ལ་སོགས་པར་རླུང་དགག་པ་དང༌། ཏིང་ངེ་འཛིན་དུ་ལས་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་དག་པ་ལ་དགོངས་པ་ཡིན་ལ། བདག་བྱིན་བརླབ་པ་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་རྣལ་འབྱོར་ལ་དགོངས་པའོ། །དེ་ལྟར་ཡང་དཔའ་བོའི་རིམ་པ་ཕྱི་རོལ་ལ་མིན་ཏེ། །ལུས་ལ་སྲོག་ཟད་ཉིད་ལ་རབ་ཏུ་དགོངས། །བདག་བྱིན་བརླབ་པ་དག་ནི་སྟོང་པ་ལ། ཁམས་གསུམ་པ་ནི་མཐོང་བའི་མིང་ཡིན་ནོ། །ཞེས་གསུངས་ཤིང༌། རིམ་ལྔ་ལས་ཀྱང༌། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོག་པ་ ལ། །དེ་ཡིས་ངལ་བ་དོན་མེད་འགྱུར། །ཞེས་གསུངས་སོ། །དེས་ན་དཔའ་བོའི་རིམ་པ་དང༌། བདག་བྱིན་བརླབ་པའི་སྦས་དོན་ནི་ཤིན་ཏུ་རྣམ་པར་དག་པའི་རིམ་པའོ། །བཅུ་གཅིག་པ་ནི། རྡོ་རྗེའི་རྣལ་འབྱོར་འདི་ལ་ཤིན་ཏུ་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། དྲི་མེད་འོད་ལས། དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱི། །སྟོབས་ཀྱི་མེ་དང་འཕྲད་ན་ཡང་དག་འཆིང༌། །ཞེས་ཏེ། རྣམ་པར་རྟོག་པའི་རྩོལ་བ་ཅན་གྱི་སྒོམ་པ་རྣམས་ནི་རྣལ་


TNT04_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཙམ་ཡིན་ལ། རྣམ་པར་མི་རྟོགས་པ་ལས་ཡེ་ཤེས་ཀྱི་སྣང་བ་ཁམས་གསུམ་གྱི་གཟུགས་བརྙན་ཤར་བ་ལ་མཉམ་པར་འཇོག་པ་ནི། རྣལ་འབྱོར་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་ཤིན་ཏུ་རྣལ་འབྱོར་རོ། །ཤིན་ཏུ་རྣལ་འབྱོར་ཞེས་པའི་ལེགས་སྦྱར་གྱི་སྐད་དོད་ནི། ཨ་ཏི་ཡོ་ག་སྟེ་ཕྱོགས་འདི་ན་རྫོགས་པ་ཆེན་པོར་གྲགས་པའི་མན་ངག་འགའ་ཞིག་ལ་རྟགས་སྣང་གི་ལམ་འཁྲིད་པ་རྣལ་འབྱོར་ཡན་ལག་དྲུག་པ་དང་ཕྱོགས་མཐུན་པ་དག་ལ་ཨ་ཏི་ཡོ་གར་གྲགས་པ་ཡང་དོན་མཐུན་རུང་ཙམ་ཡིན་ལ། རྣལ་འབྱོར་བཞིའི་ཟླས་ཕྱེ་བའི་ཤིན་ཏུ་རྣལ་འབྱོར་ནི་མ་ཡིན་ནོ། །བཅུ་གཉིས་པ་ནི། རྫོགས་པའི་རིམ་པ་ཞེས་ཡོངས་སུ་གྲགས་པ་ཡང་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ལ་འཇུག་པ་ཡིན་ཏེ། རྩ་རླུང་ཐིག་ལེའི་རྣམ་པ་རྟོག་པས་བསྒོམས་པ་ལ་སེམས་འཛིན་པ་དང༌། དྷཱུ་ཏཱིའི་འགྲོ་འོང་མ་ཐོབ་གོང་གི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་བསྒོམས་པ་སོགས་ནི་རྫོགས་རིམ་དང་ཉེ་བ་དང༌། རྫོགས་རིམ་གྱི་རྣམ་པ་ལམ་དུ་བྱེད་པར་ཡིན་པའི་ཕྱིར་དང༌། རྫོགས་རིམ་གྱི་རྒྱུ་རྐྱེན་ཁྱད་པར་ཅན་བྱེད་པའི་ཕྱིར་རྫོགས་རིམ་དུ་བཏགས་པར་ཟད་ཀྱི། རྣལ་འབྱོར་གྱི་ངོ་བོ་བསྐྱེད་རིམ་གྱི་ཕྲ་ཐིག་ལས་མ་འདས་སོ། །རྫོགས་རིམ་གྱི་སྐད་དོད། ནཱིཥྤནྣ་


TNT04_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲ་མ་ཞེས་པའི་ཐོག་མར་པ་རི་ཞེས་པ་བསྣན་པས། པ་རི་ནིཥྤནྣ་ནི་ཡོངས་སུ་གྲུབ་པ་སྟེ། གདོད་མ་ནས་གྲུབ་པའི་གནས་ལུགས་དེ་བཞིན་ཉིད་ དོ། །དེ་བསྒོམ་པའི་ཐབས་ནི་རིམ་པ་སྟེ། གནས་ལུགས་ཀྱི་མཐར་ཐུག་པ་ཡང་སྟོང་གཟུགས་དང་བདེ་ཆེན་ཟུང་འཇུག་ཁོ་ན་ཡིན་པའི་ཕྱིར། དེ་བསྒོམ་པའི་ཐབས་རྫོགས་རིམ་དངོས་ནི་རྡོ་རྗེའི་རྣལ་འབྱོར་ལས་གཞན་མ་ཡིན་ནོ། །བཅུ་གསུམ་པ་ནི། ལམ་ཟབ་མོ་འདི་ལ་ཆགས་ཆེན་གྱི་ལམ་མམ། ཉོན་མོངས་ལམ་དུ་བྱེད་པའི་རིམ་པ་དང༌། རྣམ་རྟོག་ལམ་དུ་བྱེད་པའི་རིམ་པ་ཞེས་ཀྱང་བྱ་སྟེ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་ལས། སེམས་ཅན་རྣམས་ལ་འཆི་སྟེར་གང་དེ་གྲུབ་པའི་སྔགས་ཀྱི་བྱིན་གྱིས་བརླབས་པ་མཐའ་དག་བདུད་རྩི་སྟེ། །འདོད་པའི་དངོས་གྲུབ་གང་ཞིག་བགྲོད་བྱ་མིན་པ་དེ་ཡང་སྲིད་གསུམ་གནས་སུ་བསམ་གཏན་བགྲོད་བྱའོ། །ཡེ་ཤེས་གང་ཞིག་རྙེད་དཀའ་དག་ཀྱང་རྡོ་རྗེ་པདྨར་བདེ་བའི་བྱིན་བརླབས་རྙེད་པ་སླ་བ་ཉིད། །དེ་ལྟ་དེ་ལྟར་རྡོ་རྗེ་ཅན་ཏེ་སྲོག་ཆགས་རྣམས་ལ་ཐམས་ཅད་དུས་སུ་བདེ་མཉམ་སྟེར་གྱུར་ཅིག །ཅེས་གསུངས་ཤིང༌། དགྱེས་པའི་རྡོ་རྗེ་ལ་སོགས་པ་རྒྱུད་ཀྱི་རྒྱལ་པོ་གཞན་རྣམས་ལས་ཀྱང་དོན་འདི་མང་དུ་གསུངས་སོ། །བཅུ་


TNT04_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། །ལམ་འདི་ལ་ཡིད་ཆེས་གསུམ་ལྡན་གྱི་ལམ་ཞེས་ཀྱང་བྱ་སྟེ། དྲི་མ་མེད་པའི་འོད་ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལ་ཡིད་ཆེས་པ་དང༌། དེ་ནས་བླ་མ་ལ་ཡིད་ཆེས་པ་དང༌། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ། འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ། །ཞེས་གསུངས་ཤིང༌། ཁ་སྦྱོར་ཐིག་ལེ་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང༌། །ལུང་གི་རྗེས་འབྲང་དེ་ཉིད་དང༌། །གསང་དོན་དེ་ཉིད་དངོས་པོ་ཡང༌། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །ཞེས་གསུངས་ཤིང༌། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས། ཡིད་ཆེས་པ་རྣམ་པ་བཞིར་བཤད་པ་སོགས་གནད་གཅིག་སྟེ། དེ་ལྟར་ཡིན་པ་ལས་རྒྱུད་ལ་ཡིད་ཆེས་པ་ནི། རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་གསུངས་ངེས་པའི་རྒྱུད་རྣམ་པར་དག་པའི་དངོས་བསྟན་ཚིག་ཟིན་ལས་ཐོན་པའི་ངེས་དོན་གྱི་མན་ངག་ཏུ་ཡིད་ཆེས་པ་མཁས་གྲུབ་ཚད་ལྡན་གྱིས་བཀྲལ་བའི་དོན་ནོ། །བླ་མ་ལ་ཡིད་ཆེས་པ་ནི། དེ་ལྟ་བུའི་ཆོས་དེ་སངས་རྒྱས་ནས་རང་ཉིད་ཀྱི་བར་དུ་བླ་མ་བརྒྱུད་པ་མ་ཆད་ཅིང༌། ལམ་


TNT04_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལ་བརྟེན་ནས་དངོས་གྲུབ་ཐོབ་པའམ། རྒྱུད་དང་མཐུན་པར་ཉམས་མྱོང་ཁྱད་པར་ཅན་ཤར་བའི་བྱིན་རླབས་མ་ཉམས་པར་ཡིད་ཆེས་པའོ། །བདག་ཉིད་ལ་ཡིད་ཆེས་པ་ནི། རང་གིས་བསྒོམས་པས་ཉམས་མྱོང་ཤར་ཞིང༌། ཤར་བ་དེ་ཡང་རྒྱུད་ནས་བཤད་པ་དང་མཐུན་པ་དང༌། བླ་མས་ཇི་སྐད་བསྟན་པ་བཞིན་དུ་གྱུར་པས་ཉམས་མྱོང་དང༌། རྒྱུད་དང་མན་ངག་གསུམ་ལ་ཡིད་ཆེས་ཐོབ་པའོ། །ཡིད་ཆེས་འདི་གསུམ་དང་ལྡན་ན་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཡིན་ཞིང༌། དེ་ལས་མཆོག་གི་དངོས་གྲུབ་ཐོབ་པའི་ལམ་རྣམ་པར་དག་པར་འགྱུར་ལ། གཞན་དུ་ཕྱོགས་ཞེན་དང་བླུན་དད་ཙམ་གྱིས་ལམ་སྒོམ་པ་དང༌། ཡིད་ཆེས་གསུམ་ལས་གཅིག་གམ་གཉིས་སམ་གསུམ་ཀར་མ་ཚང་བ་དག་ལ་ནི་ཕལ་ཆེར་འབྲས་བུ་མེད་པ་དང༌། འགའ་ཞིག་ལ་འབྲས་བུ་ཅུང་ཟད་ཡོད་ཀྱང་ལས་ཚོགས་ཐན་ཐུན་དང༌། འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་ཙམ་འགྲུབ་སྲིད་ཀྱི། ཚེ་འདི་ལ་མཆོག་གི་དངོས་གྲུབ་དངོས་དང་རྗེས་མཐུན་པ་གང་ཡང་ཐོབ་པ་མེད་དོ། །སྐབས་འདིར་བདག་ཉིད་ལ་ཡིད་ཆེས་པ་ནི་ཡུན་རིང་དུ་གོམས་པའི་ཕྱི་ཞིག་ནས་འབྱུང་བ་ཙམ་མ་ཡིན་ཏེ། དེ་སྐད་དུ་ཡང་རྩ་རྒྱུད་


TNT04_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། ཞེས་གསུངས་པས། གནད་མ་ནོར་པར་སྒོམ་ཤེས་ན། ཉིན་གཅིག་ཁོ་ན་བསྒོམས་པས་ཀྱང་ཡིད་ཆེས་པའི་ཚད་མ་རྙེད་པར་འགྱུར་རོ། །དཔལ་དགྱེས་རྡོར་ལས་ཀྱང༌། བསམ་གཏན་ཉོན་མོངས་འཇིག་བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །བརྩེ་བས་དངོས་གྲུབ་དོན་དུ་ཡང༌། །ཟླ་བ་ཕྱེད་དུ་ཡོངས་སུ་བརྟག །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་དཔའ་ཡི། །རྒྱུན་མི་འཆད་པར་ཉིན་མཚན་གཅིག ། བསྒོམས་པས་ཡོངས་སུ་བརྟགས་པར་གྱིས། །ཞེས་གསུངས་ཏེ། ལྷའི་གཟུགས་ནི་དུ་བ་ལ་སོགས་པའི་རྟགས་བཅུ་སྟེ། ཉིན་མཚན་གཅིག་ཏུ་བསྒོམས་པས་མཚོན་པར་ནུས་ཞེས་པའི་དོན་ནོ། །དེས་ན་རྟོག་པ་དང་བཅས་པའི་སྒོམ་པ་འགའ་ཞིག་རྫོགས་པའི་རིམ་པར་འདོད་ཅིང༌། དེ་ཉིད་ཡུན་རིང་དུ་གོམས་པ་ལས། དུས་གཞན་ཞིག་ན་དུ་བ་ལ་སོགས་པའི་རྟགས་འབྱུང་བར་འདོད་པ་ནི་མི་རིགས་ཏེ། གང་རྫོགས་པའི་རིམ་པ་བསྒོམས་ཀྱང་ཡིད་ཆེས་པའི་རྟགས་མེད་ན་ཡིད་ཆེས་པའི་


TNT04_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་དང་བྲལ་བའི་ཕྱིར་ཡང་དག་པའི་ལམ་དུ་མི་འགྱུར་ཏེ། འཕྲལ་དུ་ཡིད་ཆེས་པའི་རྟགས་མེད་པའི་ཕྱིར་སྒོམ་པ་དེ་དག་ཀྱང་རྫོགས་པའི་རིམ་པ་མ་ཡིན་པར་ཤེས་པར་བྱའོ། །ཡང་གྲུབ་པའི་དུས་དང་ཉེ་བ་ལ་དུ་བ་ལ་སོགས་པའི་རྟགས་རྣམས་འབྱུང་བར་འགྱུར་གྱི། ལས་དང་པོ་པ་ལ་མ་ཡིན་ནོ་སྙམ་པ་འགོག་པ་ནི། ཕྱག་ན་རྡོ་རྗེས་མཛད་པའི་འཁོར་ལོ་སྡོམ་པའི་བསྟོད་འགྲེལ་ལས། དུ་བ་ལ་སོགས་པའི་མཚན་མ་ནི་དང་པོར་བསྒོམས་པའི་དུས་སུ་རྟགས་སུ་འགྱུར་རོ། ཁ་ཅིག་གྲུབ་པའི་དུས་ན་ཞེས་སྨྲ་བ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་དམ་བཅའ་ཉམ་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །ཅེས་པའི་བཅོམ་ལྡན་འདས་ཀྱི་བཀའ་སུན་འབྱིན་པའོ། །གྲུབ་པའི་དུས་སུ་གང་ཞིག་འཇིག་རྟེན་པའི་དུ་བ་ལ་སོགས་པ་དང༌། སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། དངོས་སུ་འབར་བ་དང༌། དུ་བ་ལ་སོགས་པ་བསྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གུར་གུམ་དང་མེ་ཏོག་དང་རིན་པོ་ཆེ་དང་གསེར་གྱི་ཆར་པ་ཡང་ངོ་ཞེས་གསུངས་ཏེ། གང་ཞིག་བསྒོམ་པར་བྱ་བའི་རྣལ་འབྱོར་དེ་རྫོགས་པའི་རིམ་པ་ཡིན་ན་དེ་ཉིད་རྩེ་གཅིག་ཏུ་བསྒོམས་པའི་ཉིན་ཞག་


TNT04_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་རྫོགས་རིམ་གྱི་རྟགས་ཐོག་མ་ནས་འབྱུང་བས་ཁྱབ་བོ། །ཡང་འདི་སྙམ་དུ། ༢སྟོད་འགྲེལ་གྱི་ལུང་དེའི་དོན་ལྟར་ན་ལས་དང་པོ་པའི་དུས་ཀྱི་དུ་སོགས་རྟགས་རྣམས་ནི་སེམས་འཁྲུལ་པའི་སྣང་བ་རྨི་ལམ་གྱི་གསལ་སྣང་ལྟ་བུ་དང༌། གྲུབ་པའི་དུས་ན་སྲེག་པ་ལ་སོགས་པའི་བྱ་བ་བྱེད་པའི་ཕྱིར་འབྱུང་བ་རྡུལ་གྱི་ཆོས་སུ་འགྱུར་བར་བསྟན་པ་ཡིན་ནོ་ཞེས་སེམས་པ་དག་སྲིད་མོད་ཀྱི། སྤྱིར་འོད་གསལ་རྟགས་བཅུ་རང་ངོས་ནས་བྱ་བ་བྱེད་ནུས་མི་ནུས་ཀྱི་ཁྱད་པར་མེད་ཀྱང་རྣལ་འབྱོར་པས་ཉམས་སུ་མྱོང་བ་ལ་ཁྱད་པར་ཡོད་པ་ལྟར་འབྱུང་སྟེ། དཔེར་ན་མེ་དཔུང་ནི་རྟག་ཏུ་བསྲེག་པའི་རང་བཞིན་ཡིན་ཡང་ཐག་རིང་པོ་ནས་མཐོང་བ་པོའི་སྐྱེས་བུའི་ལུས་ཀྱིས་ཚ་བའི་རེག་བྱ་མི་མྱོང་ལ། འཁྲིས་སུ་ཕྱིན་ན་ཚ་བར་མྱོང་སྟེ། མེ་ཕུང་ལ་དབྱེ་བ་མེད་ཀྱང་ཐག་རིང་ཐུང་གི་དབྱེ་བས་སྲེག་མི་སྲེག་གི་དབྱེ་བ་འབྱུང་བ་བཞིན་དུ། འོད་གསལ་རྟགས་བཅུ་ཡང་ལས་དང་པོ་པའི་གང་ཟག་ལ་གློ་བུར་གྱི་དྲི་མ་འཐུག་པོས་གཡོགས་པས་ལམ་དང་ཆོས་ཉིད་ངོ་བོའི་སྒོ་ནས་ཐག་རིང་བའི་ཕྱིར་བྱ་བ་མི་བྱེད་ལ། དྲན་ཏིང་གི་ཡན་ལག་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པ་ལ་ནི་དྲི་མ་བསྲབས་པས་ཐག་ཉེ་བའི་ཕྱིར་བྱ་བ་བྱེད་པ་ཡིན་ནོ། །


TNT04_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་སྟོང་གཟུགས་ཀྱི་མེ་ཆེན་པོར་སྣང་བ་ནི། དོན་དམ་པའི་མེ་ཡིན་པས་དེ་དངོས་ཀྱིས་ཀུན་རྫོབ་ཏུ་བསྲེག་པའི་བྱ་བ་མི་བྱེད་ཀྱང་སེམས་ཉིད་ཡེ་ཤེས་ཀྱི་མེའི་སྣང་བ་དེའི་མཐུ་ལས་གདུལ་བྱ་གཞན་སྣང་དུ་བསྲེག་པ་ལ་སོགས་པའི་སྟོན་པར་ནུས་པའི་དོན་ནོ། །འདིར་སྨྲས་པ། སེམས་འགྲེལ་ཟབ་མོའི་དགོངས་དོན་རྟོགས་དཀའ་ བས། །ཚིག་འདིའི་དོན་ཡང་ཇི་བཞིན་འཆད་པ་ཉུང༌། །གསལ་ཞིང་མ་ནོར་གོལ་ས་བཅད་པ་འདི། །གང་གིས་སྨྲ་བ་དེ་ཡང་རྒྱལ་བའི་མཐུ། །གཞན་ཡང་རྡོ་རྗེའི་རྣལ་འབྱོར་འདི་ནི་མཚན་གྱི་རྣམ་གྲངས་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། དཔལ་དྲི་མེད་འོད་ལས་ཀྱང༌། དུ་བ་ལ་སོགས་མཚན་མ་དག་དང་ནི། །སྲོག་རྩོལ་དག་གིས་དབུ་མར་འབབ་པ་དང༌། །རིག་མའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི། །ལྟུང་མིན་དེ་བཞིན་སྟེང་དུ་ཁུ་བ་ནི། །ལམ་འདི་དག་གིས་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་པའམ་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཐོབ་འགྱུར། །ཞེས་སངས་རྒྱས་ཀུན་གྱི་མི་འགྱུར་བའི་བདེ་བའི་ལམ་དང༌། ཕོ་ཉ་མོ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ཞེས་ཀྱང་བྱ་ལ། ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། གྲོལ་


TNT04_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐིག་ལེ་ལས། རྣམ་པར་རྟོག་པ་ཀུན་བྲལ་བས། །ཤེས་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་ལྟར་དྲི་མེད་ཀུན་འབྱུང་བ། །བརྟགས་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་མོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བཤད་དོ། །ཞེས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་པའི་ཟབ་མོ་དང༌། ཁམས་གསུམ་པའི་གཟུགས་བརྙན་དུ་སྣང་བའི་གསལ་བ་གཉིས་ཟུང་དུ་འཇུག་པའི་མཚན་ཉིད་ཅན་ནི་ཟབ་གསལ་གཉིས་སུ་མེད་པའོ། །སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པའི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་ པར། །གང་དུ་སེམས་ནི་རྣམ་བསྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་སྟོང་གཟུགས་སངས་རྒྱས་དང༌། གཞོམ་མེད་ཀྱི་སྒྲ་ཆོས་དང༌། བདེ་བ་ཆེན་པོ་དགེ་འདུན་དཀོན་མཆོག་ཏུ་ཡང་བཤད་དོ། །ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། ཐེག་པ་སྤྱི་ལ་གྲགས་པའི་ཞི་ལྷག་ཟུང་འབྲེལ་ཡིན་པ་ནི་རྟོགས་པར་སླ་ལ། ཐུན་མོང་མ་ཡིན་པ་ནི་དགོངས་པ་ལུང་སྟོན་ཞེས་བྱ་བའི་རྒྱུད་ལས།


TNT04_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བས་ལྷག་མཐོང་ཞེས་བརྗོད་དེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །སྒོམ་པ་དག་ནི་ཞི་གནས་ཡིན། །ཞེས་གསུངས་ཏེ། སྟོང་གཟུགས་མཐོང་བ་ནི་ལྷག་མཐོང་གི་གཙོ་བོ་ཡིན་ལ། དེའི་རྒྱུར་མི་བསྐྱོད་པ་ལ་སོགས་པའི་བརྡས་བསྟན་པའི་འབྱུང་བ་ལྔའི་རླུང་འགག་པ་ནི་ཞི་གནས་ སོ། །གཞན་ཡང་རིམ་པ་ལྔ་དང་ཕྱག་རྒྱ་བཞི་ལ་སོགས་པའི་ལམ་ཐམས་ཅད་ཀྱང་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ནའི་རང་བཞིན་ལས་མ་འདས་ཏེ། དེ་དག་ལ་སོགས་པ་མཐའ་ཡས་པའི་བར་དུ་སྦྱར་བར་བྱའོ། །གསུམ་པ་ཡན་ལག་དྲུག་གི་རྣམ་པར་ངེས་པ་ལ། རིམ་པ་དྲུག་གོ་གཙོ་བོར་བྱས་ན། ཡན་ལག་དྲུག་སོ་སོའི་ངོ་བོ། དབྱེ་བསྡུའི་རྣམ་གྲངས། དབྱེ་བ་དེ་རྣམས་ཀྱི་དོན། སྒྲ་དོན་བཤད་པ། གྲངས་ངེས་ཀྱི་རིམ་པ། གོ་རིམ་ངེས་པ། ཚང་མའི་རབ་དབྱེ། དག་བྱ་དག་བྱེད་ཀྱི་རྣམ་གཞག་སྟེ་བརྒྱད་ལས། དང་པོ་ཡན་ལག་དྲུག་གི་ངོ་བོ་ནི། རྩ་བའི་རྒྱུད་དང༌། གསང་འདུས་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང༌། སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་


TNT04_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དཔལ་མཁའ་འགྲོ་རྒྱ་མཚོ་ལས་ཀྱང༌། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང༌། རྗེས་སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ །སོ་སོར་སྡུད་པ་ཁྭ་གདོང་མ། །བསམ་གཏན་ཉིད་ནི་འུག་གདོང་མ། །སྲོག་རྩོལ་དུ་ནི་གནས་པ་ཁྱི། །འཛིན་པ་ལ་ནི་ཕག་མོར་བརྗོད། །རྗེས་དྲན་གནས་པ་ཕོ་ཉ་མོ། །ཏིང་ངེ་འཛིན་ནི་བརྟན་མར་བརྗོད། །མཆེ་བ་མ་ནི་རྒྱས་བརྟན་ཐོབ། །འཇོམས་མ་འབྲས་བུ་ཀུན་བདག་བསྐྱེད། །ཅེས་བསྒོམ་བྱ་ཡན་ལག་དྲུག་དང༌། བོགས་འབྱིན་སྤྱོད་པ་དང༌། ཐོབ་བྱ་འབྲས་བུ་སྟེ་དོན་ཚན་བརྒྱད་ཀྱིས་ལམ་འབྲས་རྫོགས་པར་གསུངས་ཤིང༌། དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་ཉུང་ངུ་ལས་ཀྱང༌། སྔགས་བཟླས་པ་དང་བསམ་གཏན་དང༌། །བདེ་བའི་ཀྱང་ནི་འགྲུབ་པར་འགྱུར། །ཞེས་གསུངས་པའི་སྔགས་བཟླས་པ་ནི་སྲོག་རྩོལ་དང༌། བསམ་གཏན་ནི་དེའི་ཡན་ལག་ཉིད་དང༌། བདེ་བ་ནི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ་དེ་ལྟར་གསུམ་དངོས་སུ་བསྟན་ཞིང༌། ལྷག་མ་གསུམ་ཤུགས་ལ་གོ་བའི་དབང་དུ་མཛད་དོ། །དགྱེས་པ་རྡོ་རྗེ་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས་ཀྱང༌། འདིས་ནི་འཁོར་ལོ་རྣམ་བསྒོམ་ན། །དངོས་གྲུབ་མྱུར་དུ་


TNT04_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར། །དང་པོར་ནག་པོ་རབ་ཏུ་བསྒོམ། གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པར་ལྗང་ཁུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང༌། །དྲུག་པར་དཀར་པོའི་ལུས་ཅན་ ཉིད། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་གསུངས་ཤིང༌། རྡོ་རྗེ་གུར་ལས་ཀྱང༌། ཡན་ལག་དྲུག་བསྒོམ་དེ་ལས་ནི། །སླར་ཡང་རང་བྱིན་རླབས་པ་སྟེ། །རྗེས་མཐུན་ཆོ་གའི་རིམ་པ་ ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་གསུངས་ཤིང༌། ཡན་ལག་དྲུག་པོ་རྣམས་ཀྱི་ངོ་བོ་ཡང་རྩ་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས། དུ་བ་ལ་སོགས་བསྒོམས་བྱས་ཤིང༌། །སེམས་ནི་གཡོ་བ་མེད་བྱས་ཏེ། །དབུ་མ་སྦྱང་བ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །པདྨར་རྡོ་རྗེ་རབ་བཀོད་ནས། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །འཁོར་ལོ་ཐིག་ལེ་ཐིག་ལེ་ཡི། །གཡོ་བ་རྡོ་རྗེར་དགག་པར་བྱ། རྟག་ཏུ་རྟགས་རེངས་རྣལ་འབྱོར་བས། །རྟག་ཏུ་སྟེང་དུ་ཁུ་བར་ འགྱུར། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབ། །མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་


TNT04_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང༌། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔར་རང་ཉིད་འགྱུར། །ཞེས་གསུངས་པ་དང༌། དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་བཅུ་པོ་རྣམས་ཀྱི་ཡང༌། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །འདོད་པ་ལྔ་ནི་མདོར་བསྡུས་ ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡི། །བརྟག་པ་བསམ་གཏན་ཞེས་བཤད་ དེ། །བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་དང་དཔྱོད་དང་དགའ་བ་དང༌། །དེ་བཞིན་བདེ་བ་ཉིད་དང་ཡང༌། །སེམས་ནི་རྩེ་གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུ། །གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་ཡོངས་བཤད་པ། །གསང་བ་གསུམ་བྱུང་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་སྤྱོད་ པའོ། །དགའ་དང་འདྲ་བ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག རིན་


TNT04_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཁ་དོག་སྣ་ལྔ་པ། སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་བཞག །རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་ བཤད། །སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པར་ལྔར། བྱང་ཆུབ་རྡོ་རྗེས་གསུངས་པ་ ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་སྒོམ་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་སུ། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བྱ་བར་བཤད། །སོ་སོར་སྡུད་ལ་སྙོམས་འཇུག་ན། །སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབས། །བསམ་གཏན་ཡེ་ཤེས་སྙོམས་འཇུག་ན། །


TNT04_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་ལྔ་པོ་ཐོབ་པར་འགྱུར། །སྲོག་དང་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འཇུག །རྗེས་དྲན་མཉམ་པར་སྦྱོར་བ་ཡིས། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །ཏིང་འཛིན་དབང་གྱུར་ཙམ་གྱིས་ནི། །སྒྲིབ་པ་རྣམས་དང་བྲལ་བར་འགྱུར། ཞེས་གསུངས་སོ། །གཞན་ཡང་རྒྱུད་སྡེ་ཐམས་ཅད་ལས་ལམ་འདི་ཉིད་བསྟན་པ་ཡིན་ནོ། །དེ་ལ་ཡང་སོ་སོར་སྡུད་པ་དང༌། བསམ་གཏན་དང༌། སྲོག་རྩོལ་དང༌། འཛིན་པ་དང༌། རྗེས་དྲན་དང༌། ཏིང་ངེ་འཛིན་གྱི་ཡན་ལག་སྟེ་དྲུག་ལས། དང་པོ་ནི་རྒྱུད་ཀྱི་རྒྱལ་པོ་ལས། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་གསུངས་ཏེ། ངོ་བོ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ལ། དེའི་ཁྱད་པར་ནི་ཐ་མལ་གྱི་གཟུགས་སོགས་ཡུལ་ལྔ་དང༌། མིག་སོགས་དབང་པོ་ལྔའི་ཤེས་པ་ཡུལ་ཅན་ལྔ་པོ་རྣམས་ཡུལ་ཅན་ཡུལ་ལ་འཇུག་པའི་འབྲེལ་བ་བཅད་པ་སྟེ། གཞན་སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལ་ཡེ་ཤེས་ཀྱི་རང་བཞིན་མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་ལྔའི་ཡེ་ཤེས་འཇུག་ཅིང༌། དེ་བདེ་བ་ལེན་པར་བྱེད་པ་དང༌། གང་ལ་


TNT04_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་ཡུལ་སྤྲོས་བྲལ་གྱི་སྟོང་པ་ལ་དམིགས་ཤིང༌། སྟོང་གཟུགས་ཀྱི་སྣང་བ་སྔར་མ་ཐོབ་པ་གསར་དུ་ཐོབ་པའི་མཚན་ཉིད་ཅན་ནི་སོར་སྡུད་ཀྱི་ཡན་ལག་གོ །དེ་ལ་སྤྱིར་དབང་པོ་ལྔ་དང་ཡུལ་ལྔ་སྟེ་སྐྱེ་མཆེད་བཅུ་ལ་གཟུགས་ཅན་བཅུ་ཞེས་གྲགས་པ་ལྟར་སྐབས་འདིར་ཡང་སྟོང་པའི་ཡུལ་ལྔ་དང་དབང་པོ་ལྔ་པོ་ཐམས་ཅད་ལ་སྟོང་གཟུགས་ཞེས་བྱའོ། །མན་ངག་གི་གཞུང་ཤཱ་ཝཱ་རིས་གསུངས་པ་ལས། མི་གཡོ་བ་ནི་རྣམ་གསུམ་གྱིས། །དྷཱུ་ཏཱིར་རླུང་བཅུ་ཆུད་གྱུར་པས། །ཕྱི་ནང་རྟོག་འགགས་རྟགས་བཅུ་འབྱུང༌། །སོ་སོར་གཅོད་པའི་ཡན་ལག་ཡིན། །ཞེས་འབྱུང་བ་གནད་ཀྱི་སྙིང་པོར་སྣང་སྟེ། དེ་ཡང་མདོ་དང་ཐུན་མོང་གི་རྣམ་པར་མི་རྟོག་པའི་ལམ་གྱིས་ནི་རླུང་སེམས་དབུ་མར་གཞུག་མི་ནུས་ལ་འདིར་ནི་སློབ་དཔོན་གྱི་བྱིན་རླབས་དང༌། རང་སྟོབས་ཀྱིས་རྡོ་རྗེ་འབེབས་པ་ཆུང་ངུའི་གནས་སྐབས་ཐོབ་པའི་རྐྱེན་དང༌། ལུས་ཀྱི་བྱེད་བཅིངས་དང༌། རླུང་འཆིང་བའི་གནད་དམ་པ་དང་བཅས་པའི་ཕྱིར། ལུས་ངག་ཡིད་གསུམ་མི་གཡོ་བར་ཚང་བར་བསྒོམས་པས། དེའི་བྱེད་ལས་ལྟེ་བ་ནས་རྒྱུ་བའི་གཟུང་འཛིན་གྱི་རླུང་བཅུ་དང༌། དབང་པོ་ལྔ་ལ་གནས་པའི་རླུང་རྣམས་ཅུང་ཟད་དབུ་མ་


TNT04_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབབ་པར་འགྱུར་ལ། ཇི་ཙམ་དབུ་མར་འབབ་པ་དེ་ཙམ་གྱིས་རོ་རྐྱང་གི་སྟོབས་ཉམ་པར་བྱེད་ཅིང༌། རོ་རྐྱང་ཅུང་ཟད་འགགས་པ་ལས་རྣམ་རྟོག་ཅི་རིགས་པར་འགག་ཅིང༌། དབུ་མར་ཅུང་ཟད་ཞུགས་པ་ལས་བདེ་བ་ཕྲ་མོ་དང༌། སྟོང་གཟུགས་ཅི་རིགས་པར་སྣང་བར་འགྱུར་རོ། །དེ་ཡང་ལྟེ་བ་ནས་འབབ་པའི་གཡས་ཀྱི་དཀྱིལ་འཁོར་ལྔ་ཞེས་བྱ་བ་ཁམས་ལྔའི་རླུང་སྟེ། འབྱུང་བ་ལྔ་ཤེས་རབ་ཀྱི་ཕྱོགས་བརྟེན་པ་ལྔ་པོ་རྣམས་ལས་ས་ཆུ་མེ་རླུང་བཞི་འགགས་པ་ན། དུ་བ་སྨིག་སྒྱུ་མཁའ་སྣང་མར་མེ་སྟེ་མཚན་རྟགས་བཞི་པོ་དེ་འབྱུང་ལ། གཡོན་གྱི་དཀྱིལ་འཁོར་ལྔ་སྟེ། ཕུང་པོ་ལྔའི་དཀྱིལ་འཁོར་ཞེས་བྱ་བ། འབྱུང་བ་ལྔ་ཐབས་ཀྱི་ཕྱོགས་བརྟེན་པ་རྣམས་ལས། ས་ཆུ་མེ་རླུང་བཞི་རིམ་པ་བཞིན་འགགས་པ་ལས་སེར་པོ་འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་རྣམས་འཆར་རོ། །དེའི་རྗེས་སུ་རྣམ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་བ། གཡོན་གྱི་ནམ་མཁའི་རླུང་འགགས་པས་མཆོག་གི་ཆ་གློག་དང༌། ནམ་མཁའི་དཀྱིལ་འཁོར་ཞེས་བྱ་བ་གཡས་ཀྱི་ནམ་མཁའི་དཀྱིལ་འཁོར་འགགས་པས་ཐིག་ལེ་སྔོན་པོའི་རྟགས་འབྱུང་ལ། དཀྱིལ་འཁོར་དེ་གཉིས་


TNT04_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཁམས་ཡིན་པར་འདྲ་ཡང་གཡོན་གྱི་དེ་སྟེང་གི་ནམ་མཁའ་ཡིན་པས་མཁའ་ཁམས་དངོས་དང༌། གཡས་ཀྱི་དེ་འོག་གི་ནམ་མཁའ་ཡིན་པས་སྐབས་འདིར་དགོས་པའི་དབང་ལས་ཡེ་ཤེས་ཁམས་སུ་འཇོག་གོ །དེ་ལས་དུ་བའི་རྟགས་དངོས་ནི། ཆོས་ཉིད་དྭངས་མའི་རླུང་ཁམས་ཡིན་ཡང་སྐབས་འདིར་ས་ཁམས་ཐིམ་པ་ལས་ས་ཁམས་ཀྱི་དྭངས་མའི་སྣང་བར་འཆར་བ་ནི། ལུས་བསམ་གཉིས་ལས་བསམ་པ་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། ས་ཁམས་ནི་ལུས་ས་ཡིན་ཀྱང་བསམ་པ་རླུང་ཡིན་པས་སོ། །དེ་བཞིན་དུ་ཆུ་འགགས་པ་ལས་དྭངས་མ་མེའི་ཁམས་སྨིག་སྒྱུ་དང༌། མེ་འགགས་པ་ལས་དྭངས་མ་ཆུའི་ཁམས་མཁའ་སྣང་དང༌། རླུང་འགགས་པ་ལས་དྭངས་མ་སའི་ཁམས་མར་མེ་གཡོ་བ་མེད་པ་རྣམས་འཆར་བ་ཡང་བསམ་པ་གཙོ་ཆེ་བ་ལས་ཡིན་ཞིང༌། དུ་སོགས་བཞི་པོ་རླུང་མེ་ཆུ་སའི་དྭངས་མ་ཡིན་པའི་རྒྱུ་མཚན་གྱིས་བསྐྱེད་རིམ་གྱི་སྐབས་སུ་དུ་བ་མ་ནག་མོ། སྨིག་སྒྱུ་མ་དམར་མོ། མཁའ་སྣང་མ་དཀར་མོ། མར་མེ་མ་སེར་མོ་འབྱུང་བ་ཡིན་ལ། སོར་སྡུད་ཀྱི་སྐབས་ཀྱི་འབྱུང་བའི་རིམ་པ་ནི། གཡས་གཡོན་གྱི་གནས་སྐབས་གང་ལ་ཡང་སྡུད་རིམ་ཁོ་ན་དགོས་པས། ས་ནས་རིམ་


TNT04_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ་འགག་དགོས་སོ། །དེས་ན་གཡོན་ཀྱི་ས་ཁམས་འགགས་པས་སེར་པོ་འབར་བ་ས་ཁམས་ཀྱི་དྭངས་མ་དང༌། ཆུ་འགགས་པས་དཀར་པོ་འབར་བ་ཆུ་དང༌། མེ་འགགས་པས་དམར་པོ་འབར་བ་མེ་དང༌། རླུང་འགགས་པས་ནག་པོ་འབར་བ་རླུང་གི་དྭངས་མ་འཆར་བ་ནི། ལུས་གཙོ་ཆེ་བའི་དབང་ལས་ཡིན་ལ། སྐབས་འདིར་མཆོག་གི་ཆ་ཡང་ནམ་མཁའི་དྭངས་མ་དང༌། ཐིག་ལེ་སྔོན་པོ་ཡང་ཡེ་ཤེས་ཀྱི་དྭངས་མ་ཡིན་པས་ལུས་བསམ་གཉིས་ལས་ལུས་གཙོ་ཆེ་བར་བཞག་གོ །གཞན་ཡང་རོ་མ་ཉི་མའི་ཆོས་སམ་ཉིན་མོའི་ཆོས་ཡིན་པ་མཚན་མོའི་རྣལ་འབྱོར་གྱིས་འཆིང་བ་དང༌། རྐྱང་མ་ཟླ་བའི་ཆོས་སམ་མཚན་མོའི་ཆོས་ཡིན་པ་ཉིན་མོའི་རྣལ་འབྱོར་གྱིས་འཆིང་བ་ཡང་ལུས་བསམ་ཐབས་ཤེས་སུ་སྦྱོར་བའི་དབང་ལས་སོ། །དེ་ལྟར་ཡང༌། ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །མཚན་མོ་རྣལ་འབྱོར་མ་རུ་བརྗོད། །ཅེས་མཚན་མོའི་རྣལ་འབྱོར་གྱིས་ཤེས་རབ་རོ་མ་དང༌། ཉིན་མོའི་རྣལ་འབྱོར་གྱིས་དཔའ་བོ་རྐྱང་མ་འཆིང་བའོ། །གཉིས་པ་ནི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་རྒྱུད་ཕྱི་མ་ལས། དེ་ལ་སེམས་ནི་བརྟན་པའི་བསམ་གཏན་གྱིས་ཀྱང་ཕྱི་རོལ་གྱིས་ནི་དངོས་པོ་རྣམ་པར་སྤོང་བར་བྱེད། །ཅེས་དང༌། དྲི་མེད་


TNT04_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལས་ཀྱང༌། ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་གསུངས་ཏེ། དེ་ལ་སེམས་བརྟན་པ་ཞེས་པའི་དེ་ཞེས་པ་ནི་སྟོང་གཟུགས་ལ་བརྟན་པ་ཐོབ་པ་ལ་བསྙེག་པས་སྣ་ཚོགས་གཟུགས་ཞེས་པ་རྟགས་བཅུ་རྫོགས་ཏེ་ཁམས་གསུམ་གྱི་གཟུགས་བརྙན་སྣ་ཚོགས་སྣང་བའི་མིང་ཡིན་པ་ནི། དབང་མདོར་བསྟན་ལས་ཀྱང༌། སྣ་ཚོགས་གཟུགས་བརྙན་འོད་གསལ་བའོ། །ཞེས་གསུངས་པ་ལྟར་ཏེ། དེ་ལྟ་བུའི་སྟོང་གཟུགས་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་བསམ་གཏན་གྱི་ངོ་བོ་སྟེ། ཡུལ་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་ཤེས་པ་ནི། སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་པོ་དང༌། དེ་རྣམས་མཐོང་བའི་ཤེས་པ་རྣམས་གནས་ཚུལ་ལ་གདོད་མ་ནས་ངོ་བོ་གཅིག་ཡིན་ཀྱང༌། སོར་སྡུད་ཀྱི་རིམ་པའི་སྐབས་སུ་ཐ་དད་གཉིས་སྣང་ཅན་དུ་མཐོང་བ་ལས། སྐབས་འདིར་བསམ་གཏན་གྱི་ཡན་ལག་དངོས་གཞིའི་ཉམས་རྟོགས་སྐྱེས་པ་ན། གཉིས་སྣང་གི་སྒྲིབ་པ་ཅུང་ཟད་བསྲབས་པས། བསམ་གཏན་གྱི་རིམ་པའི་མཉམ་བཞག་གི་སྐབས་ན་སྟོང་གཟུགས་དང་རིག་པ་རོ་གཅིག་ཏུ་འདྲེས་པའི་ཉམས་མྱོང་ཤར་བའི་དོན་ཡིན་ལ། སྐབས་འདིར་སྤྱི་ལྡོག་ནས་སྟོང་གཟུགས་དང་རིག་པའི་


TNT04_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་གཉིས་སྣང་མངོན་འགྱུར་བ་སྤངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གཉིས་སྣང་མངོན་འགྱུར་བ་ཡོད་པ་དང༌། རོ་གཅིག་ཏུ་མྱོང་བའི་ཚུལ་གྱིས་རྟོགས་པ་ཡང་མི་འགལ་ལོ། །དེ་ལྟར་བསམ་གཏན་བསྒོམས་པའི་བྱེད་ལས་ལ་ཕྱི་རོལ་ཀྱི་དངོས་པོ་རྣམ་པར་སྤོང་བ་སྟེ། སྟོང་གཟུགས་ཕྱི་རོལ་དོན་དུ་མེད་པར་མྱོང་བས་དྲངས་པའི་ངེས་ཤེས་སྐྱེ་བའང་ཡིན་ལ། དེར་མ་ཟད་དེ་ལ་བརྟེན་ནས་ལས་སྣང་ཁམས་གསུམ་པོ་ཐམས་ཅད་ཕྱི་རོལ་ཏུ་གྲུབ་པ་མེད་པ་ལ་ཡིད་ཆེས་རྙེད་ཅིང༌། མན་ངག་ལས་སྣང་བའི་སྟེང་དུ་འོད་གསལ་བཟུང་བས་སྟོང་གཟུགས་སྣང་བའི་མཐུ་ལས་མ་དག་པའི་སྣང་བ་ཡང་ཡང་འགོག་པར་བྱེད་པ་ཡང་འདིས་གསལ་བར་བསྟན་པ་ཡིན་ནོ། །དེས་ན་སོར་སྡུད་ཀྱི་སྐབས་སུ། རྟགས་བཅུ་ཁམས་གསུམ་གྱི་གཟུགས་བརྙན་དང་བཅས་པ་ཆ་ཚང་ཞིག་སྔར་མ་མཐོང་བ་མཐོང་བར་བྱས་པ་ཡིན་ལ། བསམ་གཏན་གྱི་སྐབས་འདིར་ནི་མཐོང་ཟིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཡིན་ཏེ། ཡན་ལག་འདི་གཉིས་ཀར་ཡང་རྣམ་པར་མི་རྟོག་པ་ཁོ་ནའི་ལྡོག་ཆ་ནས་བསྒོམ་པ་གཙོ་ཆེ་ཞིང༌། སྤྱིར་ཡན་ལག་ཕྱི་མ་རྣམས་ཀྱང་རང་གི་ངོ་བོ་མི་རྟོག་པའི་ལམ་ཁོ་ན་ཡིན་མོད་


TNT04_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། རླུང་དང་ཐིག་ལེའི་རྣལ་འབྱོར་གྱི་ལྡོག་ཆ་ནས་བསྒོམ་པ་སོགས་གཙོ་ཆེ་བར་འཇོག་གོ །དང་པོ་གཉིས་མི་རྟོག་པའི་ལྡོག་ཆ་ནས་འཇོག་པ་མཉམ་པོ་ལས་སོར་སྡུད་ནི། སེམས་ཀྱི་རང་བཞིན་སྤྲོས་པས་སྟོང་པའི་སྟོང་ཉིད་ཙམ་སྒོམ་པ་གཙོ་ཆེ་ཞིང༌། བསམ་གཏན་ནི་གཟུགས་སེམས་དབྱེར་མེད་རོ་གཅིག་པའི་རང་བཞིན་ལ་མཉམ་པར་འཇོག་པ་གཙོ་ཆེ་བ་ཡིན་ནོ། །ཡན་ལག་འདི་གཉིས་ཀྱིས་ཐོབ་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དེ་ནི་ངེས་པའི་དོན་གྱི་ལྷ་ཡིན་ཏེ། དཔལ་གསང་བ་འདུས་པ་ལས་ཀྱང༌། གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཡང་ན་དེ་ལ་བསྒོམ་པ་ནི། །རིགས་ཀྱི་ཚུལ་དུ་སྦྱར་བར་བྱ། །ཞེས་གསུངས་ཏེ། སྟོང་པ་ཉིད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་རྣམས་རྫོགས་པའི་རིམ་པའི་རྣལ་འབྱོར་པས་སྒོམས་པར་བྱ་ལ། དེ་ལྟར་མི་ནུས་པའི་ལས་དང་པོ་པ་དག་གིས་ནི་བསྐྱེད་རིམ་ལ་སོགས་པ་མོས་པ་ཡིད་བྱེད་ཀྱི་ཐབས་གཞན་གྱིས་ཀྱང་བསྒོམ་མོ། །ཞེས་སོ། ཁ་ཅིག་སོར་སྡུད་དུ་དབང་པོ་ལྔའི་བྱེད་པ་བཅིངས་པས་སྟོང་གཟུགས་མཐོང༌། བསམ་གཏན་དུ་ཡིད་ཀྱི་བྱེད་པ་བཅིངས་པས། དེ་གསལ་ཞིང་རགས་པར་གྱུར་ཏེ། རང་བྱུང་གི་ལྷ་


TNT04_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་མཐོང་བས་སྐུ་རྡོ་རྗེ་རྫོགས་པའི་ལམ་ཡིན་ཟེར་ཡང་ཇི་བཞིན་མ་ཡིན་ཏེ། གང་ཏིང་ངེ་འཛིན་གྱི་ཡན་ལག་རྒྱུད་ལ་སྐྱེས་པའི་སྒྲུབ་པ་པོ་དེའི་རྒྱུད་ལ་ཡང་སོར་སྡུད་དང་བསམ་གཏན་གྱི་ཡན་ལག་ཡོད་པས། དེ་ལས་སྐུ་རྡོ་རྗེ་རྫོགས་ཞེས་བརྗོད་ན་རུང་ཙམ་ཡིན་ཀྱང༌། དེ་ལ་ནི་གཉིས་ཀར་བསྡོམས་པ་ལས་ཡིན་གྱི། སོར་སྡུད་ཀྱིས་མ་རྫོགས་པ་དང༌། བསམ་གཏན་གྱིས་རྫོགས་པའི་རྣམ་དབྱེ་མི་རུང་ལ། དབང་པོ་ལྔ་དང་ཡིད་ཀྱི་བྱེད་པ་བཅིང་པ་རིམ་ཅན་དུ་སྦྱོར་ཚུལ་ཡང་སྐབས་འདིར་མི་སྦྱོར་རོ། །སོར་སྡུད་ཁོ་ནའི་ཡན་ལག་རྒྱུད་ལ་སྐྱེས་པ་དང༌། བསམ་གཏན་གྱི་ཡན་ལག་ཐོག་མར་སྐྱེས་པའི་སྐབས་ལ་སྦྱོར་ན་ནི། རང་བྱུང་གི་ལྷ་རྫོགས་པར་མཐོང་བ་དང༌། སྐུ་རྡོ་རྗེའི་ཆོས་སུ་རྫོགས་པ་མི་འཐད་དེ། རྡོ་རྗེ་བཞིན་དུས་མཉམ་དུ་རྫོགས་པར་འགྱུར་བའི་ཕྱིར། སྐུ་རྫོགས་ནས་གསུང་མ་རྫོགས་པ་སོགས་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གྱི་ལམ་ཐོག་མར་ཐོབ་པའི་སྐབས་ནི་བསམ་གཏན་གྱི་རིམ་པ་ཞེས་བྱ་ལ། སྐབས་འདིར་ཡིད་ཀྱི་བྱེད་པ་འཆིང་བར་ཡང་མི་རུང་སྟེ། ཡིད་ཀྱི་བྱེད་པ་ཆ་ཤས་ཅི་རིགས་པ་བཅིངས་པ་ལ་བསམས་ན་ནི། སོར་སྡུད་ཀྱི་


TNT04_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱང་བཅིངས་བ་ཡིན་ཏེ། ཡིད་རྟོགས་ཅན་མི་རྟོག་པའི་དབྱིངས་སུ་རིངས་པར་བྱས་པའི་ཕྱིར་དང༌། དབང་ཤེས་ལྔ་འཆིང་བའི་རྒྱུད་ལ་ཡང་ཡིད་རྟོག་དགག་དགོས་ཤིང༌། ལྔ་པོ་འགགས་པས་རྗེས་འབྲང་གི་ཡིད་རྣམས་ཀྱང་འགག་པས་སོ། །ཡིད་ཀྱི་བྱེད་པའི་གཙོ་བོ་འགགས་པ་ཡིན་ན་ནི། བསམ་གཏན་གྱི་མངོན་སུམ་ཡང་ཡིད་ཀྱི་མངོན་སུམ་དུ་འཇོག་དགོས་པར་འགྱུར་བ་ལས། དེ་ལྟར་མ་ཡིན་པའི་ཕྱིར་རོ། །ཡན་ལག་དྲུག་པོ་འདི་ཐམས་ཅད་རྫོགས་རིམ་ཡིན་པའི་ཕྱིར། ལུས་སེམས་གཉིས་ཀར་ལ་གནད་དུ་བསྣུན་པ་འདི་དགོས་ན། རིམ་པ་དང་པོ་གཉིས་ཀྱི་སྐབས་འདིར་རྡོ་རྗེའི་ལུས་ཀྱི་མཆོག་ཨ་ཝ་དྷཱུ་ཏཱིའི་གནས་གང་དུ་གནད་དུ་བསྣུན་ཞེ་ན། སྤྱིར་ཡེ་ཤེས་ཀྱི་རྩ་ཨ་ཝ་དྷཱུ་ཏཱིར་རླུང་ཐིམ་པ་དགོས་ན། དེ་ནི་ཆ་མེད་ཡིན་པའི་ཕྱིར་ཆ་ཤས་དུམ་བུ་འདི་ལྟ་བུ་ཞིག་ལ་གནད་དུ་བསྣུན་ནོ་ཞེས་བརྗོད་དུ་མེད་ལ། འོན་ཀྱང་ལྡོག་ཆས་ཕྱེ་ན་དོན་དམ་པའི་ཡེ་ཤེས་ཀྱི་རྩ་དེའི་ཡེ་ཤེས་ཀྱི་ཁམས་ཀྱི་དྭངས་མར་གྱུར་པའི་ཆ་ལ་གནད་དུ་བསྣུན་ཞིང་དེར་ཐིམ་པ་ཡིན་ལ། དེ་དང་རྗེས་སུ་འབྲེལ་བ་ཀུན་རྫོབ་རྫས་ཀྱི་དབང་དུ་བྱས་ན་གཙུག་ཏོར་གྱི་འཁོར་ལོ་ནམ་མཁའི་ཁམས་ལ་གནད་དུ་བསྣུན་པས། གསང་བའི་འཁོར་


TNT04_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཡེ་ཤེས་ཁམས་ཀྱི་རྩ་མདུད་ཅུང་ཟད་གྲོལ་བ་ཡིན་ནོ། །དེས་ན་ཀུན་རྫོབ་ཐ་སྙད་གདགས་པ་ལས་བརྩམས་ན། སྤྱིར་འཁོར་ལོ་དྲུག་ཀར་དུ་རླུང་ཅུང་ཟད་འགགས། རྩ་འཁོར་གཞན་བཞི་ལས་གཙུག་ཏོར་དུ་འགགས་ཚབས་ཆེ་ཞིང༌། དེ་ལས་ཀྱང་གསང་བར་འགགས་ཚབས་ཆེ་སྟེ། དེའི་ཕྱིར་གཙུག་ཏོར་ཏུ་གནད་དུ་བསྣུན་པས་གསང་བར་རེག་པ་ཡིན་ཞེས་བྱ་སྟེ། ནམ་མཁའ་དང་ཡེ་ཤེས་ཐབས་ཤེས་མཉམ་པར་སྦྱོར་བའི་གནད་ཀྱིས་སོ། །ད་དུང་ཞིབ་ཏུ་ཕྱེ་ན། སོར་སྡུད་ཀྱི་རིམ་པའི་སྐབས་གཙུག་ཏོར་དུ་བསྒོམས་པའི་མཐུ་ལས་གསང་བར་གནད་དུ་སོང་བ་ཁོ་ན་གཙོ་ཆེ་ལ། །ཉིན་མཚན་ལ་ཡང་རོ་མ་གཡས་དང་རྐྱང་མ་གཡོན་ལ་བརྟེན་པས། གཡས་གཡོན་ནས་འགག་ཚུལ་ལ་ཡང་ཅུང་ཟད་སྦྱོར་མོད་ཀྱི་གཙོ་བོར་ཤེས་རབ་རོ་མ་ལ་བརྟེན་པའི་ལྔ་པོ་མཚམས་བཞི་དང་འོག་ནས་འགག་ལ། ཐབས་རྐྱང་མ་ལ་བརྟེན་པ་ལྔ་པོ་ཕྱོགས་བཞི་དང་སྟེང་ནས་འགག་གོ །བསམ་གཏན་གྱི་རིམ་པའི་སྐབས་ནི། གསང་འཁོར་གྱི་རྩ་མདུད་ཅུང་ཟད་གྲོལ་བ་དེས་ཀྱང་རྐྱེན་བྱས་ནས་གཙུག་ཏོར་གྱི་འཁོར་ལོ་སྔ་མ་ལས་གྲོལ་ཚབས་ཆེ་བའང་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར་སོར་སྡུད་ཀྱི་


TNT04_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐིག་ལེ་ལ་བརྟེན་ནས་སྣ་ཚོགས་གཟུགས་བརྙན་མཐོང་བ་དང༌། བསམ་གཏན་གྱི་མཐར་ཐིག་ལེ་ཆེན་པོའི་དབུས་སུ་ངེས་པ་གསུམ་ལྡན་གྱི་ལོངས་སྐུ་མཐོང་བ་ཡིན་ཏེ། ཁམས་གསུམ་གྱི་གཟུགས་བརྙན་ནི་ཡེ་ཤེས་ཀྱི་ཁམས་ཀྱི་དག་པ་གཙོ་ཆེ་ཞིང༌། མཚན་དཔེ་ཅན་གྱི་སྐུ་ནི་མཁའ་ཁམས་ཀྱི་དག་པ་གཙོ་ཆེ་བས་སོ། །དེ་བཞིན་དུ་སོར་སྡུད་ཡེ་ཤེས་ཀྱི་ལམ་ཕྱི་དང་ནང་གི་ནམ་མཁའ་སྟེ་མཁའ་ཁམས་ཉིད་གཙོ་བོར་གྱུར་པ་ལ་གནད་དུ་བསྣུན་པས་འཕར་གཡོ་ལ་སོགས་པ་བདེ་ཉམས་ཡེ་ཤེས་ཀྱི་ཁམས་གསར་དུ་གྲུབ་པ་དང༌། བསམ་གཏན་ནམ་མཁའི་ལམ་གྱིས་ནི་ནང་གི་ནམ་མཁའ་རང་རིག་སྤྲོས་བྲལ་དེ་ཉིད་སྟོང་གཟུགས་ཡེ་ཤེས་ཀྱི་ཁམས་སུ་ཤར་བ་ལ་གནད་དུ་བསྣུན་པས་ཡུལ་ཡུལ་ཅན་གཉིས་སྣང་འགགས་པ་ནམ་མཁའི་ཁམས་ཀྱི་ཉམས་རྒྱུད་ལ་སྐྱེ་བ་ཡང་ལུས་བསམ་ཕན་ཚུན་དུ་རྒྱས་བཏབ་པའི་དབང་ལས་ཡིན་ཞིང༌། སོར་སྡུད་ཡེ་ཤེས་ཀྱི་ཁམས་དང་བསམ་གཏན་ནམ་མཁའི་ཁམས་ཀྱི་དག་བྱེད་དུ་ཡོང་བའི་རྒྱུ་མཚན་དཔྱིས་ཕྱིན་པ་ཡང་འདི་ཁོ་ནའོ། །གསུམ་པ་ནི་རྒྱུད་ལས། སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་བསྐྱེལ་ཞིང་དབུ་མར་སྲོག་ནི་རབ་ཏུ་ཞུགས་པ་དག་ཏུ་འགྱུར། །


TNT04_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཏེ། རོ་རྐྱང་གི་རྒྱུ་བ་འགགས་ཤིང་སྲོག་དང་ཐུར་སེལ་དབུ་མར་གོང་བུ་གཅིག་ཏུ་བྱེད་པའི་རྣལ་འབྱོར་ནི་སྲོག་རྩོལ་གྱི་རིམ་པ་སྟེ། རྒྱུད་ཕྱི་མ་ལས་ཀྱང༌། སྲོག་གི་རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་མུན་པར་སྲོག་གི་རླུང་ནི་འབབ་པར་བྱ། །ཞེས་གསུངས་ཤིང༌། དེ་ལྟ་བུའི་སྲོག་རྩོལ་སྒྲུབ་པར་བྱེད་པའི་ཐབས་ཀྱང༌། ཁ་ཡང་བཙུམ་སྟེ་སྣ་ཡི་བུ་ག་གཉིས་ག་དག་ནས་ཕྱི་རོལ་དག་གི་རླུང་རྣམས་མ་ལུས་པ། །སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་མཚུངས་པ་ཐུར་སེར་རླུང་དང་སྦྱར་བྱས་པ། །དུས་ཀྱི་གོམས་པའི་སྦྱོར་བ་དག་ལས་ཟླ་བ་ཉི་མ་མི་ཡི་དབུས་སུ་རོ་ནི་མཉམ་པར་འགྱུར། །ལུས་ལ་ཟས་ལ་སོགས་པའི་བཀྲེས་པ་དང་ནི་སྐོམ་པ་འཕྲོག་སྟེ་འཆི་བ་མེད་པ་ཉིད་ཀྱང་སྟེར། །ཞེས་སོགས་དང༌། འགྲེལ་ཆེན་ལས་ཀྱང༌། དབྱུང་བ་དང༌། དགང་པ་དང༌། བུམ་པ་ཅན་གྱི་སྦྱོར་བས་ནི་རྟག་ཏུ་བསྙེན་པའོ། །ཞེས་བུམ་པ་ཅན་གཙོ་བོར་གྱུར་པའི་རླུང་གི་རྣལ་འབྱོར་གསལ་བར་གསུངས་པ་ལ། རླུང་གི་སྦྱོར་བ་དེ་ཐམས་ཅད་ཀྱང་རླུང་འགྲོ་འོང་གནས་པ་གསུམ་ལམ་དུ་གཏོང་བ་དང༌། རོ་རྐྱང་དབུ་མ་གསུམ་ལ་གནད་དུ་བསྣུན་པའི་ཐབས་ལས་མ་


TNT04_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ། རླུང་ནང་དུ་འོང་བ་དང༌། རྐྱང་མའི་ལམ་འགོག་པར་བྱེད་པ་ནི་སྐུ་དང༌། ཕྱིར་དབྱུང་བ་དང༌། རོ་མའི་ལམ་འགོག་པར་བྱེད་པ་ནི་གསུང་དང༌། ནང་དུ་གནས་པ་དང༌། དབུ་མའི་ལམ་རྒྱས་པར་བྱེད་པ་ནི། ཐུགས་རྡོ་རྗེའི་བཟླས་པ་ཡིན་ཏེ། དེ་ལྟར་ན་བུམ་པ་ཅན་ལྟ་བུའི་རླུང་གི་སྦྱོར་བ་མཐའ་དག་ལ་རྡོ་རྗེའི་བཟླས་པ་མཚན་ཉིད་ཚང་བ་དགོས་པ་ནི། རྒྱུད་གྱི་དགོངས་དོན་དངོས་ཡིན་ལ། གནས་སྐབས་སུ་རླུང་གི་སྦྱོར་བ་རྣམས་རིམ་ཅན་དུ་བྱང་བར་འགྱུར་བའི་ཕྱིར། འགྲོ་འོང་གནས་གསུམ་ལ་ཡི་གེ་འབྲུ་གསུམ་བློས་སྦྱར་བའི་ཀུན་རྫོབ་ཀྱི་རྡོར་བཟླས་སྔོན་འགྲོར་བྱེད་པ་ཡང་མན་ངག་ལག་ལེན་དུ་མི་འགལ་ཞིང་ལེགས་པར་འགྱུར་བའང་ཡིན་མོད་ཀྱི། རྒྱུད་ཀྱི་རྒྱལ་པོ་ལས། ཟླ་བ་ཉི་མ་ཨ་སོགས་ཀ་སོགས་རྣམས་ཀྱི་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་སོགས་བཟླས་པ། །ཞེས་གསུངས་པའི་དགོངས་དོན་ནི། རྩ་གསུམ་དང་རླུང་འགྲོ་འོང་གནས་གསུམ་གྱི་རང་བཞིན་དོན་དམ་པའི་ཆོས་ཉིད་ནི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ཡིན་ལ། དེ་ལྟར་ཤེས་ནས་ཉམས་སུ་བླངས་པས། དེ་རྣམས་ཀྱི་གནས་སྐབས་ཀྱི་གནས་ཚུལ་ཡང་དག་ཀུན་རྫོབ་ཀྱི་ཆ་དེ་ཡང་རྡོ་རྗེ་གསུམ་ཐོབ་བྱེད་ཀྱི་ལམ་


TNT04_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པར་འགྱུར་རོ། །དེ་ཡང་སྟོང་གཟུགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་བས་བུམ་པ་ཅན་གྱི་སྦྱོར་བ་ལ་རྩེ་གཅིག་ཏུ་བརྩོན་པར་བྱ་ལ། བུམ་པ་ཅན་དང་སྟོང་གཟུགས་རོ་གཅིག་ཏུ་བསྒོམས་པས་སྟོང་གཟུགས་དང་ལྡང་འཇུག་གནས་གསུམ་བྱེད་པའི་རླུང་གཅིག་ཏུ་འདྲེས་པའི་སྣང་བ་ཅུང་ཟད་ཤར་བ་ནས་གཡས་གཡོན་གྱི་དཀྱིལ་འཁོར་བཅུའི་རླུང་རྣམས་དངོས་སུ་དབུ་མར་འགག་པའི་འགོ་རྩོམ་སྟེ། ནམ་ཞིག་ན་རྣལ་འབྱོར་པའི་སེམས་ཀྱི་རང་སྣང་ལ་སྲོག་ཐུར་གྱི་རླུང་གང་ཡིན་པ་དེ་ཉིད་སྟོང་གཟུགས་སུ་ཤར་ཞིང༌། སྟོང་གཟུགས་དེ་ཁོ་ན་རླུང་གི་རང་བཞིན་དུ་སྣང་བ་སྟེ། མཉམ་བཞག་གི་དུས་སུ་གཟུགས་དང་རླུང་དབྱེ་བ་མེད་པར་མྱོང་བ་ནི། སྲོག་གཟུགས་གྲུབ་པ་ཞེས་བྱ་སྟེ། འདིས་གཡས་གཡོན་རོ་རྐྱང་གི་རླུང་དང༌། སྟེང་འོག་སྲོག་ཐུར་གྱི་རླུང་རྫོགས་པར་དབུ་མར་དགག་ནུས་པ་ཡིན་ལ། འོན་ཀྱང་དམིགས་པ་ལ་མཉམ་པར་མ་བཞག་པའི་དུས་སུ་ནི་ཐ་དད་པར་སྣང་བ་ཉིད་ཡིན་ནོ། །དེ་ཡང་རླུང་གི་རང་བཞིན་ཆོས་ཉིད་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ངོ་བོར་གདོད་མ་ནས་གནས་པ་ཡིན་ཀྱང༌། སྲོག་གཟུགས་མ་གྲུབ་གོང་དུ་སོར་བསམ་གྱི་རིམ་པའི་སྐབས་ཙམ་ན་སྟོང་


TNT04_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ཆ་ནས་ཅུང་ཟད་མཐོང་ཡང་རླུང་གི་ཆོས་ཉིད་ཡིན་པའི་ཕྱོགས་ནས་མ་མཐོང་ལ། སྲོག་གཟུགས་གྲུབ་པ་ནས་བཟུང་སྟེ། དེའི་ཆ་ནས་ཀྱང་ཅུང་ཟད་མཐོང་བ་ཡིན་ལ། འོན་ཀྱང་རྣལ་འབྱོར་པ་རང་ཉིད་ཀྱི་བློ་སྟོབས་ཀྱིས་སྟོང་གཟུགས་དེ་རླུང་གི་ཆོས་ཉིད་ཡིན་པར་མི་ཤེས་ཏེ། ཐ་མལ་གྱི་རླུང་ཉིད་སྟོང་གཟུགས་ཡིན་པ་ལྟར་སྣང་བའི་ཉམས་སྣང་བར་འགྱུར་རོ། །སྟོང་གཟུགས་འདི་ནི་དོན་དམ་པ་རྫོགས་རིམ་གྱི་སྔགས་ཡིན་པས་རླུང་སྔགས་དབྱེར་མེད་ཀྱི་བཟླས་པ་ཞེས་ཕྱོགས་གཞན་ལས་བཤད་པའི་ངེས་དོན་ཡང་འདི་ཁོ་ནའོ། །སྐབས་འདིར་རོ་རྐྱང་ཉི་ཟླའི་རླུང་དངོས་སུ་དབུ་མར་ཞུགས་ཞིང་གནས་པ་ཙམ་ཡིན་གྱི། དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པ་ནི་མ་ཡིན་པས་མཉམ་བཞག་གི་དུས་ན་ཡང་དཀྱིལ་འཁོར་བཅུའི་རླུང་གི་རྒྱུན་དེ་ཡལ་བ་མ་ཡིན་པར་དབུ་མའི་ནང་ན་གནས་སོ་ཞེས་ཐ་སྙད་བྱ་ལ། འོ་ན་ཡེ་ཤེས་ཀྱི་དབུ་མ་དང་ཡེ་ཤེས་ཀྱི་ཐིག་ལེ་དོན་ལ་ངོ་བོ་གཅིག་པས། ཡེ་ཤེས་ཀྱི་དབུ་མར་ཞུགས་ནས་ཐིག་ལེར་མ་ཞུགས་པ་མི་སྲིད་སྙམ་ན། དོན་དམ་གནས་ཚུལ་ལ་དེ་བཞིན་འདོད་ཀྱང་རྣལ་འབྱོར་བའི་སྒོམ་ཉམས་ཀྱི་སྣང་ངོ་ལ་ཡེ་ཤེས་དབུ་མའི་ལྡོག་ཆ་དང་འདྲེས་པར་མྱོང༌། ཐིག་ལེའི་ལྡོག་ཆ་དང་འདྲེས་


TNT04_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་མྱོང་བས་རྣམ་གཞག་འདི་ཡང་མི་འགལ་ལོ། །དེ་ཡང་ངེས་པར་ན་ཆོས་ཉིད་དོན་དམ་པའི་དབུ་མ་དང་ཡེ་ཤེས་ཀྱི་རླུང་གི་ངང་དུ་སྲོག་ཐུར་ལ་སོགས་པའི་རླུང་དེ་ངེས་པ་ནི། ནམ་མཁའ་ལ་སྤྲིན་ཐིམ་པ་ལྟ་བུ་ལ་དབུ་མར་འགགས་ཞེས་དང་ཐིག་ལེར་ཐིམ་ཞེས་བྱ་སྟེ། དོན་དམ་པའི་རྩ་རླུང་དེ་ཡང་སེམས་ཀྱི་གནས་ལུགས་ཉིད་དེ། དེ་ནི་སྟོང་གཟུགས་ལས་གཞན་མ་ཡིན་ནོ། །གཞན་ཡང་དཔེར་ན་སྤྲིན་དཀར་ནག་འཐུག་པོ་ལང་ལོང་སྣ་ཚོགས་པ་དག་རིམ་གྱིས་ཇེ་སྲབ་ཏུ་སོང་ནས་ནམ་མཁའི་ཁ་དོག་ཀྱང་ཅི་རིགས་པར་མཐོང་ལ། དེ་ལ་ཞག་སྤྲིན་ཕྲ་མོ་སྣང་བ་ལྟར་སྲོག་ཐུར་ལ་སོགས་པའི་རླུང་གནས་དང་ངོ་བོ་དང་བྱེད་པ་མི་འདྲ་བ་སྣ་ཚོགས་ཅན་དེ་སངས་ནས་དེ་རྣམས་སོ་སོའི་རིགས་རྒྱུན་རྣམས་ངོ་བོ་དང་བྱེད་པ་གཅིག་ཏུ་འདྲེས་ཤིང་ཤིན་ཏུ་ཆ་ཕྲ་བར་གྱུར་པས་རང་བཞིན་གནས་ཚུལ་འོད་གསལ་གྱི་རླུང་གི་རང་གཟུགས་ཅུང་ཟད་མཐོང་བ་ཡང་མི་སྒྲིབ་པར་གནས་པ་ནི། སྲོག་རྩོལ་གྱི་ཡན་ལག་དང་པོར་ཐོབ་པའམ་སྲོག་རྩོལ་གྱི་རིམ་པའི་གནས་སྐབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་མཉམ་བཞག་གི་སྣང་ཚུལ་ཡིན་ལ། ཀུན་རྫོབ་ལུས་ཀྱི་ཆོས་ལ་ཡང་སྐབས་འདིར་རོ་རྐྱང་གཉིས་ལ་སྤྱིར་རླུང་རྒྱུ་བའི་བྱ་


TNT04_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་ནི་ཡོད། འོན་ཀྱང་དེ་དག་མཉམ་བཞག་ཏུ་དབུ་མ་ཁོ་ནས་དབང་བྱེད་ཅིང༌། རྩ་གཉིས་ལ་རྒྱུ་བའི་རླུང་རྣམས་ཀྱི་གཙོ་བོ་རླུང་རྣམས་ཀྱི་བྱ་བ་བྱེད་པ་པོ་དེ་དབུ་མ་ལ་རྟག་ཏུ་གནས་ཤིང༌། རོ་རྐྱང་དུ་རྒྱུ་བའི་སྐབས་ལྟར་དེ་གཉིས་བྱ་བ་ཐ་དད་མི་བྱེད་པར་རྫས་ཀྱང་གཅིག་ཏུ་འདྲེས་ཤིང༌། བྱ་བ་ཡང་དབུ་མའི་བྱ་བ་བྱེད་པས་ཀུན་རྫོབ་ཏུ་དབུ་མ་གཟུགས་ཅན་ཏུ་སྣང་བ་ཞིག་ཏུ་རྫས་ཀྱི་རླུང་འགག་ཚུལ་བྱེད་པ་ཡང་མི་འགལ་ཏེ། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ལ་ཉམས་ཀྱི་འཆར་ཚུལ་ཡིན་པས་སོ། །དེ་ཡང་རྐྱང་མ་སྤྱི་བོ་དང་འབྲེལ་བས་དཀར་ཆའི་རླུང་དང་ཐིག་ལེ་འཕེལ་འགྲིབ་བྱེད། རོ་མ་ལྟེ་བ་དང་འབྲེལ་བས་དམར་ཆའི་རླུང་དང་ཐིག་ལེ་འཕེལ་འགྲིབ་བྱེད། དེ་གཉིས་ཀྱིས་རྫས་ཀྱི་རྩ་རླུང་ཐིག་ལེ་ཐམས་ཅད་ལ་དབང་བསྒྱུར་བས། སེམས་ལ་གཉིས་སྣང་དང་འཁྲུལ་པའི་རྣམ་རྟོག་སྐྱེ་ཞིང༌། ལུས་ངག་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྣ་ཚོགས་པ་འཆར། དེས་ན་མ་དག་པའི་ལུས་ལ་ཀུན་རྫོབ་ཀྱི་རོ་རྐྱང་གཉིས་པོ་དེ་བཅིངས་པས་རྫས་ཀྱི་རྩ་རླུང་ཐིག་ལེ་ཀུན་ཡང་བཅིངས་པར་འགྱུར་ཞིང༌། དེ་ལས་གཉིས་སྣང་འགག་པ་དང་ནད་དང་རྒ་ཤི་སོགས་སྡུག་བསྔལ་བཟློག་ཅིང༌། དབུ་མའི་དབང་ཐང་རྒྱས་པར་འགྱུར་བ་ཡིན་ནོ། །ཀུན་རྫོབ་རྫས་ཀྱི་རྩ་དབུ་མ་དེ་ཡང་ངེས་


TNT04_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཐར་ཐུག་པ་ན། སྤང་བྱ་གློ་བུར་གྱི་དྲི་མ་ཡིན་ཡང་གནས་སྐབས་ལམ་གྱི་ཡེ་ཤེས་མཐའ་དག་སྐྱེད་པའི་རྒྱུ་ཡིན་པས། རྫས་ཀྱི་རོ་རྐྱང་བཅིངས་པས་རྫས་ཀྱི་རྩ་དབུ་མ་རྒྱས། དེ་ལས་ལམ་གྱི་ཡེ་ཤེས་རྒྱས་པས་མ་དག་པའི་སྣང་བ་བྲི་ཞིང༌། གནས་ལུགས་ཆོས་ཉིད་ཀྱི་སྣང་བ་ཇེ་འཕེལ་དུ་འགྱུར་བ་ཡིན་ནོ། །ངེས་པའི་གནད་དེ་ལྟ་བུའི་ཕྱིར་བུམ་པ་ཅན་ལ་སོགས་པའི་སྦྱོར་བས་མ་དག་པའི་ལུས་ལ་གནད་དུ་བསྣུན་པ་ལས་གདོད་མའི་གནས་ལུགས་མཐོང་བར་འགྱུར་བ་ཡིན་ཏེ། དཔེར་ན་རླུང་པོ་གློ་བུར་བས་ནམ་མཁའ་གསར་དུ་བསྐྱེད་པ་མིན་ཡང་སྤྲིན་གློ་བུར་བ་གཏོར་བས་གདོད་མའི་ནམ་མཁའ་མཐོང་བར་འགྱུར་བ་བཞིན་ནོ། །འདིར་ལུས་བསམ་གྱི་དབྱེ་བས་སྲོག་གཅིག་པུ་ཞིག་ཉི་ཟླ་གཉིས་དང༌། ཐུར་སེལ་གཅིག་པུའང་ཉི་ཟླ་གཉིས་ཀར་དུ་འཇོག་པའི་སྐབས་ཡོད་མོད་ཀྱི། སྐབས་འདིར། ཐུར་སེལ་ཟླ་བ་དང་སྲོག་ཉི་མའི་རླུང་དུ་བྱའོ། །རྩ་གཉིས་ཀྱི་སྐབས་ལའང་རོ་མ་དམར་ཆ་དང་འབྲེལ་བའི་ཚེ་ཐུར་སེལ་དང་འབྲེལ་ལ། རྐྱང་མ་དཀར་ཆ་དང་འབྲེལ་པའི་དབང་དུ་བྱས་ནས་སྲོག་དང་འབྲེལ་མོད་ཀྱི། ཕུན་ཚུན་གྲོགས་བྱེད་པའི་དབང་དུ་བྱས་ནས་རོ་མ་དང་སྲོག་གཉིས་གནད་གཅིག་ཅིང༌། རྐྱང་མ་དང་ཐུར་སེལ་གནད་གཅིག་གོ


TNT04_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་རོ་རྐྱང་གི་རླུང་དབུ་མར་འདྲེས་པ་དང༌། སྲོག་ཐུར་གོང་བུ་གཅིག་ཏུ་འབྲེས་བ་དུས་མཉམ་ཞིང་གནད་གཅིག་གོ །བཞི་པ་ནི་རྒྱུད་ལས། ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་པས་རྩེ་གཅིག་སེམས་པ་འཛིན་པའོ། །ཞེས་དང༌། ཕྱི་མ་ལས་ཀྱང༌། འབྱུང་བ་དང་ནི་འཇུག་པས་དམན་པར་སླར་ཡང་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་ཐིག་ལེར་རོ། །ཞེས་དང༌། དྲི་མེད་འོད་ལས་ཀྱང༌། འདིར་ཐིག་ལེར་ཞེས་པ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་པ་ཞེས་པ་འགྲོ་འོང་དང་བྲལ་བ། རྩེ་གཅིག་སེམས་པ་ཞེས་བྱ་བ་ནི་དཔྲལ་བར་སྲོག་འཛིན་པའོ། །ཞེས་གསུངས་ཏེ། འཛིན་པའི་ངོ་བོ་ནི་སྲོག་རྩོལ་གྱི་སྐབས་སུ་དབུ་མར་གནས་པའི་རླུང་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་སྔོན་ཡོད་པའི་རིགས་རྒྱུན་ལས་བྱུང་ཞིང༌། ད་ལྟ་གོང་བུ་གཅིག་ཏུ་འདྲེས་པའི་སྲོག་ཐུར་གྱི་རླུང་དེ་སྐབས་འདིར་ཤིན་ཏུ་བརྟན་པའི་བུམ་པ་ཅན་གྱི་སྦྱོར་བ་ལ་བརྟེན་ནས་རྩ་དབུ་མའི་ནང་གི་མི་ཤིགས་པའི་ཐིག་ལེའམ། གཞོམ་མེད་ཀྱི་ཐིག་ལེ་ལ་ཞུགས་ཤིང༌། དེར་འགྲོ་འོང་གི་མཚན་ཉིད་ཅན་གྱི་རླུང་དེ་ཐིམ་པའམ་ཡལ་བ་ཡིན་ལ། དེ་ཡང་འཁོར་ལོ་དྲུག་ཆར་དུ་ཡིན་མོད་ཀྱི། འདི་ཉིད་ཀྱི་མཐར་ཐུག་པའི་


TNT04_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནི་དཔྲལ་བའི་འཁོར་ལོ་ཡིན་པས་འདི་ཉིད་གཙོ་ཆེའོ། །དེ་ཡང་འགྲེལ་ཆེན་ལས། སྟོང་པ་ཉིད་ཀྱི་གཟུགས་གཟུང་བའི་སེམས་ལ་འཇུག་པར་འགྱུར་ཏེ། འཛིན་པའི་སྟོབས་ཀྱིས་སོ། །ཞེས་གསུངས་པ་ལྟར། དོན་དམ་པར་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་བདེ་བའི་རང་བཞིན་ཅན་ལ་ལུང་ཐིམ་པ་ཡིན་ལ། དེ་ལྟར་འགྱུར་བའི་རྒྱུ་ནི་ཀུན་རྫོབ་རྫས་ཀྱི་དབང་ལས་ཏེ། དབུ་མའི་ནང་གི་འབྱུང་བ་ལྔའི་དྭངས་མ་ལ་གོང་བུ་གཅིག་ཏུ་གྱུར་པའི་སྲོག་ཐུར་གྱི་རླུང་རྣམས་རིམ་པས་ཐིམ་ཞིང་འགྲོ་འོང་མེད་པ་ལས་བྱུང་བའི་ཡེ་ཤེས་ཡིན་པས་ན། སྔར་སྲོག་རྩོལ་གྱི་རིམ་པའི་སྐབས་སུ་རླུང་དང་སྟོང་གཟུགས་རོ་གཅིག་ཏུ་འདྲེས་པར་སྣང་བ་ཙམ་ལས་མེད་ལ། འདིར་དེ་ཡང་ཉམས་བདེ་བའི་མཚན་ཉིད་ཅན་ཏུ་འཆར་བས་སྟོང་གཟུགས་ལ་ཐིག་ལེའི་སྒྲས་བསྟན་ཞིང༌། དེ་ཉིད་གཏུམ་མོ་འབར་བའི་སྣང་བར་ཡང་རིམ་པས་འགྱུར་ཏེ། འདི་མཐར་ཕྱིན་པ་ན་འབར་སྣང་ལས་བྱུང་བའི་ལྷ་སྐུའི་དཀྱིལ་འཁོར་ཡང་ཅི་རིག་པ་འགྲུབ་པར་འགྱུར་རོ། །དེ་ནས་ནི་རྗེས་དྲན་ལ་མཚམས་སྦྱོར་བར་ནུས་པས་ལྷ་སྐུ་དེ་ལ་འཛིན་པས་དྲངས་པའི་རྗེས་དྲན་དུ་མིང་འདོགས་ལ། འོན་ཀྱང་སྔར་སྟོང་གཟུགས་དེ་ཉིད་བདེ་ཆར་ཤར་


TNT04_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་གྱི་བདེ་བ་ལས་ལྷག་པའི་བདེ་བར་རིམ་པ་འདི་ཉིད་ཀྱི་མཐའི་སྐབས་འདིར་ཡང་ལྷ་སྐུས་བསྐྱེད་ཐུབ་པ་མ་ཡིན་པས། རྗེས་དྲན་གྱི་ཡན་ལག་རྒྱུད་ལ་སྐྱེས་པ་ནི་མ་ཡིན་ནོ། །ལྔ་པ་ནི་རྒྱུད་ལས། གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཞེས་དང༌། ཕྱི་མ་ལས་ཀྱང༌། རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་རང་གི་ལུས་ལ་འོད་ཟེར་ཆེན་པོ་ངེས་པར་རྒྱུ། །ཞེས་གསུངས་ཤིང་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། རྗེས་སུ་དྲན་པ་ཞེས་བྱ་བ་ནི། རང་འདོད་པའི་ལྷ་མཐོང་བ་སྟེ། གཟུགས་བརྙན་གྱི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོ་བའི་རང་བཞིན་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མ་འཕྲོ་བའི་གཟུགས་ཁམས་གསུམ་པ་སྤྲོ་བ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ཏུ་བརྗོད་དོ། །ཞེས་པ་ལྟར། རྗེས་དྲན་གྱི་ཡན་ལག་གི་ངོ་བོ་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་པོའི་ལུས་ཀྱི་དོད་དུ་གྱུར་ཏེ། སྟོང་གཟུགས་ཀྱི་ལྷ་སྐུ་ཡབ་ཡུམ་མཉམ་པར་སྦྱར་བས། སྒྲུབ་པ་པོའི་རགས་པའི་ལུས་ལ་དཀར་དམར་འབར་འཛག་ལ་བརྟེན་ནས། དགའ་བཞི་ལུགས་འབྱུང་ལུགས་ཟློག་རྫོགས་པ་རེ་ཡང་ཡང་བསྒོམས་ཤིང༌། དེ་འདྲ་བ་


TNT04_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེས་བདེ་བ་གོང་འཕེལ་དུ་འགྱུར་བར་མ་ཟད། སྟོང་གཟུགས་ཀྱི་དཀྱིལ་འཁོར་ཡང་གོང་འཕེལ་དུ་འགྱུར་ཏེ། དེ་ཡང་རང་ཉིད་འདོད་པའི་ལྷ་སྟེ་འཁོར་ལོའི་བདག་པོ་ཡབ་ཡུམ་ཏུ་ཤར་བ་དང༌། དེ་ལས་འཕྲོས་པའི་འོད་ཀྱི་དཀྱིལ་འཁོར་གྱིས་ཕྱི་ནང་ཐམས་ཅད་ཁྱབ་པ་དང༌། དེས་ཁྱབ་ཚད་དུ་ཁམས་གསུམ་པའི་གཟུགས་བརྙན་མཐའ་ཡས་པ་འཆར་བ་སྟེ། སྟོང་གཟུགས་ཀྱི་འཆར་ཚུལ་རིམ་པ་གསུམ་པོ་དེ་དག་གོང་དུ་དྲངས་པའི་བསྟོད་འགྲེལ་གྱི་ཚིག་ལས་གསལ་བ་དང༌། ལུས་དང་ཞེས་པས་རང་འདོད་པའི་ལྷ་རྩ་བའི་སྟོང་གཟུགས་དེ་དང༌། ནམ་མཁའ་ཞེས་པས་ཡན་ལག་གི་སྟོང་གཟུགས་ཕྱི་མ་གཉིས་པོ་བསྟན་ཞིང༌། སྟོང་གཟུགས་རང་ངོས་ནས་ཆོས་ཉིད་ཡིན་པའི་ཕྱིར། རྩ་བ་དང་ཡན་ལག་གི་དབྱེ་བ་མེད་ཀྱང༌། སྐབས་འདི་ཉིད་ཀྱི་རིམ་པ་ལ་གནས་པའི་རྣལ་འབྱོར་བའི་བློ་ལ་འཆར་ཚུལ་དེ་ལྟར་ཡིན་པས། རྒྱུད་ལས་ཀྱང༌། རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཞེས་ཡེ་ཤེས་ཀྱི་སྐུ་ལས་འོད་ཀྱི་དཀྱིལ་འཁོར་འབྱུང་བར་གསུངས་ཤིང༌། དཀྱིལ་འཁོར་ཞེས་པའི་ཚིག་ཟུར་གྱིས་དོན་དམ་སྲིད་གསུམ་


TNT04_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་བསྟན་པའང་ཡིན་ནོ། །སྐུ་ལས་འཕྲོ་བའི་ཕྱིར་སྒྲུབ་པ་པོའི་སྣང་ངོ་ལ་ལུས་ཀྱི་ཕྱི་རོལ་ཁོ་ན་ཡིན་ནམ་སྙམ་ན། རང་འདོད་པའི་ལྷའི་སྐུ་ནམ་མཁའ་དང་འདྲ་བ་ལ་འོད་ཟེར་ཆེན་པོ་ཟླ་བ་ལྟར་འཆར་བའང་བཤད་པས། སྤྱིར་ཕྱི་ནང་གཉིས་ཀར་དུ་འཆར་བ་ཡིན་ཀྱང་ཚིག་དེས་རང་ལུས་ལ་འཆར་བ་ཉིད་གཙོ་བོ་ཡིན་པར་གསལ་ལོ། །རྗེས་དྲན་གྱི་ལམ་ཐམས་ཅད་སྟོང་གཟུགས་ཀྱིས་ཞུ་བདེ་བསྐྱེད་པ་ཡིན་ཀྱང༌། གྲོགས་ཕྱག་རྒྱ་གཞན་མེད་ན་དགའ་བཞི་རྫོགས་པར་བསྐྱེད་ཐུབ་པ་དང་མི་ཐུབ་པའི་གནས་སྐབས་གཉིས་ཡོད་དོ། །དེའི་ཕྱིར་ཅི་སྟེ་གཟུགས་བརྙན་གྱི་དགའ་བར་མ་གྱུར་ན། ཞེས་གསུངས་པའང༌། གཟུགས་བརྙན་ཁོ་ནས་དགའ་བཞི་རྫོགས་པའི་ཚུལ་གྱི་དགའ་བ་དང་བདེ་བ་ཐོབ་པར་མ་གྱུར་ན་ཞེས་པ་ཡིན་གྱི། གཟུགས་བརྙན་གྱིས་བདེ་བ་སྐྱེ་བ་ཙམ་ནི་སོར་སྡུད་ཀྱི་རིམ་པ་ཁོ་ན་ལའང་ཡོད་ན། རྗེས་དྲན་གྱི་རིམ་པའི་ཐོག་མར་ལྟ་སྨོས་ཀྱང་ཅི་དགོས་སོ། །སྐབས་འདི་དག་ཏུ་ཁ་ཅིག་ཟབ་དོན་ཡིན་རློམ་གྱིས་མྱོས་ནས་རང་འདོད་པའི་ལྷ་ཞེས་པ་ནི། ཞལ་ཕྱག་གི་རྣམ་པ་ཅན་གཙོ་བོར་གྱུར་པའི་དཀྱིལ་འཁོར་ལ་མི་འདོད་པ་ཁམས་གསུམ་པའི་གཟུགས་བརྙན་ཁོ་ན་ལ་ངོས་འཛིན་པ་ནི་


TNT04_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་འགྲེལ་ལས། དེ་འདྲ་དེ་ལས་འོད་ཟེར་དང་དེ་ལས་ཁམས་གསུམ་སྤྲོ་བར་བཤད་པ་རྣམ་དཔྱད་མེད་པར་ཐལ་བའི་སྐྱོན་དུ་འགྱུར་བས། རང་ལུགས་ནི་སྐྱོན་དང་བྲལ་བའོ། །དྲུག་པ་ནི། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་དང༌། བདེ་མཆོག་སྟོད་འགྲེལ་ལས་ཀྱང༌། དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི། འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས། གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་གཅིག་ཏུ་གྱུར་པའི་སེམས་གཟུང་བ་དང་འཛིན་པ་དང་བྲལ་བ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །ཞེས་སྟོང་གཟུགས་ཀྱི་འདོད་ལྷའི་རྗེས་ཆགས་ལས་འགྱུར་མེད་བདེ་བ་སྐྱེ་བ་དང༌། ཤེས་རབ་ཐབས་ཀྱི་བདག་ཉིད་ཅེས་པ་དང༌། གཟུང་འཛིན་དང་བྲལ་བའི་སྟོང་གཟུགས་དང་བདེ་བ་རོ་གཅིག་པར་བཤད་པ་དང༌། ཕྱི་མ་ལས། ཏིང་ངེ་འཛིན་གྱི་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་དྲི་མེད་བདེ་བ་རབ་ཏུ་རྫོགས། །ཞེས་རྡོ་རྗེ་ནས་གཙུག་ཏོར་གྱི་བར་དུ་བྱང་ཆུབ་ཀྱི་སེམས་ཀྱི་གང་བའི་ཚུལ་རྣམས་གསལ་བར་བསྟན་པ་དང༌། མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ་ཞེས་པའི་འགྲེལ་པར་གཟུགས་ཀྱང་འགྱུར་བ་མེད་པའི་བདེ་བར་


TNT04_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སོ། །ཞེས་རྟེན་རྫས་ཀྱི་ཐིག་ལེ་སྟོང་གཟུགས་དང་བསྲེས་ཏེ་མཉམ་པར་བཞག་པས་ཐ་མལ་རྫས་ཀྱི་ཐིག་ལེ་སྟོང་གཟུགས་སུ་ཐིམ་ཞིང་དག་ནས། སྟོང་གཟུགས་དེ་ཉིད་ཐིག་ལེར་གྱུར་པ་ན། དེ་ཉིད་མི་འགྱུར་བའི་བདེ་བར་གྱུར་པ་ནི་གཟུང་འཛིན་གཉིས་མེད་དང་ཐབས་ཤེས་དབྱེར་མེད་ཀྱི་དོན་ཡིན་ནོ། །དེ་ལྟར་ཡང་དྲི་མེད་འོད་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་ཞེས་པ་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་ཀྱི་གཟུགས་ལ་ཏིང་ངེ་འཛིན་ནོ། །ཞེས་སོ། །དེས་ན་ཏིང་ངེ་འཛིན་གྱི་ངོ་བོ་ཡང་རྗེས་དྲན་བཞིན་དུ་སྟོང་གཟུགས་ཡབ་ཡུམ་མཉམ་པར་སྦྱར་བས་རགས་པའི་ལུས་ལ་དགའ་བཞི་འབྱུང་ཟློག་རྫོགས་པ་དྲངས་པའི་སྐབས་སུ་སྟོང་གཟུགས་ལ་མཉམ་པར་བཞག་པ་ཁོ་ནས་ཐིག་ལེ་བཅིངས་པའི་ཚེ་ཐིག་ལེའི་ཆ་ཤས་ཤིག་སྟོང་གཟུགས་ལ་ཐིམ་པས་ཐིག་ལེ་ཐིམ་པའི་སྟོང་གཟུགས་དེ་བདེ་བ་སྐྱེད་བྱེད་ཡེ་ཤེས་ཀྱི་ཐིག་ལེ་ཡང་ཡིན་པར་སོང་ལ། མྱོང་བྱ་བདེ་བ་ཡང་དེ་ཀ་ཡིན་ཞིང༌། སྟོང་གཟུགས་སུ་ཤར་བའི་ཐིག་ལེ་དེ་ཉིད་ལ་འགྱུར་བའང་མེད་པས་སྟོང་གཟུགས་དང་མི་འགྱུར་བའི་བདེ་བ་ཟུང་འཇུག་ཅེས་བྱ་ཞིང་གཟུང་བ་ཡུལ་ཤེས་བྱ་སྟོང་གཟུགས་དང༌། འཛིན་པ་ཡུལ་ཅན་ཤེས་པ་བདེ་བ་


TNT04_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། སྟོང་གཟུགས་ཤེས་རབ་དང་བདེ་བ་ཐབས་ཡིན་ཞིང༌། རྟེན་ཐིག་ལེ་ལུས་དང༌། བརྟེན་པ་ཡེ་ཤེས་སེམས་ཡིན་པས་གཟུང་འཛིན་ཟུང་འཇུག་དང༌། ཤེས་བྱ་དང་ཤེས་པ་ཟུང་འཇུག་དང༌། ཐབས་ཤེས་ཟུང་འཇུག་དང༌། རྟེན་བརྟེན་པ་ཟུང་འཇུག་དང༌། ལུས་སེམས་ཟུང་འཇུག་ཅེས་བྱ་སྟེ། སྐབས་འདིར་ཏིང་ངེ་འཛིན་ནི་ཟུང་འཇུག་ཡེ་ཤེས་ཀྱི་སྐུའོ། །དེ་ལའང་ཇི་སྲིད་ས་བཅུ་གཉིས་མ་རྫོགས་ཀྱི་བར་དུ་སློབ་པའི་ཟུང་འཇུག་སྟེ་ཆ་ཤས་མ་རྫོགས་པ་ཞེས་བྱ་ལ། དེ་ནས་ནི་ཆ་ཤས་རྫོགས་པ་ཡིན་ནོ། །དེ་ཡང་ཟླ་བ་ཉ་གང་བ་ལ་ཟླ་བ་རྫོགས་པ་ཞེས་བརྗོད་པ་ལྟར་ཆ་ཚང་བ་ལ་རྫོགས་པ་ཞེས་བྱ་ཡི། གོང་དུ་འགྲོར་མེད་པ་ནི་མ་ཡིན་ནོ། །ཡང་རྒྱུད་ལས། དེ་ནས་ཏིང་ངེ་འཛིན་གྱི་དག་པ་ཉིན་ཞག་འགའ་ཞིག་དབང་གིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་དང༌། དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་ཡུལ་དང་རྣམ་པར་བྲལ་བའི་སྣ་ཚོགས་ཡུམ་ལ་འཁྱུད་པ་སྟེ། པདྨར་ཞུགས་པའི་རང་གི་རྡོ་རྗེ་སྤྲོ་བ་དག་ཀྱང་དེ་བཞིན་ཉི་ཟླའི་དབུས་སུ་རབ་ཞུགས་པའོ། །བདེ་བའི་ས་བོན་མ་ལྟུང་བ་ལས་རབ་དགའི་དགའ་བར་གནས་པ་རྣལ་འབྱོར་པ་ཡི་རྣལ་འབྱོར་འདི། །ཕྱག་རྒྱའི་དངོས་གྲུབ་དོན་སླད་ཁྱབ་བདག་གི་ནི་དཔལ་ལྡན་གསང་བ་ལས་ཀྱང་མཆོག་ཏུ་གསང་བའོ། །


TNT04_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀྱང་གསུངས་ཏེ། ས་བོན་མ་ལྟུང་བ་ནི་སྟོང་གཟུགས་ཀྱིས་ཐིག་ལེ་བཅིངས་པ་དང༌། དེ་ལས་རླུང་འགགས་པ་ནི་སྲོག་རབ་ཏུ་ཞུགས་པ་ཞེས་པས་བསྟན། པདྨ་ནི་རྩ་རྡོ་རྗེ་ནི་ཐིག་ལེ་ཡིན་ཏེ། འཁོར་ལོ་དྲུག་ལ་མས་བརྟན་པའི་ཐིག་ལེ་བཅིངས་པའོ། །དེ་ལྟར་བཅིངས་པས་རྫས་ཀྱི་ཐིག་ལེ་རྣམ་པར་དག་ནས་སྟོང་གཟུགས་སུ་གྱུར་པ་ནི་རྣལ་འབྱོར་ཏེ། མས་བརྟན་གྱི་ཐིག་ལེ་བཅིངས་པས་དཀར་པོའི་བགྲོད་པ་ནོར་བུ་ནས་འགགས་པ་དང༌། དམར་པོའི་བགྲོད་པ་གཙུག་ཏོར་ནས་འགགས་པ་ནི། ཉི་ཟླའི་དབུས་སུ་ཞུགས་པ་ཞེས་པས་བསྟན་ཞིང༌། རབ་དགའི་དགའ་བ་ནི་མི་འགྱུར་བས་བདེ་བར་གྱུར་པ་སྟེ། དེ་དག་ཀྱང་རྒྱུ་ནི། ཡུལ་དང་རྣམ་པར་བྲལ་བ་སྟེ་རང་སེམས་ཙམ་གྱི་སྣང་བ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་སྣ་ཚོགས་ཡུམ་ལ་འཁྱུད་པ་ལས་བྱུང་བའོ། །དེ་ཡང་རགས་པའི་ལུས་འདི་སྟོང་གཟུགས་ཀྱི་ལྷ་མོ་དང་སྦྱོར་བ་མ་ཡིན་གྱི། སྟོང་གཟུགས་ཉིད་ཀྱི་ལྷ་སྐུ་ཡབ་ཡུམ་མཉམ་སྦྱོར་རོ། །དེ་རྣམས་ཀྱི་དོན་གྱི་སྙིང་པོ་ནི། གོང་དུ་བཤད་པ་ལྟར་ཏིང་


TNT04_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་གྱི་སྒྲུབ་པ་དེ་ཉམས་སུ་བླངས་པ་ན། སྟོང་གཟུགས་ཀྱི་རྗེས་སུ་ཆགས་པས་རྐྱེན་བྱས་ནས་ལུས་ལ་ལས་ཀྱི་གཏུམ་མོ་འབར་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དྭངས་མ་ཧཾ་ཡིག་ལ་འདུས་ནས་ཞུ་བར་འགྱུར་ཞིང༌། ཞུ་བའི་ཐིག་ལེ་ནོར་བུར་སླེབ་སླེབ་ཀྱི་བར་ལ་རྩ་འཁོར་རྣམས་སུ་དགའ་བའི་སྐད་ཅིག་མ་འཆིང་བ་ཡང་སྟོང་གཟུགས་ཀྱིས་འཆིང༌། བདེ་བ་མྱོང་བ་ཡང་སྟོང་གཟུགས་ཀྱི་སྣང་བ་དང་བསྲེ། ཁྱད་པར་ནོར་བུར་སྟོང་གཟུགས་ཀྱིས་དྲག་ཏུ་བཅིངས་ཤིང༌། ཟློག་པ་དང་ཁྱབ་པ་ཡང་སྟོང་གཟུགས་ཀྱི་བྱེད་པ་ལས་འབྱུང༌། སྤྱི་བོ་ནས་ནོར་བུའི་བར་དུ་ཞུ་བའི་སྐབས་ན་སྟོང་གཟུགས་དང་བསྲེས་པས་ཁམས་དེ་ཤིན་ཏུ་དྭངས་མར་འགྱུར། སྤྱིར་ནོར་བུར་བཅིངས་པས་ཐམས་ཅད་དུ་བཅིངས་པར་འགྱུར་བར་ཡང་བཤད་ལ། འོན་ཀྱང་ནོར་བུ་བཅིངས་པ་ནས་ཁྱབ་པའི་བར་དུ་སྟོང་གཟུགས་དང་བསྲེས་པས། ལས་རླུང་གི་བགྲོད་པ་གཅིག་འགགས། དཀར་པོའི་བགྲོད་པ་གཅིག་ནོར་བུ་དང༌། དམར་པོའི་བགྲོད་པ་གཅིག་གཙུག་ཏོར་གྱི་ཕྱོགས་ནས་འགག་སྟེ། དཀར་དམར་རླུང་གསུམ་གྱི་བགྲོད་པ་འགགས་པ་དེ་རྣམས་སྟོང་གཟུགས་ལ་ཐིམ་པས། སྟོང་གཟུགས་དེ་མི་འགྱུར་བའི་ཐིག་ལེར་གྱུར་པ་ཞེས་བྱ་སྟེ། དེ་


TNT04_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ངེས་པར་ན་སྟོང་གཟུགས་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པ་གདོད་མའི་གནས་ལུགས་ཡིན་པས་ཡེ་ནས་བཞུགས་ཀྱང་སྔར་ཁུ་རྡུལ་རླུང་གསུམ་གྱི་སྒྲིབ་པས་བསྒྲིབས་ཏེ་མ་མཐོང༌། སྐབས་དེར་དཀར་དམར་རླུང་གསུམ་དུ་སྣང་བའི་འཁྲུལ་སྣང་གི་ཆ་ཤས་རེ་རེ་དབྱིངས་སུ་ཡལ་བས་ཆོས་ཉིད་བདེ་ཆེན་དུ་མཐོང་བ་ནི་མི་འགྱུར་བའི་བདེ་བ་སེམས་ཀྱི་གནས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག་ཆེན་ཏེ། མི་འགྱུར་བའི་བདེ་བར་ཡེ་ནས་གནས་པ་ཡིན་མོད། རྣལ་འབྱོར་པས་བདེ་བ་ཆེན་པོར་རྟོགས་ཡུལ་ཇེ་ཆེ་ཇེ་ཆེར་སོང་བ་དེ་ཀ་ལ་མི་འགྱུར་བའི་བདེ་བ་འཕེལ་བར་བཏགས་པ་ཡིན་ཀྱང༌། སྒྲུབ་པ་པོའི་སེམས་ལ་སྣང་ཚུལ་ནི་དཀར་དམར་རླུང་གསུམ་སྔར་ཡོད་པ་རྣམས་སྟོང་གཟུགས་དེ་ལ་ཐིམ་པས། དཀར་དམར་རླུང་གསུམ་གྱི་རྫས་དང་དངོས་པོ་ནི་འགགས། དེའི་རིགས་རྒྱུན་སྟོང་གཟུགས་ལ་དེ་གསུམ་གྱི་རོ་བྲོ་པ་ལྟར་གྱུར་ནས་སྔར་སྟོང་གཟུགས་འགྱུར་མེད་ཀྱི་བདེ་བ་མིན་པ་ལས་ད་ནི་སྟོང་གཟུགས་ཉིད་བདེ་བའི་རོར་གྱུར་ཏོ་སྙམ་པ་འཆར་རོ། །དེ་བས་ན་བཤད་ཚུལ་མང་པོ་ཞིག་རྣལ་འབྱོར་པ་ལ་སྣང་ཚུལ་དང་བསྟུན་ནས་བཤད་པ་ཡོད་པས་དེ་ལྟར་གོ་བར་གྱིས་ཤིག རྟེན་ཐིག་ལེ་སྟོང་གཟུགས་སུ་གྱུར་ཞེས་པ་ཡང་


TNT04_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཁོ་ན་ལ་མི་གཟུང་གི ཁམས་ཀྱི་དྭངས་མ་མཐའ་དག་ལ་གོ་དགོས་སོ། །དེ་ལྟ་བུའི་ཁུ་རྡུལ་རླུང་གསུམ་པོ་དེ་རིམ་པས་འགག་ཚུལ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང༌། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་སུ་རྣམ་པར་བཞག་པ་མཛད་དོ། །དོན་ཚན་གཉིས་པ་ཡན་ལག་དྲུག་གི་དབྱེ་བ་དང་བསྡུ་བའི་རྣམ་གྲངས་བཤད་པ་ལ། སོ་སོའི་དབྱེ་བ་དང༌། རིགས་མཐུན་བསྡུས་ཚུལ་དང༌། བསྡུས་དོན་སྣ་ཚོགས་པའི་རབ་ཏུ་དབྱེ་བ་སྟེ་གསུམ་ལས། དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་ལས། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་སྟེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །གཡུང་མོ་ལ་ནི་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་སོགས་རྣམས་ཀྱིས་ཕྱེ་བའོ། །ཞེས་ཚིག་རྐང་དང་པོ་གཉིས་ལ་རྣམ་པ་བཅུ་ཞེས་འབྱུང་བ་ནི་དབུས་ཀྱི་གསལ་བྱེད་དེ། དེ་ལྟར་ན་ཡན་ལག་དང་པོ་བཞི་ལ་དབྱེ་བ་བཅུར་གསུངས་པས་ཕྱི་མ་གཉིས་ལའང་གོ་བར་འགྱུར་ཞིང༌།


TNT04_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འགྲེལ་གྱི་གནས་སྐབས་གཞན་ནས་དེ་གཉིས་ལའང་དབྱེ་བ་བཅུ་གསལ་བར་ཡང་གསུངས་པས་ཡན་ལག་དྲུག་པོ་རེ་རེ་ཡང་ནང་ཚན་བཅུ་བཅུས་ཕྱེ་བ་དང༌། རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་ཞེས་པས་ཡན་ལག་དྲུག་པོ་རེ་རེ་ཡང་ནང་ཚན་ལྔ་ལྔར་འབྱེད་པ་བསྟན་ཞིང༌། ཨ་སོགས་ཀ་སོགས་རྣམས་ཀྱིས་ཞེས་པས་ནི། དབྱེ་བ་ལྔའི་ཁྱད་པར་ལ་སྦྱོར་བ་ལྟར་ཡང་རུང་མོད། སླར་ཡང་ཞེས་པའི་ཚིག་གི་ནུས་པས་རོ་རྐྱང་གི་ལམ་འགོག་པར་བྱེད་པའི་སྒོ་ནས་གཉིས་ཚན་གྱི་དབྱེ་བར་བྱས་ཏེ། ཡན་ལག་དྲུག་གི་དོན་བསྡུས་སྔ་མ་གཉིས་ལས་གཞན་དུ་སྦྱར་ན་ལེགས་སོ། །དེ་ལྟར་ན་ཡན་ལག་དྲུག་ལ་གཉིས་ཚན་དུ་དབྱེ་བ་དང༌། ལྔ་ཚན་དུ་དབྱེ་བ་དང༌། བཅུ་ཚན་དུ་དབྱེ་བ་གསུམ་ལས། དང་པོ་ནི། སོར་སྡུད་ལ་དབྱེ་ན་རྩ་རཱ་ས་ན་འཆིང་བྱེད་མཚན་མོའི་རྣལ་འབྱོར་དང༌། ལ་ལ་ན་འཆིང་བྱེད་ཉིན་མོའི་རྣལ་འབྱོར་གཉིས་སོ། །བསམ་གཏན་ལ་དབྱེ་ན་དམིགས་པའི་ཡུལ་སྟོང་གཟུགས་ལ་གཟུང་ཆར་སྣང་བ་སྤོང་བའི་ལམ་ནི་རྩ་རྐྱང་མ་དག་བྱེད་དང༌། སྟོང་གཟུགས་སྤྲོས་བྲལ་དུ་རྟོགས་པས་འཛིན་ཆར་ཞེན་པ་སྤོང་བའི་ལམ་ནི་རོ་མ་དག་བྱེད་དེ། དེ་ལྟར་གཉིས་ཡིན་ལ། སོར་སྡུད་ཀྱི་


TNT04_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་གཉིས་ནི་བསམ་པ་གཙོ་ཆེ་བའི་དབང་དུ་བྱས་ནས་དག་བྱེད་ཉི་མའི་ཆོས་ཀྱིས་དག་བྱ་ཟླ་བ་སྦྱོང་ཞིང༌། དག་བྱེད་ཟླ་བའི་ཆོས་ཀྱིས་དག་བྱ་ཉི་མ་སྦྱོང་བ་ཡིན་ལ། བསམ་གཏན་གྱི་སྐབས་འདིར་ནི་ལུས་ཀྱི་ཆ་ནས་སྦྱོང་བ་གཙོ་བོར་བྱེད་དེ། ཡུལ་སྟོང་གཟུགས་ལ་དམིགས་པའི་རྣལ་འབྱོར་གྱིས་གཟུང་ཆ་སྦྱོང་བ་ནི། གཟུང་ཆ་རོ་མའི་ཆོས་ཡིན་ཞིང༌། དེ་ཉིད་ཀྱིས་དག་པར་བྱེད་པ་དང༌། ཡུལ་ཡུལ་ཅན་དབྱེར་མེད་དུ་འདྲེས་པའི་སེམས་ཏེ་སྤྲོས་བྲལ་དུ་ཤར་བས་འཛིན་ཆ་སྤོང་བ་ནི། འཛིན་པ་རྐྱང་མའི་ཆོས་ཡིན་ལ་དེ་ཉིད་ཀྱིས་དག་པར་བྱེད་པས་སོ། །སྲོག་རྩོལ་གྱི་རིམ་པ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། སྟེང་འོག་གི་ལམ་དྲུག་ལས་སྟེང་གི་གཡས་གཡོན་གྱི་རྒྱུ་བ་བཀག་ནས། དབུས་ཀྱི་རླུང་འོག་དུང་ཅན་མའི་གནས་སུ་བསྲེས་པས་ཉི་མའི་ལམ་དག་པར་བྱེད་པ་དང༌། འོག་གི་གཡས་གཡོན་གྱི་ལམ་བཀག་ནས་དབུས་ཀྱི་རླུང་སྟེང་མུན་ཅན་ཨ་ཝ་དྷཱུ་ཏཱིའི་ནང་དུ་བསྲེས་པས། རྐྱང་མ་ཟླ་བའི་ལམ་དག་པར་བྱེད་པའོ། །གཉིས་པོ་འདིའི་གོ་རིམ་མཐའ་གཅིག་ཏུ་མ་ངེས་ཀྱང༌། ཕལ་ཆེར་སྟེང་ཐོག་མར་འགག་པ་ཤས་ཆེ་ཞིང༌། གོ་རིམ་ཇི་ལྟར་ཡང་སྔ་མའི་གནས་སྐབས་སུ་དཀྱིལ་འཁོར་


TNT04_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་འགག་པའི་འགོ་རྩམས་ཏེ། ཕྱི་མའི་མཐར་གོང་བུ་གཅིག་ཏུ་གྱུར་པ་ཡིན་ནོ། །འཛིན་པའི་རིམ་པ་ལ་ཡང་གཉིས་ཏེ། ལྟེ་བ་ནས་སྤྱི་བོའི་བར་དུ་ལུགས་ཟློག་གི་རིམ་པ་བསྒོམས་པས། གཙོ་བོར་ཉི་མའི་ཆོས་རྣམས་འགག་པ་དང༌། ཡང་གཙུག་ཏོར་ནས་ལྟེ་བའི་བར་དུ་ལུགས་འབྱུང་གི་རིམ་པ་བསྒོམས་པས་ཟླ་བའི་ཆོས་རྣམས་དག་པར་འགྱུར་རོ། །དེས་ན་རིམ་པ་འདི་ཉིད་གཉིས་ལས་སྔ་མའི་དབྱེ་བ་བསམ་པ་གཙོ་ཆེ་བའི་རིམ་པ་དང༌། འཛིན་པའི་དབྱེ་བ་འདི་ལུས་གཙོ་ཆེ་བའི་རིམ་པ་ཡིན་ནོ། །རྗེས་སུ་དྲན་པའི་རིམ་པ་ལ་ཡང་གཉིས་ཏེ། སྟོང་གཟུགས་ཕྱག་རྒྱ་ཆེན་པོས་དགའ་བཞི་རྫོགས་པར་འདྲེན་མི་ཐུབ་པའི་གནས་སྐབས་ནི། གཏུམ་མོའི་འབར་སྣང་ལ་གཙོ་བོར་སྤྱོད་པའི་སྐབས་ཡིན་པས་ཟླ་བ་དག་བྱེད་དང༌། དེས་དགའ་བཞི་རྫོགས་པར་འདྲེན་ཐུབ་པ་ནས་བཟུང་སྟེ། ཞུ་བདེ་འགྱུར་མེད་ཀྱི་རྟེན་བྱང་ཆུབ་ཀྱི་སེམས་ལ་གཙོ་བོར་སྤྱོད་པའི་སྐབས་ཡིན་པས་ཉི་མ་དག་བྱེད་དོ། །ཏིང་ངེ་འཛིན་གྱི་རིམ་པ་ལ་ཡང་གཉིས་ཏེ། གསང་བ་ནས་དཔྲལ་བའི་བར་འཁོར་ལོ་ལྔ་ལ་ཁམས་ལྔ་འགག་པ་ནི་ཉི་མ་དག་བྱེད་དང༌། གཙུག་ཏོར་དུ་ཕུང་པོ་ལྔ་སོགས་འགགས་པ་ནི་ཟླ་བ་དག་བྱེད་དེ། ཁམས་ལྔ་ཤེས་རབ་དང༌།


TNT04_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལྔ་ཐབས་ཡིན་ནོ། །དེ་ལྟར་ན་ཡན་ལག་ཕྱི་མ་འདི་གཉིས་ལ་ཡང༌། སྔ་མ་རྗེས་དྲན་བསམ་པ་གཙོ་བོར་བཞག་པའི་དག་ཚུལ་གྱི་དབྱེ་བ་དང༌། ཏིང་ངེ་འཛིན་གྱི་དབྱེ་བ་འདི་ལུས་གཙོ་བོར་བཞག་པའི་དག་ཚུལ་ལོ། །དབྱེ་བ་འདི་དག་ལམ་རིམ་གྱིས་རྒྱུད་ལ་སྐྱེ་བ་སྔ་ཕྱིར་འབྱུང་བའི་དབང་དུ་བྱས་ན་དེ་ལྟར་ཡིན་ལ། རྣལ་འབྱོར་སྒོམ་པའི་ཚུལ་རེ་རེ་བཞིན་ཡང༌། ཐབས་ཤེས་ཟུང་འཇུག་གི་ཚུལ་དུ་བསྒོམ་དགོས་པས་དེ་ལྟ་བུའི་དབྱེ་བར་བྱས་ཀྱང་རུང་སྟེ། སོར་སྡུད་ལ་ནི། ནམ་མཁའ་ལ་སེམས་གནས་པའི་བདེ་བ་ཟླ་བའི་ཆོས་དང༌། སྟོང་གཟུགས་ཉི་མའི་ཆོས་ཟུང་དུ་འཇུག་པ་ཡིན་ལ། བསམ་གཏན་ལ་སེམས་སྤྲོས་བྲལ་དང་དེ་ཉིད་སྟོང་གཟུགས་སུ་ཤར་བ་གཉིས་ཟླ་ཉི་དང༌། སྲོག་རྩོལ་ལ་སྲོག་དང་ཐུར་སེལ་ལ་གནད་དུ་བསྣུན་པ་ཟླ་ཉི་དང༌། འཛིན་པ་ལ་རླུང་ཐིག་ལེར་ཐིམ་པ་དང་གཏུམ་མོ་འབར་བ་ཟླ་ཉི་དང༌། རྗེས་དྲན་ལ་སྟོང་གཟུགས་ཀྱི་སྐུ་དང༌། ཞུ་བདེ་འགྱུར་མེད་ཟླ་ཉི་དང༌། ཏིང་ངེ་འཛིན་ལ་ཁམས་དཀར་པོ་དང་དམར་པོའི་བགྲོད་པ་འགག་ཚུལ་ཟླ་ཉིའི་ཆོས་ལ་སྦྱར་རོ། །དེས་ན་རྒྱུད་ལས་ཨ་སོགས་ཞེས་པས་ཟླ་བ་དང༌། ཀ་སོགས་ཞེས་པའི་ཉི་མ་ཡིན་


TNT04_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་གཉིས་རྩ་རོ་རྐྱང་རླུང་ཉི་ཟླ་ཁམས་ཁུ་རྡུལ། ཡུལ་ཡུལ་ཅན༌། བས་ཤེས་རབ་སོགས་ཅི་རིགས་པ་ལ་སྦྱོར་དགོས་སོ། །ཨ་སོགས་ཀ་སོགས་ཞེས་པ་ལྔ་ཚན་གྱི་དབྱེ་བའི་ཁྱད་ཆོས་སུ་སྦྱོར་ཚུལ་ནི། གཉིས་ཚན་དང་ལྔ་ཚན་གྱི་དབྱེ་སྒོ་འདི་གཉིས་བཤད་པས་ཤུགས་ལ་རྟོགས་པར་འགྱུར་རོ། །གཉིས་པ་ལྔ་ཚན་ཀྱི་དབྱེ་བ་ནི། སོར་སྡུད་ལ་དབྱེ་ན་ལྔ་སྟེ། དུ་བའི་སྣང་བ་ཙམ་ལ། གནས་པའི་སོར་སྡུད་ཀྱི་རྣལ་འབྱོར་དང༌། དེ་བཞིན་དུ་སྨིག་རྒྱུ་དང༌། མཁའ་སྣང་དང༌། མར་མེ་གཡོ་བ་མེད་པ་དང༌། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་སྣང་བ་ལ་གནས་པའི་སོར་སྡུད་ཀྱི་རྣལ་འབྱོར་རོ། །བསམ་གཏན་ལ་ཡང་ལྔ་སྟེ། ཐིག་ལེའི་དབུས་སུ་དུ་སྣང་རབ་འབྱམས་ཤར་བ་ནས། སྤྲིན་མེད་ནམ་མཁའ་ཤར་བའི་བར་ལྔའོ། །ཤེས་རབ་ལ་སོགས་པའི་ཡན་ལག་ལྔ་ནི་སྐབས་འདིར་མི་བགྲོང་སྟེ། དེ་ནི་བཅུ་ཚན་དུ་དབྱེ་བའི་སྐབས་ཡིན་ལ། ཡན་ལག་ལྔ་འབྱུང་བའི་ཁམས་ལྔ་ལ་རིམ་ཅན་དུ་སྦྱོར་བའི་རྒྱུ་མཚན་འཐད་ལྡན་ཡང་མི་སྣང་བའི་ཕྱིར་ རོ། །སྲོག་རྩོལ་ལ་ཡང་ལྔ་སྟེ། སྟེང་འོག་གཡས་གཡོན་གཅིག་ཏུ་བསྡོམས་ཏེ། ས་རླུང་དབུས་ཀྱི་རྩར་བཅིངས་པ་ནས། ནམ་མཁའི་རླུང་དབུས་ཀྱི་རྩར་བཅིངས་པའི་བར་རོ། །


TNT04_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ལ་ཡང་ལྔ་སྟེ། རླུང་རྣམས་ས་ཁམས་ཀྱི་དྭངས་མའི་ཐིག་ལེ་ལ་ཐིམ་པ་ནས། མཁའ་ཁམས་ཀྱི་དྭངས་མའི་ཐིག་ལེ་ཐིམ་པའི་བར་ རོ། །རྗེས་དྲན་ལ་ཡང་ལྔ་སྟེ། རྟགས་ལྔའི་རང་བཞིན་གྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་ཞི་བདེ་རྫོགས་པར་བསྐྱེད་པའི་དབྱེ་བས་སོ། །ཏིང་ངེ་འཛིན་ལ་ཡང་ལྔ་སྟེ། ས་སོགས་འབྱུང་བ་ལྔ་གནས་གྱུར་པའི་དབྱེ་བས་སོ། །འདི་ལ་གསང་བའི་འཁོར་ལོའི་ས་གཉིས་ནི། སྔོན་འགྲོར་སྦྱར་ནས། ལྷག་མ་འཁོར་ལོ་ལྔ་ལ་ས་ཆུ་མེ་རླུང་ནམ་མཁའ་གནས་གྱུར་པ་སྦྱོར་ཏེ། དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་ཀྱི། ཆ་ཤས་ནི་ཐམས་ཅད་ལ་ཐམས་ཅད་ཡོད་པར་ཤེས་པར་བྱའོ། །ལྔ་ཚན་གྱི་དབྱེ་བ་འདི་དག་ཐམས་ཅད་དཀྱིལ་འཁོར་ལྔའི་དབང་དུ་བྱས་པ། ཡིན་ཀྱང་གཡས་གཡོན་སོ་སོར་མ་བགྲངས་པར་རིགས་མཐུན་ཕན་ཚུན་བསྡེབས་ནས་ལྔར་བྱས་པའམ། མཁའ་ཁམས་ཀྱི་ནང་དུ་ཕུང་པོ་ལྔའི་དཀྱིལ་ཁོར་བསྡུས་པ་ཅི་རིགས་པར་སྦྱར་རོ། །གསུམ་པ་བཅུ་ཚན་གྱི་དབྱེ་བ་ནི། སོར་སྡུད་སོགས་སྔ་ཕྱིར་ལམ་གྱི་རྟོགས་པ་མི་འདྲ་བ་བཅུ་སྐྱེ་བའི་རིམ་པ་དང༌། བསམ་གཏན་གྱི་དབྱེ་བ་བཅུ་ལྟ་བུ་ཡུལ་ཡུལ་ཅན་གྱི་ལྡོག་ཆས་ཕྱེ་བ་སོགས་སྦྱོར་ཚུལ་མི་འདྲ་བ་ཅི་རིགས་པ་ཡོད་པ་རིགས་པས་དཔྱད་དེ་ཤེས་པར་བྱའོ། །དེ་ཡང་སོར་


TNT04_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་ལ་བཅུ་སྟེ། དུ་བ་ལྟ་བུའི་རྟགས་སྣང་དང་པོར་ཤར་བ་ནས། ཐིག་ལེ་ཆེན་པོའི་རྟགས་སྣང་ཤར་བའི་བར་རྟགས་བཅུའི་དབྱེ་བས་རྣམ་པ་བཅུའོ། །བསམ་གཏན་གྱི་དབྱེ་བ་ལའང་བཅུ་སྟེ། འགྲེལ་ཆེན་ལས། དེ་ལྟར་གཟུང་བ་དང་འཛིན་པའི་དབྱེ་བས་བསམ་གཏན་རྣམ་པ་བཅུའོ། །ཞེས་ཏེ་འཛིན་པའི་སྒྲས་ཡུལ་ཅན་དེས་བསམ་གཏན་ཡན་ལག་ལྔ་དང༌། གཟུང་བའི་སྒྲས་ཡུལ་ཏེ་བསམ་གཏན་ཡན་ལག་ལྔ་པོ་དེ་ཉིད་ཀྱིས་མཐོང་བའི་སྤྱོད་ཡུལ་དུ་གྱུར་པ་སྟོང་གཟུགས་ཏེ། ཤེས་རབ་ཀྱི་ཡན་ལག་གསར་དུ་ཐོབ་པའི་ཡུལ་གྱི་སྟོང་གཟུགས་ནས། གཡོ་མེད་བདེ་བའི་ཡན་ལག་གི་བར་གྱི་ཡུལ་དུ་གྱུར་པའི་སྟོང་གཟུགས་ཏེ་ལྔའོ། །དེ་ལྟར་ཡུལ་ཅན་ལྔ་དང་ཡུལ་ལྔའི་དབྱེ་བས་བསམ་གཏན་བཅུ་སྟེ་འདི་ཡང་ངེས་པར་ན། སྟོང་གཟུགས་ཆོས་ཉིད་སྤྲོས་བྲལ་ཡིན་པའི་ཕྱིར་དང༌། ཆ་མེད་ཀུན་འགྲོ་ཁྱབ་པ་པོ་ཡིན་པའི་ཕྱིར། ཕྱོགས་ཀྱི་དབྱེ་བ་དང་དུས་ཀྱི་དབྱེ་བ་མེད་པས་བསམ་གཏན་ཡན་ལག་ལྔ་སོ་སོའི་དུས་ཀྱི་དབྱེ་བ་མི་འབྱུང་ཡང་སྒྲུབ་པ་པོ་ཉིད་ཀྱི་བློ་ལ་འཆར་ཚུལ་ལ་ཡན་ལག་ལྔའི་ཉམས་མྱོང་རིམ་ཅན་དུ་སྐྱེས་པ་ན། སྟོང་གཟུགས་ཀྱང་གོང་ནས་གོང་དུ་ཁྱད་ཞུགས་ལྟར་མཐོང་བའི་དབང་དུ་མཛད་ནས། དེ་ལྟར་རྣམ་པར་བཞག་གོ་


TNT04_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་གཞན་རྣམས་ལ་སྔ་ཕྱི་རིམ་པ་བཅུའི་དབྱེ་བ་མཛད་ཅིང་ཡན་ལག་འདི་ལ་སྔ་ཕྱི་རིམ་པ་ལྔ་ཁོ་ན་ལ་ཡུལ་ཡུལ་ཅན་དུས་མཉམ་པ་གཉིས་གཉིས་སོ་སོར་ཕྱེ་ནས་བཅུར་མཛད་པའི་རྒྱུ་མཚན་གང་ཞེ་ན། སྤྱིར་དངོས་པོའི་གནས་ཚུལ་ལ་བསྒོམ་བྱ་སྟོང་གཟུགས་ནི་རང་ཉིད་ཉམས་སུ་མྱོང་བའི་སེམས་ཀྱི་རང་བཞིན་ལ་རྟག་ཏུ་དབྱེ་བ་མེད་དེ་དེའི་ངོ་བོར་གནས་པ་ཡིན་མོད། སྒྲུབ་པ་པོ་ལ་སྣང་ཚུལ་གྱི་དབང་དུ་བྱས་ན། སོར་སྡུད་ཀྱི་རིམ་པ་ཁོ་ནའི་སྐབས་ན། སྟོང་གཟུགས་ཕྱི་རོལ་རྒྱང་ཆད་དུ་སྣང་བས་ཡུལ་སྟོང་གཟུགས་བཅུ་པོ་རྟོགས་བྱེད་ལམ་གྱི་དབྱེ་བར་མ་མཛད་ལ། བསམ་གཏན་གྱི་རིམ་པའི་སྐབས་འདིར་སྟོང་གཟུགས་སེམས་ཉིད་ཀྱི་ངོ་བོར་ཤེས་པ་ཡོད་པའི་ཕྱིར། སྟོང་གཟུགས་དེ་ཉིད་ཀྱང་བསམ་གཏན་གྱི་ལམ་དུ་བརྗོད་དོ། །དེ་ལྟར་ན་འདིར་སྟོང་གཟུགས་ལམ་དུ་བཤད་པས་འོག་མ་རྣམས་ལའང་སྟོང་གཟུགས་སེམས་ཉིད་ཀྱི་ངོ་བོར་ཤེས་པ་གོ་བར་བྱས་ལ། བསམ་གཏན་མ་ཐོབ་གོང་དུ་དེ་ལྟར་ཤེས་པ་མེད་པར་ཡང་བསྟན་པར་འགྱུར་རོ། །དེའི་ཕྱིར་ཡན་ལག་འདི་ལ་དབྱེ་བ་དེ་ལྟར་གསུངས་སོ། །ཞིབ་མོར་ན་སྟོང་གཟུགས་དངོས་ནི། བསམ་གཏན་གྱི་རྣལ་


TNT04_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཡིན་ཀྱང་ལམ་གྱིས་བསྡུས་པའི་བསམ་གཏན་གྱི་ཡན་ལག་མིན་མོད་ཀྱི། སྟོང་གཟུགས་དེ་ཉིད་གསར་ཐོབ་ཏུ་སྣང་བ་དང༌། འཕེལ་བར་སྣང་བའི་ཆ་དེ་ལམ་བསམ་གཏན་གྱི་ཡན་ལག་ཡིན་པ་ལ་དགོངས་ཤིང༌། སྒྲུབ་པ་པོས་སྟོང་གཟུགས་དེ་ཉིད་ལམ་དུ་འདུ་ཤེས་པ་ཡང་འབྱུང་བས་དེ་ལྟར་བཤད་དོ། །སྲོག་རྩོལ་ལ་ཡང་རྣམ་པ་བཅུ་སྟེ་ལྟེ་བའི་དུས་སྦྱོར་གྱི་རྩ་འདབ་རྣམས་ལ་གནས་བཅས་ཏེ། ལུས་ཀྱི་གནས་ཐམས་ཅད་དུ་ཡོངས་སུ་རྒྱུ་བ་འབྱུང་བ་ལྔའི་རླུང་དེ་རྣམས་ལས་གཡས་ཀྱི་རྩ་འདབ་དྲུག་ལ་རེ་རེ་བཞིན་ཁམས་ལྔ་ལྔ་འབབ་པའི་ས་ཁམས་དྲུག་གཅིག་ཏུ་སྡོམ་པ་སའི་དཀྱིལ་འཁོར་ཡིན་པ་ནས། ཆུ་མེ་རླུང་མཁའི་དཀྱིལ་འཁོར་ཞེས་བྱ་ཞིང༌། གཡོན་གྱི་རྩ་འདབ་དྲུག་ལ་ཕུང་པོ་ལྔ་ལྔ་འཆར་བ་ཡང་སྔ་མ་དང་འདྲ་བར་བསྡོམས་ནས་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་ཞེས་བྱའོ། །འདིར་གཙོ་ཆེ་བའི་དབང་དུ་བྱས་ནས་སྲོག་ཐུར་སེལ་ལ་འདྲེ་བའི་སྐབས། སྟེང་གི་ལམ་གཉིས་དབུ་མར་འགོག་དགོས་པ་ཡིན་ཞིང༌། དེའི་ཚེ་གཡས་ཀྱི་དཀྱིལ་འཁོར་ལྔ་རིམ་གྱིས་འགག་པར་འགྱུར་ལ། དེས་སྲོག་ཐུར་ཕྱེད་ཙམ་འདྲེས་པ་ཡིན་ཞིང༌། དེ་ལྟར་སྔོན་ཏུ་སོང་


TNT04_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཐུར་སེལ་སྲོག་ལ་བསྲེ་བ་ན། འོག་གི་གཡས་གཡོན་དུང་ཅན་མར་འགོག་དགོས་ཤིང༌། དེས་ནི་དབུས་ཀྱི་རྩ་སྟེང་འོག་ལ་གནས་པའི་སྲོག་དང་ཐུར་སེལ་རྫོགས་པར་འདྲེས་ཏེ་གོང་བུ་གཅིག་ཏུ་འགྱུར་ལ། ཐུར་སེལ་སྲོག་ལ་བསྲེས་པའི་སྐབས་འདིར་གཡོན་གྱི་དཀྱིལ་འཁོར་ལྔ་རིམ་གྱིས་འགག་པར་འགྱུར་རོ། །དེ་ལྟར་ན་སྲོག་རྩོལ་གྱི་ཕྱེད་སྔ་མ་ལ་གཡས་ཀྱི་སའི་དཀྱིལ་འཁོར་ཙམ་འགགས་པ་ན་ས་ཆུ་མེ་རླུང་ནམ་མཁའ་རྣམས་འགགས་པའི་བར་དུ་ལྔ་དང༌། ཕྱེད་ཕྱི་མ་ལ་གཡོན་གྱི་རྣམ་ཤེས་ཀྱི་དཀྱིལ་འཁོར་ཙམ་འགག་པ་ནས་འདུ་བྱེད་ཚོར་བ་འདུ་ཤེས་གཟུགས་ཀྱི་དཀྱིལ་འཁོར་འགགས་པའི་བར་དུ་ལྔ་སྟེ། སྔ་ཕྱི་བསྡོམས་པས་གནས་སྐབས་བཅུའོ། །དྲི་མེད་འོད་ལས། དེ་ཡང་དཀྱིལ་འཁོར་བཅུ་འགོག་པ་ལས་རྣམ་པ་བཅུའོ། །ཞེས་སོ། །དེ་བཞིན་དུ་འཛིན་པ་ལ་ཡང་དབྱེ་བ་བཅུ་སྟེ། འགྲེལ་ཆེན་ལས། སྲོག་གི་འཛིན་པ་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བ་དང༌། གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ །ཞེས་གསུངས་ཏེ། གོང་བུ་གཅིག་ཏུ་འདྲེས་ཤིང་ལས་རླུང་གི་མཚན་ཉིད་མ་དོར་བའི་སྲོག་


TNT04_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་རྫས་ཀྱི་རླུང་སྟེ། ལྟེ་བར་ས་ཁམས་གཙོ་བོར་གྱུར་པའི་ཁམས་ལྔའི་དྭངས་མ་ཐིག་ལེ་ལ་ཐིམ་པར་བྱེད་པའི་གནས་སྐབས་དང། དེ་ནས་རིམ་པའི་སྙིང་གར་ཆུ། མགྲིན་པར་མེ། དཔྲལ་བར་རླུང༌། གཙུག་ཏོར་དུ་ནམ་མཁའ་གཙོ་བོ་གྱུར་པའི་ཁམས་ལྔའི་དྭངས་མ་ཐིག་ལེ་ལ་རྫས་ཀྱི་རླུང་དེ་རྣམས་ཐིམ་པར་བྱེད་པའི་བར་དུ་ལྔ་དང༌། སླར་ཡང་དེ་ལྟར་ཐིམ་ཟིན་པ་བརྟན་ཞིང་འཕེལ་བར་བྱ་བའི་དོན་དུ་སླར་ཡང་གཙུག་ཏོར། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ་རྣམས་སུ་རིམ་པས་བསྒོམ་པ་ལྔ་སྟེ་བཅུའོ། །ཡང་ན་གཙུག་ཏོར་དུ་ལན་གཉིས་སྤངས་ཏེ་སྔ་མ་ལ་གཙུག་ཏོར་དང༌། ལྔ་ཚན་ཕྱི་མ་ལ་གསང་བའི་འཁོར་ལོ་བསྒོམ་པ་སྣོན་པར་ཁ་ཅིག་བཞེད་དེ། བགྲོད་ཚུལ་ལུགས་དེ་ལ་ཡང་གསང་བའི་འཁོར་ལོ་སྤྱི་ཁྱབ་ཏུ་འགྲོ་བར་འདོད་པ་དང༌། གཙུག་ཏོར་དངོས་སུ་སྐབས་འདིར་བརྟན་པར་མི་ནུས་པས། གསང་བར་བསྒོམས་པའི་གཙུག་ཏོར་དུ་དོན་གྱིས་བརྟན་པར་འགྱུར་པའི་ཕྱིར། དེའི་དོད་དུ་བཞག་སྟེ། དབྱེ་བ་བཅུའི་ཡ་གྱལ་དུ་བགྲོད་བའི་ལུགས་འདོད་ཚུལ་གཉིས་སྣང་བ། ཕྱོགས་རེ་ནས་གཉིས་ཀ་འགལ་པ་མེད་པར་ཡང་མཐོང་ངོ༌། །རྗེས་དྲན་ལ་ཡང་དབྱེ་བ་བཅུ་སྟེ། དེ་ལྟར་ཡང༌།


TNT04_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གྱི་རྒྱལ་པོ་ལས། བསམ་དང་འདོད་དང་ལུས་ལ་རིམ་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང༌། །འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་དག །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབས་གནས་སྐབས་སུ་ཞིག་བརྒྱལ་བར་འདོད་པ་དེ་ནི་ སུ། །ཞེས་གསུངས་ཏེ། ཐ་མལ་བ་འཁྲིག་པའི་འདོད་ཆགས་ཀྱི་གཞན་དབང་དུ་གྱུར་པ་རྣམས་ལ་འདོད་པའི་གནས་སྐབས་རྣམ་པ་བཅུ་དང་འབྲེལ་བའི་ཆགས་པ་ཡོད་པ་སྟེ། གནས་སྐབས་བཅུ་ནི། ཆགས་ཡུལ་ཡིད་ལ་བསམ་པ་དང༌། འཁྲིག་སྦྱོར་འདོད་པ་དང༌། ལུས་ལ་དྲོད་སྐྱེ་བ་དང༌། ཁ་སྐམ་པ་སོགས་བཞིན་འགྱུར་པ་དང༌། ཟས་སོགས་བྱ་བ་གཞན་ལ་བློ་མི་འཇུག་པ་དང་ལུས་འདར་ཞིང་སེམས་མི་བརྟན་པ་དང༌། སྤྱོད་པ་རང་བཞིན་དུ་མི་གནས་ཤིང་འཁྲུགས་པས་སྨྱོས་པ་ལྟར་གྱུར་པ་དང༌། ཆགས་པའི་དབང་དུ་གྱུར་པས་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་ཤིང་རྨོངས་པ་དང༌། ཟླ་འོད་དང་སྒྲ་ལ་སོགས་པ་རྐྱེན་གཞན་གྱིས་ཀྱང་གནས་མ་ཡིན་པར་ཆགས་པ་གཡོ་བ་སྟེ་


TNT04_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་བ་དང༌། མཐར་འཁྲིག་སྦྱོར་ལ་ཞུགས་པའི་ཚེ་འཛག་བདེ་ཁོ་ནའི་གཞན་དབང་དུ་སོང་བས་དྲན་པ་དང་ཤེས་བཞིན་དང་རྣམ་པར་དཔྱོད་པ་ཉམས་པས་བརྒྱལ་བ་སྟེ། གནས་སྐབས་བཅུ་པོ་དེ་དག་སོ་སོའི་དུས་ན་འཛག་བདེའི་ཆ་ཤས་རེ་དང༌། དེ་མྱོང་བའི་འདོད་ཆགས་ཀྱི་རྣམ་རྟོག་མི་འདྲ་བ་རེ་རེ་ཡོད་པ། དེ་རྣམས་ནི་སྐབས་འདིར་སྦྱང་བྱ་ཡང་ཡིན་ལ། དེ་རྣམས་དཔེར་བྱས་ནས་དེ་དག་དང་རྣམ་པ་མཚུངས་པའི་ཞུ་བདེ་འགྱུར་མེད་ཀྱི་རིམ་པ་བཅུ་འབྱུང་བ་ནི། རྗེས་དྲན་གྱི་དབྱེ་བ་རྣམ་པ་བཅུའོ། །དེ་ཡང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བལྟོས་པའི་རྗེས་དྲན་གྱི་སྐབས་ན་ཡང༌། འདོད་པའི་གནས་སྐབས་བཅུ་དང་མཚུངས་པའི་བདེ་བ་བཅུ་བཅུ་རིམ་ཅན་དུ་སྐྱེ་བ་ཡིན་ཡང་སྟོང་གཟུགས་ཁོ་ནས་ཞུ་བདེ་རྫོགས་པར་འདྲེན་མ་ཐུབ་ཀྱི་བར་དུ་རྗེས་དྲན་གྱི་དངོས་གཞི་ལ་མ་སླེབ་སྟེ། རྗེས་དྲན་གྱི་སྒྲུབ་པའམ་སྦྱོར་བ་སྔོན་འགྲོ་ཙམ་ལ་རྗེས་དྲན་དུ་བཏགས་པར་ཟད་དོ། །དེས་ན་རྗེས་དྲན་དངོས་གཞིའི་སྐབས་ལ། དུ་རྟགས་ཀྱི་ལྷ་མོས་ཞུ་བདེ་རྫོགས་པར་བསྐྱེད་པ་ན། བསམ་པའི་གནས་སྐབས་སྦྱོང་ཞིང༌། དེ་དང་རྣམ་པ་མཚུངས་པའི་ཞུ་བདེ་འགྱུར་མེད་སྣང་བ་ཐམས་ཅད་ལ་ཁྱབ་པར་སྣང་བ་ལྟར་འབྱུང་བ་ནས་བར་མ་བརྒྱད་ལ


TNT04_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འང་རིམ་པས་སྦྱར་ནས། མཐར་ཐིག་ལེའི་རྟགས་ཀྱི་ལྷ་མོས་ཞུ་བདེ་རྫོགས་པར་བསྐྱེད་པ་ན། བརྒྱལ་བའི་གནས་སྐབས་སྦྱོར་ཞིང༌། དེ་དང་རྣམ་པ་མཚུངས་པའི་ཞུ་བདེ་འགྱུར་མེད་ཀྱི་བདེ་བ་ནམ་མཁའ་དང་མཉམ་པ་འབྱུང་བའི་བར་དུ་རྣམ་པར་བཅུའོ། །ཡན་ལག་གཞན་རྣམས་ཀྱི་རྣམ་པ་བཅུའི་དབྱེ་བ་ལ་དངོས་གཞིའི་དབྱེ་བ་ཁོ་ནར་མཐའ་གཅིག་ཏུ་བྱེད་པ་མེད་པ་ལས། རྗེས་དྲན་གྱི་སྐབས་འདི་ལ་དེ་ལྟར་སྦྱོར་བ་ནི་བཅུ་ཚན་དུ་གྲངས་མཉམ་པའི་ཕྱིར་ཡིན་ནོ། །ཡང་ན་གནས་སྐབས་གསུམ་ལ་བཅུ་ཚན་རེ་རེ་ངོ་བོ་ཐ་དད་པར་གནས་ཀྱང་རིགས་མཐུན་དུ་བསྡེབས་ནས་བཅུར་བསྡུས་ཀྱང་རུང་ངོ་ཞེས་བླ་མ་གསུང་ངོ༌། །ཏིང་ངེ་འཛིན་གྱི་རིམ་པ་ཡང་རྣམ་པ་བཅུ་སྟེ། འགྲེལ་ཆེན་ལས་དེ་ཡང་སྲོག་ལ་སོགས་པ་རྣམས་མེད་པ་ལས་རྣམ་པ་བཅུའོ། །ཞེས་གསུངས་པ་ལྟར། འཁོར་ལོ་འོག་མ་ལྔ་ལ་རྩ་བའི་རླུང་ལྔ་ཕྱིན་ཆད་མི་སྐྱེ་བའི་ཆོས་ཅན་དུ་རིམ་གྱིས་འགགས་པ་དང༌། གཙུག་ཏོར་དུ་ཀླུ་ལ་སོགས་པ་ཡན་ལག་གི་རླུང་ལྔ་ཡང་རིམ་ཅན་དུ་འགགས་པའི་དབྱེ་བས་རྣམ་པ་བཅུའོ། །སྤྱིར་ཐུར་སེལ་ཡེ་ཤེས་ཀྱི་ཁམས་སོགས་རླུང་བཅུ་ཁམས་སོ་སོ་ལ་སྦྱོར་བ་ཡིན་ཀྱང༌།


TNT04_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་མོར་ན་ཐུར་སེལ་ཡང་ཁམས་ལྔ་ཆར་འདུས་པ་སོགས་རླུང་དེ་དང་དེ་ལ་འབྱུང་བའི་ཁམས་དེ་དང་དེས་མ་ཁྱབ་ཅིང༌། སྲོག་འཛིན་སོགས་རླུང་བཅུས་ཕུང་ཁམས་ཀྱི་རླུང་བཅུ་ལ་ནམ་ཡང་མི་ཁྱབ་སྟེ། དེ་ན་སྤྱིར་འབྱུང་བ་ལྔའི་རླུང་གི་འགགས་ཚུལ་དང༌། སྒོས་སྲོག་འཛིན་ལ་སོགས་པའི་རླུང་འགག་ཚུལ་དེ་སྐབས་འདིར་འབྱུང་བའི་རིམ་པ་མི་འདྲ་བ་གཉིས་འབྱུང་ཡང་མི་འགལ་ལོ། །གཉིས་པ་རིགས་མཐུན་བསྡུ་ཚུལ་ནི། རྣལ་འབྱོར་གྱི་གླུ་ལས། ཨ་རེ་ཨཱ་ཧོ་ཉོན་ཅིག་བུ་ཚུར་ཉོན། །སེམས་ནི་རིངས་ཤིང་སྣང་བ་ཐོབ་པ་དང༌། །གནས་པ་དང་ནི་འགགས་དང་འབར་བ་དང༌། །བདེ་བའི་ཕྱིར་ན་སུམ་ཅུ་རྩ་དྲུག་གོ །ཞེས་གསུངས་ཤིང་དུས་ཞབས་སྙན་བརྒྱུད་དུ་གྲགས་པའི་མན་ངག་གི་གཞུང་ལས་ཀྱང༌། ཀུན་ལའང་དྲུག་ཏུ་ཤེས་བྱ་ཏེ། །ཞེས་འབྱུང་བ་ལྟར་ཏེ། དེ་ཡང་སོ་སོར་སྡུད་པའི་ཡན་ལག་ཉིད་ལ་དབྱེ་ན། ནང་ཚན་དུ་ཡན་ལག་དྲུག་ཚང་བ་ནས། ཏིང་ངེ་འཛིན་གྱི་ཡན་ལག་ལ་ཡང་སོར་སྡུད་ལ་སོགས་པ་ཡན་ལག་དྲུག་ཚང་བའི་བར་དྲུག་དྲུག་སུམ་ཅུ་རྩ་དྲུག་གོ །དེ་ཡང་སོར་སྡུད་ཀྱི་ངོ་བོ་སེམས་རེངས་པ་སྟེ་རྣམ་པར་མི་རྟོག་པ་ཡིན་ལ། བསམ་གཏན་གྱི་ངོ་བོ་སྟོང་གཟུགས་ཀྱི་སྣང་བ་ལ་


TNT04_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གནས་པ་ཡིན་པ་དང༌། སྲོག་རྩོལ་གྱི་ངོ་བོ་ནི་ལས་རླུང་ཕྱི་རོལ་དུ་མི་རྒྱུ་བ་དང༌། འཛིན་པའི་ངོ་བོ་ནི་རླུང་སྟོང་པར་འགགས་པ་དང༌། རྗེས་དྲན་གྱི་ངོ་བོ་ནི་གཏུམ་མོ་འབར་བའི་འདོད་ཆགས་ཆེན་པོ་ཡིན་པ་དང༌། ཏིང་ངེ་འཛིན་གྱི་ངོ་བོ་ནི་ཐིག་ལེ་མི་འགྱུར་བའི་བདེ་བ་ཡིན་པའི་ཕྱིར། དོན་གྱི་མདོ་འདི་རྣམས་བློ་ལ་བཟུང་ནས་སོ་སོར་སྦྱར་བར་བྱ་སྟེ། སོ་སོར་སྡུད་པའི་ཡན་ལག་གི་རིམ་པའི་སྐབས་སུ། མི་གཡོ་གསུམ་ལྡན་དུ་འཇོག་པའི་སོར་སྡུད་ཀྱི་རིམ་པའི་སོར་སྡུད། སྟོང་གཟུགས་མཐོང་བ་སོར་སྡུད་ཀྱི་བསམ་གཏན། རླུང་ཅུང་ཟད་འགགས་པས་རྒྱུ་བ་ཞན་པར་གྱུར་པ་ནི་སོར་སྡུད་ཀྱི་སྲོག་རྩོལ། ནང་དུ་ཡང་དཀྱིལ་འཁོར་བཅུའི་རླུང་གི་ཆ་ཤས་ནས་ཅུང་ཟད་ཡལ་བ་ནི་སོར་སྡུད་ཀྱི་འཛིན་པ། ལུས་ལ་ལས་ཀྱི་གཏུམ་མོ་ཅུང་ཟད་འབར་བས་ཆགས་པའི་ཡེ་ཤེས་ཅུང་ཟད་སྐྱེས་པ་ནི་སོར་སྡུད་ཀྱི་རྗེས་དྲན། ཐིག་ལེ་ཅུང་ཟད་བརྟན་པའི་བདེ་བ་ཆ་ཕྲ་མོ་ཞིག་ཡོད་པ་ནི་སོར་སྡུད་ཀྱི་རིམ་པའི་ཏིང་ངེ་འཛིན་ནོ། །དེ་བཞིན་དུ་སྦྱར་ཏེ། བསམ་གཏན་གྱི་རིམ་པ་ཉིད་ལས་ཕྱེ་བའི་ཡན་ལག་དྲུག་ཀྱང་འདི་ལྟར། སོར་སྡུད་ནི་འདྲ། གཟུགས་སེམས་རོ་གཅིག་པ་ལ་མཉམ་པར་འཇོག་པ་ནི་བསམ་གཏན་གྱི་རིམ་


TNT04_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་གཏན་ཡིན་ལ། ལྷག་མ་རྣམས་གོང་དང་འདྲ་བ་ལས་སྟོབས་ཆེར་སོང་བས་ལྷག་པར་གྱུར་པའོ། །སྲོག་རྩོལ་གྱི་ཡན་ལག་ལ་ཡང་དྲུག་ལས། དང་པོ་གཉིས་བསམ་གཏན་གྱི་རིམ་པའི་སྐབས་དང་འདྲ་ཞིང༌། གཡས་གཡོན་སྲོག་ཐུར་གྱི་རླུང་འགགས་པའི་ཡེ་ཤེས་ནི་སྲོག་རྩོལ་གྱི་རིམ་པའི་སྲོག་རྩོལ་ཡིན་ ལ། །ལྷག་མ་གསུམ་ཡང་སྔར་བས་སྟོབས་ཆེ་བར་གྱུར་པའོ། །དེ་བཞིན་དུ་འཛིན་པའི་ཡན་ལག་གི་རིམ་པ་ལའང༌། དེའི་དང་པོ་གསུམ་པོ་སྔ་མ་དང་འདྲ། རླུང་རྣམས་འབྱུང་བ་ཐིམ་རིམ་གྱི་སྒོ་ནས་དབུ་མའི་ནང་གི་བདེ་བའི་ཐིག་ལེ་ལ་ཐིམ་པའི་ཡེ་ཤེས་ནི། འཛིན་པའི་རིམ་པའི་འཛིན་པ་ཡིན་ལ། ལྷག་མ་གཉིས་ཀྱང་སྔར་བས་ལྷག་པར་སྟོབས་ཆེ་བར་གྱུར་པའོ། །དེ་བཞིན་ཏུ་རྗེས་དྲན་གྱི་རིམ་པ་ལ་དབྱེ་ན། དང་པོ་བཞི་པོ་འཛིན་པའི་སྐབས་དང་འདྲ། གཏུམ་མོ་འབར་སྣང་གི་ལྷ་མོ་དང་མཉམ་པར་སྦྱོར་བའི་རྗེས་ཆགས་ལས་ཁམས་ཞུ་བའི་བདེ་བ་ནི། རྗེས་དྲན་གྱི་རིམ་པའི་རྗེས་དྲན་ཡིན་ལ། ལྷག་མ་གཅིག་པོ་ཡང་སྔར་ལས་འཕེལ་བར་གྱུར་པའོ། །ཏིང་ངེ་འཛིན་གྱི་ཡན་ལག་གི་རིམ་པ་ལ་དབྱེ་ན། དང་པོ་ལྔ་པོ་རྗེས་དྲན་གྱི་སྐབས་དང་འདྲ་ལ། ཐིག་ལེ་དང་སྟོང་གཟུགས་རོ་གཅིག་ཏུ་འདྲེས་པའི་བདེ་བ་ནི། ཏིང་ངེ་འཛིན་གྱི་རིམ་པའི་


TNT04_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ཡིན་ནོ། །དེ་དག་ལས་ཡན་ལག་སྔ་མ་སྔ་མ་འདྲའོ་ཞེས་བརྗོད་པ་རྣམས་ཀྱང༌། ཕྱི་མ་ཕྱི་མའི་གནས་སྐབས་སུ་གོང་ནས་གོང་དུ་འཕེལ་བ་ཡིན་ཀྱང་མཚན་ཉིད་དང་རིགས་རྒྱུན་མི་འདྲ་བ་མེད་ལ། ཕྱི་མ་ཕྱི་མ་སྔར་དང་འདྲ་བ་ལས་འཕེལ་ལོ་ཞེས་བརྗོད་པ་རྣམས་ནི། འཕེལ་བར་མ་ཟད་རིགས་ཀྱང་ཅུང་ཟད་མི་འདྲ་བར་འགྲོའོ། །དེ་རྣམས་ལ་དངོས་དང་བཏགས་པའི་ཁྱད་པར་ནི། སོར་སྡུད་ཀྱི་སྐབས་མི་གཡོ་གསུམ་ལྡན་ནི་སོར་སྡུད་དངོས་ཡིན་ལ། གཞན་རྣམས་རྗེས་མཐུན་བཏགས་པ་བ་ཡིན་ནོ། །བསམ་གཏན་གྱི་དང་པོ་གཉིས་དང༌། སྲོག་རྩོལ་གྱི་གསུམ་དང༌། འཛིན་པའི་བཞི་དང༌། རྗེས་དྲན་གྱི་ལྔ་རྣམས་དངོས་ཡིན་ལ། ལྷག་མ་བཏགས་པ་བ་ཡིན་ཞིང༌། ཏིང་ངེ་འཛིན་གྱི་ཡན་ལག་དྲུག་ཀར་ཡང་དངོས་ཡིན་ནོ། །སྐབས་འདི་དག་ཏུ་ངེས་པར་གོ་དགོས་པའི་དོན་གྱི་འགག་འདི་ལྟ་དུ་ཡང་ཡོད་དེ། སོ་སོར་སྡུད་པ་དང༌། སོ་སོར་སྡུད་པའི་སྦྱོར་བ་དང༌། སོ་སོར་སྡུད་པའི་སྒྲུབ་པ་དང༌། སོ་སོར་སྡུད་པའི་ཡན་ལག་དང༌། སོ་སོར་སྡུད་པའི་རིམ་པ་རྣམས་ཀྱི་ཁྱད་པར་དང༌། དེ་བཞིན་དུ་བསམ་གཏན་དང༌། སྲོག་རྩོལ་དང༌། འཛིན་པ་དང༌། རྗེས་དྲན་རྣམས་ལ་ཡང་སྦྱར་ཞིང༌། ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་གྱི་སྦྱོར་བ་དང༌། ཏིང་ངེ་འཛིན་གྱི་སྒྲུབ་པ་དང༌།


TNT04_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་ཡན་ལག་དང༌། ཏིང་ངེ་འཛིན་གྱི་རིམ་པ་རྣམས་ཀྱི་ཁྱད་པར་ཤེས་དགོས་སོ། །དེ་ལ་སྦྱོར་བ་ཞེས་བྱ་བ་ནི་ཡན་ལག་དེ་དང་དེའི་རྟོགས་པ་སྐྱེད་པའི་ཕྱིར་དུ་རྒྱུ་ཚོགས་ལ་འབད་པའི་དུས་ཀྱི་ཉམས་ལེན་ཡན་ལག་དེ་དང་དེའི་རྟོགས་པ་མ་སྐྱེས་གོང་དུ་ཡོད་པ་ཡིན་ལ། སྒྲུབ་པ་ཞེས་པ་ནི་མ་སྒྲུབ་པ་སྒྲུབ་པར་བྱེད་པ་དང༌། གྲུབ་ཟིན་གོང་ནས་གོང་དུ་འཕེལ་བ་གཉིས་ཀར་ལ་འཇུག་ཅིང༌། དེ་དང་དེའི་ཡན་ལག་ཅེས་བྱ་བ་ནི། ཡན་ལག་སོ་སོའི་དངོས་གཞིའི་རྟོགས་པ་རྒྱུད་ལ་སྐྱེས་པའི་ཡེ་ཤེས་ཏེ། སོ་སོའི་རིམ་པ་ཐོབ་ནས་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྟག་ཏུ་ཡོད་པ་ཡིན་ནོ། །རིམ་པ་ཞེས་བྱ་བ་ནི་ཡན་ལག་སྔ་མ་ལ་བརྟན་པ་ཐོབ་ཟིན་ནས་ཡན་ལག་དེ་དང་དེའི་དངོས་གཞི་ཐོབ་པའི་དོན་དུ་སྒྲུབ་པ་དང༌། གྲུབ་ཟིན་ནས་བརྟན་པ་དང་འཕེལ་བ་དང་མཐར་ཕྱིན་པའི་དོན་དུ་སྒོམ་པའི་གནས་སྐབས་ཏེ། ཡན་ལག་གོང་མ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་སྦྱོར་བ་ལ་མ་ཞུགས་ཀྱི་བར་རོ། །དེ་དག་ཀྱང་དཔེར་མཚོན་ན། སོར་སྡུད་ཀྱི་རྟགས་བཅུ་མ་རྫོགས་ཀྱི་བར་སྟེང་འོག་གི་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་ནི་སོར་སྡུད་ཀྱི་སྦྱོར་བ་ཞེས་བྱ་ལ། །


TNT04_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བཅུ་པོ་ཤར་བ་ནས་དེ་དག་བརྟན་པ་དང༌། འཕེལ་བ་དང༌། སྣ་ཚོགས་གཟུགས་བརྙན་མཐར་ཕྱིན་གྱི་བར་ནི་སོ་སོར་སྡུད་པའི་རིམ་པ་ཡིན་ནོ། །རྟགས་བཅུ་རྫོགས་ནས་རྟགས་སྣང་མཐོང་བའི་ཤེས་པ་དེ་ལ་རྟགས་བཅུ་རྫོགས་པའི་ཡེ་ཤེས་ཞེས་བྱ་ལ། དེ་ནས་བརྩམས་ཏེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་རྟགས་བཅུའི་སྣང་བ་ཅན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོད་པ་དེ་ནི་སོ་སོར་སྡུད་པའི་ཡན་ལག་ཡིན་ལ། དེ་ཐམས་ཅད་སོ་སོར་སྡུད་པའི་རྣལ་འབྱོར་ཙམ་ཡིན་ཏེ། དེ་ནི་སྤྱི་ཁྱབ་ཀྱི་མིང་ངོ༌། །དེ་བཞིན་དུ་ཡན་ལག་དང་པོ་གསུམ་གྱི་གནས་སྐབས་ན་ཡང༌། རླུང་ཐིག་ལེར་འཆིང་བའི་དམིགས་པ་བྱེད་པ་དང༌། སྲོག་རྩོལ་མཐར་ཕྱིན་ནས་ལྟེ་བའི་ཐིག་ལེ་མ་འཆིངས་ཀྱི་བར་དུ་འཛིན་པའི་སྦྱོར་བ་དང༌། དེ་ནས་བཟུང་ནས་རིམ་པ་བཅུ་ཀར་རྫོགས་ནས། འབར་སྣང་གི་དཀྱིལ་འཁོར་གྲུབ་ཟིན་པ་མན་ཆད་འཛིན་པའི་རིམ་པ་དང༌། ལྟེ་བར་འཛིན་པ་གྲུབ་པ་ནས། སངས་རྒྱས་མ་ཐོབ་ཀྱི་བར་དུ་དེའི་རིགས་རྒྱུན་ཡོད་པ་ནི་འཛིན་པའི་ཡན་ལག་སྟེ་འཛིན་པའི་རྣལ་འབྱོར་ནི་སྤྱི་ཁྱབ་ཀྱི་མིང་ངོ༌། །དེ་བཞིན་དུ་རྗེས་དྲན་ཕན་ཆད་དུ་འཛག་མེད་ཀྱི་ཐབས་སྒྲུབ་པ་དང༌། ཁྱད་པར་རྗེས་དྲན་མཐར་ཕྱིན་པ་ན། སྟོང་གཟུགས་ཀྱི་ཞུ་བདེ་འདྲེན་པའི་


TNT04_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དེ་ནི་ཏིང་ངེ་འཛིན་གྱི་སྦྱོར་བའམ་སྒྲུབ་པ་ཡིན་ཞིང༌། དེ་དང་སྐད་ཅིག་མ་རྫོགས་ཀྱི་བར་ནི་རིམ་པ་ཡིན་ཏེ། གཞན་རྣམས་ལའང་འདྲའོ། །སོར་སྡུད་ཀྱི་རིམ་པའི་སྐབས་སུ་དེ་ཉིད་ཀྱི་སོར་སྡུད་ལ་གཙོ་བོར་སྤྱོད་ཅིང༌། བསམ་གཏན་གྱི་རིམ་པའི་སྐབས་ཀྱང་དེ་ཉིད་ཀྱི་བསམ་གཏན་ལ་གཙོ་བོར་སྤྱོད་པ་ནས། ཏིང་ངེ་འཛིན་གྱི་རིམ་པའི་སྐབས་དེ་ཉིད་ཀྱི་ཏིང་ངེ་འཛིན་ལ་གཙོ་བོར་སྤྱོད་པའི་བར་དུ་ཡིན་ཏེ། དབྱེ་བ་ལྷག་མ་དེ་རྣམས་ལ་ནི་ཤུགས་ལ་སྤྱོད་པ་དང་ཞོར་ལ་འབྱུང་ངོ༌། །དུས་ཞབས་སྙན་རྒྱུད་ཀྱི། རབ་ཀྱིས་དང་པོས་རྟོགས་པའོ། །འབྲིང་གིས་སྲོག་རྩོལ་ལ་སོགས་པའོ། །ཐ་མས་དྲུག་པོ་རིམ་བཞིན་བསྒོམ། །ཞེས་རབ་འབྲིང་ཐ་མ་གསུམ་ལ་རིམ་པས་བསྡུས་འབྲིང་རྒྱས་གསུམ་རིམ་ཅན་དུ་སྦྱར་ཆོག་པའི་རྒྱུ་མཚན་དུ། ཀུན་ལའང་དྲུག་ཏུ་ཤེས་བྱ་སྟེ། །ཞེས་གསུངས་པ་ཡིན་པས། ཀུན་ལའང་དྲུག་གི་གོ་དོན་རྣལ་འབྱོར་གྱི་གླུའི་དགོངས་པ་དང་གཅིག་སྟེ། སོར་སྡུད་ཉིད་ལའང་མཚན་ཉིད་དྲུག་ཚང་བའི་ཕྱིར། དབང་པོ་རབ་ལ་ཡན་ལག་དྲུག་ཀར་གྱི་རྟོགས་པ་མན་ངག་འདི་ཁོ་ན་ལ་བརྟེན་ནས་རིམ་གྱིས་སྐྱེ་བར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་གྱི། ཕྱིས་ཀྱི་ཤེས་རབ་འཆལ་བ་འགའ་ཞིག་འདོད་པ་ལྟར་ཡན་ལག་དང་པོ་ཁོ་ན་བསྒོམས་ཤིང༌། དེའི་ཉམས་རྟོགས་སྐྱེས་པ་ཁོ་ནས་ལམ་ལྷག་མ་བགྲོད་མི་དགོས་པར་གྲོལ་བར་འདོད་པ་


TNT04_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཤིན་ཏུ་འཁྲུལ་ལོ། །དེ་དག་ནི་དབྱེ་བའི་རྣམ་གཞག་གཙོ་ཆེ་བ་ཡིན་ལ། ད་ནི་ཡན་ལག་དྲུག་པོ་དེ་དག་ཆིངས་གཞན་གྱིས། བསྡུ་བའི་ཚུལ་ཡིན་ཏེ། དེ་ཡང་གསུམ་པ་བསྡུས་དོན་སྣ་ཚོགས་པའི་རབ་དབྱེ་ལ། སྡོམས་ནི། རྒྱུ་འབྲས་གཉིས་དང་བརྟུལ་ཞུགས་གསུམ། །དགེ་གསུམ་གཞི་དང་སྐབས་གསུམ་མམ། །ཐིག་ལེ་བཞི་དང་གནས་སྐབས་བཞི། །བསྙེན་སྒྲུབ་བཞི་དང་རྣལ་འབྱོར་བཞི། །སྦྱོར་བ་བཞི་དང་སྐུ་བཞིའི་ལམ། །རྡོ་རྗེ་རྣམ་བཞིའི་ལམ་གྱིས་དབྱེ། །དེ་ལྟར་བཅུ་གཉིས་འདིར་བཤད་དེ། །ཕྱིན་དྲུག་ཁམས་དྲུག་སོགས་ཀྱང་ཡིན། །ཞེས་སོ། །དེ་ཡང་རྒྱུ་འབྲས་གཉིས་ཀྱི་དབྱེ་བ། བརྟུལ་ཞུགས་གསུམ། དགེ་བ་གསུམ། གཞི་གསུམ་གནས་སྐབས་གསུམ། ཐིག་ལེ་བཞི། གནས་སྐབས་བཞི། བསྙེན་སྒྲུབ་བཞི། རྣལ་འབྱོར་བཞི། སྦྱོར་བ་བཞི། སྐུ་བཞི། རྡོ་རྗེ་བཞི་དང་སྦྱར་བ་སྟེ་དོན་ཚན་བཅུ་གཉིས་ལས། དང་པོ་ནི། རྒྱུ་འབྲས་ཕྲུགས་གཅིག་ལ་སྦྱར་ན། ཡན་ལག་དང་པོ་ལྔ་ནི། སྟོང་གཟུགས་སྒྲུབ་བྱེད་ཀྱི་ཕྱིར་རྒྱུའི་ལམ། ཏིང་ངེ་འཛིན་ནི་མི་འགྱུར་བའི་བདེ་བ་སྒྲུབ་པའི་ཕྱིར། འབྲས་བུའི་ཡན་ལག་གོ ཕྲུགས་གསུམ་ལ་སྦྱར་ན། སོར་སྡུད་རྒྱུའི་ཡན་ལག བསམ་གཏན་འབྲས་བུའི་ཡན་ལག དེ་བཞིན་དུ་སྲོག་རྩོལ་རྒྱུ། འཛིན་པ་འབྲས་བུ། རྗེས་དྲན་རྒྱུ། ཏིང་ངེ་འཛིན་འབྲས་བུའི་ཡན་ལག་ཏུ་འཇོག་སྟེ། ཕྱག་


TNT04_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེའི་དགོངས་པའོ། །གཉིས་པ་ནི། དཔལ་དོན་དམ་བསྙེན་པ་ལས། རྡོ་རྗེ་བསླང་བ་འདི་ནི་དང་པོར་གསུངས་པ་སྟེ། །རྡོ་རྗེ་མེ་ལ་སྲོག་ཞུགས་པ་ནི་གཉིས་པའོ། །དཔལ་ལྡན་བྱང་ཆུབ་སེམས་ནི་མི་ལྟུང་གསུམ་པའོ། །འདི་དག་རྣམས་ནི་དགེ་བའི་བརྟུལ་ཞུགས་གསུམ་ཉིད་དོ། །ཞེས་ཡན་ལག་དྲུག་བརྟུལ་ཞུགས་གསུམ་གྱིས་བསྡུས་ཏེ། ཡན་ལག་དང་པོ་གཉིས་ནི་རྡོ་རྗེ་བསླང་བའི་བརྟུལ་ཞུགས་ཏེ། དབུ་མར་རྟགས་བཅུའི་རྡོ་རྗེ་བརྟན་པར་བརྩེགས་པའི་ཕྱིར་རོ། །བར་པ་གཉིས་ནི་རྡོ་རྗེ་མེའི་བརྟུལ་ཞུགས་ཏེ་ཡེ་ཤེས་ཀྱི་གཏུམ་མོ་སྒྲུབ་པའི་ཕྱིར་རོ། །ཐ་མ་གཉིས་ནི་བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་ཏེ། ཞུ་བདེ་འགྱུར་མེད་དང་མི་འགྱུར་པའི་ཐིག་ལེ་སྒྲུབ་པའི་ཕྱིར་རོ། །གསུམ་པ་ནི། ཡན་ལག་དྲུག་དགེ་བ་གསུམ་གྱིས་བསྡུས་པ་ཡིན་ཏེ། སོར་བསམ་གཉིས་ཐོག་མར་དགེ་བ་དང༌། སྲོག་འཛིན་གཉིས་བར་དུ་དགེ་བ་དང༌། དྲན་ཏིང་གཉིས་ཐ་མར་དགེ་བའི་ལམ་མོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ངའི་གསུང་ནི་དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཁོ་ན་ཏེ། དང་པོར་དགེ་ལ་བར་དང་ཐ་མར་མི་དགེ་བའང་མ་ཡིན་ཞིང༌། དང་པོ་དང་བར་དུ་མི་དགེ་བ་ཐ་མར་དགེ་བའང་མ་ཡིན་ལ། དང་པོ་དང་ཐ་མར་མི་དགེ་བར་དུ་དགེ་བ། ཇི་ལྟར་བྱིས་པའི་


TNT04_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་རྣམས་ཀྱིས་ཀུན་ཏུ་བཏགས་པ། དང་པོར་རྣམ་པར་རྟོག་པའི་སྒོམ་པ་དང༌། བར་དུ་དབང་པོ་གཉིས་ཀྱི་བདེ་བ་སྒོམ་པ་དང༌། ཐ་མར་རྣམ་པར་མི་རྟོག་པ་སྟོང་པ་ཉིད་སྒོམ་པ་བདེ་བ་ཆེན་པོ་བསྒོམ་པའོ། །ཞེས་པ་ནི་མ་རུངས་པའི་ཚིག་སྟེ། རྒྱུ་འདྲར་དེ་ལས་སྐྱེ་བ་ཡི། །འབྲས་བུ་ཐམས་ཅད་དུ་མཐོང་གི །ཀོ་ཊ་པ་ཡི་ས་བོན་ལས། །ས་ལུའི་འབྲུ་ནི་འབྱུང་བ་མེད། །རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །རྒྱུ་དེའི་ཕྱིར་དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའོ། །ཞེས་གསུངས་ཏེ། སྤྱིར་སྟོན་པའི་བསྟན་པ་རྒྱུ་སོ་སོར་སྐྱེ་བོའི་དུས་སུ་དགེ་བ་འབའ་ཞིག་ལ་བསླབས་པས། ལམ་འཕགས་པའི་ཆོས་དགེ་བ་རྣམས་ཐོབ་ཅིང༌། འབྲས་བུ་ཆོས་ཉིད་དགེ་བ་མངོན་དུ་འགྱུར་བས་ཀྱང་ཐོག་མཐའ་བར་གསུམ་དུ་དགེ་ལ། ཡང་ན། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །ཞེས་ཐོས་བསམ་སྒོམ་གསུམ་ལ་སྦྱར་བའང་སྣང་ཞིང༌། དེ་དག་ཀྱང་འདི་ལ་ཚང་བ་ཁོ་ན་ཡིན་ལ། ཐུན་མོང་མ་ཡིན་པ་སྐབས་འདིར་ནི། རྣམ་པ་གཞན་རྣམས་དགེ་བར་ལྡན་དུ་ཟིན་ཡང་རྣམ་པར་རྟོགས་པའི་སྒོམ་པ་དང༌། ལས་རྒྱའི་བདེ་བ་དོན་དམ་དུ་འཛིན་པ་དང༌། དཔྱད་མཐར་མི་རྟོག་པའི་སྟོང་ཉིད་སྒོམ་པ་རྣམས་ཀྱང་


TNT04_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་མཐར་ཐུག་འདིའི་དབང་དུ་བྱས་ན། ཀུན་རྫོབ་འཁོར་བའི་རྒྱུའི་མཚན་ཉིད་ཅན་ཡིན་པས་ཤིན་ཏུ་དགེ་བ་མ་ཡིན་ཞིང༌། དོན་དམ་པའི་དཀྱིལ་འཁོར་དང༌། བདེ་ཆེན་དང་སྟོང་ཉིད་ཀྱང་མ་ཡིན་ནོ། །ལམ་འདི་ནི་ཐོག་མར་སྟོང་གཟུགས་དོན་དམ་པའི་དཀྱིལ་འཁོར་སྒྲུབ་པར་བྱེད་པས་ཐོག་མར་དགེ་བ་དང༌། བར་དུ་རྣམ་རྟོག་གི་རྒྱུ་ལས་རླུང་འགོག་པར་བྱེད་པས་བར་དུ་དགེ་བ་དང༌། ཐ་མར་དོན་དམ་པའི་ཐིག་ལེ་མི་འགྱུར་བར་སྒྲུབ་པར་བྱེད་པས་ཐ་མར་དགེ་བ་སྟེ་གསུམ་དང༌། ཐོག་མཐའ་བར་གསུམ་ཐམས་ཅད་དཔྱད་པ་སྤངས་པའི་རྣམ་པར་མི་རྟོག་པ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཅན་ཡིན་པའི་ཕྱིར་དགེ་བའོ། །སྤྱིར་དགེ་བའི་དོན་བདེ་བ་རྒྱུ་དང་བཅས་པ་ལ་ངོས་འཛིན་ནོ། །བཞི་པ་ནི་གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་ལ་གཞི་གསུམ་དུ་གྲགས་པ་ཡིན་པ་ལས། སོར་བསམ་གཉིས་ནི་རྩའི་རྣལ་འབྱོར་ཏེ། རྩ་ལམ་སྦྱང་བའི་མཆོག་ཡིན་པའི་ཕྱིར་དང༌། སྲོག་འཛིན་གཉིས་ནི། ཉི་ཟླའི་རླུང་འགོག་པར་བྱེད་པའི་ཕྱིར་དང༌། དྲན་ཏིང་གཉིས་ནི་ཐིག་ལེའི་རྣལ་འབྱོར་ཏེ། ཞུ་བདེ་དང་མི་འགྱུར་བའི་ཐིག་ལེའི་ལམ་ཡིན་པའི་ཕྱིར་དང༌། རིམ་པ་བཞིན་དུ་དོན་དམ་པའི་རྩ་རླུང་ཐིག་ལེ་གསུམ་རྟོགས་པར་བྱེད་པའི་ཐབས་ཡིན་པས་སོ། །ལྔ་པ་ནི་ཇི་སྐད་དུ། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱི་སྣ་ཚོགས་གཙོ་


TNT04_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གི་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་དང༌། འགྲེལ་པར་ཡང་འདིར་བྱང་ཆུབ་ཀྱི་སེམས་འཛག་པའི་བགྲོད་པ་ནི་དམན་པའི་གནས་སྐབས་དང༌། གཡོ་བའི་བགྲོད་པ་ནི་འབྲིང་པོའི་གནས་སྐབས་དང༌། མི་གཡོ་བའི་བགྲོད་པ་ནི་མཆོག་གི་གནས་སྐབས་སོ། །འདི་རྣམས་ལ་ལས་ཀྱི་ཕྱག་རྒྱ་ནི་འཛག་པའི་བདེ་བ་སྦྱིན་པ་མོ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོ་དང༌། ཕྱག་རྒྱ་ཆེན་མོ་ནི་མི་གཡོ་པའི་བདེ་བ་སྦྱིན་པ་མོའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་ལ་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་སླད་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ། །ཞེས་གསུངས་ཤིང༌། གཞན་ཡང་རྒྱུད་ཀྱི་རྒྱལ་པོ་ཉིད་ལས། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བརྟེན་པར་བྱ། །དེ་ནས་ཉི་མའི་གཟུགས་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། །གློག་གི་དབྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་སྐྱེད་པར་བྱེད་མ་མཚན་ཉིད་ཡན་ལག་རབ་ཏུ་རྫོགས། །རྡོ་རྗེ་རྣམས་ཀྱིས་རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། །ཞེས་གསུངས་ཏེ། དེ་ཡང་ལས་ཀྱི་ཕྱག་རྒྱའི་སྔོན་དུ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་


TNT04_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལམ་དུ་བྱེད་དགོས་པ་སྲིད་ལ། འོན་ཀྱང་དེ་ནི་ལས་རྒྱའི་ལམ་གྱི་སྔོན་འགྲོ་ཡིན་པའི་ཕྱིར་དེར་གཏོགས་སོ། །དེས་ན་འཛིན་པ་ཡན་ཆད་ནས་རྗེས་དྲན་གྱི་ཐོག་མའི་བར་ནི་ཐིག་ལེ་སླ་བའི་གནས་སྐབས་དང༌། དབང་པོ་དམན་པའི་གནས་སྐབས་དང༌། ལས་རྒྱའི་ལམ་གྱིས་བགྲོད་དགོས་པའི་སྐབས་སོ། །དེ་ལ་ཡང་ནང་ཚན་གསུམ་སྟེ་ལས་རྒྱ་ལ་བརྟེན་ནས་ཞུ་བདེ་བཙན་ཐབས་སུ་འཆིང་དགོས་པའི་སྐབས་དང༌། ལས་རྒྱ་ལ་བརྟེན་པའི་ཞུ་བདེ་འཛག་མེད་ཀྱི་གནས་སྐབས་དང༌། ཕྱག་ཆེན་གྱི་ལམ་གྱི་སྙིང་པོར་བཞག་པའི་ལས་རྒྱས་ཞུ་བདེ་འགྱུར་མེད་དུ་བསྐྱེད་པའི་གནས་སྐབས་སོ། །དང་པོ་ནི། སོར་བསམ་སྲོག་རྩོལ་གསུམ་གྱི་གནས་སྐབས་སུ། ནཱ་ད་གོམས་པའི་བཙན་ཐབས་ཀྱི་སྦྱོར་བ་དགོས་པའི་སྐབས་ཡིན་ལ། གཉིས་པ་ནི་འཛིན་པའི་སྐབས་དང༌། གསུམ་པ་ནི་རྗེས་དྲན་གྱི་གནས་སྐབས་དང་པོའོ། །དེ་དག་གི་གནས་སྐབས་སུ་ཡང༌། ཡེ་རྒྱས་བདེ་བ་འདྲེན་པའི་སྐབས་མང་དུ་ཡོད་ཀྱང་ལས་རྒྱའི་ཡན་ལག་ཡིན་ནོ། །རྗེས་དྲན་གྱི་གནས་སྐབས་བར་པ་ནི། ཐིག་ལེ་བར་མ་དང༌། དབང་པོ་འབྲིང་གི་སྐབས་ཏེ། །ལས་རྒྱ་མི་དགོས་ཤིང༌། ཕྱག་ཆེན་ཁོ་ནས་མི་ཆོག་ལ། ཡེ་རྒྱ་ཉིད་གཙོ་བོར་བསྟེན་དགོས་པའི་སྐབས་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་ཕྱག་རྒྱའི་ལམ་མོ། །རྗེས་དྲན་གྱི་གནས་སྐབས་ཐ་མ་དང༌། ཏིང་ངེ་འཛིན་ནི།


TNT04_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་བསྐ་བ་དང༌། དབང་པོ་རྣོན་པོའི་གནས་སྐབས་ཏེ། ཕྱག་རྒྱ་ཆེན་པོ་ཉིད་ཀྱི་ལམ་ཡིན་ནོ། །དེ་ལྟར་ན་ཡན་ལག་དྲུག་ཕྱག་རྒྱ་གསུམ་གྱི་ལམ་གྱིས་བསྡུས་པས་སྣ་ཚོགས་གཙོ་བོ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལ་གནས་སྐབས་གསུམ་དུ་འགྱུར། ཞེས་པའོ། །ལྷན་སྐྱེས་འཕེལ་བའི་དོན་དུ་ལས་རྒྱ་བསྟེན་པས་སྟོང་གཟུགས་ལྷ་སྐུའི་རྣམ་པའི་ཞལ་ཕྱག་སོགས་སྐུའི་མཚན་ཉིད་འཕེལ་ཞིང་རྒྱས་པ་སྨིན་པར་འགྱུར་ཏེ། དེས་སྒྲུབ་པ་པོའི་ལུས་ཀྱི་དོད་བཟུང་ནས་སྟོང་གཟུགས་ཉིད་ཀྱི་རིག་མ་དང་སྦྱོར་བས་བདེ་བ་སྐྱེ་བ་ཡིན་ཏེ། དེ་ནས་ཉི་མའི་གཟུགས་ཞེས་པས་ཡབ་དང༌། གློག་གི་དབྱུག་པའི་རྗེས་མཐུན་ཞེས་སོགས་ཀྱིས་ཡུམ་གྱི་སྐུ་བསྟན་པའང་ཡིན་ནོ། །དེ་ལ་དབྱུག་པའི་གཟུགས་ཀྱི་དོན་ནི་དབུ་མ་གང་བའི་དོན་ཡིན་ལ། སྐབས་འདིར་ཕྱིས་ཀྱི་འགའ་ཞིག་ཕྱག་ཆེན་ལྷའི་གཟུགས་སུ་མི་འདོད་པ་ལུང་འདིས་གསལ་བར་བཀག་ཅིང༌། ཁྱད་པར་རང་ལུགས་ལ་ཡང་འདིར་ངེས་པར་འདོད་དགོས་ཏེ། ཡེ་ཤེས་ལྔའི་བསྟོད་པའི་སྐབས། ཤོང་སྟོན་གྱི་འགྱུར་ཡན་ཆད་ལ། སྤྲོས་བྱེད་ནུས་པའི་ངོ་བོར་ཞེས་བསྒྱུར་བ་ལས། ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཆེན་པོའི་དགོངས་པས་འགྱུར་གསར་དུ། །སྤྲོས་བྱེད་ནུས་མའི་གཟུགས་ཅན་གློག་གི་མེ་དང་


TNT04_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཞེས་ནུས་པའི་གཟུགས་ཅན་ཞེས་པར་འགྱུར་བཅོས་པའི་དགོས་པའང་འདི་ཁོ་ནར་སྣང་ངོ༌། །དྲུག་པ་ནི། སོར་བསམ་གཉིས་ཀྱིས་ལུས་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་བྱེད། སྲོག་འཛིན་གཉིས་ཀྱིས་ངག་གི་ཐིག་ལེ་སྒྲིབ་བྲལ་དུ་བྱེད། རྗེས་དྲན་གྱིས་ཡིད་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་བྱེད། ཏིང་ངེ་འཛིན་གྱིས་ཡེ་ཤེས་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་བྱེད་དེ། དེ་ཡང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་གནས་སྐབས་ཀྱི་ཡན་ལག་དྲུག་པོ་དེས་དངོས་སུ་བྱེད་ཅིང༌། དེའི་སྔ་རོལ་རྣམས་ཀྱིས་བརྒྱུད་ནས་བྱེད་པའོ། །བདུན་པ་ནི། ཐོག་མར་དགེ་བས་སད་པའི་གནས་སྐབས་སྦྱོང༌། བར་དུ་དགེ་བས་རྨི་ལམ་གྱི་གནས་སྐབས་སྦྱོང༌། ཐ་མར་དགེ་བའི་རྗེས་དྲན་གྱིས་གཉིད་འཐུག་པོའི་གནས་སྐབས་སྦྱོང༌། ཏིང་ངེ་འཛིན་གྱིས་བཞི་པའི་གནས་སྐབས་སྦྱོང་ཞེས་བྱ་ལ། དེ་ཡང་སྟོང་གཟུགས་ཀྱི་སྣང་བས་སད་དུས་ཀྱི་སྣང་བ་རགས་པ་འདི་སྦྱོང་བ་ནི། གཟུགས་བརྙན་སྣ་ཚོགས་སུ་གསལ་བར་སྣང་བ་ཡིན་པར་མཚུངས་པའི་སྒོ་ནས་སྦྱོང་བ་དང་རླུང་བཀག་པས་རྨི་ལམ་སྦྱོང་བ་ནི། རྨི་ལམ་དང་བར་དོ་སོགས་ཕྲ་བའི་གསལ་སྣང་གི་སྒྲིབ་པ་རྣམས་རླུང་གཡོ་བའི་མཐུ་ལས་བྱུང་བ་ཡིན་པས་རྒྱུ་བཀག་


TNT04_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་སྦྱོང་བ་ཡིན་པ་དང༌། ཞུ་བདེ་ལྷན་སྐྱེས་ཀྱིས་གཉིད་འཐུག་སྦྱོང་བ་ཡང་རླུང་ཐིམ་པའི་མི་རྟོག་པར་མཚུངས་པས་སྦྱོང་བ་ཡིན་པ་དང༌། ཏིང་ངེ་འཛིན་གྱིས་བཞི་པ་སྦྱོང་བ་ནི། རྒྱུ་འགྱུར་བའི་ཐིག་ལེ་བཅོམ། ངོ་བོ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དངོས་གཉེན་ཡོངས་སུ་རྫོགས་པའི་ཚུལ་གྱིས་སྤོང་བ་ཡིན་ལ། དེ་ཡང་ཐོག་བར་དུ་དགེ་བའི་མིང་སྨོས་པ་ནི། ཐོག་བར་དུ་དགེ་བར་འགྱུར་བའི་རིགས་མཐུན་པ་ལ་བཏགས་པ་ཡིན་གྱི་སྒྲིབ་པ་བཞི་སྤོང་བའི་དངོས་གཉེན་ནི་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་དུས་ཀྱི་ཡན་ལག་དྲུག་པོ་ཁོ་ན་ཡིན་ནོ། །དེས་ན་སོར་བསམ་གྱི་ཏིང་ངེ་འཛིན་མཐའ་དག་ལ་ཐོག་དགེ་ཞེས་སྨོས་པ་སྲིད་ན། ཐོག་དགེའི་རིགས་སུ་གནས་པ་ལ་དེ་ལྟར་བཏགས་པ་ཡིན་གྱི། ཐོག་དགེ་དངོས་ནི་སོར་བསམ་གྱི་རིམ་པ་སྟེ། སོར་བསམ་ཁོ་ནའི་ལམ་ལ་གནས་པའི་སྐབས་ལས་གཞན་མ་ཡིན་ནོ། །བརྒྱད་པ་ནི། །སོར་བསམ་གྱི་རིམ་པ་གཉིས་བསྙེན་པའི་ཡན་ལག་ཡིན་ཏེ། ཡེ་ཤེས་ཀྱི་སྐུའི་གཞི་འདིངས་པའི་ཕྱིར་རོ། །སྲོག་འཛིན་གྱི་རིམ་པ་གཉིས་ཉེ་བར་སྒྲུབ་པའི་ཡན་ལག་ཡིན་ཏེ། གསུང་རྡོ་རྗེའི་ལམ་གྱི་གཞི་གདིངས་པའི་ཕྱིར་རོ། །རྗེས་དྲན་


TNT04_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིམ་པ་སྒྲུབ་པའི་ཡན་ལག་ཡིན་ཏེ། ཐུགས་རྡོ་རྗེའི་ལམ་གྱི་གཞི་འདིངས་ཤིང༌། མི་འགྱུར་བའི་བདེ་བ་འཕྲལ་དུ་སྒྲུབ་བྱེད་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་རིམ་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཁྱད་པར་དུ་བསྒྲུབས་ནས་སྤྱིར་རྡོ་རྗེ་བཞིའི་དངོས་འགྲུབ་དངོས་སུ་སྒྲུབ་པའི་ཕྱིར་རོ། །གཞན་ཡང་བསྐྱེད་པའི་རིམ་པ་བསྙེན་སྒྲུབ་ཡན་ལག་བཞི་ཡང་འདི་རྣམས་ཀྱི་རྒྱུད་སྨིན་པར་བྱེད་པ་ལ་འབྲེལ་ཞིང༌། འདི་རྣམས་ཀྱི་སྒྲ་དོན་ཡང་མཆོག་གི་དངོས་འགྲུབ་ལ་ཁད་ཉེ་བར་འགྲོ་བས་བསྙེན་པ་སྟེ། དཔེར་ན་གྲོང་ཁྱེར་དུ་འགྲོ་བའི་ལམ་དམིགས་པ་བཞིན་ནོ། །ཉེ་བར་སྒྲུབ་པ་ནི་སྒྲུབ་པ་ལ་ཉེ་བའི་དོན་ཏེ། ལམ་དེར་འགྲོ་བའི་གྲབས་བྱེད་པ་དང་འདྲའོ། །སྒྲུབ་པ་ནི། འབྲས་བུ་ཐོབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ལ་འཇུག་པའི་མགོ་བརྩམས་པ་ཙམ་ཏེ། ལམ་དེར་ཞུགས་ནས་འགྲོ་བ་དང་འདྲའོ། །སྒྲུབ་པ་ཆེན་པོ་ནི་བར་མ་ཆད་པར་འབྲས་བུ་ལ་སྦྱོར་བའི་དོན་ཏེ། གྲོང་ཁྱེར་གྱི་སྒོ་ལ་འཇུག་པ་དང་འདྲའོ། །དེས་ན་ཡན་ལག་དྲུག་གར་སྒྲུབ་པ་ཆེན་པོའི་དུས་ན་ཡོད་མོད་ཀྱི། དེ་དག་བསྙེན་སོགས་གསུམ་པོ་དངོས་སུ་མི་འཇོག་པས་ཐོག་དགེ་བསྙེན་པ་དང༌། བར་དགེ་ཉེར་སྒྲུབ་དང༌། རྗེས་དྲན་གྱི་རིམ་པ་སྒྲུབ་པར་འཇོག་


TNT04_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གོ །སྒྲུབ་ཆེན་ནི་ཏིང་ངེ་འཛིན་ཏེ་དེ་ཡང་གཙོ་བོར་བསྟན་པ་ཡིན་གྱི་སྐབས་དེའི་ཡན་ལག་དྲུག་ཀར་ཡང་དངོས་སུ་ནི་སྒྲུབ་ཆེན་ཡིན་ནོ། །འདི་དག་ལ་ལྟ་སྟངས་དང་དམིགས་པའི་ཡུལ་ཐ་དད་པར་ཡང་ཡོད་དེ། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བར་སྒྲུབ་ལ་ཡན་ལག་དྲུག ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་ནི་སྒྲུབ་པ་ལ། བདེ་བ་མཉམ་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ། ཞེས་གསུངས་ཏེ། དྲང་དོན་དུ་གཙུག་ཏོར་གྱི་ཐད་ཀྱི་ནམ་མཁའ་དང༌། སྨིན་མཚམས་ལ་ལྟ་བ་དང༌། བྱང་ཆུབ་སེམས་དཔའི་གཟིགས་སྟངས་དང༌། རྣམ་པར་སྣང་མཛད་ཀྱི་ལྟ་སྟངས་རྣམས་ཡིན་ལ། ངེས་དོན་དུ་སྤྲོས་བྲལ་གྱི་སྟོང་ཉིད་དང༌། རླུང་སྔགས་དབྱེར་མེད་དང༌། ཞུ་བདེར་བཅས་པའི་སྟོང་གཟུགས་དང༌། འགྱུར་མེད་གྱི་ཐིག་ལེ་ལ་ལྟ་བ་རྣམས་ཡིན་ནོ། །དགུ་པ་ནི། སོར་བསམ་དབྱིབས་ཀྱི་རྣལ་འབྱོར་ཏེ་གཟུགས་བརྙན་བསྒྲུབ་པའི་ཕྱིར་དང༌། སྲོག་འཛིན་སྔགས་ཀྱི་རྣལ་འབྱོར་ཏེ། རླུང་དག་པར་བྱེད་པའི་ཕྱིར་དང༌། རྗེས་དྲན་


TNT04_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྣལ་འབྱོར་ཏེ་རྣམ་པ་ཐམས་ཅད་ལ་དམིགས་པས་བདེ་བ་དང༌། དེ་ལས་མི་རྟོག་པ་མཐར་ཕྱིན་པའི་སྟོང་ཉིད་རྟོགས་པའི་ཕྱིར་དང༌། ཏིང་ངེ་འཛིན་དག་པའི་རྣལ་འབྱོར་ཏེ། སྒྲིབ་པ་རྣམས་སྤོང་བའི་ཕྱིར་རོ། །ཡང་ན་རྣལ་འབྱོར་བཞི་ནི་སྐུ་བཞིའི་མིང་ཡིན་ཏེ། དེ་རྣམས་སྒྲུབ་པའི་ཕྱིར་རོ། །བཅུ་པ་ནི། ཐོག་དགེ་ནི་རྣལ་འབྱོར་ཏེ་བདེ་བ་ཆེན་པོའི་རིང་རྒྱུའི་ཕྱིར་དང༌། བར་དགེ་ནི་རྗེས་སུ་རྣལ་འབྱོར་ཏེ་སྔ་མའི་འབྲས་བུ་ཡིན་ཞིང༌། བདེ་བའི་རྒྱུ་ཚོགས་གསོག་པའི་ཕྱིར་དང༌། མཐའ་དགེའི་ཕྱེད་སྔ་མ་ནི་ཤིན་ཏུ་རྣལ་འབྱོར་ཏེ། བདེ་བ་མ་གྲུབ་པ་སྒྲུབ་པར་བྱེད་པའི་ཐབས་དངོས་ཡིན་པའི་ཕྱིར་དང༌། ཕྱེད་ཕྱི་མ་ནི་རྣལ་འབྱོར་ཆེན་པོ་སྟེ། བདེ་བ་ཆེན་པོ་གྲུབ་ཟིན་འཕེལ་བའི་ཕྱིར་རོ། །བཅུ་གཅིག་པ་ནི། སྤྲུལ་སྐུ་ལམ་དུ་བྱེད་པ་སོར་བསམ་གཉིས། ལོངས་སྐུ་ལམ་དུ་བྱེད་པ་སྲོག་འཛིན་གཉིས། ཆོས་སྐུ་ལམ་དུ་བྱེད་པ་རྗེས་དྲན། ལྷན་ཅིག་སྐྱེས་པའི་སྐུ་ལམ་དུ་བྱེད་པ་ཏིང་ངེ་འཛིན་ནོ། །བཅུ་གཉིས་པ་ནི། སོར་སྡུད་དང་བསམ་གཏན་སྐུ་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་སྟོང་གཟུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། སྲོག་རྩོལ་དང་འཛིན་པ་ནི་གསུང་རྡོ་རྗེ་སྒྲུབ་


TNT04_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབས་ཀྱི་རྣལ་འབྱོར་ཏེ། སངས་རྒྱས་ཀྱི་གསུང་ནི་གཞོམ་མེད་ཀྱི་ནཱ་ད་ཉིད་སྒྲ་སྐད་ཐམས་ཅད་དུ་འཆར་བ་ཡིན་པའི་ཕྱིར་དང༌། རྗེས་དྲན་ནི་ཐུགས་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། རྒྱལ་བའི་ཐུགས་ནི་སྟོང་ཉིད་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་དང༌། ཏིང་ངེ་འཛིན་ནི་ཡེ་ཤེས་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རྡོ་རྗེ་ནི་དོན་དམ་པའི་བདེ་ཆེན་ཉིད་ཡིན་པས་སོ། །སྐུ་བཞི་དང་རྡོ་རྗེ་བཞི་ཡང་ཕལ་ཆེར་དོན་གཅིག་པས་ཡན་ལག་དྲུག་སྐུ་བཞིའི་ལམ་ཡིན་པའི་རྒྱུ་མཚན་ཡང་དེ་རྣམས་ཉིད་དོ། །དེ་ལྟར་རབ་དབྱེ་བཅུ་གཉིས་པོ་འདི་རྣམས་ལས་སྤྲོས་ཏེ་བཤད་ན་མང་དུ་འབྱུང་མོད་ཀྱི། སྙིང་པོ་ཙམ་ཞིག་སྨོས་པ་ཡིན་ནོ། །གཞན་ཡང་འཆད་པར་འགྱུར་བའི་གྲངས་ངེས་ཀྱི་དབྱེ་བ་རྣམས་ཀྱང་དབྱེ་བསྡུའི་སྐབས་འདིར་འབྲེལ་བ་ཡིན་ལ། རྒྱ་བོད་ཀྱི་གྲུབ་ཆེན་ཤིང་རྟ་ཆེན་པོ་གཞན་གྱིས་བཤད་པའི་ལམ་རྣམས་ཀྱང་འདིར་འདུས་པ་ཡིན་ཏེ། རེ་ཞིག་ཀླུ་སྒྲུབ་ཡབ་སྲས་ཀྱིས་ལམ་སྲོལ་ཕྱེ་བར་གྲགས་པའི་རིམ་ལྔ་སྤྱོད་བསྡུས་སོགས་ལས་འབྱུང་བའི་ལམ་རིམ་དང་སྦྱར་ན། སོར་བསམ་གཉིས་ནི་ལུས་དབེན་ཏེ། བདེ་སྟོང་ཕྲ་མོའི་མཐུ་ལས་མ་བརྟགས་པར་ཤར་བའི་ལྷ་སྐུ་ཡིན་པས་སོ། །སྲོག་སྩོལ་


TNT04_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ངག་དབེན་རྡོ་རྗེའི་བཟླས་པ་ཡིན་པ་རྟོགས་སླ་ལ། འཛིན་པ་ནི་སེམས་དབེན་རྒྱས་པ་མཐར་ཐུག་པ་སྟེ་ཁམས་ལྔ་ཐིམ་རིམ་གྲགས་ཆེ་ཤོས་དེ་དང༌། མཉམ་བཞག་ཏུ་རང་བཞིན་བརྒྱད་ཅུའི་རྣམ་རྟོག་ཐིམ་པའི་གནས་སྐབས་ཐོག་མ་ཡིན་པ་དང༌། སྣང་གསུམ་གྱི་ཡེ་ཤེས་ཤིན་ཏུ་གསལ་བ་ཐོག་མར་ཐོབ་པའི་སྐབས་ཡིན་པས་སོ། །རྗེས་དྲན་ནི་སྒྱུ་ལུས་ཀུན་རྫོབ་བདེན་པའི་རིམ་པ་ཤིན་ཏུ་རྒྱས་པ་སྟེ། རླུང་སེམས་ཙམ་གྱི་ཡེ་ཤེས་ལྷའི་འཁོར་ལོ་ལ་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །ཏིང་ངེ་འཛིན་ཡང་འོད་གསལ་དོན་དམ་བདེན་པའི་རིམ་པ་ཤིན་ཏུ་རྒྱས་པ་ཡིན་ཏེ། མངོན་པར་བྱང་ཆུབ་པ་རྒྱུ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་འབྲས་བུ་ནི་ཟུང་འཇུག་གི་རིམ་པ་ཡིན་ཏེ་འཆད་པར་འགྱུར་རོ། །དེ་བཞིན་དུ་སམྦུ་ཊི་ལ་སོགས་པའི་རྒྱུད་དོན་སློབ་དཔོན་ནག་པོ་སྤྱོད་པས་བཀྲལ་བའི་དགོངས་དོན་དང་སྦྱར་ན། དང་པོ་གཉིས་ནི་རྩ་དག་བྱེད་ཡིན་པས་རྒྱུད་ཀྱི་རིམ་པ་དང༌། སྲོག་རྩོལ་དང་འཛིན་པའི་ཕྱེད་སྔ་མ་ནི་རླུང་དག་བྱེད་དང༌། རྫས་ཀྱི་གཏུམ་མོ་འབར་བའི་ལམ་ཡིན་པའི་ཕྱིར་སྔགས་ཀྱི་རིམ་པ་དང༌། འཛིན་པའི་ཕྱེད་ཕྱི་མ་དང༌། རྗེས་དྲན་ནི་ཞུ་བདེ་ཤིན་ཏུ་བརྟན་པར་བྱེད་པའི་ཕྱིར། ཡེ་ཤེས་ཀྱི་རིམ་པ་དང༌། ཏིང་ངེ་འཛིན་ནི་གཉིས་


TNT04_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་ཕྱིར་གསང་བའི་རིམ་པའོ། །དེ་བཞིན་དུ་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པའི་གཞུང་གི་རིམ་ལྔ་དང་སྦྱར་ན། ས་བོན་དང་བཅས་པའི་བདག་བྱིན་བརླབ་པ་ནི་དང་པོ་གཉིས་དང༌། ས་བོན་མེད་པའི་བདག་བྱིན་བརླབ་པ་ནི་སྲོག་རྩོལ་དང༌། སྣ་ཚོགས་རྡོ་རྗེའི་རིམ་པ་ནི་འཛིན་པ་དང༌། ནོར་བུ་འགེངས་པ་དང་ཛཱ་ལནྡྷ་རའི་རིམ་པ་ནི་རྗེས་དྲན་དང༌། བསམ་མི་ཁྱབ་ཀྱི་རིམ་པ་ནི། ཏིང་ངེ་འཛིན་འབྲས་བུར་བཅས་པའོ་ཞེས་མཁས་པ་འགའ་ཞིག་བཞེད་པ་དམིགས་པ་རྣམས་ཕྱོགས་མཚུངས་པའི་རིམ་པ་སྦྱར་བ་ཡིན་ལ། ས་ལམ་གྱི་རིམ་པ་དང་སྦྱར་ན་འདི་ལས་ཅུང་ཟད་མི་འདྲ་བའི་ཚུལ་གྱིས་སྦྱར་ན་ལེགས་པར་འགྱུར་བ་ཡང་ཡོད་དོ། །དེ་བཞིན་དུ་ཕྱག་རྒྱ་བཞིའི་རིམ་པས་འཁྲིད་པ་སོགས་ཀྱང་འདིར་འདུས་ཏེ། དམིགས་པ་སྐྱོང་ཚུལ་དང་ཡན་ལག་དྲུག་པོ་རྗེས་མཐུན་པ་བསྒོམ་ཚུལ་དང་སྦྱར་ན་གོ་རིམ་མ་ངེས་པ་ནི་ཡོད་ཀྱི། ཡེ་ཤེས་རྒྱུད་ལ་སྐྱེ་བའི་གོ་རིམ་ནི། འདི་ཁོ་ནར་ངེས་པ་ཡིན་ལ། དེ་དག་དང་འདི་དགོངས་པའི་གནད་ནི་གཅིག་པ་ཁོ་ན་ཡིན་མོད་དངོས་བསྟན་ཚིག་ཟིན་གྱི་དབང་དུ་བྱས་ན། རིམ་ལྔ་ལ་སོགས་པ་དེ་དག་ཐམས་ཅད་མ་ཚང་བ་མེད་པ་རྡོ་རྗེའི་རྣལ་འབྱོར་འདི་


TNT04_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཤིང༌། འདིའི་ལམ་དང་འབྲས་བུ་མཐའ་དག་དེ་རྣམས་ལ་མ་རྫོགས་པར་མངོན་ནོ། །དེས་ན་ཡན་ལག་དྲུག་པོ་ལ་ཡང་རིམ་ལྔ་རིམ་བཞི་སོགས་ཀྱིས་བསྡུ་བའི་རྣམ་གཞག་མཛད་པ་རྣམས་ཀྱང་འཐད་པ་ཁོ་ན་ཡིན་ནོ། །གསུམ་པ་དབྱེ་བ་དེ་རྣམས་ཀྱི་དོན་བཤད་པ་ནི། དེ་ལ་སྤྱིར་མ་དག་པའི་རྩ་རླུང་ཐིག་ལེའི་བྱེད་པ་བཅིངས་པས། གདོད་ནས་རྣམ་པར་དག་པའི་རྡོ་རྗེ་བཞི་མཐོང་བ་ནི། རྡོ་རྗེའི་རྣལ་འབྱོར་གྱི་ཐབས་ལ་རགས་ལས་ཤིང༌། དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དང༌། གྲུབ་པའི་དབང་ཕྱུག་ཐམས་ཅད་ཀྱིས་ལེགས་པར་བསྟན་པ་ཡིན་པས་དགོངས་པ་ནི་གཅིག་ལ། འོན་ཀྱང་གབ་ཅིང་མི་གསལ་བ་མང་དུ་ཡོད་དེ། བླ་མ་དམ་པའི་ཞལ་ལ་རག་ལས་པར་མཛད་པ་ལས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང༌། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ན་ནི་མ་སྦས་པར་ཤིན་ཏུ་གསལ་ཞིང་རྒྱས་པར་བསྟན་པས་རྒྱུད་རྒྱལ་འདི་ཉིད་གཞན་བས་མཆོག་ཏུ་གྱུར་པའང་ཡིན་པས། དྲི་མེད་འོད་ལས་ཀྱང༌། གང་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་ནི་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མ་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མ་ཤེས་པ་དེས་


TNT04_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ།། དེ་ལྟར་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང༌། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ། །ཞེས་གསུངས་སོ། །དེ་ལ་དང་པོ་སོ་སོར་སྡུད་པ་མདོ་ཙམ་བཤད་ན། རྣམ་པར་མི་རྟོག་པ་ཡིན་པ་ལས། དེ་ཡང་རྣམ་རྟོག་བཀག་ཙམ་གྱི་མི་རྟོག་པའི་སེམས་ནི་མ་ཡིན་ཏེ། གདོད་ནས་རང་བཞིན་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཉིད་གང་ཡིན་པ་དེ་ལ་བཟོ་བཅོས་མེད་པའི་ཚུལ་དུ་བཞག་པས་རྐྱེན་རྣམ་རྟོག་གི་རབ་རིབ་འགགས་ཏེ། ཡེ་ཤེས་གདོད་མ་ནས་ལྷུན་གྱིས་གྲུབ་པ་དེ་ཉིད་ལ་གནས་པ་ཡིན་ཏེ། རིག་པའི་ཡེ་ཤེས་ཉིད་ཀྱང་མ་རིག་པའི་ཆོས་ཉིད་ཡིན་པའི་ཕྱིར། རིག་པ་དེ་ཉིད་ལ་མཉམ་པར་བཞག་པས་མ་རིག་པ་རང་ཡལ་དུ་འགྱུར་ལ། མ་རིག་པ་ནི་རྣམ་པར་རྟོག་པ་སྟེ་དེ་ཉིད་དབང་དུ་བསྡུས་ཤིང་བཅིངས་པས་ཀྱང་རིག་པའི་ཡེ་ཤེས་མངོན་དུ་འགྱུར་བའོ། །དེ་ཡང་ཕྱི་རོལ་ཀྱི་ནམ་མཁའི་རྣམ་པ་སེམས་ལ་ཤར་བས་རྐྱེན་བྱས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་


TNT04_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་སྟོང་ཉམས་ཀྱི་སྣ་འདྲེན་པ་ཡིན་ནོ། །མི་རྟོག་པའི་སེམས་སྤྲོས་བྲལ་དུ་རང་ཤར་བ་དེ་ནི་ནང་གི་ནམ་མཁའ་སྟེ། སོར་སྡུད་ཀྱི་དམིགས་པའི་ཡུལ་གཙོ་བོ་ནི། ནང་གི་ནམ་མཁའ་དང་ཡན་ལག་ནི་ཕྱིའི་ནམ་མཁའ་འོ། །དེ་ཡང་རྒྱུད་ལས། ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡི་བགྲད་པའི་མིག་གིས་ཞེས་ཉིན་མོའི་རྣལ་འབྱོར་གྱི་སྐབས་སུ་ཕྱིའི་ནམ་མཁའ་སྨོས་པས། མཚན་མོའི་རྣལ་འབྱོར་ལ་ཡང་དོན་གྱིས་གོ་བ་དང༌། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་ཞེས་ནང་གི་ནམ་མཁའ་སྨོས་པས། ཉིན་མོའི་རྣལ་འབྱོར་ལ་ཡང་གོ་དགོས་ཏེ། དེ་ལྟར་ན། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ།། ཞེས་གསུངས་སོ། །འདི་ལ་མན་ངག་གི་རྗེས་སུ་འབྲང་བའི་དམ་པ་ཁ་ཅིག་ན་རེ། ཕྱི་རོལ་ནམ་མཁའ་མ་ཡིན་ཏེ། །ནང་གི་ནམ་མཁའི་དབུས་གནས་པར། །མི་རྟོག་པ་ལ་མཉམ་བཞག་ན། །མ་བརྟགས་རྨད་བྱུང་བདེ་བ་འཆར། །ཞེས་གསུངས་ཏེ་དོན་དང་མཐུན་ནོ། །འོ་ན་རྩ་རྒྱུད་ལས། དུང་ཅན་མ་ནི་ཕྱག་རྒྱ་ཆེ། །དེ་ནི་གཏུམ་མོར་རབ་ཏུ་བརྗོད། །ལྟེ་བའི་སྟེང་དུ་གཡུང་མོ་ནི། ཨ་ཝ་དྷཱུ་ཏཱི་མི་ཡི་སྣ། །ཞེས་གསུངས་ཤིང༌། སྣ་དེ་ཡི་ནི་ཕྱོགས་སུ་ཡང༌། །གང་ཞིག་ཁོ་ནར་ཡིད་


TNT04_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ།། མཚན་མའི་མཐའ་མར་རེ་ཁཱ་གང༌། །ཞེས་སོགས་བཤད་པས། རྩ་ཨ་ཝ་དྷཱུ་ཏཱིའི་དབྱིབས་གཟུགས་ཁ་དོག་རྣམ་པར་རྟོག་པས་བསྒོམས་ཏེ། དེའི་སྨིན་མཚམས་ཀྱི་སྣ་རྩེར་སེམས་གཏོད་དགོས་པས་མ་ཡིན་ནམ། མི་རྟོག་པ་ལ་བཞག་པས་ཨ་ཝ་དྷཱུ་ཏཱིའི་སྣ་རྩེ་ལ་ཡིད་བཀོད་པ་ཇི་ལྟར་འགྱུར། དེ་ཙམ་གྱིས་དེར་འགྲོ་ན་མུ་སྟེགས་བྱེད་དང༌། ཧྭ་ཤང་མཧཱ་ཡ་ནའི་ལུགས་སོགས་ཀྱང་སོར་སྡུད་དུ་ཐལ་བར་འགྱུར་རོ་ཞེས་ཟེར་ཞིང༌། དེ་རྣམས་ཉིད་ཀྱི་རང་ལུགས་ལ་སྨིན་མཚམས་སུ་རྩ་དབུ་མའི་བུ་ག་དང་དེ་བ་སྨྱུག་མ་བཅད་ཁའི་ཁོང་སྟོང་ལྟ་བུ་ལ་སེམས་གཏད་ནས། དེ་དག་བདེན་མེད་དུ་འདུ་ཤེས་པ་དང་བཅས་པས་བསྒོམ་པར་འདོད་དེ། དེ་དག་ནི་ཡང་དག་པའི་སྒོམ་པ་ལ་ཁོང་འཁྲུགས་ཤིང༌། ངེས་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ། །དེ་དག་ལ་སྨྲས་པ། མུ་སྟེགས་བྱེད་མང་པོ་ཞིག་ཀྱང་རྟོག་དཔྱོད་ཀྱི་སྒོམ་བྱེད་པ་ཁྱེད་དང་མཚུངས་པའང་ཡོད་མོད་ཀྱི། འགའ་ཞིག་ལ་ནི་རྩ་ཨ་ཝ་དྷཱུ་ཏཱིའི་རྣམ་པ་ཡིད་ལ་བྱས་ནས། དེ་ལ་གནད་དུ་སྣུན་པའི་ཚུལ་གྱིས་བསྒོམ་པ་དང༌། རྟགས་ཅི་རིགས་པ་ཐོན་པའང་ཡོད་པས། ཁྱེད་ཅག་དང་དེ་དག་ཕལ་ཆེར་འདྲ་བ་ལས་རྟགས་མངོན་གྱུར་གྱི་སྒོ་ནས་དེ་དག་མཆོག་


TNT04_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱུར་ལ། ཁྱད་པར་ལྷག་མ་དེ་དག་དང་ཁྱེད་མཚུངས་ཀྱི་ཁོ་བོ་ཅག་མ་ཡིན་ནོ། །མུ་སྟེགས་ཁ་ཅིག་མི་རྟོག་པ་སྒོམ་པའང་ཡོད་མོད་ཀྱི། དེ་དག་ཀྱང་ལྟ་སྤྱོད་གཞན་གྱི་སྒོ་ནས་ནོར་བ་ཡིན་གྱི། མི་རྟོག་པའི་སྒོ་ནས་སྐྱོན་དུ་གྱུར་པ་ནི་མ་ཡིན་ནོ། །ཧྭ་ཤང་མཧཱ་ཡ་ན་ཡང་རྣམ་པ་ཀུན་ཏུ་འཁྲུལ་པ་མ་ཡིན་ལ། རྒྱལ་པོའི་བཀའ་ཁྲིམས་ཀྱིས་བཀག་པ་ཙམ་ཀྱིས་གྲུབ་མཐའ་ནོར་བར་ག་ལ་འགྱུར་ཞིང༌། ཀ་མ་ལ་ཤཱི་ལའི་སྒོམ་རིམ་ཐ་མར་བཤད་པའི་ལུང་རིག་གི་གནོད་བྱེད་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་དེའི་ལུགས་ལ་འཇུག་པ་ཁོ་ན་ཡང་མ་ཡིན་པའི་ཕྱིར་དང༌། དེ་ཉིད་ཀྱི་ལུགས་ལ་ལུང་རིག་གི་སྒྲུབ་བྱེད་རྣམ་པར་དག་པའང་ཅི་རིགས་པ་ཡོད་པའི་ཕྱིར་དང༌། རྩོད་པ་ཕམ་པ་ཡང་གྲུབ་མཐའ་ནོར་བའི་སྐྱོན་ཡིན་པར་མ་ངེས་ཏེ། རྒོལ་བ་མི་མཁས་པ་དང་སྟེས་དབང་གིས་ཀྱང་རྩོད་པ་ཕམ་པ་འབྱུང་བའི་ཕྱིར་རོ། །དེ་བས་ན་གཞན་གྱི་གྲུབ་མཐའི་རང་ལུགས་གསལ་བར་མི་ཤེས་བཞིན་དུ་དེ་དང་འདི་མཚུངས་སོ་ཞེས་ཅི་བརྟོལ་དུ་སྨྲ་བར་མི་བྱ་བ། གནོད་བྱེད་གཞན་མེད་ན་དེ་དག་དང་མཚུངས་པ་ཙམ་གྱིས་སྐྱོན་ཡོན་གང་དུའང་མི་འགྱུར་རོ། །གཞན་ཡང་ཁྱེད་ཀྱི་འདོད་པ་དེ་ཙམ་གྱིས་རྩ་དབུ་མ་ལ་གནད་དུ་བསྣུན་པར་ཡང་མི་འགྱུར་ལ། ཆོས་དབྱིངས་


TNT04_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ལ་སྒོམ་པར་ཡང་མི་འགྱུར་ཏེ། ཡིད་ཀྱི་བཀོད་པ་བློས་བཅོས་པའི་རྣམ་འགྱུར་ཙམ་ཡིན་པའི་ཕྱིར་དང༌། ཀུན་ཏུ་བཏགས་པའི་མཚན་མོ་ཡིད་བྱེད་ཙམ་ཡིན་པའི་ཕྱིར་རོ། །ཡང་འདི་སྙམ་དུ་བསྒོམ་བྱ་རྣམ་རྟོག་ཡིན་ཀྱང་ལུས་དང་རྗེས་སུ་འབྲེལ་བས་སོ་སྙམ་ན། དེ་ལྟ་ན་ཡང་རྫས་ཀྱི་རྩ་དབུ་མ་ལ་གནད་དུ་རེག་པའི་སྐབས་ཅུང་ཟད་སྲིད་དུ་ཆུག་ཀྱང་ཡེ་ཤེས་ཀྱི་དབུ་མའི་ཕྱོགས་སུ་མ་ཕྱིན་ལ། སེམས་འགྲེལ་རྣམས་ལས་ཡིག་འབྲུ་ཐིག་ལེ་སོགས་རྟོག་པས་སྒོམ་པ་སྨད་ནས། ནམ་མཁའ་ལ་སྒོམ་པ་བསྔགས་ན། ཁྱེད་ཀྱི་ལྟར་ནམ་མཁའ་དེ་རྩ་ནང་གི་སྦུགས་སྟོང་རྟོག་པས་བསྒོམས་པ་དེ་ལ་ངོས་འཛིན་ན་ནི། ཡང་ན་སེམས་འགྲེལ་མི་འཐད་པར་འགྱུར་ཞིང༌། འཐད་ན་ཡིག་འབྲུ་ཐིག་ལེ་སོགས་ཡོད་པའི་རྩ་དབུ་མ་བསྒོམས་པ་ལས། དེ་དག་མེད་པའི་དབུ་མ་སྟོང་པ་བསྒོམས་པ་ཆེས་ཟབ་པར་འགྱུར་བས་ཤིན་ཏུ་བཞད་གད་ཀྱི་གནས་སོ། །དེས་ན་འདིར་རང་ལུགས་ནི། མི་གཡོ་བ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས། སེམས་ནི་བཅིངས་པར་གྱུར་པ་ཡིས། །རླུང་ཡང་འཆིང་བར་འགྱུར་པའོ། །ཞེས་གསུངས་པ་དང༌། བྲམ་ཟེ་ཆེན་པོས་ཀྱང༌། མཁའ་འདྲར་བྱས་ན་རླུང་ནི་རབ་ཏུ་འཆིང༌། །མཉམ་ཉིད་རབ་ཏུ་རྟོགས་ན་རྣམ་པར་གྲོལ།


TNT04_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་རྣམས་ཀྱི་དགོངས་པ་དང། རྩའི་སྣ་རྩེར་ཡིད་བཀོད་པ། ཞེས་བཤད་པ་ཡང༌། བླ་མ་དམ་པ་རྣམས་ཀྱི་མན་ངག་ལས། སྣ་རྩེ་གསུམ་གཅིག་ཏུ་བསྡུ་བའི་གདམས་ངག་ཅེས་བཤད་པ་དེ་ཁོ་ན་ཡིན་ཏེ། བྱེད་བཅིངས་ཁྱད་པར་ཅན་གྱི་གནད་ལྟ་སྟངས་ལ་སོགས་པ་དང༌། ནང་གི་ནམ་མཁའ་ལ་མཉམ་པར་བཞག་པ་གཉིས་འཛོམ་པས། དེའི་རྗེས་ཐོགས་སུ་རླུང་ཕྲ་མོ་ཅུང་ཟད་དབྱིངས་སུ་ཐིམ་པར་འགྱུར་ལ། དེ་ཐིམ་པའི་རྐྱེན་ལས་ཐོབ་པའི་ཤེས་པ་བདེ་བ་ཕྲ་མོ་ཅན་ནང་གི་ནམ་མཁའ་དང་འདྲེས་པ་དེ་ནི་དེ་མ་ཐག་རླུང་དབུ་མར་སྡུད་པའི་ནུས་པ་ཅན་ཡིན་པ་དང། དབང་ཡུལ་ཐ་མལ་བའི་འབྲེལ་བ་འཕྲལ་དུ་གཅོད་པ་དང༌། རྟགས་བཅུ་སོགས་གསལ་བར་མཐོང་བའི་ནུས་པ་ཅན་ཡིན་ནོ། །ཅི་སྟེ་སྟོང་གཟུགས་ལ་མཉམ་པར་འཇོག་ནུས་ན་དེ་ནི་ཕྱིར་དང༌། ལུས་གཞན་ལ་ཤར་བ་ལྟར་སྣང་ཡང་དངོས་གནས་ལ་དོན་དམ་པའི་རྩ་དབུ་མ་ལ་ཤར་བ་ཡིན་པས། དེ་ཉིད་ལ་མཉམ་པར་བཞག་པས་ལུས་སེམས་དབུ་མར་སྡུད་པའི་མཆོག་ཡིན་ནོ། །དེ་དག་གི་གྲོགས་ཕྱིའི་རྐྱེན་དུ་སངས་རྒྱས་ཉིད་ནས་བརྩམས་ཏེ་རྒྱུན་མ་ཆད་པར་ལམ་འདི་ཉིད་ཀྱི་ཉམས་མྱོང་སྐྱེས་པའི་བླ་མ་དམ་པའི་བྱིན་བརླབས་འཇུག་པ་དགོས་ཤིང༌། དེ་


TNT04_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཞན་རྐྱེན་ལ་བརྟེན་པའི་རྡོ་རྗེ་འབེབས་པ་ཡིན་ལ། དེའི་རྐྱེན་གྱིས་རང་རྒྱུད་ལ་གནས་པའི་ལྷ་རྣམས་དགྱེས་པས་ཡེ་ཤེས་ཀྱི་རྡོ་རྗེ་འབེབས་པར་འགྱུར་ཏེ། སོར་སྡུད་ཀྱི་དང་པོ་ནས་བརྩམས་ཏེ་ཏིང་ངེ་འཛིན་རྫོགས་པའི་མཐར་ཐུག་པར་རྡོ་རྗེ་འབེབས་པའི་བྱིན་རླབས་གོང་འཕེལ་དུ་འགྲོ་བ་ཡིན་ནོ། །དེ་ལྟར་ན་རྡོ་རྗེ་འབེབས་པ་དང༌། རླུང་ཕྲ་མོ་དབྱིངས་སུ་ཡལ་བ་ལས་སྐྱེས་པའི་བདེ་སྟོང་དང༌། བྱེད་བཅིངས་རྣམ་པར་དག་པ་སྟེ་གསུམ་འཛོམ་པ་ལས་ཡེ་ཤེས་ཀྱི་རྩ་རབ་ཏུ་རྒྱས་པར་བྱེད་ཅིང༌། ཀུན་རྫོབ་རྗེས་ཀྱི་རྩ་ལམ་སྦྱངས། རྩ་མདུད་ལྷོད་པོར་འགྱུར། གཟུངས་འཛིན་གྱི་རླུང་ཡང་ཆ་ཤས་ནས་དབུ་མར་ཐིམ། རྫོགས་པའི་རིམ་པའི་ཡེ་ཤེས་དངོས་རྒྱུད་ལ་སྐྱེ་བ་ཡིན་ཀྱི། བློ་རྣམ་རྟོག་གིས་བཀོད་པའི་རྩ་ཡིག་འབྲུ་ཐིག་ལེ་སོགས་ཐ་མལ་གྱི་ལུས་ཉེ་ཚེ་བ་འདིའི་སྟེང་དུ་བསྒོམས་པས་རགས་པ་རྫས་ཀྱི་རྩ་ཙམ་ལ་གནད་དུ་རེག་པ་ནི་སྲིད་ཅིང༌། དེ་ལས་རིང་ཞིག་ལོན་པའི་དུས་འགའ་ཞིག་ན་རྫོགས་པའི་རིམ་པའི་ཡེ་ཤེས་ཀྱི་སྣ་འདྲེན་བྱེད་པ་ཙམ་ཡང་ཡོད་སྲིད་ཀྱང༌། དེ་ཉིད་ངེས་དོན་དང་ཟབ་ལམ་མཐར་ཐུག་དངོས་ཡིན་པར་འཛིན་པ་ནི། བློ་གྲོས་ཆེན་པོར་མངོན་པའི་ང་རྒྱལ་གྱིས་ཁེངས་


TNT04_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་བློ་ཆུང་མཐར་ཐུག་པའི་རང་མཚང་སྟོན་པར་ཟད་དེ། རྨོངས་པ་འགའ་ཞིག་ཛམྦི་རའི་འབྲས་བུ་ལ་ནོར་བུར་འཛིན་པ་དང་འདྲའོ། །ཡང་རང་རྒྱུད་ཀྱི་ལྷ་ནི་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ནི་ཤེས་བྱ་ཀུན་ཁྱབ་ཡིན་ན་སྒྲུབ་པ་པོ་གཅིག་གི་ལུས་ངག་ཡིད་གསུམ་ལ་ཇི་ལྟར་འབེབས་སྙམ་ན། ཁྱབ་བྱེད་ལྷ་དེ་ནི་ཀུན་ཁྱབ་ཡིན་ཡང༌། ཁྱབ་བྱ་སེམས་ཅན་སོ་སོ་ཀུན་ཁྱབ་མ་ཡིན་པས་གཅིག་ལ་ཕེབས་ཤིང་གཞན་ལ་མི་ཕེབས་པ་མི་འགལ་ལ་སྒྲུབ་པ་པོ་དེའི་ལུས་ངག་ཡིད་གསུམ་གྱིས་སློབ་དཔོན་མཉེས་པར་བྱས་པ་སོགས་ལས་བླ་མའི་བྱིན་རླབས་དེའི་ལུས་ངག་ཡིད་གསུམ་ལ་ཞུགས་པ་ན། དེའི་སྒོ་གསུམ་གྱི་སྒྲིབ་པ་ཅུང་ཟད་བསྲབས་པས། མཚམས་ཐད་དེ་ཀ་ནས་ཀུན་ཁྱབ་ཀྱི་ལྷའི་འོད་དམ་སྣང་བ་ཅུང་ཟད་ཤར་བ་ནི། དོན་དམ་ལྷའི་རྡོ་རྗེ་འབེབས་པ་ཡིན་ལ། དངོས་པོར་ན་དེ་ལྟར་ཡིན་ཀྱང་རྣལ་འབྱོར་ཅན་ཆེན་པོར་རང་ངམ་གཞན་འགའ་ཞིག་གི་ཏིང་ངེ་འཛིན་གྱིས་སྤྱོད་ཡུལ་གྱི་སྣང་བ་ལ་ཆོས་ཉིད་ཀྱི་ལྷ་དེ་སྒྲུབ་པ་པོ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་གནས་ཏེ། ལམ་བསྒོམས་པས་དེ་སྟོབས་ཇེ་འཕེལ་དུ་སོང་བ་ལྟར་གྱུར་ནས། དེས་བྱིན་གྱིས་རློབ་པའི་


TNT04_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་འཆར་བ་ཡང་ཡིན་ནོ།། འོ་ན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་བླ་མའི་བཀས་གྲོལ་བར་འདོད་པ་བཀག་པ་མ་ཡིན་ནམ། བྱིན་རླབས་ཀྱི་མཐུ་ལས་རླུང་དབུ་མར་ཇི་ལྟར་འགག་སྙམ་ན། དེ་ནི་ཕྱག་རྒྱ་གསུམ་གྱི་སྒྲུབ་པ་སོགས་གང་ཡང་མེད་པར། བླ་མའི་སྨོན་ལམ་མམ་བྱིན་རླབས་ཁོ་ནས་གྲོལ་བར་འདོད་པ་བཀག་པ་ཡིན་གྱི། དང་པོར་བྱིན་རླབས་ཞུགས་པས་ལམ་གྱི་སྣ་འདྲེན་པ་དང༌། དེ་ནས་བྱིན་རླབས་ཀྱི་སྟོབས་ཀྱིས་ལམ་མྱུར་དུ་བགྲོད་པ་མི་འགོག་པར་མ་ཟད་ཤིན་ཏུ་ཆེས་ཆེར་བསྔགས་པར་ཡང་མཛད་དེ། ཡིད་ཆེས་གསུམ་ལྡན་བཤད་པ་དང༌། འདི་སྐད་དུ། སློབ་མ་དམ་པ་རྣམས་ལ་ལམ་དག་ནི། བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། རྒྱས་པར་དོན་དམ་བསྙེན་པ་ལས་ཀྱང་བལྟ་བར་ བྱའོ། །དེས་ན་དེ་འདྲ་ནི་འདིར་མ་ཟད་རྡོ་རྗེ་ཐེག་པ་སྤྱིའི་ལུགས་ཡིན་ལ། སྔགས་ཀྱི་ཐེག་པ་མཐའ་དག་ཏུ་མ་ཟད་ཐེག་པ་ཆེ་ཆུང་མཐའ་དག་ལ་དགོས་ཏེ། མུ་སྟེགས་བྱེད་དང་ཐེག་པ་འོག་མ་རྣམས་ལའང་མི་རྟོག་པ་ཙམ་ཡོད་ལ། དེས་སྐྱོན་དུ་གྱུར་པའང་མ་ཡིན་མོད་ཀྱི། འོན་ཀྱང་སངས་རྒྱས་སྒྲུབ་པའི་ཉེ་ལམ་དུ་མི་འགྱུར་མོད།


TNT04_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སངས་རྒྱས་སྒྲུབ་པའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན་འགྱུར་བའི་གནད་ནི། གོང་དུ་བཤད་པའི་གནད་གསུམ་པོ་དེ་འདི་ལ་ཚང་ལ། དེ་རྣམས་ལ་ནི་ཕལ་ཆེར་ལ་གནད་གསུམ་ཀར་མེད་ལ། འགའ་ཞིག་ལ་བྱེད་བཅིངས་ཙམ་ཡོད་ཀྱང་གཞན་རྣམས་མེད་པས་སོ། །གཞན་ཡང་འདི་དག་ལ་མང་དུ་སྤྲོར་ཡོད་ཀྱང། ད་ནི་ཤིན་ཏུ་སྤྲོས་པས་ཆོག་གོ །དེ་ལྟར་ན་སོ་སོར་སྡུད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་མདོ་ལུགས་ཀྱི་མན་ངག་གི་གནད་ཐམས་ཅད་ཚང་བ་ལ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཤེར་ཕྱིན་གྱིས་བརྒྱན་པ་ཡིན་པས། ལུགས་འདིའི་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བུའི་སོར་སྡུད་ལ་དབྱེ་ན། གོང་དུ་བསྟན་པ་ལྟར་རྟགས་ལྔའི་དབྱེ་བས་ལྔ་ཡོད་པ་ལས། ནམ་མཁའ་སྤྲིན་མེད་པའི་རྟགས་ལས་ཕྱེ་ན། ཉིན་རྟགས་དྲུག་དང༌། སྣ་ཚོགས་གཟུགས་བརྙན་ནོ་དེ་རྣམས་རིམ་གྱིས་མཐོང་བར་འགྱུར་བའི་ཕྱིར། རྟགས་ཀྱི་དབྱེ་བས་བཅུ་གཅིག་དང༌། ཀུན་གྱི་ཐོག་མར་དེ་རྣམས་འཆར་བའི་གཞི་ནང་གི་ནམ་མཁའ་ཙམ་ལ་བློ་གནས་པ་ནི་མི་བཟད་མུན་པ་ལྟ་བུའི་ཉམས་ཏེ། མཐོ་དམན་གྱི་དབྱེ་བ་བཅུ་གཉིས་སུ་ཡང་འགྱུར་ལ། ཡང་མདོར་བསྡུས་པའི་དབང་དུ་བྱས་ནས།


TNT04_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོའི་རྣལ་འབྱོར་དང་ཉིན་མོའི་རྣལ་འབྱོར་གཉིས་འབྱུང་བ་ནི། ལམ་འདི་ཉིད་ཁོ་ན་ལ་ཡང་ཐབས་དང་ཤེས་རབ་གཉིས་ཀྱི་ཆ་སྟོན་པ་དང༌། རོ་རྐྱང་གི་རྩ་བཅིང་པ་དང༌། ཞག་གཅིག་ལ་ཉིན་དང་མཚན། ཟླ་བ་གཅིག་ལ་དཀར་ཕྱོགས་དང་ནག་ཕྱོགས། ལོ་གཅིག་ལ་ལྷོ་བགྲོད་དང་བྱང་བགྲོད་ལ་སོགས་པ་ཕྱི་འཇིག་རྟེན་ཁམས་དང་དེ་དག་ནང་ལུས་ལ་སྦྱར་བ་རྣམས་ཀྱི་དྲི་མ་སྦྱོང་ཞིང༌། གཙོ་བོར་སྐྱེ་བ་དང་འཆི་བའི་བག་ཆགས་སྦྱོང་བའི་ཕྱིར་ཡིན་ལ། གནས་སྐབས་སུ་མཚན་མོའི་རྣལ་འབྱོར་གྱིས་སྟོང་གཟུགས་སྒྲུབ་སླ་བའི་ཕྱིར་དང༌། དེ་གྲུབ་ནས་ཉིན་མོའི་རྣལ་འབྱོར་ནི་རྩལ་ཕྱོགས་མེད་དུ་སྦྱོང་བའི་ཕྱིར་ཡིན་ནོ། །དེ་ལྟར་སོར་སྡུད་ཐོབ་པའི་གནས་སྐབས་ཀྱི་འབྲས་བུ་ནི། དེ་སྐད་དུ་ཡང༌། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབས། །ཞེས་བདེན་ཚིག་འགྲུབ་པར་བཤད་དོ།། ད་ནི་བསམ་གཏན་གྱི་ཡན་ལག་རྣམ་པར་ངེས་པ་ནི། དབང་མདོར་བསྟེན་གྱི་འགྲེལ་པ་དོན་དམ་བསྡུས་པ་ལས། གཟུགས་ནི་སྣ་ཚོགས་གཟུགས་ཏེ། བསྒོམ་པར་བྱ་བ་ནི་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ་


TNT04_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཤད་པའི་དོན་སོར་སྡུད་ཀྱིས་སྟོང་གཟུགས་མཐོང་བ་བསམ་གཏན་གྱིས་བརྟན་པར་བྱེད་པའོ། །ཞེས་འདོད་པ་ཡོད་ན། བརྟན་པའི་དོན་གང་ལ་བྱེད་ལ་རག་སྟེ། འདིར་ཁ་ཅིག་སྟོང་གཟུགས་འཆར་བ་ཉམ་མི་འགྲོ་བ་ལ་བྱེད་ན། དེ་ནི་སོར་སྡུད་ཉིད་ཀྱིས་གྲུབ་པ་ཡིན་པས་སྐབས་འདིར་བསྐྱར་ཏེ་འཆད་དགོས་པ་མེད་ དོ། །དེས་ན་བརྟན་པའི་དོན་ནི། སྟོང་གཟུགས་འགག་མི་སྲིད་པའི་དོན་ཏེ། གཟུགས་སེམས་དབྱེར་མེད་དུ་རྟོགས་པས་ཇི་སྲིད་སེམས་ཉིད་ཡོད་ཀྱི་བར་དུ་སྟོང་གཟུགས་ཀྱང་ཡོད་པ་ལ་བྱའོ། །མདོར་ན་འདིའི་དམིགས་པའི་ཡུལ་གཙོ་བོ་སྟོང་གཟུགས་ཡིན་ལ། རང་གི་བློ་ངོར་དེ་དང་སེམས་ཉིད་གཅིག་ཏུ་བསྲེ་བཞིན་པ་དང༌། འདྲེས་ཟིན་པའི་གནས་སྐབས་ཐོག་མར་ཐོབ་པ་ནི། བསམ་གཏན་གྱི་རིམ་པའམ་བསམ་གཏན་གྱི་ཡན་ལག་དང་པོར་ཐོབ་པའི་སྐབས་ཡིན་ཞིང༌། དེ་ཡང་སོར་སྡུད་ཀྱི་སྐབས་ཀྱི་ནང་གི་ནམ་མཁའ་དེ་ཁོ་ན་སྟོང་གཟུགས་སུ་ཤར་བ་སྟེ། སྟོང་གཟུགས་དེ་ནི་མཆོག་གི་ནམ་མཁའ་ཞེས་བྱའོ། །དེ་ལྟ་བུའི་བསམ་གཏན་དེ་ལ་དབྱེ་ན་སྣ་ཚོགས་གཟུགས་བརྙན་དང་བཅས་པའི་ཐིག་ལེའི་དབུས་སུ་དུ་རྟགས་ཤར་བའི་སྐབས་དང༌། དེ་བཞིན་དུ་སྨིག་སྒྱུ་ནས་སླར་ཡང་ཐིག་ལེའི་རྟགས་གཉིས་པ་ཤར་བའི་བར་དུ་རིམ་པ་བཅུ་དང༌། རྟགས་བཅུ་པོ་དུས་


TNT04_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཚང་ཞིང༌། སྣ་ཚོགས་གཟུགས་བརྙན་གྱིས་བརྒྱན་པའི་ཐིག་ལེ་ཆེན་པོ་འཕེལ་གྲིབ་བྱེད་པའི་སྐབས་དང༌། དེར་ལོངས་སྤྱོད་རྫོགས་སྐུ་ཤར་བའི་སྐབས་དང༌། རེ་ཁཱ་ནག་པོ་རྗེས་མཐུན་པ་ཤར་བའི་སྐབས་ཏེ། མཐོ་དམའི་རིམ་པ་བཅུ་གཉིས་འབྱུང་ལ། འདི་རྣམས་ཀྱང་དཔྱོད་པའི་ཡན་ལག་རྒྱུད་ལ་སྐྱེས་ཕྱིན་ཆད་ནས་འབྱུང་བས་རྟགས་ཀྱི་དབྱེ་བ་བཅུ་གསུམ་དང༌། ཐོག་མའི་ཤེར་རྟོག་གཉིས་ཏེ། བཅོ་ལྔར་བྱས་ཀྱང་རུང་ངོ༌། །བསྡུ་ན་ཡན་ལག་ལྔར་འདུས་ཏེ། དེ་ཡང་ཤེས་རབ་ཀྱི་ཡན་ལག་གི་རིམ་པ་དང༌། རྟོག་པའི་ཡན་ལག་གི་དང༌། དཔྱོད་པའི་ཡན་ལག་གི་དང༌། དགའ་བའི་ཡན་ལག་གི་དང༌། གཡོ་མེད་བདེ་བའི་ཡན་ལག་གི་རིམ་པ་སྟེ་ཡན་ལག་ལྔ་དང་རིམ་པ་ལྔ་ཡོད་པ་ནི། རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་ པའོ། །ཞེས་གསུངས་ཏེ། དེ་དག་གི་ངོས་འཛིན་འགྲེལ་ཆེན་ལས། དེ་བཞིན་དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་བྱ་བ་ནི་ལྟ་བའོ། །རྟོག་པ་ཞེས་བྱ་བ་ནི་དངོས་པོར་འཛིན་པའོ། །དཔྱོད་པ་ཞེས་བྱ་བ་ནི་དེའི་དོན་ངེས་པར་བྱེད་པའོ། །དགའ་བ་ཞེས་བྱ་བ་ནི་གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ཞེས་བྱ་བ་ནི་གཟུགས་


TNT04_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པའོ། །ཞེས་གསུངས་ཏེ། དེ་ལ་ཤེས་རབ་ནི་འོད་གསལ་རྟགས་བཅུ་ལ་རྩེ་གཅིག་ཏུ་སེམས་པ་ཡིན་ལ། རྟོག་པའི་སྐབས་སུ་སྟོང་གཟུགས་ལ་དངོས་པོའི་མིང་གིས་བཏགས་ཤིང༌། འཛིན་པ་ནི་ཤེས་པའི་དོན་ཏེ། དེའི་མཚན་ཉིད་ཤེས་པ་ཡིན་པས་རྟོག་པའི་ཡན་ལག་ནི་སྟོང་གཟུགས་དེ་རང་གི་སེམས་སུ་ཤེས་པའོ། །རྟོག་པས་ནི་སེམས་སུ་ཤེས་པ་ཙམ་ཡིན་གྱི། རྟོག་པའི་རིམ་པ་འདིར་སེམས་ལས་གཞན་ཏུ་གཏན་ནས་མེད་པར་མཐའ་མ་ཆོད་པ་ལས། དཔྱོད་པས་ནི་དེ་ཡང་ཤེས་པས་དོན་ངེས་པར་བྱེད་པ་ཞེས་གསུངས། དཔྱོད་པས་ནི་སྟོང་གཟུགས་དེ་སེམས་ཉིད་གཅིག་བུ་ལས་གཞན་དུ་ཡུལ་ཡུལ་ཅན་ནམ་གཟུང་འཛིན་ནམ་རྟོག་བྱ་རྟོག་བྱེད་སོ་སོའི་དབྱེ་བ་མེད་པ་ཁོ་ནར་རྟོགས་ཤིང༌། དུ་བའི་སྣང་བ་ལ་དུ་བ་མེད་པ་དང༌། དཀར་པོ་འབར་བ་ལ་དཀར་པོ་མེད་པ་སོགས་གཟུང་བ་དང་བྲལ་བའི་རྟོགས་ཚུལ་དང༌། ཤེས་པའི་ངོ་བོ་རྟོག་བཅས་རྟོག་མེད་སྣ་ཚོགས་པ་ཡང་མེད་ཀྱི། སེམས་ཉིད་གཅིག་པུར་ཉམས་སུ་མྱོང་བ་ནི་འཛིན་པ་དང་བྲལ་བའི་རྟོགས་ཚུལ་ཡིན་ལ། ཐ་དད་པའི་གཉིས་སྣང་ཅུང་ཟད་འཆར་དུ་ཟིན་ཀྱང༌། སྟོང་གཟུགས་དེ་ལ་གཉིས་འཛིན་མངོན་གྱུར་པ་འཕྲལ་


TNT04_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་དུ་ནུབ་འགྲོ་བ་ཡིན་ནོ། །དེས་ན་དཔྱོད་པའི་ཡན་ལག་ནི། མཉམ་བཞག་ཏུ་སྟོང་གཟུགས་ལ་ཐ་དད་པའི་གཉིས་སྣང་འགགས་པའི་རང་བཞིན་ནོ། །དགའ་བའི་ཡན་ལག་ནི་སྟོང་གཟུགས་ལ་དམིགས་པས་ལུས་སེམས་ལ་དགའ་བདེ་འཆར་བ་ཡིན་ལ། དེ་ཡང་ནང་དུ་བདེ་བ་ཅུང་ཟད་ཤར་བའི་ཚེ། འདི་བདེའོ་སྙམ་རྗེས་སུ་ཅུང་ཟད་འཛིན་པ་དང་ཆགས་པ་དང་བཅས་པ་འཆར་རོ། །འདི་ལ་ཁ་ཅིག་དགའ་བ་ཞེས་བྱ་བ་ནི་གཟུགས་ལ་མ་ཆགས་ པའོ། །ཞེས་འདོན་ཞིང༌། མ་ཆགས་པའི་སྐད་དོད་དགག་པའི་ཨ་ཡིག་ཡི་གེ་སྔ་མའི་ནང་དུ་མཚམས་སྦྱར་བ་མ་ཤེས་པར་ལོ་ཙཱ་བ་སྔ་མ་རྣམས་ཀྱིས་ཆགས་པ་ཞེས་བསྒྱུར་བ་ནི་ནོར་བའོ་ཞེས་སྨྲ་ཞིང་རང་ལུགས་ལ་ཡང་གཟུགས་སེམས་དབྱེར་མེད་དུ་རྟོགས་པས་གཟུགས་ལ་འཛིན་པ་དང་བྲལ་བའི་དོན་དུ་འཆད་ལ། བོད་པ་སྔ་མ་ཕལ་ཆེར་ནི་གཟུགས་ལ་ཆགས་པའི་དོན་རྣལ་འབྱོར་བའི་བློ་ངོ་ལ་སྟོང་གཟུགས་དང་སེམས་གཉིས་འབྲལ་མ་ཤེས་ཤིང༌། སྟོང་མི་བྲ་བའི་དོན་ ནོ། །ཞེས་འཆད་པ་ལས། གང་ལྟར་ཡང་དེ་དང་དེས་དྲངས་པའི་བདེ་བ་ལ་བཤད་ན་གཉིས་ཀ་འགྲིག་ཏུ་རུང་ཞིང༌། དེ་དང་དེའི་ངོ་བོ་ཙམ་ལ་འཆད་ན་ནི། གཉིས་


TNT04_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཀའང་དགའ་བ་ཞེས་པ་དང་མི་འགྲིག་གོ །འོན་ཀྱང་འདི་ལྟར་བྱ་སྟེ། དགའ་བ་འདི་སྟོང་གཟུགས་ཀྱིས་དྲངས་བའི་དགའ་བདེ་ཡིན་ལ། དེ་ལའང་ཞེན་པ་དང་བཅས་པ་ཡིན་པས་ཆགས་པའི་སྒྲས་སྨོས་སོ། །འདི་ནི་བདེ་བ་ཕྱི་མ་དམིགས་པ་ཞེས་བྱ་སྟེ། ཕྱི་ཞེས་བྱ་བའི་དོན་ཡང་ཕྱི་རོལ་གཟུགས་སོགས་ལ་མི་བྱ་སྟེ། བདེ་བ་ལ་རྣམ་རྟོག་གིས་ཕྱི་ནས་དམིགས་པའི་དོན་ནོ། །དེས་ན་ཡན་ལག་འདི་ངོ་བོ་ནི་སྟོང་གཟུགས་ལས་བྱུང་བའི་བདེ་བ་ཙམ་ཡིན་ལ། དགའ་བའི་རིམ་པའི་སྐབས་འདིར་འཛིན་བཅས་སོ། །དེ་ནས་གཡོ་མེད་བདེ་བ་ནི། ཏིང་ངེ་འཛིན་དེ་ཉིད་བདེ་བའི་ངོ་བོར་གྱུར་ཞིང༌། དེ་ལ་མངོན་པར་ཆགས་པ་ཡང་མེད། སྟོང་གཟུགས་དང་བདེ་བ་དང་སེམས་ཉིད་ཅེས་བྱ་བ་ལ། མཉམ་བཞག་ཏུ་ཐ་དད་དུ་འཛིན་པ་ནུབ་ཅིང་ཐ་དད་པར་སྣང་བ་ཡང་བསྲབས་པའི་བདེ་བ་ཤིན་ཏུ་སྦྱངས་པའི་མཚན་ཉིད་ཅན་ནོ། །དེས་ན་གཡོ་མེད་བདེ་བའི་སྐབས་སུ། གཟུགས་སེམས་ལྷན་ཅིག་པར་བཤད་པ་ཡང་གཟུགས་སེམས་བདེ་བ་གསུམ་དབྱེར་མེད་པར་བཤད་པའི་དོན་ཡིན་ནོ། །དེ་ལ་ཤེས་རབ་དང་རྟོག་པའི་རིམ་པ་གཉིས་ནི་གཟུགས་སེམས་དབྱེར་མེད་མ་གྲུབ་པ་སྒྲུབ་པར་བྱེད་པ་ཡིན་ཞིང༌། དཔྱོད་པའི་རིམ་པ་ནི་དབྱེར་མེད་གྲུབ་ཙམ་


TNT04_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣལ་འབྱོར་དང༌། དགའ་བདེ་གཉིས་ཀྱི་རིམ་པ་ནི་གྲུབ་པ་བརྟན་ཞིང་རྫོགས་པའི་རྣལ་འབྱོར་རོ། །དེ་དག་ལས་དཔྱོད་པའི་སྐབས་སུ་དོན་ངེས་པར་གསུངས་པ་ནི། རྣམ་རྟོག་གི་ངེས་བློ་མ་ཡིན་གྱི། ངེས་པའི་དོན་ཁྱབ་པ་ཡིན་ལ། ཁྱབ་པ་ཡང་འདྲེས་པའི་དོན་ཏེ། གཟུང་འཛིན་ཐ་དད་དུ་མེད་པར་གཅིག་ཏུ་འདྲེས་པའི་དོན་ནོ། །འགའ་ཞིག་དཔྱོད་པའི་སྐབས་འདིར་གནས་ལུགས་རྟོགས་པའོ་ཞེས་བཞེད་པ་དང༌། ཁ་ཅིག་གཡོ་མེད་བདེ་བ་ཡང༌། མི་འགྱུར་བའི་བདེ་བ་ཡིན་ནོ་ཞེས་པ་ནི། འདི་ལྟར་བརྟག་སྟེ་གནས་ལུགས་མངོན་སུམ་དུ་མཐོང་བའི་ཆ་ཤས་ཕྲ་མོ་དང༌། འགྱུར་མེད་བདེ་བའི་ཆ་ཤས་ཕྲ་མོ་ལ་བསམས་ན་ནི། རིམ་པ་དང་པོ་ཉིད་ནས་ཀྱང་ཡོད་ལ། དེ་གཉིས་ལམ་འདི་ལས་མཐར་ཕྱིན་པར་འདོད་ན་ནི་ཧ་ཅང་ཐལ་བས་མི་འཐད་དོ། །ཡང་ཁ་ཅིག་བདེ་བ་ལུས་ཚོར་ཡིན་ནམ། སེམས་ཚོར་ཡིན། དབང་ཤེས་ཡིན་ནམ། ཡིད་ཤེས་ཡིན་ཞེས་དཔྱོད་པ་དང༌། ཕྱག་རྒྱ་པར་གྲགས་པ་གྲུབ་མཐའ་ཁོ་ན་བློ་ལ་ཞེན་པའི་སྦྱོར་དྲུག་སྨྲ་བ། ཁ་ཅིག་ཚོར་བ་བདེ་བ་ཐམས་ཅད་དོན་ལ་སྡུག་བསྔལ་ཡིན་པས་གཡོ་མེད་བདེ་བ་ཚོར་བ་མིན་ཀྱང་ཚོར་བ་བདེ་བ་སྤངས་པའི་ཕ་རོལ་ན་བདེ་ཆེན་མི་རྙེད་པས། ལས་དང་པོ་པས་དེ་ལ་ཀ་བདེ་ཆེན་དུ་


TNT04_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་སྤྲོད་ཟེར་བ་དང༌། རིག་པ་སྐད་ཅིག་མའི་ངོར་བདེ་སྡུག་རོ་སྙོམས་པ་ཙམ་ལ་འདི་སྐབས་ཀྱི་དགའ་བདེ་དང་བདེ་ཆེན་དུ་འདོད་ཅིང། དེ་ཉིད་གནས་པ་དང་འགྱུ་བ་སོགས་ལ་ཁྱད་པར་མེད་ཙམ་ལ་མི་འགྱུར་བའི་དོན་དུ་འདོད་པ་དང༌། ད་ལྟའི་འཇུག་ཤེས་དྲུག་ལ། སྣང་བ་སྣ་ཚོགས་པ་འཆར་དུ་རུང་བ་འདི་ཀ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཡིན་པར་འདོད་པ་སོགས་ནི་ཚིག་གི་བརྗོད་ཚུལ་ཕྱོགས་འདྲ་བ་དང༌། མཚན་ཉིད་དང་རྣམ་པའི་ཕྱོགས་རེ་ཙམ་འདྲ་བ་ལས་དོན་གཅིག་པར་རྗེས་སུ་དཔོག་པར་སྣང་བས་བུང་བ་མཁའ་ལྡིང་གི་རྒྱལ་པོར་འཛིན་པ་བཞིན་ཏེ། རང་ལྟ་མཆོག་འཛིན་གྱིས་ཀུན་ནས་བསླད་པ་ཡིན་པར་ཤེས་པར་བྱའོ། །འདི་ལའང་བརྗོད་པར་བྱ་རྒྱུ་མང་མོད་ཀྱི། གཞན་ཏུ་བཤད་པར་བྱའོ། །དེ་ལྟར་ན་ཡན་ལག་ལྔ་པོ་དེ་ཐམས་ཅད་གང་ཟག་གཅིག་རྒྱུད་ལ་སྐྱེས་ཟིན་པ་ན། ལྡོག་ཆ་ཐ་དད་ཙམ་ལས་ངོ་བོའི་སྒོ་ནས་དབྱེ་བ་མེད་ལ། དང་པོར་ཐོབ་པའི་དུས་ཐ་དད་ཡིན་པས་ཤེས་རབ་ཀྱི་ཡན་ལག་རྐྱང་པའི་བསམ་གཏན་ཤེས་རབ་ཀྱི་རིམ་པ་དང༌། ཤེས་རབ་རྟོག་པ་གཉིས་འདུས་ཀྱི་བསམ་གཏན་རྟོག་པའི་རིམ་པ་དང༌། ཤེས་རབ་རྟོག་དཔྱོད་གསུམ་འདུས་ཀྱི་བསམ་གཏན་དཔྱོད་པའི་རིམ་པ་དང༌། དེ་གསུམ་དང་དགའ་བ་


TNT04_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འདུས་པའི་བསམ་གཏན་དགའ་བའི་རིམ་པ་དང༌། ཡན་ལག་ལྔ་ཀར་ཚང་བའི་བསམ་གཏན་བདེ་བའི་རིམ་པ་སྟེ། བསམ་གཏན་དབྱེ་བ་ལྔའོ། །དེ་ལྟར་ན་བསམ་གཏན་གྱི་རིམ་པ་ལྔ་པོ་ཐོབ་ནས་སྟོང་གཟུགས་མཐོང་བ་དང་སེམས་ཉིད་ལ་དམིགས་པ་དང༌། དེ་དག་ངོ་བོ་དབྱེར་མེད་སྤྲོས་བྲལ་དུ་ཐག་ཆོད་པ་དང༌། གཟུང་འཛིན་སྤངས་པས་ཁྱད་པར་དུ་བྱས་པའི་སྟོང་གཟུགས་ལ་དམིགས་པ་དེས་དྲངས་པའི་དགའ་བདེ་དང༌། གཟུགས་ཉིད་བདེ་བར་ཤར་བ་སྟེ། དེ་རྣམས་རྣལ་འབྱོར་བའི་སེམས་གཅིག་ལ་ངོ་བོ་གཅིག་ཏུ་གནས་པ་ཡིན་ཀྱང༌། མཚན་ཉིད་ཀྱི་དབྱེ་བས་རྣམ་པ་ལྔའོ། །གཟུགས་སེམས་སུ་ཤེས་ཙམ་རྟོགས་ཚུལ་རགས་པ་ཡིན་ལ། དེ་ལ་གཟུང་འཛིན་གཏན་ནས་མེད་པར་ཤེས་པ་ནི། རྟོགས་ཚུལ་ཕྲ་བ་ཡིན་པས། རྟོག་དང་དཔྱོད་པ་རྩིང་ཞིབ་ ཉིད། །ཅེས་གསུངས་པ་དང༌། ཡང་ཕྱོགས་མཚུངས་པ་ཙམ་ཡིན་ཞིང༌། བདེ་བ་ཡང་ཤིན་ཏུ་སྦྱངས་པའི་རིགས་སུ་འཇོག་པ་ལེགས་ལ། འོན་ཀྱང་ཆོས་མངོན་པ་སོགས་ནས་བཤད་པའི་མཚན་ཉིད་དང་ཇི་བཞིན་སྒྲིག་པ་ནི་མི་དགོས་སོ། །དེ་ལྟར་བསམ་གཏན་ཡན་ལག་ལྔ་མཐར་ཕྱིན་པའི་ཡོན་ཏན་ནི། དེ་ལྟར་ཡང༌། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་


TNT04_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་སྦྱོར་བས་དག་པའོ། །ཞེས་གསུངས་ཏེ། མངོན་ཤེས་ལྔ་གྲུབ་པ་ནི་གནས་སྐབས་ཀྱི་འབྲས་བུའོ། །ད་ནི་སྲོག་རྩོལ་གྱི་ཡན་ལག་བཤད་པར་བྱ་སྟེ། སྲོག་རྩོལ་གྱི་ངོ་བོ་མ་དག་པའི་རླུང་ཉི་ཟླའི་མཚན་ཉིད་ཅན་འདི། ཡེ་ཤེས་ཀྱི་རླུང་དུ་འགོག་པར་བྱེད་པའི་ཐབས་ཡིན་ལ། ཡེ་ཤེས་ཀྱི་རླུང་དེ་ཡང་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་ངོ་བོ་གཅིག་པ་ལ། སྒྲུབ་པ་པོས་སྔོན་ཆད་སྟོང་གཟུགས་དེ་རླུང་གི་དྭངས་མར་མ་ཤེས་པས། དེ་ལྟ་བུའི་སྟོང་གཟུགས་ལ་དམིགས་ནས། བུམ་པ་ཅན་སོགས་ཐབས་རྣམས་ཀྱིས་ཉི་ཟླའི་རླུང་རྒྱུ་བ་ཡང་ཡང་བཀག་པས། སྔར་རླུང་གི་ཆོས་ཉིད་མཐོང་བའི་གེགས་ཉི་ཟླའི་རླུང་ཡིན་པ་ལས་དེ་དངོས་སུ་ཅུང་ཟད་འགགས་ཤིང་དབྱིངས་སུ་ཡང་ཡང་ཐིམ་པས། སྟོང་གཟུགས་རླུང་གི་ཆོས་ཉིད་དུ་ཉམས་མྱོང་སྐྱེས་ཤིང༌། རང་གི་སེམས་ཀྱི་སྣང་བ་ལ་ཡང་རླུང་དང་སྟོང་གཟུགས་ཚོགས་པ་གཅིག་ཏུ་འདྲེས། དེ་ཡང་རླུང་དབང་མི་བཙན་པར་སྟོང་གཟུགས་དབང་བཙན་པའི་ཉམས་ཤར། སྟོང་གཟུགས་སེམས་དང་གཅིག་ཏུ་འདྲེས་པའི་ཕྱིར། སེམས་ཀྱིས་གང་འདུན་པ་བསྒྱུར་བ་དེར་སྟོང་གཟུགས་ཡང་སྣང་ཞིང༌། རླུང་ཡང་རྣམ་པ་དེར་འགྱུར་བ་ལ་ནི་སྲོག་གཟུགས་གྲུབ་པ་ཞེས་བྱ་སྟེ། འདི་འགྲུབ་ན་སྲོག་རྩོལ་ཁོ་ནས་ལས་ཚོགས་ཐམས་ཅད་ཐོག་མེད་


TNT04_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲུབ་པ་ཡིན་ནོ། །སྲོག་རྩོལ་དེ་ལ་དབྱེ་ན། སྔར་སྨོས་པ་ལྟར་དཀྱིལ་འཁོར་བཅུའི་དབྱེ་བས་བཅུ་ཡིན་མོད། ཞིབ་མོར་ན་གཡས་ཀྱི་ས་ཁམས་ཐིམ་ཚུལ་ལ་ཡང་གླང་ལ་སོགས་པ་དུས་སྦྱོར་དང་པོའི་ས་ཁམས་ཐིམ་པ་ནས། དུས་སྦྱོར་དྲུག་པའི་ས་ཁམས་ཐིམ་པའི་བར་དུ་ཉམས་རྟོགས་མཐོ་དམན་རྣམ་པ་དྲུག་ཏུ་འགྱུར་ཞིང༌། དེས་གཞན་བཅུ་ལའང་རིགས་འགྲེ་བས་ནང་སེལ་དབྱེ་བ་དྲུག་ཅུ་ཡོད་དོ། །སྲོག་རྩོལ་གྱི་རིམ་པ་འདི་སྤྱིར་ཡུལ་ནི་རྩ་གསུམ་རླུང་ཡིན་ནོ། །ཞེས་པའི་ཚུལ་གྱིས་རྩ་རླུང་ཐིག་ལེ་མཐའ་དག་ལ་གནད་དུ་བསྣུན་པ་ཡིན་ཡང་གཙོ་བོར་གང་ལ་གནང་དུ་བསྣུན་ཞེ་ན། ལྟེ་བའི་འཁོར་ལོ་ལ་ཏེ་ལྟེ་བ་སའི་གནས་ཡིན་པས་ཐིམ་རིམ་གྱི་འགོ་རྩོམ་པ་ལ་བསྔགས་པའི་ཕྱིར་དང༌། རྩ་དྲུག་གི་འདུས་མདོ་ཡིན་པའི་ཕྱིར་རོ། །སྲོག་རྩོལ་འདི་མཆོག་ཏུ་གོམས་པར་བྱས་པས། དབང་པོ་དྲུག་གི་རླུང་རྣམས་ལས་སུ་རུང་བས། སྔར་བསམ་གཏན་གྱི་དུས་སུ་ཐོབ་པའི་མངོན་ཤེས་ལྔ་ལས་ལྷག་པ་མིག་སོགས་དབང་པོ་དྲུག་གི་མངོན་ཤེས་འབྱུང་བ་དང༌། སྟོང་གཟུགས་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཁམས་ཀྱི་བདེ་བས་རྟག་ཏུ་ཚིམ་པར་བྱེད་པ་འབྱུང༌། ནང་དུ་དེ་ལྟ་བུ་བྱུང་བའི་རྟེན་འབྲེལ་ལས་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་


TNT04_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལུང་སྟོན་ཞིང་བྱིན་གྱིས་རློབ་པ་དང༌། མི་དང་མི་མ་ཡིན་པའི་སྐྱེ་བོ་དབང་དུ་འདུ་བ་སོགས་ཀྱི་ཡོན་ཏན་འབྱུང་ངོ༌། །གཞན་ཡང་རྡོ་རྗེ་འཕྲེང་བ་ཞེས་བྱ་བའི་རྒྱུད་ལས། རྣམ་པར་རྟོག་པའི་རླུང་གཉིས་ནི། །སྣ་ཡི་བུ་ག་དག་ནས་རྒྱུད། །ཡང་དག་ཟླ་བ་ཉི་མ་གཉིས། །སྦས་པ་ནང་ནས་རྒྱུ་བར་བྱེད། །ཅེས་གསུངས་ཏེ། འདི་ལ་རླུང་རགས་པ་ནི་དཀྱིལ་འཁོར་བཅུའི་རླུང་རྣམས་ཡིན་ལ། ཕྲ་བ་ནི་སེམས་ཡུལ་ལ་འཕྲོ་བའི་བྱ་བྱེད་ཅན་རྣམ་པར་རྟོག་པ་ཕྲ་མོ་ཚུན་ཆད་ཀྱི་བཞོན་པར་ཡོང་བ་དེ་ཡིན་ཞིང༌། ཤིན་ཏུ་ཕྲ་བ་ནི། འོད་གསལ་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཉིད་རླུང་གི་དྭངས་མར་སོང་བའི་ཆ་དེ་ཡིན་པས། ཕྱི་མ་རྟོགས་བྱ་དང༌། སྔ་མ་གཉིས་སྤང་བྱའོ། །དེ་ལ་རགས་པ་དེ་བུམ་པ་ཅན་དང་བྱེད་བཅིངས་ཀྱིས་འཆིང་བ་དང༌། བར་བ་དེ་རྣམ་པར་མི་རྟོག་པས་འཆིང་ལ། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་དམིགས་པས་ནི་དེ་གཉིས་ཀའི་དག་བྱེད་དུ་འགྱུར་ཞིང༌། གང་ལ་དམིགས་པའི་ཡུལ་དེའི་ངང་དུ་དེ་གཉིས་དར་ཅིག་རེ་ཞི་བར་འགྱུར་རོ། །འདིར་རླུང་དགག་པའི་སྦྱོར་བ་ནི། ཨ་ཡིག་གིས་མཚོན་པའི་དབྱུང་བ་དང༌། ཨོཾ་ཡིག་གིས་མཚོན་པའི་གང་བ་ཅན་དང༌། ཧཱུཾ་ཡིག་གིས་མཚོན་པའི་བུམ་པ་ཅན་དང༌། ཧོཿཡིག་གིས་མཚོན་པའི་གཞིལ་བ་ཅན་ཏེ། དེ་ཡང་


TNT04_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཡིག་གིས་ཉི་མ་དང༌། ཨོཾ་གྱིས་ཟླ་བ་དང༌། ཧཱུཾ་གིས་སྒྲ་གཅན་དང༌། ཧོཿཡིས་དུས་མེ་རྣམས་དག་ཅིང་སྦྱོང་བར་བྱེད་པ་ཡིན་ལ། ཡི་གེ་བཞི་པོའི་དོན་རླུང་སྦྱོར་སོ་སོ་ལ་སྦྱོར་བ་ལའང་མི་རུང་བ་མེད་མོད་ཀྱི། འགྲོ་འོང་གནས་གསུམ་ཚང་མ་ལ་དེ་རྣམས་ཀྱི་དོན་ཚང་བས་བུམ་པ་ཅན་ལྟ་བུ་གཅིག་ལ་བཞི་ཆར་ཚང་བ་ཉིད་དོན་གྱི་གཙོ་བོ་ཡིན་ནོ། །པཎྜི་ཏ་བཱ་ན་རཏྣའི་རྗེས་འབྲང་རྣམས་ཡི་གེ་བཞི་པོ་ལ་ཡང་ནཱ་ད་རེ་བསྣན་ནས། ནང་ཚན་དུ་ཡང་རྡོ་རྗེ་བཞི་བཞིར་དབྱེ་བའི་བཤད་པ་བྱེད་ཅིང༌། དྲག་རླུང་གིས་རོ་མ། ཞི་བས་རྐྱང་མ་ཤིན་ཏུ་ཞི་བས་དབུ་མ་འཆིང་ཟེར་ཞིང༌། དེ་དག་དང་མཐུན་པའི་ལག་ལེན་སྣ་ཚོགས་པ་དང་བཙན་ཐབས་ཀྱི་སྦྱོར་བ་སྣ་ཚོགས་པ་སྟོན་པར་བྱེད་དེ། རྒྱུད་དོན་ཡིན་མིན་དཔྱད་པར་བྱའོ། །དེ་ལྟར་སྲོག་རྩོལ་ལ་སོགས་པ་རྩ་དང་རླུང་ལ་གནད་དུ་བསྣུན་པ་འདི་དག་གིས་རྩ་རླུང་དག་པར་འགྱུར་ཚུལ་ནི། དགྱེས་པ་རྡོ་རྗེ་ལས། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་རྟག །ཅེས་པ་དང༌། མཁའ་འགྲོ་རྒྱ་མཚོར་ཡང༌། འདི་ལྟར་དབུ་མ་ཐམས་ཅད་ཀྱི། ཁྱབ་བྱེད་དུ་ནི་རྣམ་པར་གནས། །ཞེས་གསུངས་པ་ལྟར། ནམ་མཁའ་ནི་བརྟན་


TNT04_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པ་ལས། དངོས་པོ་རྣམས་ཡོངས་སུ་ཞིག་སྟེ་ཐིམ་པ་ན་ནམ་མཁའི་མཚན་ཉིད་གསལ་བར་སྣང་བ་བཞིན། རྩ་ཐམས་ཅད་ལ་དོན་དམ་པའི་དབུ་མ་ཁྱབ་བྱེད་དུ་གནས་པ་ལས་རོ་རྐྱང་གི་རྩ་རླུང་དག་ཅིང་སྦྱོང་བའི་ཐབས་བྱས་པས། ཡེ་ཤེས་ཀྱི་རྩ་རླུང་རིམ་པས་མངོན་དུ་འགྱུར་ཞིང༌། མཐར་ཟག་བཅས་ཀྱི་ཆོས་ཐམས་ཅད་འགགས་པ་ན་རང་བཞིན་ཇི་ལྟ་བ་མངོན་དུ་འགྱུར་རོ། །དེ་ལ་སྲོག་རྩོལ་གྱི་རིམ་པས་འདིར་སྤང་བྱའི་རླུང་མཐའ་དག་འགགས་པ་ཡང་ཡིན། ཡེ་ཤེས་ཀྱི་རླུང་མཐའ་དག་མངོན་དུ་གྱུར་པའང་མིན་མོད་ཀྱི། དེ་དག་དང་པོར་ཐོབ་པའམ། ཆུང་ངུའི་གནས་སྐབས་ཐོབ་པ་ཡིན་ནོ། །ད་ནི་འཛིན་པའི་ཡན་ལག་མདོ་ཙམ་བཤད་པར་བྱ་སྟེ། ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ལས་ཀྱང༌། པདྨའི་སྣ་རྩེར་ཉུང་ཀར་བསམ། །རྒྱུ་དང་མི་རྒྱུའི་རང་བཞིན་ཀུན། །ཡིད་ཀྱི་བཟླས་པ་ཡང་དག་བཟླས། །ཕྱི་ཡི་དབྱིབས་ནི་རྣམ་པར་སྤངས། །དེ་ཡི་ཡེ་ཤེས་སངས་རྒྱས་ཏེ། །གཞན་གྱིས་སངས་རྒྱས་མི་འགྱུར་རོ། །རྟག་ཏུ་སེམས་དཔའ་དངོས་པོ་ཤེས། ཁྲུས་མེད་དྲི་མ་མེད་པ་སྟེ། །བདེ་བའི་ཆོས་ནི་དེ་བཞིན་ཤེས། །ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན། །ཞེས་གསུངས་ཏེ། སྣ་རྩེ་ནི་རྩ་འཁོར་ལོ་དྲུག ཡུངས་ཀར་ནི་སྲོག་ཐུར་


TNT04_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པའི་གོང་བུ་དེར་གནས་པ། ཡིད་བཟླས་ནི་རླུང་སྔགས་དབྱེར་མི་ཕྱེད་པ་སྟེ། སྲོག་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པས་གཞོམ་མེད་ཀྱི་སྒྲ་དབྱངས་རྫོགས་པར་འབྱུང་བའོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེས་མཛད་པའི་སྟོད་འགྲེལ་ལས་ཀྱང༌། དེ་ནས་འཛིན་པ་ཞེས་བྱ་བ་ནི། ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བ་སྟེ། དབང་ཆེན་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་རྣམས་སུ་སྲོག་ཞུགས་པ་ཕྱི་རོལ་དུ་འགྲོ་བ་མེད་པར། ཐིག་ལེ་ལ་སྲོག་གནས་པ་ཞེས་བྱ་བ་ནི་འཛིན་པའི་ཡན་ལག་ཏུ་བརྗོད་དོ། །ཞེས་ཀྱང་གསུངས་ཏེ། དེ་ལ་དོན་དམ་པའི་ཐིག་ལེ་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་བདེ་བའི་ངོ་བོར་གནས་པ་དེ་ཡིན་ལ། ཆོས་ཉིད་བདེ་བར་གནས་པའི་རང་བཞིན་ལས་གློ་བུར་གྱི་སྣང་ཆ་འཆར་ཚུལ་ལ་ཀུན་རྫོབ་རྩ་འཁོར་ལོ་རྣམས་ཀྱི་ལྟེ་བར་རྫས་ཀྱི་ཐིག་ལེའི་དྭངས་མ་གནས་ཤིང༌། ཕྲ་རགས་ཀྱི་རླུང་རྣམས་ཀྱང་དེ་ལ་རྟེན་འཆའ་བ་དང༌། དུས་དང་པོ་དེ་ལས་བྱུང་བ་ཡང་ཡིན་ནོ། །གང་ཞིག་དང་པོ་གང་ལས་བྱུང་བ་དེ་ལ་མཐར་དེ་རྣམས་ཐིམ་པར་འགྱུར་བ་ཡང༌། ཕལ་ཆེར་གྱི་ལུགས་ཡིན་ཏེ། དེས་ན་ཐིག་ལེ་དེ་ལ་གནད་དུ་བསྣུན་པས་རླུང་འགག་པར་འགྱུར་ཞིང༌། དེ་འགགས་པས་ཐིག་ལེ་དེ་རྣམས་ཀྱང་རབ་ཏུ་ཕྲ་བར་འགྱུར་རོ། །དོན་དམ་ཆོས་ཉིད་ཀྱི་ཕྱོགས་ལ་


TNT04_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རླུང་ཐིག་ལེའི་དབྱེ་བ་མེད་ཅིང༌། རྟེན་བརྟེན་པ་དང་སྐྱེ་འགག་གནས་གསུམ་གྱི་རིམ་པ་མེད་ཀྱང༌། ཀུན་རྫོབ་ཏུ་རྩ་ལ་ཐིག་ལེ་གནས། དེ་ལ་རླུང་བརྟེན་པའི་ཚུལ་དུ་ཡོད་པས་ཀུན་རྫོབ་ཀྱི་དབྱེ་བས་དོན་དམ་ལ་ཡང་རྟེན་བརྟེན་པར་འཇོག་ཚུལ་གྱི་ཐ་སྙད་བཤད་པའང་རེས་འགའ་འབྱུང་བ་ནི། བརྡའ་ཐབས་ཙམ་དུ་གོ་བར་བྱ་ལ། ཆོས་ཀྱི་དབྱིངས་ཀྱི་གནས་པའི་ཆ་ནི། རྩ་རྣམས་ལ་ཆོས་ཉིད་དུ་སོང་བ་དང༌། གསལ་བའི་ཆ་ནི་རླུང་རྣམས་ལ་ཆོས་ཉིད་དུ་སོང་བ་དང༌། བདེ་བའི་ཆ་ནི་ཐིག་ལེའི་ཆོས་ཉིད་དུ་སོང་བ་ཡིན་པས། རྩ་རླུང་ཐྀག་ལེ་རྣམས་གློ་བུར་གྱི་དྲི་མ་ཡིན་ཡང་དེ་རྣམས་ཉིད་ལ་གནད་དུ་བསྣུན་པས་དེ་དག་འགག་ཅིང༌། ཆོས་ཉིད་ཀྱི་གསལ་སྣང་འབྱུང་བ་ཡིན་ལ། དེའི་ཕྱིར་རྩ་ལ་གནད་དུ་བསྣུན་པས་ཆོས་ཉིད་ཀྱི་གནས་པའི་ཆ་དང༌། རླུང་ལ་གསལ་བ་དང༌། ཐིག་ལེ་ལ་གནད་དུ་བསྣུན་པས་བདེ་བའི་ཆ་ནས་གསལ་སྣང་འཆར་བ་ཡིན་ནོ། །དེས་ན་འཛིན་པའི་ངོ་བོ་ནི། ཕྲ་རགས་ཀྱི་རླུང་རྣམས་རྫས་ཀྱི་ཐིག་ལེར་བཅུག་པ་ལས། སྔར་སྲོག་གཟུགས་གྲུབ་པ་དེ་ཉིད་བདེ་བའི་ཐིག་ལེར་འཆར་བར་བྱེད་པའི་ཐབས་ཡིན་ལ། དེ་ལ་དབྱེ་ན་འཁོར་ལོ་དྲུག་གི་དབྱེ་བས་དྲུག་ཏུ་ཡང་བྱ་སྟེ། ཉེ་བའི་སྒྲུབ་པ་ཡན་ལག་དྲུག །ཅེས་བྱ་བ་ལ། འགྱུར་ཚིག་འདི་ཉིད་ལྟར་ན། སྲོག་རྩོལ་ཡོངས་


TNT04_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དང་འཛིན་པའི་ནང་ཚན་དབྱེ་བ་གཅིག་ལྟེ་བ་ཁོ་ནར་ཡིན་ལ། ལྷག་མ་འཁོར་ལོ་གཞན་ལྔ་ལ་འཛིན་པ་ཉིད་དེ། ཉེར་སྒྲུབ་ལ་རྩ་འཁོར་ལོའི་དབྱེ་བས་དྲུག་ཏུ་འཇོག་ལ། ཡང་ཁ་ཅིག་ཡན་ལག་དྲུག་གི་ཉེར་སྒྲུབ་བོ། །ཞེས་འདོན་ཞིང་དོན་ཡང་དེ་ལྟར་འཆད་པའང་སྣང་མོད་ཀྱི། སྔ་མ་ཉིད་ལེགས་པར་མཐོང་ངོ༌། །ཡང་གོང་དུ་བཤད་པ་ལྟར་དབྱེ་བ་རྣམ་པ་བཅུ་ཡོད་པ་ལས། རེ་རེ་ལའང་ནང་ཚན་ལྔ་ལྔར་འགྱུར་བ་ཡིན་ཏེ། ལྟེ་བར་ས་ཁམས་གཙོ་བོར་བྱུང་བའི་དྭངས་མ་ལ། འབྱུང་ཆེན་རགས་པའི་དབང་དུ་བྱས་ན། ས་ཁམས་ཕྲ་རགས་རྣམས་ཐིམ་པར་བྱེད་པ་ཡིན་ཀྱང༌། ནང་ཚན་འབྱུང་ཆུང་ཕྲ་བའི་དབང་དུ་བྱས་ན། དེ་ལ་ཡང་ཐིམ་རིམ་ལྔ་ཆར་ཡོད་པའི་ཕྱིར་དང༌། དེ་དག་ཀྱང་རིམ་ཅན་དུ་འབྱུང་བའི་ཕྱིར་ན། ལྟེ་བར་འཛིན་པ་སྒྲུབ་པ་གཅིག་པུ་ལ་ཡང༌། མཐོ་དམན་གྱི་རིམ་པ་ལྔ་ཡོད་ལ། དེས་གཙུག་ཏོར་གྱི་བར་དུ་འཁོར་ལོ་ཀུན་ལ་རིགས་འགྲེའོ། །སྔར་ཐིམ་ཟིན་པ་དེ་ཉིད་ལས། རང་རང་སོ་སོའི་དྭངས་མའི་ཡེ་ཤེས་ཀྱི་སྣང་བ་སྤྲོ་བའི་དོན་དུ། བརྟན་བྱེད་ཀྱང་གཙུག་ཏོར་མ་གཏོགས་པའི་འཁོར་ལོ་ལྷག་མ་བཞི་དང༌། རྩ་འཁོར་འཁོར་ལོ་སྤྱི་ཁྱབ་ཏུ་སྒྲུབ་པ་སྟེ་ལྔ་ལ་ནང་ཚན་འབྱུང་བ་ལྔ་ལྔས་དབྱེ་བ་སྔ་མ་དང་མཚུངས་པར་སྦྱར་ཏེ། མདོར་ན་


TNT04_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་ཡན་ལག་གི་རིམ་པའི་སྐབས་འདིར་མཐོ་དམན་གྱི་རིམ་པ་ལྔ་བཅུ་ཡོད་དོ། །དེ་དག་ལས་རླུང་ཐིམ་པར་བྱས་པ་ཉི་ཤུ་རྩ་ལྔའི་འབྲས་བུ་ལ་གཞོམ་མེད་ཀྱི་ནཱ་དའི་སྒྲ་དབྱངས་དང༌། གཏུམ་མོའི་འབར་སྣང་ཁྱད་པར་དུ་གྱུར་པ་རེ་རེ་འབྱུང་བ་ཡིན་ལ། དྭངས་མ་བསྐྱོད་ཅིང་བརྟན་པར་བྱས་པའི་འབྲས་བུ་ལ་དཔྲལ་བའི་ཧཾ་ཡིག་ཞུ་བའི་བྱང་ཆུབ་ཀྱི་སེམས་འབབ་པའི་བདེ་བའི་ཡེ་ཤེས་ཁྱད་པར་དུ་འགྲོ་བ་ཉི་ཤུ་རྩ་ལྔ་འབྱུང་ངོ༌། །རྒྱུད་ཀྱི་རྒྱལ་པོ་ལས། ཟླ་བ་ཉི་མ་འགོག་པ་མཉམ་དང་མི་མཉམ་བགྲོད་པ་ལ་སྟེ་དབུ་མ་མེ་ལ་རབ་ཏུ་ ཞུགས། །སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་སོང་ནས་དུས་མིན་འཆི་བ་བསླུ་བ་སྟེ། །ལག་པ་དང་བཅས་རྐང་པའི་མཐེ་བོའི་ཚིགས་དང་སེན་མོའི་མཐར་ནི་སྲོག་གིས་ཀུན་ཏུ་གང་བྱས་ནས། །འཁོར་ལོ་དྲུག་ལ་སངས་རྒྱས་ལྷ་མོ་འཇིགས་བྱེད་ཕྱག་གི་པདྨ་རྣལ་འབྱོར་པས་ནི་བསྒོམ་པར་བྱ། །ཞེས་གསུངས་ནས། དྲང་དོན་ནང་དུས་འཁོར་གྱི་སྐབས་དང་སྦྱོར་ན། རྒྱུད་འགྲེལ་དངོས་བསྟན་ལྟར་རླུང་དང་བསྐྱེད་རིམ་སྦྱར་བའི་འཆི་བསླུ་སྟེ། རྩ་དབུ་མ་དང་མེ་དུང་ཅན་མར་སྲོག་བཀག་པ་དང་འཁོར་ལོ་དྲུག་པོ་ལ་འཆི་བསླུའི་ཡབ་ཡུམ་བསྒོམས་པས་ཉིན་ཞག་དང་པོ་སྟེ། ཞག་གཅིག་དབུ་མར་རླུང་བར་མ་ཆད་དུ་འབབ་ཐུབ་ན་ཡན་ལག་ཐམས་ཅད་ལ་སྲོག་འབབ་


TNT04_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པས་དུས་མིན་འཆི་བ་བསླུ་ཐུབ་པར་གསུངས་པ་ཡིན་ལ། གཞན་ངེས་དོན་ལ་སྦྱར་ན་དུས་ཀྱི་འཆི་བའང་བསླུ་བ་སྟེ། དེ་ལྟར་ན་རྩ་དབུ་མའི་ནང་ལས་ཀྱི་གཏུམ་མོ་འབར་རུང་ལ་རླུང་ཐིམ་པས་ལས་ཀྱི་གཏུམ་མོ་ཡང་འཕྲལ་དུ་འབར་ཞིང༌། རྟེན་ལུས་ལ་གཏུམ་མོའི་ཐིག་ལེ་དེ་རྣམས་དྭངས་མར་གྱུར་པའི་རྐྱེན་གྱིས་སྟོང་གཟུགས་དེ་ཉིད་བདེ་བའི་ཐིག་ལེའི་རང་བཞིན་གཏུམ་མོའི་འབར་སྣང་དུ་འཆར་བ་ནི། དཀྱིལ་འཁོར་བཅུའི་རང་བཞིན་ཉི་ཟླའི་རླུང་མེ་ལ་རབ་ཏུ་ཞུགས་པའི་དོན་ཡིན་ཞིང༌། ཉིན་ཞག་དང་པོ་སོང་ནས་ཞེས་པ་ཡང་སྲོག་ཐུར་གོང་བུ་གཅིག་ཏུ་འདྲེས་པའི་ཉིན་ཞག་དུས་སྐབས་དང་པོ་ཞེས་པ་སྲོག་རྩོལ་དང་པོར་ཐོབ་པའི་སྐབས་ཏེ། སྲོག་རྩོལ་གྱི་རིམ་པའི་མིང་ཡིན་པས་སྐབས་དེར་ཡང་ཤས་ཆེར་འཆི་བ་བསླུ་ནུས་མོད། ཤིན་ཏུ་གོམས་པ་མ་ཡིན་པས་ངེས་པར་འཆི་བ་བསླུ་བ་ཡིན་པའི་ངེས་པ་མེད་ལ། དེ་རྗེས་དབུ་མའི་ཐིག་ལེར་ཐིམ་པའི་འགོ་བརྩམས་པ་ནས་བཟུང༌། ངེས་པར་འཆི་བ་བསླུ་བ་ཡིན་ཏེ་འཁོར་ལོ་དྲུག་དང༌། རྐང་ལག་གི་ཚིགས་དང་སོར་མོའི་ཚིགས་ཀྱི་འཁོར་ལོ་རྣམས་ཀྱང་སྲོག་གི་རླུང་གིས་གང་བར་ནུས་པའི་ཕྱིར་རོ། །འཁོར་ལོ་དྲུག་ལ་སངས་རྒྱས་ལྷ་མོ་ཞེས་གསུངས་པས། གཏུམ་མོའི་འབར་སྣང་དེ་ཉིད་ལྷ་


TNT04_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་དཀྱིལ་འཁོར་དུ་ཤར་བ་སྟེ། འཛིན་པའི་ཤུགས་ལས་འཕངས་པའི་རྗེས་དྲན་ནོ། །སོར་སྡུད་ནས་སྲོག་རྩོལ་གྱི་རིམ་པའི་བར་དུ་འབྱུང་བ་ཐིམ་རིམ་ཡང་ཡང་བྱུང་མོད་ཀྱང༌། སྟོབས་ཆུང་ལ་དྲན་ཏིང་གཉིས་ཀྱི་སྐབས་སུའང་ཆེས་ཆེ་བ་མང་དུ་འབྱུང་མོད། ལུས་ཅན་རྣམས་ཀྱི་འཆི་སྲིད་དང་ཤེད་མཚུངས་པའི་འབྱུང་བ་ཐིམ་རིམ་གྱི་གཙོ་བོ་དེ་ནི་སྐབས་འདིར་འབྱུང་སྟེ་ལྟེ་བ་ནས་གཙུག་ཏོར་གྱི་བར་གྱི་འཛིན་པ་བསྒྲུབས་པས་ས་ཆུ་ལ་ཐིམ་པ་སོགས་ཐིམ་རིམ་ཆེན་པོ་ལྔ་འབྱུང་ལ། ཆུང་ངུ་ཉི་ཤུ་རྩ་ལྔ་ཡོད་དོ། །ཡང་བརྟན་བྱེད་ཀྱི་འཛིན་པ་ལྔས་ནམ་མཁའ་རྣམ་ཤེས་དང༌། དེ་འོད་གསལ་ལ་ཐིམ་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཏེ་མཚན་མ་ ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་འགྲུབ་ཏུ་འགྱུར་མི་བདག་སྐྱེ་དགུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་གསུངས། མཚན་མ་རྣམ་པ་བཅུ་འགྱུར་ཞེས་པ་ནི། ནམ་མཁའ་རྣམ་ཤེས་ལ་ཐིམ་པའི་སྐབས་དང༌། རྣམ་པ་ཐམས་


TNT04_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་པ་རུ་འགྱུར་ཞེས་པ་ནི་རྣམ་ཤེས་འོད་གསལ་ལ་ཐིམ་པས་འབར་སྣང་གྲུབ་པའི་སྐབས་ཡིན་ནོ། ཡན་ལག་གི་རིམ་པ་འདི་གྲུབ་པའི་ཚེ། རྒྱུད་ལས། བདུད་དང་ཉོན་མོངས་ལ་སོགས་ཉམས་ཞིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །ཞེས་གསུངས་པ་ལྟར། རླུང་བཅུ་ཐིག་ལེར་ཐིམ་པའི་མཐུ་ལས་རྒས་པ་དང་ནད་ཀྱི་སྡུག་བསྔལ་སེལ། ཉོན་མོངས་པའི་རང་བཞིན་ཤེས་པས་ཉོན་མོངས་ཀྱིས་མི་འཆིང༌། རྒྱུད་ལས། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ། ཞེས་གསུངས་པ་སོགས། དགོངས་ཏེ་གསུངས་པའི་དམ་ཚིགས་རྣམས་གཞན་དོན་དུ་ཅི་བདེར་སྤྱོད་པ་ལ་དབང་བས་ཉོན་མོངས་ལམ་དུ་བྱེད་ནུས་པར་འགྱུར། བདུད་བཞི་ཅུང་ཟད་ཆོམས་པ་དང༌། རླུང་བཅུ་ཐིམ་པའི་མཐུ་ལས་ལུས་ངག་སེམས་ཀྱི་སྟོབས་ཁྱད་པར་ཅན་འགྲུབ་པ་ཡིན་ནོ། །རིམ་པ་དང་པོ་བཞི་པོ་འདི་རྣམས་ཀྱི་སྐབས་སུ་དཀྱུས་ཀྱི་རྣལ་འབྱོར་བསྒོམས་པས། རང་རང་གི་ལམ་ཡན་ལག་ཚང་བ་འཕྲལ་དུ་སྐྱེས་མ་འདོད་ན། བཙན་ཐབས་ཀྱི་སྦྱོར་བ་བསྒོམ་པར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ལས། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པ་མ་གྱུར་ན། ནཱ་ད་གོམས་


TNT04_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་ བྱ། །ཞེས་ཐིག་ལེའི་བཙན་ཐབས་ཀྱི་རྣལ་འབྱོར་དང༌། ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡི་མཐར་འགྲོ་བ། །དེ་ནི་ལྟེ་བར་འགོག་པ་དང་བཅས་དྲི་མེད་གློག་དང་མཚུངས་པ་དབྱུག་པའི་གཟུགས་ཅན་ལངས་པ་ཡང༌། །འཁོར་ལོ་ནས་ནི་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་བསྐྱོད། །ཇི་སྲིད་གཙུག་ཏོར་བུག་པར་བཙན་ཐབས་ཉིད་ཀྱིས་ཕྱི་རོལ་ཀྱི་ནི་པགས་པ་དག་ལ་ཁབ་བཞིན་རེག །དེ་ཡི་དབུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཞེས་པས་རླུང་གི་བཙན་ཐབས་ཀྱི་སྦྱོར་བ་དང༌། ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། ཞེས་རྩའི་བཙན་ཐབས་ཀྱི་སྦྱོར་བ་དང༌། དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། སླར་ཡང་འདིས་ནི་རྣལ་འབྱོར་པ་རྣམས་མངོན་ཤེས་ལྔའི་རང་བཞིན་སྣ་ཚོགས་ཡུམ་དུ་འགྱུར་བ་ཡིན། ཞེས་བཙན་ཐབས་ཀྱི་སྦྱོར་བ་གསུམ་གྱི་ཕན་ཡོན་ཡང་གསུངས་ཏེ། ཟུང་གི་རླུང་དག་འགགས་པ་ཞེས་པ་ནི། རྩའི་སྦྱོར་བས་རོ་རྐྱང་གི་རླུང་བཙན་


TNT04_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་བཀག་པའི་དོན་ཡིན་ལ། ཡིད་ལ་རྡོ་རྗེ་རབ་ཏུ་སད་པ་ནི་བྱང་ཆུབ་ཀྱི་སེམས་མ་ཉམ་པ་གྱེན་དུ་དྲངས་བའི་དོན་ཡིན་ལ། མཆོག་གི་གྲོང་ཁྱེར་དུ་འགྲོ་བ་ནི་བདེ་བ་ཆེན་པོ་གྲུབ་པའོ། །སྐབས་འདིར་འཁོར་ལོ་དྲུག་ལ་སྤྱི་ཁྱབ་ཏུ་འཇུག་པའི་འཛིན་པ་ནི། གསང་བའི་བུམ་ཅན་ཡིན་ལ། འཁོར་ལོ་གཞན་རྣམས་ལ་འགྲོ་འོང་གཉིས་ཀྱི་ནང་ཚན་གཙུག་ཏོར་དུ་འོང་བའི་བྱ་བ་དེས་བྱེད་དེ། ནང་གི་ལེའུ་ལས། གཙུག་ཏོར་ཕུག་ཅིང་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་འཆི་བ་ཉིད་དུ་འགྲོ་འགྱུར་ཏེ། །ཕྱག་རྒྱ་འགྲོགས་པ་རབ་ཉམ་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལ་ནི་བདེ་འབྲས་སྟེར་བ་མེད། །ཅེས་གསུངས་པས་བསྟན་ཏེ། གསང་བའི་བུམ་ཅན་འདི་ནི་གཙོ་བོར་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ནོ། །འོ་ན་རྒྱུད་ཚིག་འདི་སྲོག་རྩོལ་གྱི་སྐབས་མ་ཡིན་ནམ་སྙམ་ན། འདི་སྲོག་གེགས་སེལ་བའི་སྐབས་སུ་བཤད་པ་ཡིན་ཞིང༌། ཡན་ལག་གི་རིམ་པ་དྲུག་ཏུ་ཕྱེ་བའི་སྲོག་འཛིན་ཐུན་མོང་གི་སྐབས་སུ་འཇུག་པ་དང༌། ཡན་ལག་དྲུག་བསམ་གཏན་སྲོག་རྩོལ་ཏིང་འཛིན་གསུམ་དུ་བསྡུ་བའི་སྐབས། འཛིན་པ་ཡང་སྲོག་རྩོལ་དུ་འདུས་པའི་ཕྱིར། སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ག་ཞེས་སོགས་དང་མི་འགལ་ལོ། །རྒྱུད་


TNT04_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འདིས། གསང་བར་གནད་དུ་བསྣུན་པས་གཙུག་ཏོར་དུ་གནད་དུ་རེག་པར་གསལ་བར་བསྟན་ལ། གཙུག་ཏོར་དུ་ཐིག་ལེ་བསྟན་པ་རིམ་པ་འདིའི་སྐབས་སུ་མི་འཆད་ཅིང་དཔྲལ་བའི་ཐིག་ལེར་སྲོག་འཇུག་པ་དང་དེར་བརྟན་པ་འཛིན་པའི་རིམ་པ་མཐར་ཐུག་ཏུ་འཆད་པ་རྣམས་གུང་བསྒྲིགས་ན་རྒྱུད་ཀྱི་ཚིག་གིས་ཀྱང་ཟིན་ཞིང༌། བླ་མ་དམ་པ་རྣམས་ཀྱི་མན་ངག་ལས་ཀྱང་འབྱུང་ངོ༌། །ད་ནི་རྗེས་དྲན་གྱི་དོན་རྣམ་པར་ངེས་པ་ཅུང་ཟད་བཤད་དེ། དེ་ལ་རྗེས་སུ་དྲན་པ་ནི་སྟོང་གཟུགས་སླར་ཡང་དྲན་པ་དང༌། ཡང་ཡང་དྲན་པ་དང༌། ཆེས་ཤིན་ཏུ་དྲན་པའི་དོན་ཡིན་ཏེ། དེ་ཡང་སོར་སྡུད་ཀྱིས་རོ་རྐྱང་གི་རྩ་ཅུང་ཟད་བཅིངས༌། དབུ་མའི་ཆོས་སུ་ཅུང་ཟད་རྒྱས་པས་སྔར་མ་མཐོང་བའི་སྟོང་གཟུགས་གསར་དུ་མཐོང་ནས། བསམ་གཏན་གྱིས་དེ་ཁའི་རྒྱུན་བསྲིངས་ཏེ་བསྒོམས་པས་རོ་རྐྱང་སྔ་མ་ལས་ཆེས་བཅིངས་ཚབས་ཆེ། དབུ་མའི་ཆོས་སུ་ཡང་འགྱུར་ཚབས་ཆེ་བས་སྟོང་གཟུགས་ཀྱང་སྔར་ལས་བཅུ་འགྱུར་སོགས་སུ་འཕེལ་ཞིང༌། སོར་སྡུད་ཀྱི་སྐབས་བདེ་ཉམས་ཕྲ་མོ་ལས་མེད་པ་ལས། སྐབས་འདིར་སྟོང་གཟུགས་འཕེལ་བའི་མཐུ་ལས་ལམ་གྱི་རྐང་ཚུགས་པའི་དགའ་བ་དང་བདེ་བ་འབྱུང༌། དེ་ཚུན་ཆད་དུ་རོ་རྐྱང་གི་རྒྱུ་བ་གཏན་ནས་འགགས་པའི་སྐབས་མེད་པ་ལས།


TNT04_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩོལ་གྱི་ཉིན་ཞག་སོ་སོར་ཐུན་རེ་ཐུན་རེ་ལ་རོ་རྐྱང་གི་རྒྱུ་བ་རྫོགས་པར་འགགས་པས། དུས་ཇི་ཙམ་དུ་འགགས་པ་དེའི་རིང་ལ་རླུང་ཐམས་ཅད་དབུ་མའི་ཆོས་སུ་བྱས། སྟོང་གཟུགས་ཏེ་སྲོག་གཟུགས་སུ་གྲུབ་པས་སྔ་མ་ལས་ཀྱང་བརྒྱ་འགྱུར་དུ་འཕེལ། སྲོག་ཐུར་འདྲེས་པའི་བདེ་ཉམས་འུར་ལངས་ནས་སྣང་བ་ཐམས་ཅད་བན་བུན་དུ་འགྲོ་བ་འབྱུང༌། འཛིན་པས་དེ་འཁོར་ལོ་དྲུག་གི་ལྟེ་བར་ཐིམ། གཏུམ་མོ་འབར་བས་རྗེས་ཆགས་དྲག་པོ་དང༌། ཞུ་བདེའི་ཉམས་དང་སྣང་བ་ཐམས་ཅད་ཁྱབ་པ་འདྲ་བ་འབྱུང་སྟེ། འདིར་ཞུ་བདེ་རྒྱས་པར་བྱེད་པའི་གཏུམ་མོ་ནི་ལས་ཀྱི་གཏུམ་མོ་ཡིན་ལ། འོན་ཀྱང་སྔར་གྱི་སྲོག་གཟུགས་ཏེ་གཏུམ་མོའི་འབར་སྣང་དང༌། དག་པའི་དཀྱིལ་འཁོར་དུ་འགྱུར་བས། སྟོང་གཟུགས་དེ་སྔ་མ་ལས་ཀྱང་བརྒྱ་སྟོང་འགྱུར་དུ་འཕེལ་ལོ། །དེའི་རྗེས་སུ་རྗེས་དྲན་ནི་སྟོང་གཟུགས་ཡང་ཡང་བརྟན་ཞིང༌། ཆེད་ཆེར་བསྒོམས་པས་དེ་སྐད་ཅེས་བྱའོ། །ཡང་དེ་ལྟར་ཡུན་ན་བསམ་གཏན་ཡན་ཆད་རྗེས་དྲན་ཁོ་ནར་འགྱུར་ཏེ། སྟོང་གཟུགས་ཡང་ཡང་དྲན་པར་བྱེད་པའི་ཕྱིར་རོ་སྙམ་ན། སྤྱིར་སྒྲ་བཤད་པ་ལ་མ་ཁྱབ་པ་དང་ཁྱབ་ཆེས་པའི་སྐྱོན་སེལ་མི་དགོས་ལ། འོན་ཀྱང་འདི་ལྟར་ཤེས་པར་བྱ་སྟེ། ཡན་ལག་དྲུག་ཀར་སྟོང་གཟུགས་སྒོམ་པ་ཡིན་པས་བསམ་གཏན་གྱི་རིམ་པ་སོགས་ལྔ་ཆར་དེ་ཉིད་ཡང་ཡང་དང་སླར་


TNT04_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྒོམ་པ་ཡིན་ཞིང༌། རྗེས་དྲན་ལས་ཀྱང་ལྷག་པར་ཏིང་ངེ་འཛིན་གྱི་གནས་སྐབས་སུ་སྟོང་གཟུགས་ཡང་ཡང་གོམས་པར་བྱེད་པ་ཡིན་མོད་ཀྱི། འཛིན་པ་མན་ཆད་དུ་སྟོང་གཟུགས་ཀྱིས་ཞུ་བདེ་རྫོགས་པར་མ་འདྲེན་པ་དང༌། ཏིང་ངེ་འཛིན་གྱི་སྐབས་དེ་ལྟར་འདྲེན་ཀྱང་གསར་ཐོབ་མ་ཡིན་པའི་ཕྱིར་སྐབས་དེ་དག་ཏུ་མ་སྨོས་ལ། གནས་སྐབས་འདིར་སྟོང་གཟུགས་ལ་བརྟེན་ནས་ཞུ་བདེ་ལྷན་ཅིག་སྐྱེས་པ་གསར་དུ་ཐོབ་པ་ཡིན་པའི་ཕྱིར། ལམ་གྱི་རིམ་པ་འདི་ལ་རྗེས་སུ་དྲན་པའི་མིང་གིས་བཏགས་སོ། །སྤྱིར་ཏིང་ངེ་འཛིན་གྱི་རིམ་པ་ཐོབ་པའི་དུས་ན་རྗེས་དྲན་གྱི་ཡན་ལག་ཡོད་པས། ཡན་ལག་དྲུག་པོ་འདི་ཐམས་ཅད་ལ་ཡན་ལག་ཙམ་དང༌། དེའི་རིམ་པའི་དབྱེ་བ་ཤེས་པ་གལ་ཆེའོ། །དེ་ལྟ་བུའི་རྗེས་དྲན་ལ་དབྱེ་ན། ལས་ཀྱི་ཕྱག་རྒྱ་ལ་བལྟོས་པའི་རྗེས་དྲན་དང༌། དེ་ལ་མི་བལྟོས་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བལྟོས་པའི་རྗེས་དྲན་དང༌། ཕྱག་རྒྱ་ཆེན་མོ་ཁོ་ནའི་རྗེས་དྲན་ཏེ། རྩ་བའི་དབྱེ་བ་གསུམ་མོ། དེ་ལྟར་ཡང་རྩ་བའི་རྒྱུད་ལས། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང༌། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང༌། །ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བས། །མི་འགྱུར་པ་སྟེ་འཕེལ་བར་འགྱུར། །ཞེས་སོ། །དང་པོ་ལ་ཡང་ཞུ་བའི་ཐིག་ལེ་བརྟན་པས། ལམ་གྱི་ཆགས་པའི་ཡེ་ཤེས་འཕེལ་ཏེ། འདོད་


TNT04_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སྐབས་བཅུ་དང་མཚུངས་པའི་བདེ་བའི་ཏིང་ངེ་འཛིན་གྱི་དབྱེ་བ་བཅུ་རིམ་གྱིས་ཐོབ་པར་འགྱུར་བས། འདིའི་ནང་ཚན་དབྱེ་བ་བཅུ་དང༌། དེ་བཞིན་དུ་གཉིས་པ་ལ་ཡང་འདོད་པའི་གནས་སྐབས་བཅུ་རྣམ་པར་དག་པའི་བདེ་བ་ལས་རྒྱ་ལ་མ་བལྟོས་པར་ཡེ་རྒྱས་བསྐྱེད་པ་རིམ་ཅན་དུ་བཅུ་ཐོབ་པར་འགྱུར་བ་དང༌། གསུམ་པ་ཕྱག་རྒྱ་ཆེན་མོ་ཁོ་ནས་བསྐྱེད་པ་ལ་ཡང་འདོད་པའི་གནས་སྐབས་བཅུ་རྣམ་པར་དག་པ་བདེ་བའི་ཏིང་ངེ་འཛིན་བཅུ་ཕྲག་གཅིག་རིམ་གྱིས་སྐྱེ་བར་འགྱུར་བས། དེས་ན་སྤྱིར་རྗེས་དྲན་ལ་ལམ་མཐོ་དམན་གྱི་རིམ་པ་སུམ་ཅུར་དབྱེ་བར་བྱའོ། །འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཞེས་པ་སྤྱི་ལྡོག་ནས་ཡན་ལག་དྲུག་པོ་ཐམས་ཅད་བསྡུས་པ་གོང་དུ་བཤད་པ་ལྟར་ཡིན་མོད་ཀྱི། སྐབས་འདི་ཉིད་ཀྱི་གནས་སྐབས་གསུམ་པོ་ཡང་དོན་གྱིས་འཕངས་པ་ཡིན་ཏེ། རྩ་རྒྱུད་ལ་སོགས་པ་ལུང་གཞན་ལ་བརྟེན་ནས་ཤེས་པ་ཡིན་ནོ། །དེ་ཡང་གནས་སྐབས་དང་པོ་གཉིས་ནི་རྗེས་དྲན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཉིད་སྟོབས་ཆུང་བའི་ཕྱིར་རྗེས་དྲན་ལ་ཞུགས་པའམ་སྦྱོར་བ་ཡིན་ལ། གནས་སྐབས་གསུམ་པ་ནི། རྗེས་དྲན་དངོས་གཞི་དག་པ་བ་ཡིན་པས་གཙོ་བོའི་དོན་དུ་འདི་ཉིད་གཟུང་བར་དགོངས་སོ། །དེ་ལ་ཡང་རྟེན་


TNT04_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བདེའི་ཐིག་ལེ་ཀུན་རྫོབ་ཀུན་ད་ལྟ་བུ་ནི་ཇི་ཙམ་དུ་དྭངས་མ་དྭངས་མར་གྱུར་པ་དེ་ཙམ་དུ་ཇེ་སྲ་ཇེ་སྲ་རུ་འགྱུར་བས་བསྐ་བར་གྱུར་པ་ཞེས་བྱ་བའི་ཐ་སྙད་འཇོག་གོ །ཇི་ཙམ་དུ་བསྐ་ཞིང་སྲ་བར་གྱུར་པ་དེ་ཙམ་དུ་རྗེས་ཆགས་ཀྱིས་བཞུ་བ་ཡང་སླ་ཞིང༌། བཟུང་བཟློག་ཁྱབ་པ་ལ་ཡང་དཀའ་ཚེགས་ཇེ་ཆུང་དུ་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་ན་རྗེས་དྲན་གྱི་སྐབས་འདི་ཉིད་ལ་བལྟོས་པའི་ཡང་གནས་སྐབས་དང་པོ་སྙིགས་མ་ཤས་ཆེ་བས་ལས་རྒྱ་ལ་བལྟོས་ལ། བར་དུ་དེ་ལ་མི་ལྟོས་ཀྱང་ཡེ་རྒྱ་ལ་བལྟོས་པ་དང༌། ཐ་མར་དེ་དག་གང་ལ་ཡང་མ་བལྟོས་པར་སྟོང་གཟུགས་ཀྱི་སྐུ་ཁོ་ནས་ཆོག་པ་གསུམ་དུ་བཞག་པ་ཡིན་ལ། ཡེ་རྒྱ་ཁོ་ནས་བདེ་བ་རྫོགས་པར་བསྐྱེད་པ་ལ་རེག་མཐོང་གི་མཚན་མ་རྙེད་པའི་གསལ་སྣང་དགོས་ཤིང༌། རྗེས་དྲན་གྱི་རིམ་པའི་ལམ་རྒྱུད་ལ་སྐྱེས་པ་ལ། དེ་མ་ཐོབ་པ་ཡང་མི་སྲིད་དེ། སྟོང་གཟུགས་དང་འདི་གཉིས་ཀར་གསལ་སྣང་དུ་ཤར་བ་ཙམ་དུ་མཉམ་པ་ལས་ཀྱང་སྟོང་གཟུགས་ཉིད་ལྷག་པར་གསལ་བ་ཡང་ཡིན་ལ། ལུས་ཀྱི་རེག་སྦྱོར་ནི་གཉིས་ཀ་ལ་མེད་མཉམ་ཡིན་ན་ཡེ་རྒྱས་དགའ་བཞི་རྫོགས་པར་འདྲེན་ཐུབ་ལ་སྟོང་གཟུགས་ཀྱིས་དེ་ལྟར་མ་ཡིན་པའི་གནས་སྐབས་དེ་ཡང་ཅི་ལྟ་བུ་ཞིག་ཅེ་ན། སྟོང་གཟུགས་ནི་སྦྱོར་བ་དང་དངོས་ཀྱི་གནས་སྐབས་ཐམས་ཅད་དུ་རྟོག་བྲལ་གྱི་སྣང་བ་ཁོ་ན་ཡིན་ལ། ཡེ་


TNT04_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནི་དངོས་གསལ་སྣང་ཡིན་ཡང་གྲོགས་རང་དུས་ན་ཆགས་པའི་རྟོག་པ་དང་ཡང་བཅས་ཤིང༌། རང་རྒྱུ་ཡང་རྣམ་རྟོག་གིས་བསྐྱེད་དགོས་པ་ཡིན་པས་ཆགས་རྟོགས་དང་བཅས་པ་ལས་ཞུ་བདེ་འཕྲལ་དུ་བསྐུལ་ནུས་པ་ནི་སྤྱིའི་ལུགས་ཡིན་པ་དང༌། ཆགས་རྟོག་མངོན་འགྱུར་བ་མེད་ཀྱང་ཞུ་བདེ་འཕྲལ་དུ་བསྐྱེད་ནུས་པ་ནི་རྣལ་འབྱོར་ཅན་མཆོག་འགའ་ཞིག་ཁོ་ནའི་སྤྱོད་ཡུལ་ཡིན་པའི་ཕྱིར། སྐབས་འདིའི་དབང་པོ་འབྲིང་ལ་ཡང་བདེ་བ་སྐུལ་བྱེད་ཆགས་རྟོག་མངོན་འགྱུར་བ་དགོས་པ་ལ་དགོངས་སོ། །འོ་ན་འདོད་པའི་གནས་སྐབས་བཅུས་རྣམ་པར་དག་པའི་བདེ་བ་ནི། དུ་བ་ལ་སོགས་པའི་རྟགས་ཀྱིས་བསྐྱེད་པར་གསུངས་ན། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་ཡང་དེ་ལྟ་བུའི་དབྱེ་བ་བྱེད་པ་འགལ་ལོ་སྙམ་ན་མི་འགལ་ཏེ། གནས་སྐབས་འདིར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བལྟོས་པའི་རྣམ་གཞག་བྱུང་བ་ནི། ལམ་གྱི་ཆ་ལག་གམ་གྲོགས་སུ་དགོས་པ་ཡིན་གྱི། དེ་དག་ལ་ཡང་ལམ་གྱི་སྙིང་པོ་སྟོང་གཟུགས་ཕྱག་རྒྱ་ཆེན་མོས་བྱེད་པའི་ཕྱིར། དེ་དག་ཀྱང་ཕྱག་རྒྱ་ཆེན་མོས་བསྐྱེད་པའི་བདེ་བ་ཡིན་ནོ། །འོ་ན་ཕྱག་རྒྱ་ཆེན་མོས་བདེ་བ་བསྐྱེད་མཉམ་ལ་གཞན་ཡང་གྲོགས་སུ་གྱུར་པ་མཆོག་མ་ཡིན་ནམ། ཅིའི་ཕྱིར་ལས་དང་ཡེ་ཤེས་རིམ་པས་སྤོང་བར་བྱེད་སྙམ་ན། དེ་དག་ལས་མཆོག་ཏུ་གྱུར་པའི་ལམ་ནི་ཐོབ་


TNT04_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལ་ཤིན་ཏུ་བརྟན་པ་ནི་མ་ཐོབ་ཀྱི་བར་དུ་ལམ་དམན་པ་དེ་དག་ལམ་མཆོག་སྒོམ་པ་ལས་གཡེང་བའི་རྐྱེན་དུ་འགྱུར་བའི་ཕྱིར། གནས་སྐབས་དེ་དག་ཏུ་སྤོང་དགོས་ཡིན་ཏེ། དེ་ཡང་ལམ་དངོས་གཞིའི་དབང་དུ་བྱས་པ་ཡིན་གྱི། བོགས་འདོན་སོགས་ལ་མ་ངེས་སོ། །དེ་ལ་འདིར་རྗེས་ཆགས་རྣམ་པ་གསུམ་པོ་ཐམས་ཅད་ལ་ཡང་གཏུམ་མོ་རྫོགས་པར་འབར་བས་ཞུ་བདེ་མཐར་ཐུག་པའི་དགའ་བཞི་རྫོགས་པར་སྐྱེ་བ་ཡིན་ཏེ། རྒྱུད་རྒྱལ་ལས། རླུང་ནི་ཡང་དག་ཕྲད་པ་རྣམས་ཀྱི་གློག་གི་མེའི་རྩེ་མོས་སྤྱི་བོའི་ཟླ་བ་ཞུ་བར་བྱེད། །ཐིག་ལེ་གང་གང་ཞུ་བ་འདི་ནི་མགྲིན་པ་སྙིང་ག་ལ་སོན་ལྟེ་བ་གསང་བ་རྣམས་ལ་ འགོག །ཐིག་ལེ་ལས་ནི་གཡོ་པའི་ཁུ་བ་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩེ་ལ་འགོག་པ་གང༌། །དེ་ནི་ཤེས་རབ་ཡེ་ཤེས་སྐད་ཅིག་ཐིག་ལེའི་འཕྲེང་བ་འཕོ་བ་མེད་པས་བདེ་བ་སྟེར་ནའོ། །ཞེས་ཏེ། རྒྱལ་མཚན་རྩེ་ལ་འགོག་པ་ཞེས་བྱ་བ་ནི། ཞུ་བའི་རྐྱེན་གྱིས་དཔྲལ་བ་དང་སྤྱི་བོར་གནས་པ་དེ་དག་ལས་ཀྱང་ཆེས་དྭངས་མར་གྱུར་པའི་ཐིག་ལེ་ཞིག་གོ །དེ་ལ་གཙུག་ཏོར་ནས་ཞུ་བ་ནི་དགའ་བ་དང་པོ། དཔྲལ་བ་ནས་ཞུ་བ་ནི་མཆོག་དགའ། སྙིང་ག་ནས་ཞུ་བ་གསང་བའི་བར་དུ་ཁྱད་དགའ། དེ་ནས་ནོར་བུའི་བར་ནི་ལྷན་ཅིག་སྐྱེས་དགའ་འོ། །མས་བརྟན་ལ་ཡང་དེ་ཉིད་


TNT04_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཟློག་པར་ཤེས་པར་བྱ་སྟེ། དེ་བཞིན་དུ་འབྱུང་བ་བཅུ་དྲུག་གི་དྭངས་མ་ཞུ་བ་དང༌། དབང་བཅུ་དྲུག་གི་ཡེ་ཤེས་དང༌། སྐུ་བཅུ་དྲུག་སྒྲུབ་པའི་དོན་དུ་དགའ་བ་བཅུ་དྲུག་ཏུ་ཡང་གསུངས་སོ། །དེ་ཡང་དགའ་བ་བཞི་ལ་ལུས་དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་ཐིག་ལེའི་ལྡོག་ཆས་ཕྱེ་བས་བཅུ་དྲུག་ཏུ་དབྱེ་བ་གཅིག་དང༌། ཇི་སྐད་དུ། འདོད་དང་དགའ་བ་དང་ནི་འདར་དང་འགྱུར་མེད་དག་དང་བཞི་པོ་ཡི་ནི་སྦྱོར་བ་དེ་གཅིག་སྟེ། །གང་བ་དང་ནི་ནུས་དང་སྐྱེ་བ་དག་དང་མཆོག་གི་དགའ་བ་ཉིད་ནི་གཉིས་པར་ངེས་པར་འགྱུར། །འབར་བ་དང་ནི་ཐིག་ལེ་གཉིད་ཡུར་དག་ཀྱང་སླར་ཡང་ཁྱད་པར་དགའ་པ་ཉིད་ནི་གསུམ་པའོ། །ཨོཊྚ་དང་ནི་ནཱ་ད་དག་དང་གཉིད་དང་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ནི་བཞི་པར་འགྱུར། །ཞེས་སྔ་ཕྱི་གོ་རིམ་ཅན་གྱི་དགའ་བ་བཅུ་དྲུག་དང༌། མས་བརྟན་ལ་ཡང་དེ་ཉིད་རྩ་འཁོར་ལོ་རྣམས་ལ་གོ་ཟློག་པའི་ཚུལ་དུ་འབྱུང་ངོ༌། །དེ་ལྟར་ཡང༌། བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན། །ཞེས་སོགས་གསུངས་པ་དང༌། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །ཞེས་སོགས་ཞུ་བ་གླུས་བསྐུལ་གསུངས་པའི་སྦས་དོན་རྣམས་ཀྱང་མས་བརྟན་གྱི་དགའ་བ་བཅུ་དྲུག་ལ་སྦྱོར་རོ། །དགྱེས་རྡོར་གྱི་དངོས་བསྟན་འགའ་ཞིག་ལས་འབྱུང་བ་ལྷན་སྐྱེས་གསུམ་པར་འཇོག་པ་ཡང་རྒྱུད་འདིའི་ཚིག་དོན་གྱི་སྐབས་འགའ་ཞིག་ལ་ནི་གནས་


TNT04_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། ཆགས་དང་ཆགས་བྲལ་ཐོག་མཐའ་ཞེས་པའི་ཚིགས་གིས་ཀྱང་བསྟན་ཞིང༌། གཞན་ཡང་ཨོཊྚ་འབར་བའི་བར་དང་ཁྱད་པར་དགའ་བ་ལྷན་སྐྱེས་དག་དང་རྣམ་ཤེས་ཡེ་ཤེས་དག་གི་དབུས། །གཉིད་དང་གཉིད་ཡུར་མཚམས་སུ་རྡོ་རྗེ་པདྨ་དག་གི་གཉིས་གཉིས་སྦྱོར་བ་ལ་ནི་བདེ་བ་གང༌། །དེ་ཡི་འཕེལ་བ་རབ་ཏུ་བྱ་སྟེ་བླ་མའི་ངེས་པའི་དབང་གིས་འཕེལ་འགྱུར་འདི་ལ་ངོ་མཚར་མེད། །ཉོན་མོངས་བདུད་རྣམས་བཅོམ་ནས་རྒྱལ་བའི་བདག་པོར་འཇུག་སྟེ་ལོ་ཡི་སྦྱོར་བས་རྣལ་འབྱོར་བཟང་པོའོ། །ཞེས་སོ། །འདིའི་ལྷན་སྐྱེས་གསུམ་པ་དང་དགའ་བྲལ་བཞི་པར་འཇོག་པའི་དུས་ཀྱི་དགའ་བྲལ་དང༌། ལྷན་སྐྱེས་བཞི་པར་འཇོག་པའི་སྐབས་ཀྱི་དགའ་བྲལ་གཉིས། འཇོག་མཚམས་མི་འདྲ་བས་དེ་གཉིས་དོན་ལ་མི་འགལ་བར་མ་ཟད་གནས་གཅིག་གོ །ཡེ་ཤེས་ཐིག་ལེ་སོགས་རྒྱུད་གཞན་ལས། རྩ་སོ་གཉིས་ཀྱི་ནུས་པ་ལས་རྩ་མདུད་སོ་གཉིས་ཡོད་ཅིང༌། དེའི་མཐུ་ལས་དགའ་བའི་སྐད་ཅིག་མ་སུམ་ཅུ་རྩ་གཉིས་འབྱུང་བར་བཤད་པ་དང་ཡང་གནད་གཅིག་ལ། ཞུ་བདེ་འདི་རྣམས་རང་བཞིན་གྱི་བདེ་བའི་དཔེ་རྣམས་ཀྱི་ནང་ནས་འདྲ་ཤོས་མཐར་ཐུག་ཡིན་པས་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་སྟེ། ཀུན་རྫོབ་ཀྱི་དགའ་བ་བཞི་དང་བཅུ་དྲུག་ཡིན་ལ། དོན་དམ་ཆོས་ཉིད་ཀྱི་བདེ་བ་ནི། གནས་


TNT04_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གདོད་མ་སྤྲོས་བྲལ་ཡིན་པས་མཚོན་བྱ་དོན་གྱི་ཡེ་ཤེས་ཞེས་བྱ་ཞིང༌། དེ་ལ་དོན་གྱི་དབྱེ་བ་མེད་ཀྱང་ལྡོག་ཆ་དང་བརྡའ་ཐབས་ཀྱི་སྒོ་ནས་བཞི་དང་བཅུ་དྲུག་གི་རབ་དབྱེ་ཅན་ནོ། །ཡང་ཀུན་རྫོབ་གནས་སྐབས་ཀྱི་དབྱེ་བ་ཁོ་ན་ལ། ཡས་བབས་ཀྱི་དགའ་བ་རྣམས་དོན་དམ་མཚོན་ཕུལ་ཆུང་ཞིང༌། སྲེད་པ་དང་བཅས་པའི་ཕྱིར་ཀུན་རྫོབ་དང༌། མས་བརྟན་རྣམས་དོན་དམ་མཚོན་ཕུལ་ཆེ་ཞིང་སྲིད་པ་འཇོམས་པའི་ཕྱིར་དགོས་པ་ལ་བལྟོས་ནས་དོན་དམ་དུ་འཇོག་པའི་སྐབས་ཀྱང་ཡོད་དོ། །རྗེས་དྲན་གྱི་རིམ་པ་མཐར་ཕྱིན་པའི་སྐབས་འདིར་ནི་སྟོང་གཟུགས་དང་བདེ་བ་གཉིས་ཀར་སྔར་ལས་བརྒྱ་སྟོང་མང་པོར་འཕེལ་བས་ཡོན་ཏན་གྱི་ཁྱད་པར་གཞན་རྣམས་ཀྱང་མཐའ་ཡས་པར་འཕེལ་བ་ཡིན་ལ། དངོས་སུ་ན་ཞུ་བདེ་འགྱུར་མེད་དུ་བརྟན་པ་དང༌། རང་ལུས་འོད་ཀྱི་དཀྱིལ་འཁོར་ཐུག་མེད་དུ་སྣང་བ་དང༌། དག་པའི་སྲིད་གསུམ་གྱི་གཟུགས་བརྙན་ལ་བརྟན་པ་ཐོབ་པའི་རྒྱུ་ལས། མ་དག་པའི་སྲིད་གསུམ་གྱི་སྤྱོད་ཚུལ་མང་པོ་ཤེས་པར་འགྱུར་ཞིང༌། རང་གཞན་གྱི་རྡོ་རྗེ་ལུས་ཀྱི་གནས་ཚུལ་མཐའ་དག་ཤེས་པས་རྟེན་འབྲེལ་ཕྱོགས་མེད་དུ་སྒྲིག་ནུས་ཤིང༌། སེམས་ཅན་གྱི་དོན་རྒྱ་ཆེར་ནུས་པའོ། །ད་ནི་ཏིང་ངེ་འཛིན་གྱི་རིམ་པའི་རྣམ་ངེས་ཅུང་ཟད་བརྗོད་པར་བྱ་སྟེ། རྗེས་དྲན་དང་ཏིང་ངེ་འཛིན་ནི་ཕལ་ཆེར་དམིགས་རྣམ་མཐུན་པའི་ཕྱིར།


TNT04_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་གསུམ་དང་དགའ་བའི་རབ་དབྱེ་སོགས་ལས་བརྩམས་ཏེ། རྗེས་དྲན་བཤད་པས་ཏིང་ངེ་འཛིན་ཡང་བཤད་པར་འགྱུར་རོ། །འོན་ཀྱང་རྗེས་དྲན་གྱི་རིམ་པ་ནི་མི་འགྱུར་བའི་ཐིག་ལེ་མ་གྲུབ་པ་སྒྲུབ་པའི་ཕྱིར་ཡིན་ལ། གྲུབ་པ་ནི་མ་ཡིན་ ནོ། །འདིར་ནི་གྲུབ་པ་ཡིན་ཏེ། དེ་ཡང་ཕྱག་རྒྱ་ཆེན་མོ་རྟགས་བཅུ་ཡོངས་རྫོགས་ཀྱིས་ཞུ་བདེ་ལུགས་འབྱུང་ལུགས་ཟློག་རྫོགས་པར་བསྐྱེད་ཐུབ་ནས་མི་རིང་བ་ནི་མི་འགྱུར་བའི་སྐད་ཅིག་མ་གཅིག་ཐོབ་པར་འགྱུར་ཏེ། རྗེས་དྲན་གྱི་རིམ་པ་དང༌། ཏིང་ངེ་འཛིན་གྱི་རིམ་པའི་མཚམས་སྦྱོར་ལུགས་ནི་དེ་ལྟར་ཡིན་ནོ། །དེ་ཡང་རྒྱུད་ཀྱི་རྒྱལ་པོ་ལས། སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པ་བསྐྱོད་པ་ཉི་མའི་གཟུགས་སུ་རབ་ཏུ་འགྱུར། །རྡོ་རྗེ་པདྨ་རབ་ཏུ་སད་ན་སླར་ཡང་འདི་ནི་ཉི་མའི་གཟུགས་ཀྱི་མེ་ལྕེས་ཞུ་བར་བྱེད། །རླུང་དང་ཟླ་བ་ཉི་མ་འགགས་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར། །དེ་ལྟ་དེ་ལྟར་དང་ནི་དེ་བཞིན་དེ་ལྟར་རྣམ་གསུམ་དུ་འགྱུར་གཞན་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་ཏེ། ཁ་ཅིག་འདི་དག་གིས་ཡན་ལག་ཕྱི་མ་བཞི་པོ་རྣམས་ཀྱི་ངོ་བོ་དང་གོ་རིམ་བསྟན་པར་འདོད་མོད་ཀྱི། ཚིག་རིགས་ལ་འགྲིག་ཏུ་རུང་ཙམ་ཡོད་ཀྱང་དོན་ནི་མ་ཡིན་ལ། འདིས་གཙོ་བོར་མངོན་བྱང་འོག་མའམ་དང་པོ་སྟོན་པར་བྱེད་ཅིང༌། དེ་ནི་ཏིང་ངེ་


TNT04_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྐད་ཅིག་མ༌། ཐ་མ་ཡིན་ལ། ཏིང་ངེ་འཛིན་གྱི་སྐད་ཅིག་སྔ་ཕྱི་ཐམས་ཅད་ཀྱང་རྣམ་པ་གཅིག་ཁོ་ནར་མཚུངས་པས་འདིས་ནི་ཏིང་ངེ་འཛིན་གྱི་མཚན་ཉིད་གསལ་ཞིང་རྒྱས་པར་བསྟན་པ་ཡིན་ནོ། །དེ་ཡང་ཏིང་ངེ་འཛིན་གྱི་སྐད་ཅིག་དང་པོ་ལ་རྗེས་དྲན་གྱི་སྐད་ཅིག་ཐ་མ་དང༌། གཞན་རྣམས་ལ་རང་རང་གི་སྐད་ཅིག་སྔ་མའི་མི་འགྱུར་བའི་བདེ་བས་རྐྱེན་བྱས་ཏེ། སྲོག་ཐུར་སོགས་རླུང་བཅུའི་ཆ་ཤས་ནས་འགགས་པས་རི་བོང་འཛིན་པའི་བསྐྱོད་པ་སྟེ་ཐིག་ལེ་ཞུ་བ་ཉི་མ་སྟེ་ཤེས་རབ་ཀྱི་ཕྱོགས་སྟོང་པ་ཉིད་ཀྱི་གཟུགས་རྣམ་པ་ཐམས་ཅད་པར་འགྱུར་བ་སྟེ་ཐིག་ལེ་སྟོང་གཟུགས་སུ་སོང་བའོ། །སླར་ཡང་མཉམ་བཞག་ཏུ་སྟོང་གཟུགས་ཀྱི་ཕྱག་རྒྱ་ཁོ་ན་དང༌། རྗེས་ཐོབ་ཏུ་གཞན་གཉིས་ཀྱང་སྟེ། རྗེས་ཆགས་སྙོམས་པར་འཇུག་པའི་རྐྱེན་གྱིས་སྐད་ཅིག་སྔ་མར་ཐིག་ལེ་ཡིན་པ་ཕྱི་མ་ལ་སྟོང་གཟུགས་སུ་གྱུར་པ་འདི་ནི། ཡང་གཏུམ་མོ་འབར་བའི་རྣམ་པར་གྱུར་ཏེ་སླར་ཡང་ཐིག་ལེ་འཇུ་བར་བྱེད་པ་ཡིན་ཏེ། སྟོང་ཟུགས་ཀྱི་གཏུམ་མོ་དེ་དང་ལས་ཀྱི་གཏུམ་མོ་ལྷན་ཅིག་པར་འབར་བས་སོ། །དེ་ལྟར་ཞུ་བ་དེ་ཡང་སྟོང་གཟུགས་ཀྱིས་བཅིངས་པ་ན། རླུང་བཅུའི་ཆ་ཤས་ནས་ལས་རླུང་གཅིག་དང༌། ནོར་བུའི་ཕྱོགས་སུ་དཀར་པོ་གཅིག་དང༌། གཙུག་ཏོར་གྱི་ཕྱོགས་སུ་དམར་པོ་གཅིག་


TNT04_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པས་ཡེ་ཤེས་སྟོང་གཟུགས་ལ་རྣམ་ཤེས་དཀར་དམར་རླུང་གསུམ་གྱི་ཁམས་འབྱུང་བའི་ཆོས་རྣམས་ཐིམ་པར་གྱུར་པས་སྟོང་པ་དང་བདེ་བ་དང་གསལ་པའི་ཡེ་ཤེས་སྐད་ཅིག་སྔ་མ་སྔ་མ་ལས་ཆེས་མཆོག་ཏུ་གྱུར་པ་རེ་རེ་ཐོབ་པ་ནི། ཏིང་ངེ་འཛིན་གྱི་སྐད་ཅིག་མ་ཕྱི་མ་ཕྱི་མ་ཡིན་པར་ཤེས་པར་བྱའོ།། དེ་ཡང་ཐིག་ལེ་སྟོང་གཟུགས་ཡིན་པ་ནི། གཟུགས་ཅན་ལས་གྲོལ་བ་དང༌། ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་འཕོ་འགྱུར་མེད་ལ། དེའི་ཕྱིར་ཐིག་ལེ་བརྟན་པར་འགྱུར་བ་ཞེས་འཇོག་ཅིང༌། དེ་ཡང་ཡས་བབས་ཀྱི་ཐ་མར་ཡོངས་སུ་བཅིངས་པས་མས་བརྟན་གྱི་འཇུག་ཐོག་མར་རླུང་འགགས། དེ་ནས་དམར་པོའི་ཆ་ཤས་གཅིག་སྤྱི་བོར་བརྟན་པས་དམར་པོ་ཐུར་དུ་འབར། དེའི་རྐྱེན་གྱིས་དཀར་པོའི་ཆ་ཤས་གཅིག་ནོར་བུར་བརྟན་པ་ཡིན་ནོ། །དེ་ལ་སྐད་ཅིག་ཉིས་ཁྲི་ཆིག་སྟོང་ཐམས་ཅད་ལ་འཆིང་བ་ནི་ནོར་བུ་ཁོ་ནར་ཏེ། དང་པོར་བརྟན་པའི་གནས་ཀྱང་དཀར་པོ་ནོར་བུ་དང་དམར་པོ་གཙུག་ཏོར་ཁོ་ནར་ངེས་ལ། དེར་བརྟན་པར་བྱས་པ་རྣམས་སྔ་མ་སྔ་མ་དང་བསྡོམས་པས་རིམ་པས་གང་བ་ལྟར་སྣང་བ་ལས་གསང་བའི་འཁོར་ལོའི་ཕྱེད་གང༌། ཞེས་པ་ནས་གཙུག་ཏོར་གྱི་འཁོར་ལོ་ཧྲིལ་གྱིས་གང་ཞིང་བརྟན་ཞེས་བྱ་ཞིང༌། དམར་པོ་ཡང་གཙུག་ཏོར་ནས་ནོར་བུའི་བར་ལ་གནས་སོ་སོར་བརྟན་ཞེས་


TNT04_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་གོ །རླུང་ནི་ཆ་ཤས་ཙམ་ཁམས་དཀར་དམར་དང་ལྷན་ཅིག་ཏུ་གཙུག་ཏོར་དང་ནོར་བུ་ཡང་བརྟན་པར་འགྱུར་མོད་ཀྱི། གཙོ་བོར་ནི་སྔར་སྙིང་ག་ཡན་ཆད་དུ་གནས་པའི་སྲོག་གིས་དབང་བྱས་པ། མུན་པ་ཅན་སྒྲ་གཅན་གྱིས་ལོངས་སྤྱོད་དུ་གྱུར་པ་རྣམས་ལྟེ་བར་ཐིམ་ཞིང༌། སྔོན་ཆད་ལྟེ་བ་མན་ཆད་དུ་གཙོ་བོར་གནས་ཤིང་ཐུར་སེལ་གྱི་དབང་བྱེད་པ་མུན་བྲལ་མེ་སྟེ་དུས་མེའི་རླུང་རྣམས་སྙིང་གར་ཐིམ་ཞིང་འགག་པར་འགྱུར་རོ། །འདི་དག་ཀྱང་གནས་ཀྱི་གཙོ་བོ་སྨོས་པ་ཡིན་གྱི། སྤྱིར་ཁུ་རྡུལ་རླུང་གསུམ་ཐམས་ཅད་ལུས་ཀྱི་ཆ་ཐམས་ཅད་དུ་འགག་པ་འགྱུར་རོ། །རླུང་ཐིམ་ཚུལ་ནི་དེ་ལྟར་ཡང་རྒྱུད་ཀྱི་རྒྱལ་པོ་ལས། ཕྱི་རོལ་ཏུ་ནི་གང་ཞིག་ཆུ་ཚོད་བརྒྱད་པའི་ཕྱེད་འགྱུར་སྒྲ་གཅན་ལོངས་སྤྱོད་དག་ལས་གཞན་དུ་གནས། །དེ་ནི་རང་གི་ལུས་ལ་དབུགས་ཕྱེད་ངེས་པར་མུན་པ་དང་བྲལ་འཇིག་རྟེན་ཐམས་ཅད་སྣང་བ་སྟེ། སྔ་མ་ཕྱེད་ནི་མུན་པ་དང་བཅས་སྲིད་པ་གསུམ་པོ་མཐའ་དག་སྟོང་པ་གང་དུ་ཐིམ་པའོ། །དེ་ཕྱིར་དེ་ནི་ཕྱེད་ནས་དུས་ཀྱི་འཁོར་ལོ་རྣལ་འབྱོར་ལྡན་པ་གཅིག་པུ་མུན་པ་བྲལ་བར་འཇུག །ཅེས་སོ། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་དབྱེ་ན་རྒྱུད་ཀྱི་རྒྱལ་པོ་ཕྱི་མ་ལས། འཛག་མེད་དགའ་བ་ཁུ་བ་རྡོ་རྗེ་ཡང་སྟེ་དེ་འཛིན་པ་ལས་ངེས་པར་རྡོ་རྗེ་


TNT04_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའོ། །ས་བོན་ལུས་ཀྱི་ཐིག་ལེ་ཡབ་སྟེ་ལྟེ་བའི་འཁོར་ལོ་བདེ་བ་གང་ཞིག་ཛི་ན་ཛིཀ་ཞེས་པའོ། །དེ་ནི་མཚོན་བྱ་མཚོན་པར་བྱེད་པ་སྙིང་གར་མཆོག་གི་བདེ་བ་མགོན་པོ་ཨ་རོ་ལིཀ་ཉིད་དོ། །དེ་ནི་རིག་བྱ་རིག་བྱེད་གང་གི་མགྲིན་པར་གཡོ་མེད་བདེ་བ་འཛིན་པ་དེ་ཡང་རཏྣ་དྷྲཱྀཀ གང་གི་སྤྱི་བོའི་རྒྱུད་དུ་ཁུ་བ་དྲི་མ་མེད་པའི་བདེ་བ་འཛིན་པ་འདི་ནི་པྲཛྙཱ་དྷྲྀཀ གཙུག་ཏོར་ཚངས་པའི་བུ་གར་འགྱུར་བ་མེད་པ་མཆོག་གི་བདེ་བ་དགའ་བ་བཅུ་དྲུག་གང་བ་ནི། གང་ཞིག་ཤེས་རབ་རང་བཞིན་མེད་པ་མཆོག་གི་རི་བོང་ཅན་ཆ་བཅུ་དྲུག་པ་སྟེ་ཉ་ཡི་མཐར། གང་གི་རིག་མ་དགའ་བ་དེ་ནི་རྡོ་རྗེ་དང་བཅས་མགོ་བོར་དྲུག་པ་རྡོ་རྗེ་སེམས་དཔའ་འོ། །ཞེས་གསུངས་ཏེ། ལས་ཀྱི་རླུང་གཅིག་འགགས་དམར་ཆ་གཅིག་དང་དཀར་ཆ་གཅིག་བརྟན་པས་མི་འགྱུར་བའི་སྐད་ཅིག་གཅིག་སྐྱེས་པ་ནས་གཟུང་དེ་འདྲ་བ་སྟོང་བརྒྱད་བརྒྱ་ཐོབ་པ་ན། གསང་བའི་འཁོར་ལོའི་ཕྱེད་བརྟན་ཞིང་ཏིང་ངེ་འཛིན་གྱི་ས་དང་པོ་ཐོབ་པ་ཡིན་ལ། སླར་ཡང་སྟོང་བརྒྱད་བརྒྱས་གསང་བའི་འཁོར་ལོའི་ཕྱེད་ཕྱི་མ་གང་བས་འཁོར་ལོ་དེ་ཡོངས་རྫོགས་བརྟན་ཏེ་ས་གཉིས་པའོ། །དེ་གཉིས་ལ་ཁུ་བ་འཛག་མེད་ལས་ཆགས་བཅས་ཀྱི་བདེ་བའི་རྣམ་པ་ཅན་གྱི་ཡེ་ཤེས་ཤས་ཆེ་ལ། དེ་བཞིན་དུ་སྦྱར་ཏེ། སྟོང་བརྒྱད་བརྒྱས་ལྟེ་བའི་ཕྱེད་བརྟན་པས་ས་


TNT04_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དང༌། ཕྱེད་ཕྱི་མ་གང་ལྟེ་བ་ཡོངས་རྫོགས་བརྟན་པས་ས་བཞི་པའོ། །དེར་ནི་ཐབས་ལུས་ཀྱི་ཆོས་རྣམ་པར་དག་པས་སྣོད་བཅུད་དུ་སྣང་བའི་ས་བོན་ལུས་ལ་གནས་པ་གཞན་དུ་གྱུར་པས་ཕྱི་རོལ་ཡུལ་སྣང་རྣམས་ཀྱང་བཟང་པོ་འབའ་ཞིག་ཏུ་འགྱུར་རོ། །དེ་ནས་སྟོང་བརྒྱད་བརྒྱས་སྙིང་གའི་ཕྱེད་བརྟན་པས་ས་ལྔ་པ་དང༌། ཕྱེད་ལྷག་མ་གང་ཞིང་བརྟན་པས་ས་དྲུག་པ་སྟེ། འདི་དག་ལ་མཚོན་བྱ་ཀུན་རྫོབ་རྟེན་འབྲེལ་གྱི་ཆོས་ལ། མཚོན་བྱེད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་གསལ་སྣང་གཙོ་བོར་འཆར། ཡང་སྟོང་བརྒྱད་བརྒྱས་མགྲིན་པའི་ཕྱེད་བརྟན་པས་ས་བདུན་པ་དང༌། ཡང་སྟོང་བརྒྱད་བརྒྱས་ཕྱེད་ཕྱི་མ་གང༌། མགྲིན་པ་རྫོགས་པར་བརྟན་པས་ས་བརྒྱད་པ་སྟེ། འདི་དག་ཏུ་རིག་བྱ་རིག་བྱེད་དེ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དབྱིངས་དེ་ཡང་རིག་པ་དང་གསལ་བ་དེ་བདེ་བ་ཆེན་པོས་རིག་ཅིང་མྱོང་བའི་ཉམས་གཙོ་བོར་འཆར། དེ་ནས་སྟོང་བརྒྱད་བརྒྱས་དཔྲལ་བའམ་སྤྱི་བོའི་འཁོར་ལོའི་ཕྱེད་བརྟན་པས་ས་དགུ་པ་དང༌། ཡང་ཕྱེད་ཕྱི་མ་གང་སྤྱི་བོ་རིམ་གྱི་བརྟན་པས་ས་བཅུ་པ་ཐོབ་སྟེ། འདི་དག་ལ་དྲི་མ་མེད་པའི་བདེ་བ་སྟེ་ཆགས་རྟོག་དབྱིངས་སུ་ཐིམ་པའི་བདེ་ཆེན་གྱི་ཉམས་གཙོ་བོར་འཆར་རོ། །


TNT04_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྟོང་བརྒྱད་བརྒྱས་གཙུག་ཏོར་གྱི་ཕྱེད་བརྟན་པས་ས་བཅུ་གཅིག་པ་དང༌། སྟོང་བརྒྱད་བརྒྱས་ཕྱེད་ཕྱི་མ་གང་གཙུག་ཏོར་ཧྲིལ་གྱིས་བརྟན་པས་ས་བཅུ་གཉིས་པ་སྟེ། འདི་དག་ལ་ཐིག་ལེ་ཕལ་ཆེར་འགྱུར་མེད་དུ་གྱུར་པ་དང། མཐར་འགྱུར་མེད་ཀྱི་ཐིག་ལེ་ཡོངས་སུ་རྫོགས་པའི་དབང་གིས་འགྱུར་བ་མེད་པའི་བདེ་བའི་ཉམས་ཞེས་གསུངས་ཏེ། ཁྱད་པར་སྔ་མ་ཐམས་ཅད་འདི་ལ་རྫོགས་པར་ཚང་བའོ། །དེ་ལྟར་ན་ཏིང་ངེ་འཛིན་ལ་དབྱེ་ན། འཁོར་ལོ་དྲུག་གི་དབྱེ་བས་དྲུག་དང༌། སའི་དབྱེ་བས་བཅུ་གཉིས་དང༌། འགྱུར་མེད་བདེ་བའི་སྐད་ཅིག་མའི་དབྱེ་བས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིན་ནོ། །མི་འགྱུར་བའི་བདེ་བའི་རང་ངོས་ནས་ནི་དབྱེ་བ་གཏན་ནས་མེད་མོད་ཀྱི། རྣལ་འབྱོར་བློའི་རྟོགས་ཚུལ་ལ་སྐད་ཅིག་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡིན་ལ། ཏིང་ངེ་འཛིན་གྱི་ལམ་སྐད་ཅིག་དང་པོས་རྟོགས་བྱ་གང་ཡིན་པ་དེ་སྐད་ཅིག་ཐམས་ཅད་ཀྱི་རྟོགས་བྱ་ཡིན་པའི་ཕྱིར། མི་འགྱུར་བའི་བདེ་བ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པར་གསུངས་སོ། །དེ་ལྟར་འཁོར་ལོ་རེ་རེ་ལ་ས་གཉིས་གཉིས་སྦྱོར་བར་ཡང་རྒྱུད་ཕྱི་མ་ལས་གསུངས་པ། སྲོག་དང་རྩོལ་བ་བཀག་པས་སངས་རྒྱས་གཟུགས་བརྙན་དྲི་མ་བྲལ་བའི་


TNT04_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡང་དག་པ། །གསང་བ་ལྟེ་བ་སྙིང་ག་མགྲིན་པ་མགོ་བོ་རྡོ་རྗེ་རྣམས་སུ་རིམ་བཞིན་ས་ཟུང་རེ། ཁུ་བ་གྱེན་དུ་སོང་ཞིང་ཁྲག་ཀྱང་འོག་ཏུ་འགྲོ་ལ་ཚངས་དབྱངས་གཞོམ་དུ་མེད་པ་ལས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་དྲི་མ་བྲལ་བ་གང་གི་སྟོན་པ་སངས་རྒྱས་ཉིད། །ཅེས་ཤིན་ཏུ་གསལ་བར་བསྟན་པ་ཉིད་ དོ། །དེ་དག་ནི་ལས་རླུང་སྟོང་བརྒྱད་བརྒྱ་འགགས་པ་ལས་རིམ་གྱིས་འབྱུང་བར་ཡང༌། རྒྱུད་ལས། ཆགས་དང་ཆགས་བྲལ་ཐོག་མཐའ་ལ་གནས་སྐད་ཅིག་མ་ཡང་ཁྱབ་བདག་གིས་ནི་དབུགས་ཀྱི་གྲངས་འཕེལ་ལོ། །ཞེས་པས་གསལ་བར་བསྟན་ཞིང༌། ཏིང་ངེ་འཛིན་གྱི་སྐད་ཅིག་མའི་གྲངས་ནི་གོང་དུ་དྲངས་པ་ལྟར་རྩ་བའི་རྒྱུད་ལས། མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་ དང༌། །དྲུག་བརྒྱ་ཡོངས་རྫོགས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའ་རང་ཉིད་ འགྱུར། །ཞེས་སོ། །དེ་ལས་དེ་དག་ཏུ་སྤང་བྱ་རླུང་བཅུ་འགགས་ཚུལ་ནི། གསང་པའི་ས་གཉིས་ལ་ཐུར་སེལ་དང༌། ལྟེ་བའི་ས་གཉིས་ལ་མཉམ་གནས་དང༌། སྙིང་གའི་ས་གཉིས་ལ་སྲོག་འཛིན་དང༌། མགྲིན་པའི་ས་གཉིས་ལ་གྱེན་རྒྱུ་དང༌། དཔྲལ་བའི་ས་གཉིས་ལ་ཁྱབ་བྱེད་དང༌། གཙུག་ཏོར་གྱི་ས་གཉིས་ལ་ཀླུ་ལ་སོགས་པ་ཡན་ལག་


TNT04_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གི་རླུང་ལྔ་དང། གཞན་ཡང་དབང་པོ་དང་ཡུལ་དང་ལས་དབང་དང༌། བྱ་བའི་རླུང་རྣམས་ཐམས་ཅད་འགག་སྟེ། དེ་དག་ཀྱང་གཙོ་བོའི་དབང་དུ་བྱས་ཀྱི་གཞན་ནི་ཐམས་ཅད་ཀྱང་ཐམས་ཅད་དུ་འགག་གོ །ཡོན་ཏན་གྱི་ཁྱད་པར་ནི། ས་དང་པོ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་གི་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང༌། དེ་བཞིན་དུ་གཉིས་པ་ལ་གཉིས་དང༌། གསུམ་པ་ལ་བཞི་དང༌། བཞི་པ་ལ་བརྒྱད་དང༌། ལྔ་པ་ལ་བཅུ་དྲུག་དང༌། དྲུག་པ་ལ་སོ་གཉིས་དང༌། བདུན་པ་ལ་དྲུག་ཅུ་རེ་བཞི་དང༌། བརྒྱད་པ་ལ་བརྒྱ་ཉེར་བརྒྱད་དང༌། དགུ་པ་ལ་ཉིས་བརྒྱ་ལྔ་བཅུ་ང་དྲུག་དང༌། བཅུ་པ་ལ་ལྔ་བརྒྱ་བཅུ་གཉིས་དང། ས་བཅུ་གཅིག་པ་ལ་ཕྱོགས་བཅུའི་འཇིག་རྟེན་ཁམས་སྟོང་དང་ཉེར་བཞིའི་སྔར་མ་མཐོང་བའི་དོན་ཡང་དག་པར་མཐོང་ནས། ས་བཅུ་གཉིས་པ་ལ་ནི་མཐའ་ཡས་པར་བཤད་དེ། སྔར་མ་མཐོང་བའི་དོན་ཞེས་བྱ་བ་ཡང་རང་གི་མཉམ་བཞག་གི་གསལ་སྣང་ལ་ཚད་དེ་དང་དེ་ཚུན་ཆད་ལ་སྣང་བ་སྒྱུ་མ་ལྟ་བུ་དང༌། རང་བཞིན་སྤྲོས་བྲལ་དུ་འཆར་ཞིང༌། དེ་དང་དེ་ཕན་ཆད་ལ་ནི་ཤེས་པའི་འཇུག་པ་མི་གསལ་བའོ། །རྗེས་ཐོབ་ཏུ་ནི་མཉམ་བཞག་དེའི་ཤུགས་ལས་ཐོབ་པའི་ཡོན་ཏན་འཇིག་རྟེན་གྱི་ཁམས་དེ་དང་དེ་ཚུན་ཆད་ཀྱི་སྣོད་ཀྱི་འཇིག་རྟེན་དང་འགྲོ་བའི་སྤྱོད་ཚུལ་རགས་པ་རྣམས་


TNT04_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་ནུས་པ་སྟེ། དེ་ཡང་ཡེ་ཤེས་གཅིག་གིས་དུས་ཅིག་ཅར་རྟོགས་པར་མ་ངེས་ཀྱང་རིམ་པས་བསམས་ན་ཤེས་ པའོ། །ཡང་རྒྱུད་ལས་དེ་ནས་ཏིང་ངེ་འཛིན་གྱི་དག་པ་ཉིན་ཞག་འགའ་ཞིག་དབང་གིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་ཉིན་ཞག་འགའ་ཞིག་སྟེ་ཏིང་ངེ་འཛིན་གྱི་སྐད་ཅིག་མ་དང་པོ་ཐོབ་པ་ནས་བརྩམས་ཏེ། ལོ་གསུམ་དང་ཕྱོགས་གསུམ་དུ་བརྩོན་པར་བསྒོམས་ན། ཏིང་ངེ་འཛིན་གྱི་ཐ་མའི་མཐར་ཡེ་ཤེས་ཀྱི་སྐུའམ་ཟུང་འཇུག་གི་སྐུར་གྲགས་པ་ཐོབ་པ་ནི། སངས་རྒྱས་ཀྱི་ས་ཆུང་ངུ་དང་རྡོ་རྗེ་འཛིན་པའི་ས་ཐོག་མར་ཐོབ་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པ་རྫོགས་པར་མ་ཐོབ་བར་ལ་ཡེ་ཤེས་ཀྱི་སྐུ་མ་ཐོབ་པར་བཤད་པས་ཏིང་ངེ་འཛིན་གྱི་ས་རྣམས་ནི་འཕགས་ས་མ་ཡིན་ཏེ། འཕགས་པའི་ས་དང་པོ་ཐོབ་ན་ཡིད་ཀྱི་རང་བཞིན་གྱི་ལུས་ངེས་པར་ཐོབ་པར་དཔལ་གྱི་མགུར་ནས་གསུངས་པའི་ཕྱིར་རོ། །གཞན་ཡང་འཕགས་པའི་ས་བཅུ་པའི་ཡོན་ཏན་གཞལ་དུ་མེད་པར་གསུངས་ན། བཅུ་གཅིག་པའི་ཡོན་ཏན་གཞལ་དུ་ཡོད་པ་དང་ཡང་འགལ་བའི་ཕྱིར། འདི་དག་ནི་སྦྱོར་ལམ་གྱི་ནང་ཚན་ཞིག་ལས་ཕྱེ་བའི་ས་ཁོ་ནའོ། །འོན་ཀྱང་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་དང་རྣམ་པ་མཐུན་ཞིང་དེ་དག་གི་སྦྱོར་བའམ་སྔོན་འགྲོའི་ཚུལ་དུ་གནས་པ་ཡིན་


TNT04_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

པས། རྒྱུ་འབྲས་སྤྱོད་པའི་ཕྱིར་དེ་དག་དང་མཚུངས་པར་བསྟན་ཏོ། །དེ་ལྟར་ཡན་ལག་དྲུག་གི་རིམ་པ་དྲུག་ལ་སྟོང་གཟུགས་འཆར་ཚུལ་ནི། སོར་སྡུད་ལ་གཟུགས་བརྙན་ཙམ་དང༌། བསམ་གཏན་ལ་དེ་ཉིད་སེམས་སྤྲོས་བྲལ་དུ་ཤེས་པ་དང༌། སྲོག་རྩོལ་ལ་སྲོག་གཟུགས་སུ་ཤར་བ་དང། འཛིན་པ་ལ་ཐིག་ལེའི་དྭངས་མར་ཤར་བ་དང། རྗེས་དྲན་ལ་འབར་འཛག་གི་གཏུམ་མོའི་ངོ་བོར་ཤར་བ་དང༌། ཏིང་ངེ་འཛིན་ལ་མི་འགྱུར་བའི་ཐིག་ལེར་ཤར་བའོ། །བདེ་བ་ཡང་དྲུག་སྟེ་ཡིད་བདེ་ཕྲ་མོ་ཙམ་དང༌། ཤིན་ཏུ་སྦྱངས་པའི་དགའ་བདེ་དང་སྲོག་ཐུར་འདྲེས་པའི་བདེ་བ་དང༌། ལས་ཀྱི་གཏུམ་མོའི་འབར་འཛག་གི་བདེ་བ་དང༌། ཕྱག་རྒྱ་ཆེན་མོའི་འབར་འཛག་གི་བདེ་བ་དང༌། མི་འགྱུར་བའི་བདེ་བ་རྣམས་རིམ་པས་སྦྱར་རོ། །གཉིས་སྣང་སྤོང་ཚུལ་ཡང་དྲུག་སྟེ་སོར་སྡུད་ལ་མི་རྟོག་པའི་ཚུལ་གྱིས་སྤོང༌། བསམ་གཏན་ལ་སེམས་ཀྱི་ངོ་བོར་རྟོགས་པས་སྤོང་སྟེ། དེ་གཉིས་སྟོང་གཟུགས་ཁོ་ནའི་སྟེང་དུ་ཡིན། སྲོག་རྩོལ་ལ་གཡས་གཡོན་གྱི་རྒྱུ་བ་བཀག་པའི་སྒོ་ནས་སྤོང༌། འཛིན་པ་ལ་དེ་གཉིས་རང་སར་ཡལ་བའི་ཚུལ་གྱིས་སྤོང༌། དེ་གཉིས་ཀྱིས་གཟུང་འཛིན་མཐའ་དག་ཅུང་ཟད་མགོ་གནོན། རྗེས་དྲན་ལ་བདེ་སྟོང་རྒྱས་འདེབས་ཀྱི་ཚུལ་གྱིས་སྤོང༌། ཏིང་ངེ་འཛིན་ལ་རང་རྒྱུད་ཀྱིས་


TNT04_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་རྣམས་གནས་གྱུར་པའི་ཚུལ་གྱིས་སྤོང་སྟེ། འདི་གཉིས་ཀྱིས་མཉམ་བཞག་ཏུ་གཟུང་འཛིན་གྱི་སྣང་བ་མངོན་གྱུར་མི་སྐྱེ་བར་བྱེད་པའི་ཚུལ་གྱིས་སྤོང་ངོ༌། །ཞེས་པ་དྲུག་གསུམ་བཅོ་བརྒྱད་ཀྱི་གནད་འདི་རྣམས་ཀྱང་གོ་དོན་གལ་པོ་ཆེ་ཡིན་ནོ། །དེ་ལ་བདེ་བ་ཆེན་པོ་ནི་རྟག་པ་ཡིན་ལ། འཁོར་ལོ་སྡོམ་པ་ལས་ཀྱང༌། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །དེ་ལྟ་བུར་ནི་བྱེད་པ་ཡི། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་དང༌། སྡོམ་འབྱུང་ལས། ཨེ་མ་ཧོ་བདེ་ཆེན་འདོད་པ་ཡིས། །ས་གསུམ་པོ་ནི་གང་བ་སྟེ། །ཞེས་ཀྱང་གསུངས་ལ། ཀྱཻ་རྡོ་རྗེ་ལས་ཀྱང༌། འདིར་ནི་ཐོག་མ་དབུས་ཐ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པ་ཉིད། ཅེས་དང༌། བྲམ་ཟེ་ཆེན་པོས་ཀྱང༌། ནམ་ཞིག་སྦྱོར་གཞི་གནས་གཅིག་ལ་ནི་ཞུགས་པ་ཡི། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ༌། །ཞེས་སེམས་ཅན་རྣམས་ཀྱི་ཚོར་བས་མྱོང་བྱ་མ་ཡིན་པ་དང༌། མཁའ་ཁྱབ་དང་སྤྲོས་བྲལ་དང་རྟག་པར་བཤད་ཅིང༌། ཨིནྡྲ་བྷུ་ཏིའི་ཡེ་ཤེས་གྲུབ་པ་ལས་ཀྱང༌། དབང་པོ་གཉིས་སྐྱེས་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ནི་བདེ་བ་ཆེན་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་


TNT04_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཞེས་དང༌། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་ཞུ་བདེ་མི་རྟག་ཅིང་བདེ་ཆེན་རྟག་པ་དང༌། ཞུ་བདེ་ཀུན་རྫོབ་འཁྲུལ་སྣང་དང༌། བདེ་ཆེན་དོན་དམ་དུ་གསུངས་པས་ངོ་བོ་ཤིན་ཏུ་ཐ་དད་ཀྱང༌། དོན་དམ་དེ་རྟོགས་པའི་ཐབས་སུ་ནི་སྤྱིར་ཞུ་བདེ་དང༌། ཁྱད་པར་ལས་ཀྱིས་ཕྱག་རྒྱའི་བདེ་བའང་འདི་སྐབས་འགའ་ཞིག་ཏུ་ངེས་པར་དགོས་ཏེ། དེ་ལྟར་ཡང་མེ་ནི་དངུལ་ཆུའི་དགྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུ་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་བོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་བ་རྣམས་དག་གི་སེམས་ནི་འཆིང་མི་ འགྱུར། །བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །དེ་ལྟར་ན་ཏིང་ངེ་འཛིན་གྱི་སྐད་ཅིག་ཐ་མས་འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དངོས་སུ་ཐོབ་པ་ཡིན་ཞིང༌། དེ་སྔོན་མན་ཆད་འཇིག་རྟེན་པ་ཡིན་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ཡང་སོ་སོ་སྐྱེ་བོ་དང༌། འཕགས་པའི་གནས་སྐབས་ལ་འཇོག་པ་ནི་ཐམས་ཅད་ཀྱི་ལུགས་ཡིན་པའི་ཕྱིར་དང༌། ཐོག་མཐའ་བར་གསུམ་གྱི་མཚན་མའི་ནང་ནས་ཐ་མའི་མཚན་མ་


TNT04_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་གསུངས་པས་ཀྱང་འབྲས་བུའི་མཐར་ཐུག་ཏུ་མི་འགྱུར་ཏེ། བདེན་པ་མཐོང་བ་ལ་ཆོས་སྐུ་མཐོང་བར་བཤད་པ་ལྟར་འདིས་ཀྱང་སངས་རྒྱས་ཉིད་དང་ཆོས་སྐུ་མཐོང་བའི་ཕྱིར་ཐ་མའི་མཚན་མའོ། །དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས། དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་དང༌། སྦྱོར་བ་ཡན་ལག་དྲུག་གི་སྐུ་རྫོགས་པ་འགྱུར་བ་མེད་པའི་སྐད་ཅིག་ཐོབ་པའོ། །བར་བའི་མཚན་མ་ནི། མཆོག་ཏུ་མི་འགྱུར་པའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང༌། མངོན་པར་ཤེས་པ་ལྔ་དང༌། མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང༌། འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །ཐ་མའི་མཚན་མ་ནི། སངས་རྒྱས་ཉིད་དང༌། རྡོ་རྗེ་འཆང་ཉིད་དང༌། བདེ་བ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཞེས་སོ། །དེ་ལྟར་ན་ཡན་ལག་དྲུག་ལས་དཀའ་བ་མེད་པར་རྡོ་རྗེ་འཛིན་པའི་ས་ཆུང་ངུ་ཐོབ་ནས། སླར་ཡང་འཕགས་པའི་ས་གཞན་རྣམས་བགྲོད་དེ་མཐར་རྡོ་རྗེ་འཛིན་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དེ་ཡང་དུས་མྱུར་དུ་ཐོབ་པར་འགྱུར་བ་ཡིན་པས། ལམ་འདི་ལ་འབད་པ་ཆེན་པོས་ནན་ཏན་སྙིང་པོར་བྱའོ། །


TNT04_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་སྒྲ་དོན་ནི་ཚིག་ལ་རྟོན་ཞིང༌། སྒྲ་ཚད་ཀྱི་སྤྲོས་པས་ཡིད་དྲངས་པ་རྣམས་ལ་མོས་པ་སྐྱེ་བའི་དགོས་དོན་ཅུང་ཟད་ཡོད་པས་སྒྲ་སྒྲུབ་རགས་པ་ཙམ་དང་བསྲེས་ཏེ་བཤད་ན། སྤྱིར་བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ་ཞེས། བྱིངས་ལ་མིང་དུ་སྒྲུབ་པའི་རྐྱེན་བྱིན་ཏེ་ནམ་འགྱུར་རྫོགས་པ་ལ་མིང་དང་རྟགས་ཟེར། མིང་དུ་གྲུབ་ཟིན་དེ་ལ་དེ་ལས་ཕ་རོལ་ན་རྣམ་ དབྱེའོ། །ཞེས། དེ་ཚིག་ཏུ་སྒྲུབ་པ་ལ་རྣམ་དབྱེ་སྟེར་དགོས་ཤིང༌། དེ་ཡང་དང་པོ་ངོ་བོ། གཉིས་པ་བྱ་བ། གསུམ་པ་བྱེད་པ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་བ། བདུན་པ་གནས་གཞི་བརྗོད་པ་སྟེ་བདུན་ཡོད་པ་ལས། དེ་རེ་རེ་ལ་ཡང་གཅིག་ཚིག་གཉིས་ཚིག་མང་ཚིག་གི་རྐྱེན་གསུམ་གསུམ་ཡོད་དོ་ཞེས་ངེས་པར་བྱས་ནས། སྐབས་འདིར་སོར་སྡུད་ཀྱི་སྐད་དོད་པྲ་ཏྱཱཧཱ་རཿཞེས་པ་ཡིན་པ་ལས། ཧྲྀཉ་འཕྲོག་པ་ལའོ། །ཞེས་པའི་བྱིངས་ལ། རྐྱེན་གྷཉ་བྱིན། ཉེར་བསྒྱུར་ཨཱང་སྔོན་དུ་བཞག ཉ་གཉིས་དང་ང་རྣམས་རྗེས་འབྲེལ་ཡིན་པས་ཕྱིས། གྷ་ཡང་རྗེས་འབྲེལ། རྐྱེན་གྱི་ཉའི་ནུས་པ་ཧྲྀ་ཡི་སྲོག་གི་རྀ་ཡིག་འཕེལ་བར་འགྱུར་ལ། རྀ་ཡིག་གི་འཕེལ་བ་ནི་ཨཱར་ཡིག་གོ །དེ་རྐྱེན་གྱི་ཨ་དང་མཚམས་སྦྱར་བས་ཨཱ་ཧཱ་ར་ཞེས་པ་གྲུབ་ཅིང་དེ་ནི་གཅོད་པ་དང་སྤོང་བ་དང༌།


TNT04_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པ་དང་ཟས་རྣམས་ལ་འཇུག་གོ །ཕ་རོལ་ཏུ་པྲ་ཏི་བཞག་པ་ལ། རྣམ་དབྱེ་དང་པོའི་སི་བྱིན། རྣམ་དབྱེ་རྣམས་བསྡུ་བ་བྱས་ཏེ་ཕྱིས་པའི་རྗེས་སུ་པྲ་ཏི་གོང་དུ་དྲངས་ནས་མཚམས་སྦྱར་བས། པྲ་ཏྱཱཧཱ་ར་ཞེས་པ་འབྱུང་ལ། དེའི་མཐར་རྣམ་དབྱེ་དང་པོའི་སི་བྱིན། ཨི་བརྗོད་དོན་དེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོ་ཞེས་རྣམ་བཅད་དུ་བྱས་པའི་ཚིག་ཏུ་གྲུབ་པའོ། །དེས་ན་མིག་སོགས་དབང་པོ་རྣམས་ཀྱིས་གཟུགས་སོགས་ཡུལ་འཛིན་པ་ནི། འཁོར་བ་པ་རྣམས་ཀྱི་ཟས་ཡིན་ལ། ཟས་དེ་ཕྱིར་སྤོང་བ་ནི་པྲ་ཏྱཱཧཱ་རཿསྟེ་སོ་སོར་སྤོང་བའོ། །ཡང་ན་ཨཱ་ཧཱ་ར་སྡུད་པ་དང༌། བཟའ་བའི་དོན་ཡིན་ནོ། ཁྲལ་སྡུད་པ་དང༌། ཟས་ལ་ལོངས་སྤྱོད་པ་ལྟ་བུ་ཡིན་ལ། པྲ་ཏི་ཕྱི་ཕྱིར་རམ་སོ་སོར་ཏེ་ཤིན་ཏུ་ལོངས་སྤྱོད་པའམ་རང་གནས་སུ་ལོངས་སྤྱོད་པ་སྟེ། གཞན་ཡེ་ཤེས་ཀྱི་དབང་པོ་ལྔ། གཞན་སྟོང་པའི་གཟུགས་སོགས་ལྔ་ལ་ཡང་ཡང་འཇུག་པ་དང་སོ་སོར་འཇུག་པའི་དོན་ནོ། །ཡང་ཐ་མལ་གྱི་མིག་དང་གཟུགས་ཀྱི་འབྲེལ་བ་གཅོད་པ་ནས་ལུས་དང་རེག་བྱའི་འབྲེལ་བ་གཅོད་པའི་བར་དུ་སོ་སོར་འབྲེལ་བ་གཅོད་པས་སོ་སོར་གཅོད་པའོ། །བསམ་གཏན་གྱི་སྐད་དོད་དྷྱ་ནཾ་ཞེས་པ་ལས། དྷྱཻ་སེམས་པ་ལའོ། །ཞེས་པའི་བྱིངས་ལ་


TNT04_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཡུཊ་ཡང་ངོ་ཞེས་པས། མ་ནིང་གི་དོན་ལ་ཡུཊ་བྱིན། ཊ་ཡིག་ནིཥྟ་རྗེས་སུ་འབྲེལ་བ་ལས་ཨིའི་འོ་ཞེས་ཁྱད་དོན་ཡིན་པ་ཕྱིས། ཡུ་ཝུ་ཛྷ་རྣམས་ཀྱི་ཨ་ན་ཨ་ཀ་ཨ་ན་ཏ་རྣམས་སོ། །ཞེས་པས་ཡུ་ཨ་ནར་སོང༌། མཚམས་སྦྱོར་གྱི་ཡི་གེའི་མཐའ་རྣམས་ཀྱི་བི་ཀར་ཎ་མ་ཡིན་པ་ལ་ཨཱ་ཡིག་གོ །ཞེས་པས་ཨཻ་ཨཱ་རུ་སོང༌། མཚམས་སྦྱར་བས་དྷྱ་ན་ཞེས་པ་མིང་དུ་གྲུབ། དེ་ལ་སི་བྱིན་ཨི་རྗེས་འབྲེལ། མ་ནིང་ལས་སི་ཨམ་དག་གི་དབྱི་སྟེ། དེ་ལ་བརྗོད་པ་ཡང་མ་ཡིན་ནོ། །ཞེས་པས་ས་ཡང་ཕྱིས། ཨ་ཡིག་ལས་སམ་བུད་དྷི་མ་ཡིན་པ་ལ་མུའང་ངོ༌། །ཞེས་པས་མུ་ཨཱ་ག་མ་བྱིན། ཨུ་རྗེས་འབྲེལ། མ་སྲོག་མེད་རྗེས་སུ་ང་རོར་བྱས་པས་དྷ་ནཾ་ཞེས་པ་གྲུབ་སྟེ། སེམས་པར་བྱེད་དོ་ཞེས་པའི་དོན་ནོ། །དེ་ཡང་མཐོང་བ་རབ་ཏུ་བརྟན་པར་གྱུར་པའི་སྟོང་གཟུགས་ལ་རྩེ་གཅིག་ཏུ་སེམས་པར་བྱེད་པའི་དོན་ཏེ། རྩ་རྒྱུད་ལས། མཚན་མའི་མཐར་ནི་རེ་ཁཱ་གང༌། །དེ་ལ་སྣ་ཚོགས་རྒྱུ་མི་རྒྱུ། །མ་ལུས་སྒོམ་པར་བྱེད་དེ་ལ། །རྣལ་འབྱོར་བསམ་གཏན་སོགས་དེ་ཡང༌། །ཞེས་གསུངས་སོ། །བསམ་གཏན་ཡན་ལག་ལྔའི་ཤེས་རབ་ལ་པྲཛྙཱ་རྟོག་པ་ལ་ཏ་ར་ཀཿདཔྱོད་པ་ལ་བི་ཙ་རཿ དགའ་བ་ལ་ར་ཏིཿ གཡོ་


TNT04_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་བ་ལ་ཨ་ཙ་ལ་སུ་ཁཾ་ཞེས་པ་ཡིན་པ་ལས། འདི་དག་ལ་ཕོ་མོ་མ་ནིང་གི་རྟགས་མཐའི་དབྱེ་བ་ལས། ཐབས་ཤེས་སྦྱོར་ཚུལ་གྱི་བཤད་པ་བྱེད་པའང་ཡོད་མོད་ཀྱི། དོན་ཐོག་ཏུ་ཁེལ་བ་དཀའ་བར་སྣང་བས་འདིར་མི་འཆད་དོ། །སྲོག་རྩོལ་གྱི་སྐད་དོད་པྲཱ་ཎཱ་ཡཱ་མཿ ཤྭས་སྲོག་ལའོ། །ཨ་ན་ཡང་ངོ༌། །ཞེས་པས་ཨ་ན་བཞག ཉེར་སྒྱུར་པྲ་གོང་དུ་བཞག སི་བྱིན་ནས་ཕྱིས། བ་ཙ་ལ་སོགས་པ་རྣམས་ཨ་ཙའོ། །རྐྱེན་ཨ་ཙ་བྱིན། ཙ་དབྱངས་དོན་པྲ་དང་བྱིངས་ཀྱི་ཨ་མཚམས་སྦྱར། ནའི་སྲོག་ཏུ་རྐྱེན་ཀྱི་ཨེ་བཅུག །ར་ཥ་རྀ་ཡི་གེ་རྣམས་ལས་མཐའ་མ་ཡིན་པའི་ནའི་ཎ་སྟེ་ཞེས་པས་ན་ཎར་གྱུར་པས་པྲཱ་ཎ་སྟེ་སྲོག་གི་སྐད་དོད་མིང་དུ་གྲུབ་བོ། །དེ་ལ་རྣམ་དབྱེ་དྲུག་པའི་གཅིག་ཚིག་བར་བྱིན། ངེས་སྱའོ། །ཞེས་པས་པྲཱ་ཎ་སྱ་སྟེ་སྲོག་གི་ཞེས་པའི་དོན་ནོ། །ཡ་མུ་ཉེ་བར་འགོག་པ་ལའོ། །ཉེར་སྒྱུར་ཨཱང་སྔོན་དུ་བཞག །བྱིངས་ལ་རྐྱེན་གྷཉ་བྱིན། ང་དང་ཨུ་དང་ཉ་རྣམས་རྗེས་འབྲེལ་ཡིན་པ་ཕྱིས། ཨི་ན་ཨ་ཙ་ཨཊ་རྣམས་ལ་ཨ་ཡི་ཨུ་པ་དྷཱ་རིང་པོ་སྟེ་ཞེས་པས་ཡའི་སྲོག་རིང་པོ་སོང༌། གྷ་རྗེས་འབྲེལ། མའི་སྲོག་ཏུ་ཨ་བཅུག ཨཱ་ཡཱ་མ་ཞེས་པ་གྲུབ་བོ། །སྔར་གྱི་དང་མཚམས་སྦྱར་བས་པྲ་ཎཱ་སྱཱ་ཡཱ་མ་


TNT04_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའོ། །དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ་ཞེས་པས་སྱ་ཕྱིས། མའི་ཐ་མར་སི་རྣམ་དཔྱོད་བྱས་པས་པྲཱ་ཎཱ་ཡཱ་མཿ ཞེས་པ་གྲུབ་བོ། །དེ་ལྟར་ན་སྲོག་གི་ཀུན་ནས་འགོག་པ་ཞེས་པར་འགྱུར་ཞིང༌། འགོག་པ་དང་རྩོལ་བ་ནི་སྒྲ་བསྒྱུར་བའི་ཁྱད་པར་ཡིན་པས་སྲོག་འགོག་གམ་སྲོག་རྩོལ་ལོ། །སྲོག་གི་དོན་ཡང་རླུང་ཡིན་པས་ཉི་ཟླའི་རླུང་གི་ནུས་པ་ཨ་ཝ་དྷཱུ་ཏཱིར་ཀུན་ནས་འགོག་པའི་དོན་ནོ། །ཡང་ཁ་ཅིག་དཱིར་གྷཱི་ག་ར་ཎཿཞེས་པ་ཡང་སྲོག་རྩོལ་གྱི་སྒྲ་དོན་དུ་བསྒྱུར་ནས་འཆད་མོད་ཀྱི། དཱིར་གྷཱི་ཀ་ར་ཎཿནི་བོད་སྐད་དུ་རིང་པོར་བྱེད་པ་ཞེས་པ་སྟེ། དེ་ནི་སྲོག་རྩོལ་ཞེས་པར་བསྒྱུར་ན་ནི་འབྲེལ་མེད་དུ་འགྱུར་ལ། འོན་ཀྱང་ཨཱ་ཡཱ་མཿའི་དོན་དཱིར་གྷཱི་ཀ་ར་ཎཿཡིན་ནོ་ཞེས་བཤད་པ་ནི་ཡོད་དེ། དེ་ཡང་འགོག་པར་འགྲོ་བའི་དོན་གྱི་བྱིངས་ལ་ཉེར་སྒྱུར་ཨཱ་ཡིག་སྦྱར་བས། སྔར་འགོག་པའི་དོན་ཕྱིན་ཅི་ལོག་ཏུ་གྱུར་ནས། མི་འགོག་པར་མ་ཟད་འཕེལ་ཞིང་རྒྱས་ལ་རིང་དུ་བྱེད་པར་འགྱུར་རོ། །ཞེས་པ་སྟེ། དེ་སྐད་དུ་ཡང༌། སྐད་ཀྱི་བྱིངས་ནི་སྟོབས་ལྡན་ ཡང༌། །ཉེ་བར་སྒྱུར་བ་ཟིལ་གནོན་འགྱུར། ཞེས་སོ། །དེ་ནི་སྒྲ་སྒྲུབ་ཚུལ་གཅིག་ལ་དོན་མི་འདྲ་བའི་བཤད་པ་གཉིས་བྱས་པ་ཡིན་ལ་ཡང་ན་སྒྲུབ་ཚུལ་མི་འདྲ་བ་ནི་ཡ་མུའི་སྔོན་དུ་ཉེར་


TNT04_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་མ་བཞག་པར་དགག་པའི་ཨ་བཞག་པ་ནི་འགོག་པ་ལས་ལོག་པ་རིང་པོར་བྱེད་པའི་དོན་ཏེ། པྲཱ་ཎ་ལ་དྲུག་པའི་ངས་མ་བྱིན་པ་དང་མཚམས་སྦྱར་བས། པྲཱ་ཎཱ་ཡ་མ་སྲོག་རིང་པོར་བྱེད་ཅེས་པར་འགྱུར་བས་རླུང་རྣམས་ཨ་ཝ་དྷཱུ་ཏཱིའི་ནང་དུ་རིང་པོར་གནས་པར་བྱེད་དོ་ཞེས་པའི་དོན་ནོ། །བོད་ཀྱི་མཁས་ཆེན་འགའ་ཞིག་ནི། དཱིར་གྷཱི་ཀ་ར་ཎཿ སྲོག་རྩོལ་གྱི་སྐད་དོད་གྱི་རྣམ་གྲངས་སུ་འདོད་ལ། ཁོ་བོས་དྲི་མེད་འོད་དང༌། སྒྲོག་གསལ་དང༌། མི་འཇིགས་པའི་གཞུང་འགྲེལ་དང༌། མན་ངག་སྙེ་མའི་རྒྱ་དཔེ་མཐོང་བ་རྣམས་ན་སྲོག་རྩོལ་གྱི་དོན་བཤད་པའི་སྐབས་མ་གཏོགས། སྲོག་རྩོལ་གྱི་སྐད་དོད་དང༌། མིང་གི་རྣམས་གྲངས་ལ་དེ་འདུག་པ་མ་མཐོང་ཞིང༌། རྒྱ་གར་གྱི་མཁས་པ་རྣམས་དངོས་སུ་གསུང་པ་ཡང་མ་ཐོས་ལ། ཕྱི་རོལ་ཀྱི་ལུགས། གྲངས་ཅན་གྱི་གཞུང་དང༌། ཨཱ་ག་མའི་གཞུང་རྣམས་ལས་ཀྱང་སྲོག་རྩོལ་གྱི་བརྡའ་དོན་མང་དུ་བཤད་འདུག་པ་མཐོང་བ་དང་ཐོས་པ་རྣམས་ལས་ཀྱང་དེ་ལྟར་བཤད་པ་ནི་མི་སྣང་ངོ༌། །འཛིན་པའི་སྐད་དོད་དྷཱ་ར་ཎཱ་ཞེས་པ་ཡིན་ཏེ། ཊུ་དྷྲྀཉ་འཛིན་པ་ལའོ། །ཊུ་དང་ཉ་རྗེས་འབྲེལ། །རྐྱེན་ཎྱུཊ་བྱིན་ཎ་དང་ཊ་རྗེས་འབྲེལ། ཎ་རྗེས་སུ་འབྲེལ་བ་ཨི་ཙ་བཞིན་དུ་འགྱུར་བའི་ཕྱིར། དྷྀ་


TNT04_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བར་སོང་སྟེ་དྷཱ་ར། རྐྱེན་གྱི་ཡུ་ཨ་ནར་འགྱུར་བ་དང༌། ན་ཎ་ཡིག་གོ་ཞེས་པས་དྷཱ་ར་ཎ་བུད་མེད་ལ་ཨ་ལས་ཨ་བ་ཏིའོ། །ཨ་བྱིན་ནས་མཚམས་སྦྱར་བས་ཎ་རིང་པོར་སོང༌། སི་བྱིན་ཏེ་ཕྱིས་པས་དྷཱ་ར་ཎཱ་སྟེ་འཛིན་པར་བྱེད་ཅེས་པའོ། །དེ་ཡང་དབུ་མས་དབང་བྱས་པའི་ཉི་ཟླའི་རླུང་གི་རྫས་རྒྱུན་དེ་ཡང་ཐིག་ལེའི་དབུས་སུ་བཟུང་ནས་གཡོ་བ་མེད་པར་བྱེད་པའི་དོན་ནོ། །འཛིན་པའི་དོན་ལ་ཁ་ཅིག་འདི་སྙམ་དུ་སྲོག་རྩོལ་གྱི་དུས་སུ་གཡས་གཡོན་གྱི་རྒྱུ་བ་བཀག་ལ། སྟེང་གི་གཡས་གཡོན་བཀག་པའི་རླུང་དབུས་སུ་གནས་པ་དང༌། འོག་གི་གཡས་གཡོན་བཀག་པའི་རླུང་དབུས་སུ་གནས་པར་གྱུར་པའི་སྟེང་འོག་སྲོག་ཐུར་གཉིས་པོ་དེ་འཛིན་པའི་སྐབས་སུ་བསྲེ་དགོས་པ་ཡིན་ཞིང༌། གཞུང་འགྲེལ་མན་ངག་མང་པོ་ལས་ཀྱང་དེ་བཞིན་དུ་འབྱུང་བས་སྲོག་ཐུར་གཉིས་གོང་བུ་གཅིག་ཏུ་འཛིན་པར་བྱེད་དོ། །ཞེས་པའི་དོན་ནོ་སྙམ་པར་འབྱུང་ངོ༌། །འོན་ཀྱང་དེ་ལྟར་མ་ཡིན་ཏེ། གཡས་གཡོན་དང་སྟེང་འོག་གནད་གཅིག་པས་གཡས་གཡོན་འགགས་ནས་སྟེང་འོག་མི་འདྲེ་བ་མི་སྲིད་ལ། འོན་ཀྱང་སྐབས་འགའ་རེར་འཛིན་པའི་སྐབས་སུ་བསྲེ་བ་ལྟར་བཤད་པ་འབྱུང་བ་ནི། བསྲེས་པ་དེ་ཉིད་


TNT04_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་བསྲེས་ཤིང་སླར་མི་ལྡོག་ཅིང་ཤིན་ཏུ་བརྟན་པར་བྱེད་པའི་དོན་དུ་འགྱུར་ལ། དེ་ནི་སྟེང་འོག་ཏུ་མ་ཟད་གཡས་གཡོན་ལ་ཡང་སྦྱར་ཏེ། གཡས་གཡོན་ཡང་ཆེར་འགགས་པ་དང༌། སླར་མ་ལྡོག་པ་དང་བརྟན་པར་བྱས་པ་ཡང་ཡིན་ནོ། །སྔར་སྲོག་རྩོལ་གྱི་སྐབས་སུ་གོང་བུ་གཅིག་ཏུ་འདྲེས་ཀྱང༌། སྔར་གྱི་རྫས་རྒྱུན་བྱེ་མ་དཀར་ནག་འདྲེས་པར་བསྲེས་པ་བཞིན་དུ་གནས་དང་སྤྱོད་ཡུལ་འདྲེས་ཀྱང་དངོས་པོ་ཐ་དད་པར་གནས་པ་ལས། འདིར་ནི་འདྲེས་པའི་བདག་ཉིད་ཅན་གྱི་ཉི་ཟླའི་དངོས་པོ་དེ་ཡང་ཉི་ཟླའི་དངོས་པོ་སྤངས་ནས་ཐིག་ལེའི་ངོ་བོར་གྱུར་པ་ནི། ཟངས་ལྕགས་ཀྱི་ཕྱེ་མ་བསྲེས་ཟིན་པ་དེ་རོ་བཅུད་ཆེན་པོས་གསེར་གྱི་ངོ་བོ་གཅིག་ཏུ་བསྒྱུར་བ་ན། ད་ནི་གསེར་གྱི་ངོ་བོར་གཅིག་ཏུ་འདྲེས་སོ་ཞེས་ཟེར་བ་ལྟ་བུ་སྟེ། སྲོག་རྩོལ་དང་འཛིན་པའི་སྐབས་འདི་གཉིས། འདྲེས་ལུགས་མི་ འདྲའོ། །རྗེས་དྲན་གྱི་སྐད་དོད་ཨ་ནུ་སྨྲྀ་ཏིཿཞེས་པ་ཡིན་པ་ལས། སྨྲྀ་སེམས་པ་ལའོ། །བུད་མེད་ལས་ཀྟིའོ། །ཞེས་པས་རྐྱེན་ཀྟི་བྱིན། ཀ་ལ་ཡཎ་བཞིན་ཏེ་ཡ་ལ་བརྗོད་པ་བོར་བའོ། །ཞེས་པས་ཀ་ཕྱིས། ཉེར་བསྒྱུར་ཨ་ནུ་སྔོན་དུ་བཞག ཏིའི་མཐར་སི་བྱིན་ཏེ་རྣམ་དཔྱད་སྦྱར་བས་ཨ་ནུ་སྨྲྀ་ཏིཿཞེས་པ་གྲུབ་བོ། །རྗེས་


TNT04_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྲན་པར་བྱེད་རྗེས་སུ་སེམས་པར་བྱེད་ཅེས་པའི་དོན་ཏེ་སྔར་གོམས་ཤིང་འདྲིས་པའི་ཆོས་ལ་ད་དུང་སླར་ཡང་སེམས་པ་སྟེ། སྔར་ཡུན་རིང་དུ་བསྒོམས་པའི་སྟོང་གཟུགས་ལ་སླར་ཡང་སེམས་པ་དྲག་ཏུ་འཇུག་པའོ། །ཏིང་ངེ་འཛིན་གྱི་སྐད་དོད་ས་མཱ་དྷིཿཞེས་པ་ཡིན་པ་ལས། དྷི་འཛིན་པ་ལའོ། །ཞེས་པ་ལས་བསྒྲུབས་ཀྱང་རུང་ལ། ཡང་ཌུདྡཱ྅་འཛིན་པ་ལའོ། །ཌུ་དང་ཉ་རྗེས་འབྲེལ་ལོ། །ཉེར་སྒྱུར་སམ་དང་ཨཱང་རིམ་པས་སྔོན་དུ་བཞག ང་རྗེས་འབྲེལ། ས་ཁི་ལ་སོགས་པ་རྣམས་སོ་ཞེས་པས་རྐྱེན་ཌི་བྱིན། ཌ་རྗེས་འབྲེལ་ཡིན་པས་ཕྱིས། ཌ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་པར་དབྱེའོ། །ཞེས་པས་དྷཱའི་སྲོག་གི་ཨང་རིང་པོ་ཕྱིས། རྐྱེན་གྱི་ཨི་བཅུག་པས་དྷི། སམ་གྱི་མ་གསལ་བྱེད་དབྱངས་མེད་ཕ་རོལ་གྱི་ཡི་གེར་དྲངས་པས། ས་མཱ་ཞེས་པའོ། །དྷིའི་མཐར་སི་བྱིན་ནས་རྣམ་དཔྱད་དུ་བྱས་པས། ས་མཱ་དྷིཿཞེས་པ་འགྲུབ་པ་ལས། སམ་ནི་ཡང་དག་པ། ཨཱ་ནི་ཀུན་ནས། དྷི་འཛིན་པའི་དོན་ཡིན་པས་ཡང་དག་པར་ཀུན་ནས་འཛིན་པའི་དོན་ཡིན་ལ། ཡང་དག་པར་ཀུན་ནས་འཛིན་ཞེས་པའམ། སམ་ནི་རྫོགས་པའི་དོན་དུ་འགྱུར་བས་རྫོགས་པར་ཀུན་ནས་འཛིན་ཞེས་ཀྱང་བྱ་སྟེ། གནས་ལུགས་དེ་ཁོ་


TNT04_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཉིད་ཀྱི་མཚན་ཉིད་ཐམས་ཅད་རྫོགས་པ་ལ་བྱའོ། །གནས་ལུགས་ཀྱི་མཚན་ཉིད་རྫོགས་པ་ཡང་ཇི་ལྟ་བུ་ཡིན་ན། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པ་ལ་བྱའོ། །ལྔ་པ་གྲངས་ངེས་ནི། སྦྱང་བྱ་ཁམས་དྲུག་ཡིན་པས། སྦྱོང་བྱེད་ཡན་ལག་དྲུག་དགོས་ཏེ། དེ་བཞིན་དུ་ཕུང་པོ་དྲུག་དང༌། དབང་པོ་དྲུག་དང༌། ཡུལ་དྲུག་དང༌། ལས་དབང་དྲུག་དང༌། བྱ་བ་དྲུག་རྣམས་སྦྱོང་དགོས་པའི་ཕྱིར། ཡན་ལག་དྲུག་ཏུ་ངེས་ལ། སྦྱོང་བྱེད་ལམ་གྱི་ངོས་ནས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཕར་ཕྱིན་དྲུག་རྫོགས་པ་དགོས་པའི་ཕྱིར། ཡན་ལག་དྲུག་ཏུ་ངེས་པ་ཡིན་ཏེ། སོར་སྡུད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་དང༌། བསམ་གཏན་ནི་བསམ་གཏན་ཉིད་དང༌། སྲོག་རྩོལ་ནི་བརྩོན་འགྲུས་དང༌། འཛིན་པ་ནི་བཟོད་པ་དང༌། རྗེས་དྲན་ནི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡིན་པས་སོ། །སྦྱངས་འབྲས་རྒྱལ་བ་རིགས་དྲུག་གི་གོ་འཕང་ཐོབ་པའི་ཕྱིར་ཡང་ཡན་ལག་དྲུག་གི་ལམ་བསྒོམ་དགོས་ཤིང༌། དྲི་མ་སྦྱང་བའི་གཞི་བདེ་གཤེགས་སྙིང་པོ་ཡང་སྟོང་པ་ཆེན་པོ་འགྱུར་མེད་དྲུག་གི་ངོ་བོར་གནས་པའི་ཕྱིར་ཡན་


TNT04_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དྲུག་དང༌། འགྱུར་མེད་ལྔའི་ངོ་བོར་གནས་པའི་ཕྱིར། སོར་བསམ་གཉིས་སྟོང་གཟུགས་སྒྲུབ་པའི་ལམ་དུ་གཅིག་པར་བྱས་ཏེ། ཡན་ལག་ལྔར་གྲངས་ངེས་སུ་བྱེད་དེ། ཡེ་ཤེས་ལྔའི་རིམ་པས་སོ། །དེ་ལ་སོར་བསམ་གཉིས་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་ལམ་སྲོག་རྩོལ་བྱ་སྒྲུབ་དང༌། འཛིན་པ་མཉམ་ཉིད་དང༌། རྗེས་དྲན་སོར་རྟོག་དང༌། ཏིང་ངེ་འཛིན་མེ་ལོང་ཡེ་ཤེས་ཀྱི་ལམ་མོ། །ཡན་ལག་དྲུག་བསྙེན་སྒྲུབ་བཞིར་བསྡུས་པའི་དབང་དུ་བྱས་ནས། སྦྱང་བྱ་གནས་སྐབས་བཞི་སྦྱོང་བའི་ཕྱིར་དང༌། བསྐྱེད་རིམ་ལ་ཡང་གནས་སྐབས་བཞི་ཡོད་པའི་རྒྱུ་མཚན་དང༌། སྨིན་བྱེད་དབང་གནས་སྐབས་བཞི་ཡོད་པའི་རྒྱུ་མཚན་གྱིས་འབྲས་བུ་སྐུ་བཞི་དང་རྡོ་རྗེ་བཞི་སྒྲུབ་དགོས་པའི་ཕྱིར་དང༌། སྦྱང་གཞི་བདེ་གཤེགས་སྙིང་པོ་དོན་དམ་པའི་ཐིག་ལེ་བཞིའི་ངོ་བོར་གནས་པའི་ཕྱིར་ཡང་རྫོགས་རིམ་གྱི་བསྙེན་སྒྲུབ་ཡན་ལག་བཞི་བསྒོམས་དགོས་པ་ཡིན་ནོ། །གཞན་ཡང་མངལ་གྱི་གནས་སྐབས་ལུས་རྫོགས་པ་དང༌། བཙས་པའི་གནས་སྐབས་ངག་རྫོགས་པ་དང༌། ལོ་བཅོ་ལྔའི་མཐའི་གནས་སྐབས་སེམས་རྫོགས་པ་དང༌། བཅུ་དྲུག་ཕན་ཆད་བདེ་བ་རྫོགས་པའི་གནས་སྐབས་རྣམས་སྦྱོར་བའི་ཕྱིར་


TNT04_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡན་ལག་བཞི་རིམ་པས་སྦྱོར། གཞན་ཡང་སོར་སྡུད་ལ་ཉིན་མཚན་གྱི་རྣལ་འབྱོར་གཉིས་དགོས་པ་དང༌། བསམ་གཏན་ལ་ཡན་ལག་ལྔ་དགོས་པ་དང༌། སྲོག་རྩོལ་ལ་ཉི་ཟླ་གཉིས་དགག་དགོས་པ་དང༌། འཛིན་པ་ལ་འཁོར་ལོ་དྲུག་ཏུ་བསྒོམ་དགོས་པ་དང༌། རྗེས་དྲན་ལ་གནས་སྐབས་གསུམ་གྱི་རིམ་པ་དང༌། གནས་སྐབས་བཅུའི་དབྱེ་བ་དང༌། ཏིང་ངེ་འཛིན་གྱི་འཁོར་ལོ་དྲུག་ཏུ་བསྒོམ་པ་རྣམས་ལ་སོ་སོར་དེ་དང་དེའི་གྲངས་ངེས་དགོས་མོད་ཀྱི། སྔར་དབྱེ་བ་སོ་སོའི་དོན་བཤད་པ་ཉིད་ཀྱིས་གོ་བར་འགྱུར་རོ། །དྲུག་པ་གོ་རིམ་ངེས་པ་ནི། རྒྱུད་ཀྱི་རྒྱལ་པོ་ལས། སྟོང་པ་ལས་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། །དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་གཟའ་བཞིན་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །དེ་ནས་གང་ཞིག་ཅུང་ཟད་འདོད་པ་དག་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདིས་ཐོབ་པར་འགྱུར། །ཞེས་དང༌། དུ་བ་ལ་སོགས་སྒྲུབ་པ་བྱས་ནས་འཆི་བ་འཇིག་པར་བྱེད་པའི་དབུ་མ་དག་ནི་བསྒྲུབ་པར་བྱ། །སྲོག་ལ་སོགས་རྣམས་སྒྲུབ་པ་བྱས་ནས་


TNT04_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོང་འཛིན་པ་ཞུ་བའི་ཐིག་ལེ་རྣམས་ནི་བསྒྲུབ་པར་བྱ། །དམ་པའི་བདེ་བ་བསྒྲུབས་ནས་ལྷན་ཅིག་སྐྱེས་པ་རྒྱལ་བའི་སྐུ་ནི་ཀུན་དུ་འགྲོ་བ་བསྒྲུབ་པར་བྱ། །ཞེས་གསུངས་ཤིང༌། དབང་མདོར་བསྟན་ལས་ཀྱང༌། རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །ཞེས་དང༌། གཟུགས་བརྙན་མཐོང་ན་དེ་ནས་ནི། །བར་མ་ཆད་པར་སྲོག་རྩོལ་བྱ། །ཞེས་དང༌། ཟླ་ཉིའི་བགྲོད་པ་འཇོམས་པ་ལས། །གཞན་དུ་ཀུན་འདར་ཡན་ལག་ལ། །སྲོག་གི་རླུང་ནི་འཇུག་པ་མེད། །ཅེས་དང༌། འཆི་ལྟས་བསླུ་བ་རྣལ་འབྱོར་པའི། །འདི་ནི་དགའ་བ་རྣམས་ཀྱི་འགྱུར། །ཞེས་པ་ལ་སོགས་པས་ཀྱང་གོ་རིམ་གསལ་བར་བསྟན་ཏེ་དེ་དག་ལ་སོགས་པ་གཞན་ཡང་མང་དུ་གསུངས་སོ། །དེ་ཡང་ཏིང་ངེ་འཛིན་གྱི་མི་འགྱུར་བའི་ཐིག་ལེ་སྒྲུབ་པ་ལ། རྟེན་ཐིག་ལེ་འབྱུང་ཆོས་ཤིན་ཏུ་དྭངས་མར་བྱེད་པའི་རྗེས་དྲན་སྔོན་དུ་འགྲོ་དགོས་ཏེ། དྭངས་མར་མ་གྱུར་ན་དྭངས་མ་ཆེན་པོ་སྒྲུབ་ཏུ་མེད་དེ། སྙིགས་མའི་ཁམས་དེ་ཀ་བར་དུ་གནས་སྐབས་གཞན་མ་བརྒྱུད་པར་དྭངས་མ་ཆེན་པོར་འགྲོ་བའི་ཐབས་མེད་པའི་ཕྱིར་རོ། །ཞུ་བའི་ཁམས་དྭངས་མ་དེ་འགྲུབ་པ་ལ་ཞུ་བདེ་འཛག་མེད་ཀྱི་འཛིན་པ་སྔོན་དུ་འགྲོ་དགོས་ཏེ། ཐིག་ལེ་ཕྲ་རགས་སྒོ་


TNT04_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནས་གཏན་དུ་ལེགས་པ་ལས་སྙིགས་མ་ཉམ་ཞིང་དྭངས་མ་འཕེལ་བར་འགྱུར་གྱི་མ་ལེགས་ན་སྙིགས་མ་འཕེལ་ཞིང་དྭངས་མ་འགྲིབ་པའི་ཕྱིར་རོ། །ཐིག་ལེར་རླུང་ཐིམ་པས་ཐིག་ལེ་འཛག་མེད་འགྲུབ་པ་ཡིན་ལ། རླུང་མ་ཐིམ་ན་དེ་མི་འགྲུབ་སྟེ། རླུང་ཐིག་ལེར་ཐིམ་པར་བྱེད་པ་ལ། དབུ་མའི་རླུང་འཇམ་ཞིང་ཕྲ་བ་འབའ་ཞིག་དགོས་པས། དེ་ལ་སྟེང་འོག་ནས་རོ་རྐྱང་གི་ཤེད་བཟུང་བའི་རླུང་རྩུབ་ཅིང་གྱོང་བ་དེ་ཉིད་ཕྲ་ཞིང་འཇམ་པར་འདུལ་བའི་སྲོག་རྩོལ་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དེ་ལྟར་མ་བྱས་ན་ཐབས་གང་གིས་ཀྱང་སྲོག་ཐིག་ལེ་གཞུག་མི་ནུས་པའི་ཕྱིར་ རོ། །རོ་རྐྱང་གི་རླུང་རྩུབ་པོ་འདུལ་བ་ལ། རྩ་ལམ་བྱང་ཞིང་ཡེ་ཤེས་ཀྱི་དབུ་མ་ལ་རེག་ནུས་པའི་བསམ་གཏན་སྟོང་གཟུགས་ཀྱི་རྣལ་འབྱོར་བསམ་གཏན་གྱི་རིམ་པ་སྔོན་དུ་འགྲོ་དགོས་ཏེ། གཞན་དུ་ན་དམིགས་པ་དང་བུམ་པ་ཅན་གྱི་སྦྱོར་བ་ལ་སོགས་པས་ཀྱང་ཡང་དག་པའི་ཡེ་ཤེས་ཀྱི་དབུ་མ་ལ་རེག་མི་ནུས་པས་གཟུང་འཛིན་རོ་རྐྱང་གི་སྟོབས་མི་ཉམ་པར་རླུང་རྣམས་དབུ་མས་དབང་བྱེད་པ་མི་འབྱུང་བས་སོ། །བསམ་གཏན་སྟོང་གཟུགས་ཀྱི་རྣལ་འབྱོར་སྒོམ་པ་ལ་ནི། སོ་སོར་སྡུད་པ་སྔོན་དུ་འགྲོ་


TNT04_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། སོར་སྡུད་མ་བསྒོམས་ན་སྟོང་གཟུགས་མཐོང་བ་མེད་པའི་ཕྱིར་རོ། །གཞན་ཡང་དྲུག་གསུམ་བཅོ་བརྒྱད་ཀྱི་གནད་རྣམས་ཀྱང་གོ་རིམ་ངེས་པའི་སྐབས་འདིར་བླང་བར་བྱའོ། །བདུན་པ་ཚང་མའི་རབ་དབྱེ་ལ། མཐོང་བྱ་རྟགས་ཀྱི་རྣམ་གཞག་ དང༌། །མཐོང་བྱེད་ཚད་མའི་དབྱེ་བ་དང༌། རྟེན་དབང་པོའི་རིམ་པའོ། །དང་པོ་ནི། རྒྱུད་ཀྱི་རྒྱལ་པོ་ལས། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་མིག་སྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡི་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ །གཞན་གྱི་སེམས་ནི་མིན་པ་ཉིད། །ཅེས་རྒྱུད་ཀྱི་རྒྱལ་པོ་འདི་ལས་


TNT04_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བཅུ་རྫོགས་པར་གསུངས་ཤིང༌། དཔལ་གསང་བ་འདུས་པ་ལས། སྨིག་སྒྱུ་འདྲ་བ་དང་པོ་སྟེ། །ཞེས་སོགས་གོང་དུ་དྲངས་པ་ལྟར་མཚན་རྟགས་བཞི་གསལ་བ་དང༌། རྀ་གི་ཨ་རལླི་ལས་ཀྱང༌། དང་པོར་མུན་པ་མཐོང་བར་འགྱུར། །གཉིས་པ་དཀར་དྭངས་དུ་བ་མཚུངས། །གསུམ་པ་མེ་ཁྱེར་རྣམ་པར་བལྟ། །བཞི་པ་ཡ་བའི་མེ་ཏོག་གཞིན། །ལྔ་པ་སྤྲིན་མེད་ཡེ་ཤེས་ནི། རང་གཞན་ཡང་དག་རིག་པ་སྤངས། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །དེ་ཡོད་ཐམས་ཅད་མཁྱེན་པའི་རྒྱུ། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱི། །རྩེ་གཅིག་སེམས་ཀྱིས་རི་ཥིར་འགྱུར། །ཞེས་མཚན་མོའི་རྣལ་འབྱོར་གྱི་རྟགས་རྣམས་གཙོ་བོར་གསུངས་ཤིང༌། མཚན་བརྗོད་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་དང༌། །སྔགས་མཆོག་སྔགས་བདག་རིགས་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་ བྱེད། །ཅེས་གསུངས་ཏེ། རྟགས་ཀྱི་རབ་ཏུ་དབྱེ་བ་རྒྱས་པར་ནི་གཞན་དུ་བསྟན་ཟིན་ཏོ། །འདི་ནི་བློ་ངན་མང་པོ་ཞིག་འདི་དག་རྟགས་སུ་བཤད་པས་འཁྲུལ་


TNT04_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཡིན་ནོ་སྙམ་པ་ནི་ལོག་པར་རྟོག་པ་སྟེ། དཔག་ཚད་མང་པོའི་ཕ་རོལ་ནས་མཐོང་བའི་གངས་རི་དེ་ནི་གངས་རི་དངོས་ཀྱང་ཡིན་པས། ཉིན་ཞག་འགའ་ཞུག་གིས་བགྲོད་ན་གངས་རི་དང་ཕྲད་པར་འགྱུར་བ་ལ་བསླུ་བ་མེད་པའི་རྟགས་ཀྱང་ཡིན་པ་བཞིན་དུ་མཐོང་བ་འདི་ནི་ཆོས་ཉིད་ཀྱང་ཡིན་ལ། ཆོས་ཉིད་དེ་མྱུར་དུ་ཐོབ་པའི་རྟགས་ཀྱང་ཡིན་ནོ། །གཉིས་པ་ནི། རྡོ་རྗེ་སྙིང་འགྲེལ་ལས། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ། །དེ་ཉིད་རྣམ་པ་བཞི་སྟེ། དབང་པོའི་མངོན་སུམ་དང༌། ཡིད་ཀྱིས་མངོན་སུམ་དང༌། རྣལ་འབྱོར་གྱི་མངོན་སུམ་དང༌། རང་རིག་པའི་མངོན་སུམ་ཞེས་པ་སྟེ། ཤེས་པ་དེ་ཉིད་ནི་ཉེ་བར་སྟོན་པར་བྱེད་པ་དང༌། འཇུག་པར་བྱེད་པ་དང༌། ཐོབ་པར་བྱེད་པ་དང༌། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །ཞེས་གསུངས་ཏེ། འདིའི་རྟོག་བྲལ་གྱི་རྟོག་པ་ནི་ཡང་དག་མིན་རྟོག་ གོ །ཉེ་བར་སྟོན་པ་ནི། མངོན་སུམ་དུ་གསལ་བར་མཐོང་བ་ཙམ་གྱི་དོན་ཡིན་ལ། འཇུག་པར་བྱེད་པ་ནི་སྲོག་རླུང་བཀག་པའི་རྟེན་འབྲེལ་ལས་ཡིད་དང་ཆོས་ཀྱི་འབྲེལ་བའི་གཉིས་སྣང་བསྲབས་ཏེ། སེམས་ཉིད་


TNT04_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་དམ་པ་ལ་རྟག་ཏུ་འཇུག་པར་བྱེད་པའི་དོན་ནོ། །ཐོབ་པར་བྱེད་པ་ནི། རང་བཞིན་གྱི་བདེ་བ་དངོས་སུ་མཚོན་ནུས་པའི་ཞུ་བདེ་དང་ལྷ་སྐུ་སྦྱོར་བའི་སྐུ་ཐོབ་ཅིང༌། སྟོང་གཟུགས་རབ་འབྱམས་ལྷག་པར་མཐོང་བའོ། །ཉམས་སུ་མྱོང་བ་ནི། དཔེ་ལས་མཚོན་པ་མ་ཡིན་པར་རང་གིས་ཉམས་སུ་མྱོང་བའོ། །དེ་ལ་སྟོན་པར་བྱེད་པ་ནི་དབང་པོའི་མངོན་སུམ་དང༌། འཇུག་པར་བྱེད་པ་ནི་ཡིད་ཀྱི་མངོན་སུམ་དང༌། ཐོབ་པར་བྱེད་པ་ནི་རྣལ་འབྱོར་མངོན་སུམ་དང༌། ཉམས་སུ་མྱོང་བ་ནི། རང་རིག་མངོན་སུམ་མོ། །དེ་ལྟར་མངོན་སུམ་བཞིས་ཟླས་ཕྱེ་བའི་དབང་དུ་བྱས་ན་དེ་ལྟར་ཡིན་ལ། སོར་བསམ་གྱི་རིམ་པར་དབང་མངོན་དང༌། སྲོག་འཛིན་གྱི་རིམ་པར་ཡིད་མངོན་དང༌། རྗེས་དྲན་གྱི་རིམ་པར་རྣལ་འབྱོར་དང༌། ཏིང་ངེ་འཛིན་གྱི་རིམ་པར་རང་རིག་གོ །དེ་དག་ཀྱང་གནས་སྐབས་དེ་དང་དེར་གཙོ་བོར་སྤྱོད་པ་དང་གསར་ཐོབ་ཀྱི་དབང་དུ་བྱས་ལ། སྤྱིར་ནི་ཡིད་རྣམ་རྟོག་འགགས་ཤིང་ཐིག་ལེའི་བདེ་བ་དང་འབྲེལ་བའི་ཡེ་ཤེས་ཡིན་པའི་ཕྱིར་ཡིད་ཀྱི་མངོན་སུམ་དང། དོན་དམ་པའི་དབང་པོའི་ཤེས་པས་སྟོང་པ་ཉིད་ཀྱི་གཟུགས་སོགས་འཛིན་པའི་ཕྱིར་དབང་པོའི་མངོན་སུམ་དང༌། ཆོས་ཉིད་ལ་མངོན་སུམ་པའི་ཏིང་ངེ་འཛིན་ཡིན་


TNT04_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། རྣལ་འབྱོར་མངོན་སུམ་དང༌། གནས་ལུགས་རིག་བྱ་རིག་བྱེད་གཉིས་མེད་པའི་རིག་པ་ཡིན་པས་རང་རིག་མངོན་སུམ་དང༌། རིམ་པ་དྲུག་ཀར་ལ་མངོན་སུམ་བཞི་ཆར་ཚང་ངོ༌། །འོ་ན་རིམ་པ་དང་པོ་ལ་ཡང་རྣལ་འབྱོར་མངོན་སུམ་ཡོད་ན། དེ་ལ་གནས་པའི་གང་ཟག་དེ་ཅིའི་ཕྱིར་འཕགས་པར་མི་འགྱུར་སྙམ་ན། མི་འགྱུར་ཏེ་ངོས་སྐལ་གྱི་སྒྲིབ་པའི་ས་བོན་སྤངས་པའི་རྣལ་འབྱོར་མངོན་སུམ་ནི་འཕགས་པ་ཁོ་ན་ལ་ཡོད་ཀྱི། འདིར་དེ་མེད་པས་སྐྱེ་འཕགས་ཀྱི་མངོན་སུམ་གྱི་ཁྱད་པར་ནི་དེ་ཡིན་ལ། སྤྱིར་སྐབས་འདིའི་མངོན་སུམ་བཞི་ལ་འདི་ཉིད་ཀྱི་རང་ལུགས་ལྟར་དཔྱད་ན་མཛེས་ཀྱི་རྟོག་གེའི་ཆོས་སྐད་དང་སྒྲིག་པ་སྐབས་འདིར་དགོས་པ་མ་ཡིན་ནོ། །གསུམ་པ་ནི། མཚན་བརྗོད་ལས། སྤྱན་ལྔ་ཆགས་པ་མེད་པ་འཆང༌། །ཞེས་གསུངས་ཤིང༌། དྲི་མེད་འོད་ལས་ཀྱང༌། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ༌། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ༌། །དེ་ནས་ཆགས་པ་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་


TNT04_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ། ཞེས་གསུངས་པས། སོར་སྡུད་ཀྱི་སྐབས་སུ་ཤའི་སྤྱན་དང༌། བསམ་གཏན་གྱི་མཐར་ལྷའི་སྤྱན་དང༌། འཛིན་པའི་མཐར་འཛག་མེད་གྲུབ་པས་དགྲ་བཅོམ་རྣམས་དང་ཡང་སྐལ་བ་མཉམ་སྟེ། སངས་རྒྱས་ཆུང་ངུ་ཡིན་པས་སངས་རྒྱས་ཀྱི་སྤྱན་དང༌། རྗེས་དྲན་ནི་འགྲོ་བའི་དོན་རྒྱ་ཆེན་སྤྱོད་ནུས་པའི་ཕྱིར། བྱང་ཆུབ་སེམས་དཔའི་མིང་ཐོབ་པ་དང་གནས་ལུགས་མཚོན་ཐུབ་པའི་ཡེ་ཤེས་དང་ལྡན་པས་ཤེས་རབ་ཀྱི་སྤྱན་ ནོ། །ཏིང་ངེ་འཛིན་གྱི་མཐར་རྫོགས་པའི་སངས་རྒྱས་ཆུང་ངུ་ཐོབ་པའི་ཕྱིར། སངས་རྒྱས་ཀྱི་མཚམས་ཞེས་གསུངས་ཤིང༌། འཇིག་རྟེན་ལས་འདས་པའི་དངོས་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་སྤྱན་ནོ། །བརྒྱད་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ནི། གཞི་ལམ་འབྲས་གསུམ་ཐམས་ཅད་ལ་ཀུན་ཏུ་ཁྱབ་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་ནི། རྣམ་པ་ཐམས་ཅད་པ་ཡིན་པས་མཚན་ཉིད་ཀྱི་ལྡོག་ཆ་མཐའ་ཡས་ཀྱང་སྐབས་འདིར་དགོས་པ་ལ་བལྟོས་ནས་དོན་དམ་པའི་ཕུང་ཁམས་སོ་དྲུག་གི་རང་བཞིན་ཡིན་ཞེས་དེ་ཙམ་ཞིག་བརྗོད་པ་ཡིན་ལ། དེ་ཉིད་རྡོ་རྗེ་སེམས་དཔའ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་རབ་འབྱམས་སུ་


TNT04_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་བཞུགས་པའོ། །སྦྱང་བྱ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྣང་བའི་མ་དག་པའི་ཕུང་ཁམས་སོ་དྲུག་སྟེ། དེས་སྦྱང་གཞི་བདེ་གཤེགས་སྙིང་པོ་དེ་སེམས་ཅན་རྣམས་ལ་བསྒྲིབས་པའོ། །སྒྲིབ་པ་དེ་སྤོང་བྱེད་དམ། སྦྱོང་བྱེད་དམ། དག་བྱེད་ནི་སྦྱོར་བ་ཡན་ལག་དྲུག་གོ །དེས་སྦྱངས་པའི་འབྲས་བུ་ནི། བྲལ་འབྲས་ཆོས་སྐུའི་རང་བཞིན་གདོད་ནས་བཞུགས་པའི་བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་གྱི་འཁོར་ལོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རབ་འབྱམས་དེ་ཡང་སྒྲིབ་གཡོགས་བྲལ་ཏེ་མངོན་སུམ་དུ་གྱུར་པའོ། །དེ་ཡང་འདི་ལྟར་སྦྱར་བར་བྱ་སྟེ། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ཐོབ་ཟིན་པའི་རྣལ་འབྱོར་བའི་རྒྱུད་ལ་གནས་པའི་ཡན་ལག་དྲུག་གི་འབྲས་བུ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་དང་པོ་གྲུབ། དེ་ནས་འཕགས་ལམ་གྱིས་བསྡུས་པའི་ཡན་ལག་དྲུག་བསྒོམས་པ་ལས་ས་བཅུ་གཉིས་སུ་གོང་འཕེལ་དུ་སོང་ནས། མཐར་རྒྱུན་མཐའི་ཡེ་ཤེས་སུ་གྱུར་བའི་ཡན་ལག་དྲུག་གི་རྣལ་འབྱོར་ལས་བྲལ་འབྲས་ཆོས་སྐུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་མངོན་དུ་འགྱུར་བ་ཡིན་ནོ། །དེས་ན་ལམ་དྲུག་གམ་ཡན་ལག་དྲུག་གི་མཐར་ཐུག་གི་འབྲས་བུ་ཞེས་བརྗོད་ཀྱི། རིམ་པ་དྲུག་གི་གནས་སྐབས་སུ་ཐོབ་པ་ནི་མ་ཡིན་ནོ། །དེ་རྣམས་ཡན་ལག་དྲུག་ལ་


TNT04_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་སྦྱོར་ཚུལ་ནི། ཡེ་ཤེས་ཀྱི་ཕུང་པོ་སྒྲིབ་བྲལ་དུ་གྱུར་པ་རྡོར་སེམས། དེ་བཞིན་དུ་སྦྱར་ཏེ། ཡེ་ཤེས་ཀྱི་ཁམས་སྣ་ཚོགས་ཡུམ། ཡིད་ཀུན་བཟང༌། སྒྲ་སྒྲ་རྡོ་རྗེ་མ། མཆོག་གི་དབང་པོ་གནོད་མཛེས། དྲི་ཆུ་འདོར་བ་ཤིན་ཏུ་སྔོན་མོ་སྟེ། ཡེ་ཤེས་ཀྱི་རིགས་དྲུག་ཚན་གཅིག་པོ་དེ་སོར་སྡུད་ཀྱིའོ། །མཁའ་ཁམས་རྡོར་དབྱིངས་དབང་ཕྱུག་མ། རྣམ་ཤེས་མི་བསྐྱོད་པ། རྣ་བ་ཕྱག་རྡོར། ཆོས་ཁམས་ཆོས་ཁམས་རྡོ་རྗེ་མ། གསང་བའི་དབང་པོ་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཁུ་བ་འདོར་བ་དྲག་མིག་མ་སྟེ། དེ་ལྟར་ནམ་མཁའི་རིགས་དྲུག་ནི། བསམ་གཏན་གྱི་ཡན་ལག་ གིའོ། །འདུ་བྱེད་དོན་གྲུབ། རླུང་ཁམས་སྒྲོལ་མ། སྣ་མཁའ་སྙིང༌། རེག་བྱ་རེག་རྡོ་རྗེ་མ། ངག་གི་དབང་པོ་བགེགས་མཐར་བྱེད། བཤང་བ་འདོར་བ་ཤིན་ཏུ་བརྩོན་འགྲུས་མ་སྟེ། དེ་ལྟར་རླུང་ཁམས་ཀྱི་རིགས་དྲུག་སྲོག་རྩོལ་དང་སྦྱར་བར་བྱའོ། །ཚོར་བ་རིན་ཆེན་འབྱུང་ལྡན། མེ་གོས་དཀར་མོ། མིག་ས་སྙིང༌། རོ་རོ་རྡོ་རྗེ་མ། ལག་པའི་དབང་པོ་ཤེས་རབ་མཐར་བྱེད། འགྲོ་བ་ཁྲོ་མོ་རྨུགས་བྱེད་མ་སྟེ། དེ་ལྟར་མེ་ཁམས་ཀྱི་རིགས་དྲུག་རྣམས་འཛིན་པའི་འོ། །འདུ་ཤེས་འོད་དཔག་མེད། ཆུ་ཁམས་མཱ་མ་ཀཱི། ལྕེ་འཇིག་རྟེན་དབང་ཕྱུག གཟུགས་


TNT04_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རྡོ་རྗེ་མ། རྐང་པའི་དབང་པོ་པདྨ་མཐར་བྱེད། ལེན་པ་ཁྲོ་མོ་ཁེངས་བྱེད་མའོ། །དེ་ལྟར་ཆུ་ཁམས་ཀྱི་རིགས་དྲུག་ནི་རྗེས་དྲན་གྱིའོ། །གཟུགས་ཕུང་རྣམ་སྣང༌། ས་ཁམས་སྤྱན་མ། ལུས་སྒྲིབ་སེལ། དྲི་དྲི་རྡོ་རྗེ་མ། བཤང་ལམ་གཤིན་རྗེ་མཐར་བྱེད། སྨྲ་བ་རེངས་བྱེད་མ་སྟེ་དེ་ལྟར་ས་ཁམས་ཀྱི་རིགས་དྲུག་པོ་དེ་དག་ནི་ཏིང་ངེ་འཛིན་ལ་སྦྱོར་ཏེ། དེ་ལྟ་བུའི་ཕུང་ཁམས་སོ་དྲུག་སྒྲིབ་བྲལ་དུ་གྱུར་པ་ནི་ལྷ་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་རབ་འབྱམས་ཡིན་ལ། ཀུན་ཁྱབ་ཡེ་ཤེས་ནི་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའོ། །ད་ནི་བཞི་པ་རྡོ་རྗེའི་རྣལ་འབྱོར་ལ་ལོག་རྟོག་བསལ་བ་ནི། དེ་ལ་སྔོན་བྱུང་བ་མང་པོ་དང་ཕྱིས་ཀྱི་ཁ་ཅིག་འདི་སྐད་དུ་སྨྲ་སྟེ། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོའི་མདོ་ལས་དགོངས་པ་གཅིག་དང་དབྱངས་གཅིག་པས་འདི་སྐད་དུ། དོན་རབ་འབྱེད་པའི་བསམ་གཏན་དང༌། །བྱིས་པ་ཉེར་སྤྱོད་བསམ་གཏན་ དང༌། །དེ་བཞིན་ཉིད་དམིགས་བསམ་གཏན་དང༌། །དེ་བཞིན་གཤེགས་པའི་དགེ་བསམ་གཏན། །རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། །ཟླ་བ་ཉི་མའི་དབྱིབས་འདྲ་དང༌། འོད་དང་པདྨ་ལྟ་བུ་དང༌། །རི་མོའི་ནམ་མཁའི་མེ་འདྲ་མཐོང༌། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་


TNT04_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །ཉན་ཐོས་དང་ནི་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །འདི་དག་ཐམས་ཅད་རྣམ་སྤངས་ཤིང༌། །སྣང་བ་མེད་པར་ནམ་གྱུར་པ། །དེ་ཚེས་སངས་རྒྱས་ལྷ་ཡི་ཕྱག །ཞིང་རྣམས་ཀུན་ནས་ཕྱུང་ནས་ནི། །དེ་ཡི་མགོ་ལ་བྱུག་མཛད་དེ། ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་བཀའ་སྩལ་པས། རྟགས་སྣང་གིས་འཁྲིད་པ་འདི་དག་ནི་མུ་སྟེགས་ཅན་ནམ་ཐེག་པ་དམན་པའི་ལམ་དུ་འགྱུར་བ་ཡིན་ལ། ཐེག་པ་ཆེན་པོའི་སྒོམ་ནི་སྣང་བ་ཅི་ཡང་མེད་པ་ཞིག་གོ་སྙམ་ཞིང་སྨྲ་བ་དག་སྣང་ངོ༌། །དེ་ལ་སྨྲས་པ། ཁྱེད་རྣམས་ཀྱིས་མདོའི་དོན་ཡང་མ་གོ་ཞིང༌། མདོ་དེ་དག་གི་དོན་མཁས་པ་རྣམས་ཀྱིས་བཤད་པ་ཡང་མ་མཐོང་བར་སྣང་ལ། དེ་དང་འདི་དག་གི་མི་འདྲ་བའི་ཁྱད་པར་ཡང་མ་ཕྱེད་པར་སྣང་ངོ༌། །དེ་ལ་མདོ་ཚིག་དེ་རྣམས་ཀྱི་དགོངས་པ་ནི། འདུས་བྱས་མི་རྟག་པ་དང༌། མི་སྡུག་པའི་ཏིང་ངེ་འཛིན་སོགས་སོ་སོ་སྐྱེ་བོ་རྣམས་ཀྱི་ཕྱིན་ཅི་ལོག་བཞིའི་གཉེན་པོ་སྒོམ་པ་ནི་བྱིས་པ་ཉེར་སྤྱོད་དང༌། བདག་མེད་གཉིས་ཀྱི་དོན་རྟོགས་དཔྱོད་ཀྱིས་སོ་སོར་རྟོག་པ་ནི་ཆོས་རབ་ཏུ་འབྱེད་པ་དང༌། སྦྱོར་ལམ་ཡན་ཆད་དུ་དེ་བཞིན་ཉིད་ལ་


TNT04_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྣང་ཐོབ་པ་ནི། དེ་བཞིན་ཉིད་དམིགས་དང༌། སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་རྟག་ཏུ་དགེ་བ་དང་མཚུངས་པར་དེ་བཞིན་ཉིད་མངོན་སུམ་དུ་མཐོང་བ་རྣམས་ཀྱི་མཉམ་བཞག་རྟག་ཏུ་དྲི་མ་དང་བྲལ་བ་ནི། དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་ཞེས་བྱ་སྟེ། འདི་དག་གོམས་པ་ལས་ཉི་ཟླའི་དབྱིབས་སོགས་ཏིང་ངེ་འཛིན་གྱིས་སྤྱོད་ཡུལ་གྱི་གཟུགས་བརྙན་མང་དུ་འབྱུང་ ངོ༌། །གཞན་ཡང་ས་གསུམ་པ་ལ་ཟངས་ཀྱི་འོད་ལྟ་བུའི་སྣང་བ་བཤད་པ་ཡང་འདི་དག་དང་འདྲ་བས་མཚན་མ་དེ་དག་ལ་རྟེན་ནས་མུ་སྟེགས་ཅན་དང་ཐེག་དམན་གྱི་ལམ་དུ་གོལ་ཞིང་འགྲོ་ཞེས་པའི་དོན་མ་ཡིན་གྱི། བྱིས་པ་ཉེར་སྤྱོད་སོགས་བསམ་གཏན་དང་པོ་གསུམ་པོ་དེ་དག་གི་གནས་སྐབས་ན་མཐོང་སྣངགི་རྟགས་དེ་དག་དང༌། མུ་སྟེགས་དང་རིགས་མཐུན་ཐུན་མོང་པ་བསམ་གཏན་བཞི་དང་གཟུགས་མེད་བཞི་དང༌། མུ་སྟེགས་ཅན་གྱི་གྲུབ་མཐའ་དང་མཐུན་པའི་ཉམས་ཀྱི་ཏིང་ངེ་འཛིན་མཐའ་ཡས་པ་འཆར་ཞིང༌། དེ་བཞིན་གཤེགས་པ་དགེ་བའི་བསམ་གཏན་དེ་ནི་སྤྱིར་ཐེག་ཆེན་འཕགས་པ་ཐམས་ཅད་ལ་ཡོད་ཀྱང་མ་དག་ས་བདུན་དུ་དེ་བསྒོམས་པས། འདིར་ཡང་མཐོང་སྣང་གི་མཚན་མ་དེ་རྣམས་


TNT04_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རང་དོན་ཡིད་བྱེད་ཕྲ་མོ་སོགས་ཉན་རང་གི་ལམ་དང་རྣམ་པ་མཐུན་པའི་ཏིང་ངེ་འཛིན་གྱི་ཉམས་མང་དུ་འབྱུང༌། ཉམས་དེ་རྣམས་ཀྱང་ཀུན་རྫོབ་ཀྱི་སྣང་བ་ཡིན་ཞིང༌། སྔར་གྱི་མཚན་མའི་རྣམ་རྟོག་དང་འབྲེལ་བའི་འཁྲུལ་སྣང་གི་ཆ་ཤས་ཀྱང་ཡིན་མོད་ཀྱི། རེ་རེས་ཀྱང་འདྲ་མཚུངས་ཀྱི་སྒྲིབ་པ་མང་པོ་སྦྱོང་ཞིང༌། ཡོན་ཏན་མང་པོ་སྐྱེ་བའི་ཕྱིར་ལམ་གྱིས་བསྡུས་པའང་ཡིན་ནོ། །དེ་ནས་ས་བདུན་པའི་མཐར་དེ་ཀུན་ཡང་སྤངས་ནས་སྣང་མེད་དུ་སོང་བ་ཞེས་བྱ་བ། ཀུན་རྫོབ་ཀྱི་སྣང་བ་མེད་པའི་གནས་ལུགས་ལ་སེམས་གནས་པ་ནི། ས་བརྒྱད་པར་འགྱུར་ཏེ་དེ་ཚེ་སངས་རྒྱས་དཔག་ཏུ་མེད་པས་ཕྱག་གིས་དབང་བསྐུར་བ་ཐོབ་བོ། །དེ་ནས་ཀྱང་ཏིང་ངེ་འཛིན་སྣ་ཚོགས་པ་རྣམས་ལ་བལྟོས་པའི་མཉམ་རྗེས་དང་ཏིང་ངེ་འཛིན་ལ་ལྡང་འཇུག་ཡོད་ཀྱང༌། སྤྱིར་ཏིང་ངེ་འཛིན་ལ་མཉམ་པར་མ་བཞག་པའི་སྐབས་མེད་ཅིང༌། དེ་ཐམས་ཅད་ཀྱང་སྤྲོས་བྲལ་ལ་དམིགས་པ་ཁོ་ན་ཡིན་པའི་ཕྱིར། དེའི་སེམས་ནི་རྟག་ཏུ་ཡང་དག་པར་སོང་བ་ཡིན་ནོ། །ཞེས་པའི་དོན་ཡིན་ལ། སྣང་བ་མེད་པ་ཡང་ཀུན་རྫོབ་ཀྱི་སྣང་བ་མེད་པ་ཁོ་ན་ལ་བྱ་སྟེ། གཞན་དུ་ན་སངས་རྒྱས་རྣམས་ཀྱི་ཕྱག་གིས་དབང་


TNT04_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ཡོད་པས་དང༌། ཡང་མདོ་ལས། ནམ་ཞིག་སེམས་ནི་གྱུར་པ་ན། །པདྨོ་འདྲ་བའི་གཞལ་མེད་ཁང༌། །སྒྱུ་མའི་སྤྱོད་ཡུལ་བྱུང་བ་ན། །དེ་ཡི་ཚེ་ན་ཐེར་ཟུག་གནས། །ཞེས་སོགས་དོན་དམ་ཡེ་ཤེས་ཀྱི་སྣང་བ་མཐའ་ཡས་པ་ཡོད་པར་བཤད་པ་དང་འགལ་བར་འགྱུར་རོ། །འོན་ཀྱང་དོན་རབ་འབྱེད་པའི་བསམ་གཏན་ལ་སོགས་པ་རྣམ་པར་རྟོག་པ་དང་བཅས་པའི་བསམ་གཏན་དང༌། དེའི་རྒྱུན་ལས་བྱུང་ཕྱིན་ཆད་དེ་བཞིན་ཉིད་དམིགས་སམ་མི་རྟོག་པ་ཡིན་ཡང་རུང་སྟེ། དེ་དག་ལས་བྱུང་བའི་རྟགས་སྣང་དེ་ནི་རྒྱུ་རྐྱེན་ཚོགས་པ་ལས་གསར་དུ་སྣང་བའི་འཇའ་ཚོན་ལྟར་ཤར་བ་ཡིན་པས་ལམ་རྟགས་ཡིན་ཡང་འཁྲུལ་སྣང་ངོ༌། གཞན་ཡང་སྔགས་ཀྱི་ཐེག་པ་ལས་བཤད་པའི་ལུས་ལ་གནད་དུ་བསྣུན་པ་ཡིན་དུ་ཟིན་ཡང་ལྷ་སྐུ་དང་ཐིག་ལེ་དང་ཡིག་འབྲུ་དང་མམེ་དམིགས་ལ་སོགས་པ་རྟོག་བཅས་བསྒོམས་པ་ལས་བྱུང་བའི་རྟགས་སྣང་རྣམས་ཀྱང་རགས་པའི་རླུང་བཙན་ཐབས་སུ་འགགས་པ་ལས་བྱུང་བའི་ཕྱིར། ཕལ་ཆེར་སྔ་མ་དང་ཕྱོགས་འདྲ་སྟེ། རྩ་རླུང་ཐིག་ལེ་རགས་པའི་མདངས་ཀྱི་སྣང་བས་གཡོགས་པ་ཡིན་པས་ཆོས་ཉིད་ཀྱི་སྣང་བ་ཧ་ཅང་གསལ་བ་མིན་ནོ། །རྡོ་རྗེའི་རྣལ་འབྱོར་འདི་ནི། དུ་སོགས་རྟགས་རྣམས་རྣམ་པར་མི་རྟོག་པས་ལུས་ལ་


TNT04_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དུ་བསྣུན་པ་དང༌། ཕྱི་ནང་གཞན་གསུམ་གྱི་ནམ་མཁའི་གནད་དང༌། རྡོ་རྗེ་འབེབས་པའི་སྟོབས་ལས་འབྱུང་ངོ༌། །དེའི་ཕྱིར་སྟོང་གཟུགས་ཀྱི་གཙོ་བོ་རྣམས་ཆོས་ཉིད་ཀྱི་རང་མདངས་སོ། །དེ་ལ་སོ་སྐྱེའི་སྐབས་སུ་རྩ་རླུང་ཐིག་ལེ་རགས་པའི་མདངས་ཅུང་ཟད་འདྲེས་པ་སྲིད་ཀྱང་ཕལ་ཆེར་ལས་དང་པོ་པ་ཉིད་ནས་ཆོས་ཉིད་ཀྱི་སྣང་བ་གསལ་བར་མཐོང་བ་ཡིན་ནོ། །མདོ་ལུགས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་དེ་དག་ཆོས་ཉིད་ཀྱི་སྣང་བ་རང་ནི་མིན་མོད་ཀྱི། རྣལ་འབྱོར་ཅན་མཆོག་གི་སྤྱོད་ཡུལ་དུ་བཤད་དེ། །མ་དག་ས་བདུན་མན་ཆད་དུ་སྤང་བྱ་ནི་མ་ཡིན་ནོ། །མདོ་དོན་གྱི་དེ་དག་དང༌། སྔགས་ཀྱི་ལམ་མཚན་མའི་རྣལ་འབྱོར་རྣམས་དང༌། རྡོ་རྗེའི་རྣལ་འབྱོར་གྱི་ཁྱད་པར་རྣམས་དེ་ལྟར་ཤེས་པར་གྱིས་ཤིག འདིར་སྨྲས་པ། མདོ་འདིའི་དོན་ཡང་དཔྱོད་མཁན་མང་མོད་ཀྱི། །མཁས་པའི་ཁྲོད་ནའང་ཕལ་ཆེར་ལྡབ་ལྡིབ་སྨྲ། །རིན་ཆེན་མཆིང་བུའི་དབྱེ་བ་ཤེས་པ་འགའ། །དེང་སངས་ས་སྟེང་འདི་ན་ཡོད་དམ་ཅི། །ཞེས་རྩོད་པ་དང་པོ་བསལ་ཟིན་ཏོ། །གཞན་ཡང་སྟོང་གཟུགས་ཉིད་ལ་ལོག་པར་རྟོག་པ་འདི་ལྟ་བུ་དག་ཡོད་དེ། འཁྲུལ་སྣང་ཁོ་ན་ཡིན་ནོ་ཞེས་སྨྲ་བ་དང༌། ལམ་བདེན་ཙམ་ཏེ་ཆོས་ཉིད་མ་ཡིན་ནོ་ཞེས་སྨྲ་བའོ། །དང་པོ་ནི་བོད་དུ་


TNT04_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་པར་གྲགས་པ་ཕལ་ཆེར་རྣམས་དེ་ནི་ཉམས་ཀྱི་ཟ་ཟི་ཙམ་ཡིན་གྱི། ཡིན་ལུགས་ཀྱི་སྒོམ་རྣལ་མའི་ཐོག་ཏུ་ཕེབས་དུས་འདི་འགག་དགོས་ཟེར་བ་དང། རྒྱ་བོད་ཀྱི་དབུ་མ་པར་ཁས་འཆེ་བ་ཕལ་ཆེར་ཡང་གནས་ལུགས་སྤྲོས་བྲལ་ལ་རྟགས་འཆར་རྒྱུ་མེད། སྣང་བ་གང་ཤར་ཡང་སེམས་ཀྱི་འཁྲུལ་སྣང་ཡིན་ཟེར་བ་དང་བུ་སྟོན་ཆེན་པོའི་ཁྲིད་ཡིག་ནའང༌། སྒྱུ་མ་ལྟ་བུར་མེད་བཞིན་དུ་སྣང་བ་ཡིན་པས་ཞེན་པར་མ་བྱེད་ཅེས་སོགས་བྲིས་སོ། །དེ་དག་ནི་སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས་མངོན་སུམ་གང་ཡིན་པ་དེ་དག་ནི་དེ་ཁོ་ན་ཉིད་ཀྱི་སྤྱོར་བས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ་སྐར་མའི་ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་པ་ནི་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ། སྲིད་པ་གསུམ་མེ་ལོང་ལ་མཐོང་བ་ལྟར་སྟོང་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི། སོ་སོར་སྡུད་པའི་ཡན་ལག་སྟེ་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བའི་ཕྱིར་རོ། །ཞེས་གསུངས་པ་དང་འགལ་ཏེ་དེ་ལ་སོགས་པ་ལུང་འབྱམས་ཀླས་པ་ཡོད་དེ་འདི་ཁོ་ནས་དོན་སྟོན་ཏོ། །དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ཞེས་པ་གནས་ལུགས་སྒོམ་པའི་དོན་ཡིན་ལ། །འཁྲུལ་སྣང་ཙམ་ལ་དམིགས་པ་ཡིན་ན་གནས་ལུགས་སྒོམ་པར་འགལ་


TNT04_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བས་སོ། །གཞན་ཡང་མཁས་མཆོག་དེ་ལ་བརྗོད་པ་ཉིད་ཅིག་རྡོ་རྗེའི་རྣལ་འབྱོར་ཚད་མར་མཛད་བཞིན་དུ་དེ་ལྟར་འདོད་པ་ནི་ཆེས་ཤིན་ཏུ་འགལ་བ་ནི་སོར་སྡུད་མངོན་སུམ་གྱི་ལམ་མ་ཡིན་པར་ཐལ་བར་འགྱུར་ཏེ། ཤེས་པ་དེ་ལ་སྣང་ཚང་འཁྲུལ་སྣང་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། ཤེས་རབ་ཡེ་ཤེས་མེ་བོ་ཆེ་དང་སྔགས་མཆོག་སྔགས་བདག་སོགས་མ་ཡིན་པར་འགྱུར་ཏེ། ཐ་མལ་ལས་དང་པོ་པའི་འཁྲུལ་སྣང་ཡིན་པའི་ཕྱིར་རོ། །གཞན་ཡང་རྟགས་བཅུ་དེ་སྣང་མཁན་གྱི་འཁྲུལ་ཤེས་ཡིན་ནམ་ཟླ་བ་གཉིས་སྣང་ལྟ་བུ་ཡུལ་ལ་ལྟོས་ནས་གཏན་མེད་ཡིན་ནམ། ཆོས་གཞན་ཞིག་གི་རྣམ་པ་དེ་ལ་ཤར་བ་ཡིན། དང་པོ་གཉིས་ཀ་མི་འཐད་དེ། ནཱ་རོ་པས་འདི་སྐད་ཅེས། རྣམ་པ་ཐམས་ཅད་དུ་མ་བྱས་པ་རྨད་དུ་བྱུང་བ་རང་བཞིན་མེད་པའི་དངོས་པོའི་གཟུགས་ཉིད་ཀྱི་ཕྱིར། ཞེས་དང༌། དཔལ་དྲི་མེད་འོད་ལས། འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་ཞེས་གསུངས་པས་སོ། །གསུམ་པ་ལྟར་ན། དུ་སོགས་ཏེ་ཆོས་གཞན་གང་ཞིག་གི་རྣམ་པ་ཡིན་སྨོས་ཤིག ཆོས་ཅན་སོ་སོའི་རྣམ་པ་ཡིན་ན། རྣམ་པ་གཏོང་བྱེད་ཡོད་དམ་མེད། ཡོད་པ་ཡིན་ན་མཚན་མོ་ཉི་མའི་དཀྱིལ་འཁོར་མཐོང་བ་


TNT04_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང་འགལ། མེད་ཀྱང་སེམས་ཀྱི་བག་ཆགས་ཀྱིས་སྣང་ངོ་སྙམ་ན། ཐིག་ལེ་ཆེན་པོ་ལ་སོགས་པ་བག་ཆགས་ཅི་ཞིག་ལས་འབྱུང༌། ཆོས་ཉིད་ཀྱི་རྣམ་པ་ཡིན་ནོ་ཞེ་ན་དེའི་ཆ་ཤས་ལ་ཟེར་རམ། བློ་ཉིད་དེའི་རྣམ་པར་ཤར་བ་ལ་ཟེར། དང་པོ་ལྟར་ན་འཁྲུལ་སྣང་ཡིན་པ་ཉམ། གཉིས་པ་ལྟར་ན་གོང་དུ་བཀག་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་ཡུལ་ཅན་ཆོས་ཉིད་རྟོགས་པར་འགྱུར་བས་བློ་དེ་ཡུལ་ཡང་ཆོས་ཉིད་དུ་འགྱུར། རྡོ་རྗེའི་རྣལ་འབྱོར་སྤོང་བ་དེ་དག་ལ་སྨྲས་པ། ཅི་དུ་སོགས་འདི་དག་འཁྲུལ་སྣང་ཡིན་ཡང་འདི་བསྒོམས་པས་ཅི་སྐྱོན། འཁྲུལ་པ་བསྒོམས་པས་གནས་ལུགས་ལ་མི་སླེབ་པའི་ཕྱིར་རོ་ཞེ་ན། ད་ལྟའི་གཟུགས་སྒྲ་དྲི་རོ་རེག་བྱ་ཟས་གོས་སྐྱེས་པ་བུད་མེད་རྟ་གླང་ལ་སོགས་པ་འདི་དག་མ་འཁྲུལ་བ་ཡིན་ནམ། ཅི་སྟེ་མ་འཁྲུལ་ན་འདི་རྣམས་ཉིད་ཁོ་ན་བདེན་པ་དང་གནས་ལུགས་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་གནས་ལུགས་མཐོང་བར་ཐལ་བ་དང༌། གྲོལ་བར་ཐལ་བར་འགྱུར་རོ། །ཅི་སྟེ་འདི་རྣམས་འཁྲུལ་བ་ཡིན་ནོ་ཞེ་ན། འོ་ན་དབུ་མ་པ་ཁྱེད་རྣམས་ཀྱང་ཀུན་རྫོབ་སྒྱུ་མ་ལྟ་བུ་བསྒོམས་པས་དངོས་ཞེན་ལས་གྲོལ་བར་འདོད་པ་ཡང་མི་འཐད་ཅིང༌། ཕྱག་ཆེན་པ་རྣམས་ཀྱང་སྣང་བ་ལྷན་ཅིག་སྐྱེས་པ་བསྒོམས་


TNT04_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་གྲོལ་དུ་འགྱུར་བ་མི་འཐད་དེ་འཁྲུལ་སྣང་བསྒོམས་པའི་ཕྱིར། གནས་ལུགས་ལ་མི་སླེབ་པས་སོ། །དེ་དག་གིས་སྨྲས་པ་སྐྱོན་དེ་མེད་དེ་འཁྲུལ་སྣང་ཡིན་ཡང་ཞེན་པར་མི་བྱེད་ཅིང་སྟོང་པར་རིག་པས་སོ། །ཡང་བརྗོད་པ། འོ་ན་ངེད་ཀྱང་སྟོང་གཟུགས་ལ་ཞེན་པར་མི་བྱེད་ཅིང་སྟོང་པར་རིག་པར་ཅིའི་ཕྱིར་ལམ་དུ་མི་འགྱུར། དེ་བས་ན་རེ་ཤིག་ཁྱེད་ཀྱི་ངོར་འཁྲུལ་པ་ཡིན་མཉམ་ཞིག་ཡིན་དུ་ཆུག་ཀྱང་ལམ་བསྒོམས་པ་ལས་བྱུང་བའི་སྣང་བ་འདིས་ནི་གནས་ལུགས་ལ་སྒྲིབ་ཅིང༌། མ་དག་ལས་སྣང་འདིས་ནི་མི་སྒྲིབ་པོ་ཞེས་པ་འདི་དང༌། སྤྱོད་པ་བཟང་ངན་རྣམས་སྟོང་པར་རྟོགས་ན་རྟོགས་མཉམ་དང༌། མ་རྟོགས་ན་མ་རྟོགས་པར་མཉམ་པ་ཡིན་ཡང་རྟོགས་མ་རྟོགས་ཀྱི་དབྱེ་བ་འབྱེད་པའི་སྤང་བླང་མི་བྱེད་པར་མི་དགེ་བ་ལ་མངོན་པས་ཆགས་པ་ལྷ་སྒོམ་དང༌། བཟླས་པ་དང༌། ཚུལ་ཁྲིམས་ཀྱི་སྤྱོད་པ་དང༌། ཉམས་ཀྱི་སྣང་བ་སྣ་ཚོགས་པ་དག་ནི་བཟོ་མེད་ལས་མེད་དང་འགལ་བས་ལམ་གོལ་བར་འདོད་ཅིང༌། སྡིག་པ་ལ་མངོན་པར་ཆགས་པ་འཐབ་རྩོད་དང༌། རྣམ་གཡེང་དང༌། འདོད་སྲེད་དང༌། ཆགས་སྡང་འདི་དག་བཟོ་མེད་དུ་སྦྱང་བས་གྲོལ་བའི་རྒྱུ་ཡིན་ནོ་ཞེས་སྨྲ་


TNT04_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་དག་ནི། རྒྱལ་བའི་དགོངས་དོན་ལས་ཕྱིན་ཅི་ལོག་པ། མུན་པ་ནས་མུན་པར་འཇུག་པ། ལག་འགྲོ་ལྷ་མིན་གྱི་རིགས་སོ། །དེ་འདྲ་ལུགས་དེ་དག་གི་ཤིང་རྟ་ཆེན་པོའི་གྲུབ་མཐའ་ལ་མེད་དོ་སྙམ་ན། དེ་ནི་བདེན་ཏེ། འོན་ཀྱང་སྔོན་ནས་ད་ལྟའི་བར་གྱི་ལུགས་དེ་འཛིན་པའི་སྐྱེ་བོ་ཤས་ཆེ་བ་ཞིག་གི་ཁ་དང་སྙིང་ལ་རྟག་ཏུ་གནས་ཏེ་སྐྱེ་བོ་ལོག་པའི་ལམ་ལ་འཁྲིད་པར་མངོན་སུམ་གྱིས་གྲུབ་ལ། དེ་རྣམས་ཉིད་ཀྱི་རྩ་བའི་གྲུབ་མཐའ་མེད་ན་མེད་པ་ཉིད་ཀྱིས་ཁྱེད་ཅག་ཕུང་སྟེ་ཆོས་དང་འགལ་བར་མ་ཟད། རང་ལུགས་དང་ཡང་འགལ་བས་སོ། །ཡང་དེ་དག་ལ་བརྗོད་པ། ཅི་མ་འཁྲུལ་པའི་སྣང་བ་ཡོད་དམ་མེད། མེད་ན་ནི་ཐར་པ་མེད་པའམ། ཐར་པ་འཁྲུལ་པར་འགྱུར་པའི་ཕྱིར། ཡིད་བརྟན་མེད་པར་འགྱུར། ཅི་སྟེ་སྣང་ཚད་ནི་འཁྲུལ་པ་ཡིན་ལ། མི་སྣང་བ་ནི་མ་འཁྲུལ་བའོ། །སྙམ་ན། སྣང་བ་གཏན་ནས་མེད་པ་ནི་མ་འཁྲུལ་བ་ག་ལ་ཡིན་ཏེ། རི་བོང་རྭ་ལྟར་ཅི་ཡང་མེད་པའི་ཕྱིར་རོ། །ཡང་འདི་སྐད་ཅེས། མ་འཁྲུལ་བ་ནི་ཡོད་དེ་སེམས་སྐད་ཅིག་མ་རང་ཚོ་ཟིན་པའི་སྣང་བ་འདིའོ་སྙམ་ན། རྟགས་བཅུ་ཡང་མ་འཁྲུལ་པར་འགྱུར་ཏེ། རྒྱུ་མཚན་དེའི་ཕྱིར་རོ། །ཉམས་ཀྱི་བདེ་


TNT04_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་མི་རྟོག་པ་ལ་སྤྱོད་པའི་ཕྱིར། །སེམས་ཉིད་རང་ཚོ་མ་ཟིན་པར་འགྱུར་རོ་ཞེས་ཟེར་ན། བཟའ་བ་དང༌། བཏུང་བ་དང༌། བགོ་བ་ལ་སྤྱོད་པ་དང༌། འགྲོ་བ་སོགས་མི་བྱེད་པའང་མ་མཐོང་བའི་ཕྱིར། ཁྱེད་ལའང་དེ་འདྲ་མི་སྲིད་པར་འགྱུར་རོ། །དེ་དག་སྒོམ་གྱིས་ཟིན་པའི་ཕྱིར་སྐྱོན་མེད་དོ་སྙམ་ན། ཁོ་བོ་ཅག་ཀྱང་སྒོམ་གྱིས་ཟིན་པར་བྱེད་ན་དེ་ལ་ཅི་ཞིག་སྐྱོན་ཡོད་པར་འགྱུར། དེ་ལྟར་ན་སྟོང་གཟུགས་འཁྲུལ་པ་ཡིན་པ་ཁེགས་ལ། མ་འཁྲུལ་པའི་སྒྲུབ་བྱེད་ནི་འདི་ལྟར་སྟོང་གཟུགས་འདི་ནི་མ་འཁྲུལ་པའི་སྣང་བ་ཡིན་ཏེ། འཕགས་པ་རྣམས་ཀྱིས་ཉམས་སུ་མྱོང་བྱ་ཡིན་པའི་ཕྱིར་དང༌། ལས་སྣང་འདི་ལ་ཆགས་པ་ནི་འདིས་སྤོང་བའི་ཕྱིར་དང། རྣལ་འབྱོར་མཆོག་རྣམས་ལ་སྣང་བ་འདི་ཇེ་རྒྱས་སུ་འགྱུར་བའི་ཕྱིར་རོ། །རྩོད་པ་གཉིས་པ་བསལ་ཟིན་ཏོ། །གསུམ་པ་ནི་སྔ་རབས་པ་ཕལ་ཆེར་ཞིག་དང༌། ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་ཁ་ཅིག་ཀྱང་སྟེ། སྟོང་གཟུགས་རྟགས་བཅུ་ལ་སོགས་པ་འདི་རྣམས་འཁྲུལ་སྣང་ཡང་མིན་ལ་དོན་དམ་ཡང་མ་ཡིན་ཏེ། མཐོང་མཁན་གྱི་བློའི་རང་སྣང་ཡིན་པས་ལམ་གྱི་བདེན་པ་འདུས་བྱས་སོ་ཞེས་གསུང་ངོ༌། །འདི་ནི་འདོད་ཚུལ་སྔ་མ་ལས་བཟང་


TNT04_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཇི་ལྟ་བ་བཞིན་མ་ཡིན་ཏེ། རྩ་རྒྱུད་ལས། སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །ཞེས་དང༌། རྗེ་བཙུན་སྤྱན་རས་གཟིགས་ཀྱིས་ཀྱང་རྣམ་པ་ཐམས་ཅད་པ་ནམ་མཁའ་ལས་བྱུང་བ། ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་པ། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ། ལྷན་ཅིག་སྐྱེས་པའི་དགའ་བ། ཞེས་སོགས་སྟོང་གཟུགས་ཀྱི་མཚན་ཉིད་གསུངས་པ་རྣམས་དང༌། ནཱ་རོ་པས་ཀྱང༌། སེམས་ཀྱི་དུས་གསུམ་པའི་སྣ་ཚོགས་གཟུགས་ཀྱང་དངོས་པོ་མ་ཡིན་ཏེ་དེ་རྣམས་འདས་པ་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་དུ་མེད་པའི་ཕྱིར་དང། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་ཕྱིར་རོ། །ཞེས་ཏེ། འདུས་བྱས་ཡིན་པ་བཀག་གོ །སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས། ཆོས་ཀྱི་དབྱིངས་ནི་ནམ་མཁའ་ལ་སྣ་ཚོགས་གཟུགས་རྣམས་ཐམས་ཅད་དང་ལྡན་པའི་སྟོང་པའོ། །ཞེས་སོ། །བཤད་སྦྱར་སྙིང་པོ་སྣང་བར། དེ་ལྟར་སེམས་ཀྱི་སྣང་བ་ཙམ། ཆོས་ཀྱི་དབྱིངས་ནི་ཕྱག་རྒྱ་ཆེན་མོ་ཞེས་བརྗོད་དེ། ཞེས་ཏེ་དེ་ལྟར་ཡུལ་སྟོང་གཟུགས་དེ་དག་ཆོས་ཉིད་དུ་བཤད་པས་དེ་དག་ལམ་བདེན་མིན་པར་ཆེས་བསལ་བར་གྲུབ་བོ། །ཡང་ཁ་ཅིག་འདི་སྙམ་དུ། རང་གི་སེམས་ཀྱི་སྣང་བ་ཙམ་ཞེས་དང་སྒྱུ་མ་རྨི་ལམ་སོགས་


TNT04_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས་པར་བཤད་པས་རྣམ་ཤེས་དང་བདེན་མེད་དུ་འགྱུར་རོ་སྙམ་ན། དཔེ་རྣམས་ནི་ཕྱོགས་རེ་ནས་ལེན་པ་ཡིན་གྱི། ཐམས་ཅད་དུ་མ་ཡིན་ནོ། །དེ་བས་ན་འདིར་ཡང་སྒྱུ་མ་རྨི་ལམ་སོགས་ཀྱི་དཔེས་བསྟན་པ་ནི། གསལ་བར་སྣང་ཡང་རྡུལ་ཕྲ་རབས་ཀྱི་ཆོས་མེད་པ་དང༌། འདུས་བྱས་དང་དངོས་པོས་སྟོང་པའི་དོན་ཡིན་གྱི། འཁྲུལ་སྣང་ཡིན་པའམ། རང་གི་ངོ་བོས་བདེན་པར་མེད་པའི་དཔེར་མི་ལེན་ནོ། །ཨིནྡྲ་བྷཱུ་ཏིའི་ཡེ་ཤེས་གྲུབ་པ་ལས་ཀྱང༌། སྒྱུ་མ་ལ་སོགས་དཔེ་རྣམས་ནི། །སྲས་བཅས་རྒྱལ་བའི་བསྟན་མཛད་པ། །བཏགས་པ་ཙམ་ནི་དངོས་པོ་མེད། །ཐམས་ཅད་དུ་ནི་འགོག་མ་ཡིན། །དཔེ་ཉིད་དང་ནི་མཚུངས་པ་རུ། །རྣམ་པ་ཀུན་ཏུ་ཆོས་བཤད་ན། །བསྒྲུབ་བྱ་ཡིན་པ་ཐམས་ཅད་དུ། །དཔེ་ཉིད་དུ་ནི་མི་འགྱུར་རོ། །དཔེར་ན་སྐྱེས་བུ་སེང་གེ་ཡི། །དཔེ་ནི་འཇིག་རྟེན་པ་ལ་ཡོད། །དཔའ་སོགས་ཡོན་ཏན་ལྡན་པས་ཏེ། །མཇུག་མ་ལ་སོགས་ཡོད་མ་ཡིན། །དེ་བས་དངོས་པོ་ཐམས་ཅད་ནི། །ངོ་བོ་ཉིད་ཀྱི་ཐམས་ཅད་མིན། །ལུང་དང་རིག་པའི་རྗེས་འབྲངས་ཏེ། །སྐྱེས་བུ་མཆོག་གིས་རྟོགས་པར་བྱ། །དེས་ན་ཁྱེད་ཀྱིས་གང་སྨྲས་པ། །བྱིས་པ་འབྲིང་བའི་ཐབས་ཡིན་གྱི། །འགྲོ་བ་འདོད་པའི་


TNT04_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཡིས། །བདེན་པར་སྨྲས་པ་དེ་མ་ཡིན། །ཇི་ལྟར་རི་བོང་རྭ་དང་ནི། །དེ་བཞིན་མོ་གཤམ་བུ་ལྟ་བུ། །དངོས་པོ་ཐམས་ཅད་གང་དུ་ཡང༌། །རྒྱལ་བས་དངོས་མེད་མ་གསུངས་སོ། །ཞེས་གསུངས་ཏེ། སྒྱུ་མ་སོགས་ཀྱི་དཔེས་བསྟན་པས་བདེན་མེད་ཁོ་ན་ཡིན་ནོ་ཞེས་སྨྲས་པ་ནི་བྱིས་པ་རྣམས་བསླུ་བའི་ཐབས་ཡིན་གྱི། གཞན་ཕན་གྱི་བསམ་པས་བདེན་པར་སྨྲས་པ་མིན་ནོ། །ཞེས་པའོ། །ཡང་ཁ་ཅིག་ཏུ་སྣང་བ་འདི་དུ་བ་ཡིན་ནམ་མིན། ཡིན་ན་ནི་ཕྱི་དོན་དང་འདུས་བྱས་སུ་འགྱུར་བས་བདེན་པ་ག་ལ་ཞིག །མིན་ན་ནི་དུ་བ་མ་ཡིན་པ་ལ་དུ་བར་སྣང་བའི་ཕྱིར། དེ་ལས་འཁྲུལ་པ་ཅི་ཞིག་ཡོད། ཅེས་ཟེར་ཏེ། དེ་ལ་སྨྲས་པ། དུ་བའི་སྟོང་གཟུགས་འདི་ཀུན་རྫོབ་སྣང་ཞིང་གྲགས་པའི་དུ་བ་ནི་མ་ཡིན་ལ། དེར་སྣང་ཡང་མི་སྣང་བས་མ་ཡིན་པ་ལ་མ་ཡིན་པར་སྣང་བ་ནི་ཅི་ཞིག་འཁྲུལ། དོན་དམ་ཡེ་ཤེས་ཀྱི་དུ་བར་ནི་སྣང་མོད་ཀྱི། ཡིན་ཡང་ཡིན་པས་ཡིན་པ་ལ་ཡིན་པར་མཐོང་བ་ཡང་འཁྲུལ་བའི་མཐོང་ཚུལ་ག་ལ་ཡིན། ཀུན་རྫོབ་སྣང་གྲགས་ཀྱི་ཆོས་མ་ཡིན་པས་འདུས་བྱས་ཀྱི་དྲི་མ་ཡང་མེད་དོ། །ཡང་འདི་སྐད་ཅེས། རྗེ་བཙུན་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས། འདི་རང་བྱིན་རླབས་ཞེས་བྱ་བ་ནི། སོར་སོར་སྡུད་པའི་ཀུན་རྫོབ་


TNT04_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟོང་བ་ཉིད་མཐོང་བའོ། །ཞེས་གསུངས་པའི་ཕྱིར། བདེན་མེད་དང་ཀུན་རྫོབ་ཏུ་གྲུབ་པོ་སྙམ་ན། འདིར་ཀུན་རྫོབ་སྟོང་ཉིད་ནི་དམིགས་བཅས་སྟོང་ཉིད་ཀྱི་མིང་ངོ༌། །གོང་དུའང་བཤད་པ་ལྟར་ཏེ། འདིའི་དམིགས་བཅས་ཀྱང་འཁྲུལ་པའི་སྣང་བ་དང༌། གཟུང་འཛིན་གྱི་སྣང་བ་དང༌། རྣམ་པར་རྟོག་པ་དང༌། །སྤྲོས་པ་ལ་མི་ཟེར་གྱི་དམིགས་པ་ཞེས་པ་ནི་མངོན་སུམ་དུ་མཐོང་བའམ། ཚད་མས་དམིགས་པའམ། མཐོང་རྒྱུ་དང༌། རྟོགས་རྒྱུ་དང། མྱོང་རྒྱུ་དང། རིག་རྒྱུ་ཡོད་པའི་མིང་ངོ༌། །དེ་ལ་ཀུན་རྫོབ་ཅེས་འདོགས་པ་ནི། བདེན་གཉིས་དབྱེར་མེད་དམ་བདེན་གཉིས་ཟུང་འཇུག་ཅེས་བྱ་བའི་དུས་ཀྱི་བློ་ངོར་བདེན་པ་གཉིས་ཀྱི་ཡ་གྱལ་དུ་འཇུག་པའི་ཀུན་རྫོབ་དེ་ཡིན་པའི་ཕྱིར་རོ། །དེ་ཡང་དོན་དམ་གྱི་ཆོས་ཉིད་ཡེ་ཤེས་དང། ཀུན་རྫོབ་གྱི་ཆོས་ཉིད་ཡེ་ཤེས་ཟུང་དུ་འཇུག་པ་ནི་བདེན་གཉིས་ཟུང་འཇུག་ཡིན་ཀྱི། གཞན་ནི་བདེན་གཉིས་ཟུང་འཇུག་ཏུ་སོང་བ་མི་སྲིད་དེ། དོན་དམ་གདོད་མ་དང༌། ཀུན་རྫོབ་གློ་བུར་སྒྲིབ་པའི་སྣང་བ་གཉིས་ངོ་བོ་གཅིག་པའི་གོ་སྐབས་མེད་པའི་ཕྱིར་དང༌། ཁྱེད་ཅག་གི་འདོད་པ་ལྟར་དེ་གཉིས་རང་བཞིན་མེད་པར་མཉམ་པ་ཙམ་དེ་ནི་ཟུང་འཇུག་ཏུ་མི་འགྱུར་ཏེ། རང་བཞིན་མེད་པའི་ངོས་ཙམ་ནས་ཟུང་འཇུག་ཏུ་འཇོག་དགོས་པ་བྱུང་འདུག་


TNT04_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །བུམ་པ་དང་བུམ་པའི་དོན་སྤྱི་ཟུང་འཇུག་དང༌། མིའི་དོན་སྤྱི་དང་ཆུའི་དོན་སྤྱི་ཟུང་འཇུག་དང༌། ལྷས་བྱིན་དང་མཆོད་སྦྱིན་ཟུང་འཇུག་དང༌། མཐར་གཏུག་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ཡང་ཟུང་འཇུག་ཏུ་ཐལ་བར་འགྱུར་ཞིང༌། དེ་ལྟར་འདོད་ཀྱང་སྲིད་ན། ཁྱེད་ཀྱི་ཟུང་འཇུག་གི་རྣམ་གཞག་འདི་ནི་ངོ་མཚར་ཅན་ཞིག་སྟེ། ངོ་བོ་མི་འདྲ་བ་མང་ཞིང་ཐམས་ཅད་ཀྱང་གང་ལ་དམིགས་པས་རྣམ་པར་བྱང་བར་འགྱུར་བའི་གཞིའི་གནས་ལུགས་ཀྱང་མ་ཡིན་ལ་མ་བསྒོམ་པར་ཡང་མི་འགྱུར། འབྲས་བུ་གཏན་ལ་ཡང་མི་འབེབས་ཤིང་ཆོས་སྐད་མཐོན་པོ་ཞིག་ཡིན་རློམ་ལས། གཞན་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ་རྣམས་ལ་གནས་སྐབས་འགའ་ཡང་ཉེར་མཁོ་མེད་པའི་ཕྱིར་རོ། །དེས་ན་ཆོས་ཉིད་དེ་ནི་རྣམ་པ་ཀུན་ལྡན་ཡིན་པའི་ཆ་ནས་ཀུན་རྫོབ་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། རྣམ་པ་ཀུན་ལྡན་ཀྱི་སྟོང་གཟུགས་ལ་ནི་ཀུན་རྫོབ་བདེན་པ་ཞེས་བྱ་ལ། དོན་དམ་རང་ངོས་ནས་བདེ་བ་ཆེན་པོ་དང་རྟག་པ་ཡིན་པའི་ཕྱིར། མི་འགྱུར་བའི་བདེ་བ་ལ་ནི་དོན་དམ་བདེན་པ་ཞེས་བྱའོ། །ཀུན་རྫོབ་ཀྱི་སྒྲ་དོན་སམ་བྲྀ་ཏ་ཞེས་པ་ལ། སམ་ནི་ཡང་དག་པའམ་རབ་ཏུ་ཞེས་པ་ཡིན་ལ། བྲྀ་ཏ་ནི་སྒྲིབ་པ་སྟེ་ཡང་དག་པ་ལ་སྒྲིབ་པའམ། རབ་ཏུ་སྒྲིབ་པ་སྟེ་མ་དག་ལས་སྣང་རྣམས་སོ། །ཡང་ན་བསྒྲིབས་པ་རྣམས་


TNT04_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡང་དག་པའམ་བསྒྲིབས་པ་རྣམས་ཀྱི་དོན་ཞེས་པར་ཡང་འགྱུར་བས། སྒྲིབ་བྱེད་ཀུན་རྫོབ་རྣམས་ཀྱི་ཆོས་ཉིད་ལ་ཡང་སཾ་བྲྀ་ཏ་ཞེས་བྱ་བས་འདིར་དེ་ཡིན་ནོ། །ཡང་འགའ་ཞིག་དུ་བ་ལ་སོགས་པའི་ལམ་ཞེས་གསུངས་པས། ལམ་ཡིན་པའི་ཕྱིར་འདུས་བྱས་སོ་སྙམ་ན། འདིས་ནི་དུ་བ་ལ་སོགས་པ་ཡང་ཡིན་ལ་ལམ་ཡང་ཡིན་ནོ་ཞེས་པའི་དོན་མ་ཡིན་ནོ། །ཅི་སྟེ་ངེས་པར་ཡིན་དགོས་སོ་སྙམ་ན། དེ་ལྟ་ན་ནི་སངས་རྒྱས་ཀྱི་ལམ་ཞེས་གསུངས་པས། ལམ་ལྔ་དང་ས་བཅུ་སོགས་ཀྱང་སངས་རྒྱས་ཀྱང་ཡིན་ལ། ལམ་ཡང་ཡིན་པར་ཐལ་བར་འགྱུར་བ་སོགས་མཐའ་ཡས་པའི་བར་དུ་བསྒྲེ་བར་བྱའོ། །དེས་ན་ལམ་གྱིས་བསྡུས་པའི་སྦྱོར་བ་ཡན་ལག་དྲུག་པོ་དེ་དག་དམིགས་ཡུལ་རྟག་བཅུ་ལ་དམིགས་པ་ཡིན་པས། ལམ་ཡན་ལག་དྲུག་པོ་དེ་ལ་དུ་བ་ལ་སོགས་པའི་ལམ་ཞེས་བརྗོད་པ་ཡིན་གྱི། ཡུལ་རྟགས་བཅུ་ལམ་དུ་བཤད་པ་མ་ཡིན་ནོ། །དེ་བཞིན་དུ་སོ་སོར་སྡུད་པ་ལ་སོགས་པ་དྲུག་པོ་རྣམས་ལ་ཡང་ལམ་གྱིས་བསྡུས་པ་དང༌། ཆོས་ཉིད་ཀྱིས་བསྡུས་པ་གཉིས་ཡོད་དེ། ཆོས་ཉིད་ཀྱིས་བསྡུས་པ་རྣམས་ནི་གདོད་མ་ནས་གནས་པ་དང༌། ལམ་གྱིས་རྟོགས་བྱ་དང༌། འབྲས་བུའི་དུས་ན་དེ་ཉིད་འབའ་ཞིག་ཏུ་སོང་


TNT04_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་མངོན་དུ་འགྱུར་བར་བྱ་བའོ། །ལམ་གྱི་ཆ་རྣམས་ནི་ལས་དང་པོ་པ་ནས་རྒྱུན་མཐའི་བར་གྱི་སྒྲུབ་པ་པོའི་སེམས་རྒྱུད་ཀྱི་སྣང་བ། རང་གི་ངོ་བོ་རྣམ་ཤེས་ཀྱི་ཆས་བསྡུས་ཀྱང་ཡེ་ཤེས་ལ་དམིགས་པ་དོན་དམ་པ་དང་མཚུངས་པ་རྣམས་སོ། །དེས་ན་རང་གི་སེམས་ཀྱི་སྣང་བ་ཞེས་གསུངས་པས་ཀྱང༌། རྣམ་ཤེས་དང་ཀུན་རྫོབ་ཏུ་མི་འགྱུར་ཏེ། རང་ཞེས་པ་བདག་ཉིད་ཀྱི་དོན་དུ་འཆད་དགོས་པས་ཆོས་ཐམས་ཅད་ཀྱི་བདག་ཉིད་དམ་གནས་ལུགས་སུ་ཞུགས་པའི་ཆོས་ཉིད་ཀྱི་སེམས་ལ་རང་སེམས་ཞེས་གསུངས་ཏེ། དེ་ནས་གཞན་སེམས་དང་སེམས་བྱུང་ཀུན་རྟོག་ཚོགས་ལ། རང་གི་སེམས་ཉིད་ཅེས་གསུངས་པ་ཉུང་ངོ༌། །དེས་ན་མངོན་སུམ་དུ་གསུངས་པ་རྣམས་ཀྱང་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་མ་ཡིན་ཏེ། ཆོས་ཉིད་ལ་མངོན་སུམ་པའི་ཤེས་པ་གཞན་ནོ། །འོ་ན་ཆོས་ཉིད་དང་ཆོས་ཀྱི་སྐུ་མངོན་སུམ་མཐོང་བའི་ཕྱིར། སོར་སྡུད་དང་པོ་སྐྱེས་པའི་རྣལ་འབྱོར་པ་དེ། འཕགས་པ་ཡིན་པར་ཐལ་ལོ་སྙམ་ན། མ་ཡིན་ཏེ་མཐོང་ལམ་ཡན་ཆད་ནི་ཆོས་ཉིད་ཐོབ་པའི་ཚུལ་གྱིས་མཐོང་བ་ཡིན་ལ། ལས་དང་པོའི་ས་ནས་མཐོང་ལམ་མ་ཐོབ་ཀྱི་བར་དུ་ནི་ཆོས་སྐུ་དང་ཆོས་ཉིད་མཐོང་བ་ཙམ་ཡིན་གྱི། དེའི་རྣམ་པ་


TNT04_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་མཐོང་བ་ཡང་མིན་ལ། ཐོབ་པའི་ཚུལ་གྱིས་ཀྱང་མ་ཡིན་ནོ། །བླ་ན་མེད་པའི་སངས་རྒྱས་ཀྱི་ས་ལ་ནི། ཆོས་ཀྱི་སྐུ་དང་ཆོས་ཉིད་དེ་ཡོངས་སུ་རྫོགས་པའི་ཚུལ་གྱིས་མཐོང་བ་དང་ཐོབ་པ་ཡིན་ལ། མཐོང་ལམ་དང་སྒོམ་ལམ་དུ་ནི་མཐོང་ཐོབ་ཙམ་ཡིན་ཀྱང་ཡོངས་སུ་རྫོགས་པའི་ཚུལ་དུ་མ་ཡིན་ནོ། །རྩོད་པ་གསུམ་པ་{བསལ་}:ལས་ལ་ཟིན་ཏེ་དེ་དག་ནི་རེ་ཞིག་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དོན་དམ་པ་ལ་ལོག་པར་རྟོག་པ་རགས་པ་དག་བསལ་བའོ། །གཞན་ཡང་སྤྱིར་ཟུང་འཇུག་གི་ལམ་ལ་ལོག་པར་རྟོག་ཚུལ་སྣ་ཚོགས་པ་ཡོད་དེ། རྣམ་པར་རྟོག་པ་ངེས་པའི་ལམ་དུ་འདོད་པ་དང༌། འཛག་བདེ་དང་བཅས་པའི་སྒོམ་པ་ངེས་པའི་ལམ་དུ་འདོད་པ་དང༌། བེམ་པོའི་སྟོང་པ་ཉིད་ངེས་པར་ལམ་དང་འདོད་པ་ལ་སོགས་པའོ། །དང་པོ་ནི་རྣམ་པར་རྟོགས་པས་བསྒོམས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་ཡིག་འབྲུ་ལ་སོགས་པ་བསྒོམ་པས་གསལ་སྣང་མཐར་ཕྱིན་པ་ན་སངས་རྒྱས་སུ་འགྱུར་བར་འདོད་པ་སྟེ། དེ་ལྟར་ན་འབྲས་བུའི་སངས་རྒྱས་དེ་ཡང་མཐར་འཇིག་ཅིང་མི་རྟག་པར་འགྱུར་ཏེ། གསར་དུ་འདུས་བྱས་པའི་རྒྱུ་ཁོ་ན་ལས་བྱུང་བའི་ཕྱིར་རོ། །འབྲས་བུས་ན་ཡང་རྟོག་པ་དང་བཅས་


TNT04_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་སྟེ། རྒྱུའི་གཙོ་བོ་རྟོག་པ་ཡིན་པའི་ཕྱིར་རོ། །དེ་ཡང་འདོད་ན་ཅིག་ཅར་གཞན་དོན་མཛད་པ་སོགས་ལྷུན་གྱིས་གྲུབ་པའི་མཛད་པ་མེད་པར་འགྱུར་ཏེ། རྟོག་པ་ཡོད་ན་ཉེ་ཚེ་བའི་ཡུལ་དང་ཉེ་ཚེ་བའི་དུས་ལ་འཇུག་པས་ཁྱབ་པའི་ཕྱིར་དང༌། དམིགས་རྣམས་མི་འདྲ་བ་མང་པོ་དུས་གཅིག་ལ་མི་འཇུག་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་ལུང་དྲངས་པར་ཡང༌། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་བ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང༌། །ཡིད་འོང་བདག་གིས་བསྟན་པ་ཡིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་ཀྱིས། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །སྟོན་པར་བྱེད་པ་མ་འོངས་པའི། །སློབ་དཔོན་རྣམས་ནི་བདུད་ཀྱི་རིགས། །ཞེས་གསུངས་ལ། དེ་བཞིན་དུ་དྲི་མ་མེད་པའི་འོད་ལས་ཀྱང༌། སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱི་ནི། །དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན། །ལམ་དང་བྲལ་བས་ཐོབ་པ་མ་ཡིན་ནོ། །བསྐྱེད་པའི་རིམ་པ་ལས་གྲོལ་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱིས་ནི་སྒྲུབ་ཐབས་གཞན་ཡོད་མིན། །


TNT04_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང༌། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་པར་དབྱེ་བའི་ཐབས་ཀྱི་མི་མཐོང་སྟེ། །གཙུབ་ཤིང་གཙུབ་སྟན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་དག་གིས་ནི་མི་མཐོང་སྟེ། །དེ་ཉིད་དུ་འདིར་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར།། ཞེས་སོ། །འོན་ཀྱང་རྟོག་བཅས་གསུངས་པའི་དགོས་པ་ནི། སྙིང་འགྲེལ་ལས། རྣམ་རྟོག་རྒྱ་རུ་ཚུད་པ་ཡི། །འགྲོ་བ་གསུམ་པོ་རྣམས་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་བ། །དེ་དང་དེ་ཡིའི་ཐབས་བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་དང༌། དེ་བཞིན་དུ་དྲི་མེད་འོད་ལས་ཀྱང༌། གཟུགས་ལ་སོགས་པ་རྟོག་པའི་དཀྱིལ་འཁོར་གྱི། །འཁོར་ལོ་སྒོམ་པ་གོམས་པར་གྱུར་པས་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་གསུངས་པ་ལྟར། དབང་པོ་དམན་པ་རྣམས་ལ་རིམ་པས་རྫོགས་རིམ་ལ་འཇུག་པའི་རྒྱུད་སྦྱང་བའི་དོན་ནམ། རེ་ཞིག་ཐུན་མོང་གི་དངོས་


TNT04_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཀྱི་དོན་དུ་དེ་དག་གསུངས་པ་ཡིན་ནོ། །གཞན་རྣམ་པར་མི་རྟོག་པ་ཉིད་ཀྱིས་ཡེ་ཤེས་ཀྱི་སྐུ་འགྲུབ་པར་ཡང༌། མངོན་བརྗོད་འབུམ་པ་ལས་གསུངས་པ་ཕྱག་ན་རྡོ་རྗེས་ལུང་དྲངས་པ་ནི། ཡེ་ཤེས་སྐུ་ནི་རབ་སྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །སྒོམ་པ་དེ་བཞིན་གཤེགས་པས་གསུངས། ཞེས་སོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་ཕྱི་རོལ་ཏུ་འཕོས་པའི་གནས་སྐབས་ཐོབ་པའི་དབང་གསུམ་པའི་ཉམ་མྱོང་ཡང་དག་པའི་ཡེ་ཤེས་སུ་འདོད་པའི་གྲུབ་མཐའ་རྒྱ་བོད་ཐམས་ཅད་དུ་མང་དུ་བྱུང་བ་སྟེ། ཀུནྡ་མ་འཕོས་རུང་པདྨ་ཅན་སོགས་ལས་རྒྱ་དང་ཡིད་རིག་ལས་བྱུང་བའི་བདེ་བ་བདེན་མེད་དུ་ངོ་འཕྲོད་པ་ཙམ་བཞི་པའི་ཡེ་ཤེས་སུ་འདོད་པ་ནི་ཆེན་པོར་གྲགས་པ་རྣམས་ལ་ལྷག་པར་གྲགས་པ་ཡིན་པས་དེ་དག་སྟེ། ཡང་དག་པའི་གནས་ལ་ཆེར་འཁྲུལ་ལོ། །དེ་ལྟར་ཡང༌། མཆོག་ཏུ་མི་འགྱུར་བཞི་པ་དེ་ཉིད་ནི། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །གང་ཞིག་དེ་ནི་སླར་ཡང་དེ་བཞིན་འདིས། །ལམ་གྱི་ཕྱག་རྒྱ་ཆེན་པོར་རྒྱལ་བས་གསུངས། །ཤེས་རབ་འགྲོགས་ལས་གང་གི་དཀར་པོ་ ཟགས། །དེ་ཡིས་བདེ་བ་ཅི་ཡིས་འཕེལ་བར་འགྱུར། །དཔྱིད་དང་འགྲོགས་ལས་མེ་ཏོག་མ་རྒྱས་པ། ལྷུང་ན་ཙུ་ཏའི་འབྲས་བུ་


TNT04_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་འབྱུང། །ཞེས་དང༌། ཇི་ལྟར་གཉིད་ལོག་ན་ཡང་སྦྲུལ་གྱིས་ནི། །སོས་བཏབ་མི་འཚོ་དེ་བཞིན་དཀའ་ཐུབ་པ། ཁུ་བ་སྡུད་པ་མེད་ཕྱིར་སྟོབས་མེད་མའི། །སྐྱེ་གནས་དེ་ཡིས་ཉམ་པར་བྱས་པའོ། །ཞེས་གསུངས་སོ། །དེ་ཡང་ཐིག་ལེ་འཕོ་བ་ཐོབ་པའི་གནས་སྐབས་དེ་ཐབས་གཞན་དང་ལྷན་ཅིག་སྤྱོད་ཀྱང་ཐར་པའི་ལམ་དུ་མི་འགྱུར་ཏེ། ཇི་སྐད་དུ། འཕོས་པ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་ འབྱུང༌། །སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད། །ཅེས་པའི་ཚུལ་གྱིས་ཡེ་ཤེས་ཀྱི་རྟེན་སྤངས་པའི་ཕྱིར་དང༌། ཕུང་ཁམས་སྡུག་བསྔལ་གྱིས་གཟིར་བར་བྱས་པའི་ཕྱིར་དང༌། ལྟུང་བས་ཉམ་སྨད་པའི་ཕྱིར་དང༌། རྩ་རླུང་ཐིག་ལེའི་ནུས་པ་དང༌། སེམས་ཀྱི་ཤུགས་ཉམ་པར་བྱས་པའི་ཕྱིར་རོ། །ཕྱི་རོལ་ཏུ་འཕོས་པ་མ་ཡིན་ཀྱང་ལས་ཡེ་ཙམ་གྱིས་དམ་པའི་བདེ་བར་མི་འགྱུར་ཏེ། ཕྱག་རྒྱ་དེ་གཉིས་ལ་ཡེ་ཤེས་ཀྱི་རྟེན་ཐིག་ལེ་མི་འགྱུར་བར་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །ལུས་ངག་གི་བྱེད་བཅིངས་ཙམ་གྱིས་ཕྱི་རོལ་ཏུ་འཕོ་བ་བཀག་པ་ཁོ་ན་ལས། མི་འགྱུར་བའི་གནས་སྐབས་ཐོབ་པ་མེད་དེ། བྱེད་བཅིངས་ཀྱི་རྐྱེན་དེ་མ་ཚང་བའི་སྐབས་སུ་འཕོ་བའི་གནས་སྐབས་སྲིད་པའི་ཕྱིར་ན།


TNT04_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་པ་དྲང་སྲོང་རྒྱས་པ་ལ་སོགས་པ་བཞིན་ནོ། །གསུམ་པ་ནི། གང་ཟག་གི་བདག་མེད་ཙམ་མམ། གཟུང་བ་མེད་ཙམ་སོགས་ཉེ་ཚེ་བའི་སྟོང་ཉིད་སྒོམ་པ་དང༌། ཆོས་ཐམས་ཅད་རང་བཞིན་མེད་པ་སྒོམ་པ་སོ་སོར་རྟོག་པའི་ཤེས་རབ་ཙམ་དང༌། རྒྱ་བོད་མང་པོ་ཞིག་ལྟ་བ་མཐོ་མཐོ་པོ་དང༌། སྤྲོས་པ་མེད་མེད་པོ་འདོད་ནས་ཡོད་མེད་ཡིན་མིན་གང་ཡང་མིན་པའི་བློ་འདས་ཙམ་དེ་གནས་ལུགས་ཡིན་པས། ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་གྱིས་གྲོལ་བར་འདོད་པ་རྣམས་ཏེ། དེ་དག་ཐར་པའི་ལམ་མཆོག་མིན་པ་ཡང༌། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འབྱུང༌། །འབྲས་བུ་རྒྱུ་ལས་གཞན་མིན་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་པ་དང༌། །བདག་ཏུ་ལྟ་བ་འཚོལ་རྣམས་ཀྱི། །བདག་ཏུ་ཞེན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེར་བྱད་བརྒྱད་ཅུར་ལྡན། ཞེས་པ་དང༌། བསྡུས་པའི་རྒྱུད་ལས། སངས་རྒྱས་བྱ་བ་དེ་སྤངས་ནས་ནི་བདེ་མཉམ་དང་བྲལ་སྟོང་པ་གཞན་


TNT04_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དག་གང་ཞིག་སྒོམ་བྱེད་པ། །དེ་ཡིས་བསྐལ་པ་བྱེ་བ་དུ་མ་རྣམས་ཀྱིས་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བ་དག་ཀྱང་རིང༌། །ཞེས་དང༌། རང་གི་སེམས་ནི་བརྒྱལ་དང་གཉིད་ལ་རབ་ཏུ་ཞུགས་པ་མི་ཡི་བདག་པོ་རང་བཞིན་མེད་པར་འགྱུར། །སད་ལ་རང་བཞིན་དང་བཅས་གསལ་བར་བྱེད་དེ་དེ་དག་སྲོག་ཆགས་ཐར་པའི་ལམ་མ་ཡིན། །དངོས་དང་དངོས་མེད་ཀྱིས་ཕྱེ་སེམས་ཀྱི་རྡོ་རྗེ་རྣལ་འབྱོར་པ་རྣམས་དག་ལ་བདེ་མཉམ་སྟེར་བ་མིན། །གང་ཞིག་མཁའ་ཡི་ཤེས་རབ་ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་རང་སེམས་དེ་ནི་ཐར་པ་སྟེར། །ཞེས་གསུངས་ཏེ། སྟོང་པ་ཉེ་ཚེ་བ་བསྒོམས་པས་སངས་རྒྱས་སུ་མི་འགྱུར་ཏེ་དམིགས་པ་དང་ལམ་མ་རྫོགས་པའི་ཕྱིར་དང༌། སྤྲོས་བྲལ་ཙམ་གྱིས་ཀྱང་མི་འགྱུར་ཏེ་སྤྲོས་བྲལ་ཡིན་པའི་རྒྱུ་མཚན་གྱིས་དེར་འགྱུར་ན་ནི། སེམས་ཅན་ཐམས་ཅད་སྔོན་ཉིད་ནས་སངས་རྒྱས་པར་ཐལ་བར་འགྱུར་བ་དང༌། བསྒོམས་པས་དེར་འགྱུར་ན་ནི་དེ་ལྟ་བུའི་རྣམ་པ་དང་དོན་སྤྱི་འཛིན་པའི་རྟོག་པ་མཐར་ཐུག་གི་ལམ་དུ་འགྱུར་རོ། །དེའི་རྒྱུ་མཚན་ཅི་ཡང་མ་ཡིན་པའི་བརྗོད་བྲལ་ཙམ་མམ་སྤྲོས་བྲལ་ཙམ་དེ་རྟོག་མེད་ཀྱི་ཤེས་པས་ནི་བསྒོམ་པས་ཐབས་མེད་དེ། དེ་ལ་དེ་གཏན་མི་སྣང་བའི་ཕྱིར་རོ། །དེས་ན་རྒྱལ་བས་སྟོང་ཉིད་


TNT04_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་ཡང་ཡང་གསུངས་པ་ནི་སྟོང་ཉིད་སྣང་བཅས་ཡིན་གྱི། རྣམ་མེད་ཁོ་ན་ལ་ནི་བསྒོམ་རྒྱུ་མེད་པའི་ཕྱིར་རོ། །ཡང་འདི་སྐད་ཅེས། བསྒོམ་རྒྱུ་མེད་པ་ནི་འདོད་དེ། བློའི་རྩ་བ་ཟད་པའི་ཕྱིར་རོ་སྙམ་ན། འོ་ན་བརྒྱལ་བ་དང་གཉིད་འཐུག་པོ་ཡང་ཐར་པའི་ལམ་དུ་ཐལ་བར་འགྱུར་རོ། །སྔོན་དུ་སྟོང་ཉིད་ཐོས་བསམ་གྱིས་གོམས་པས་སོ་སྙམ་ན། ཐོས་བསམ་བྱས་པའི་རྗེས་ཀྱི་བརྒྱལ་བ་དང་གཉིད་ཀྱང་དེར་ཐལ་བར་འགྱུར་ཏེ། གོ་བ་སྔོན་དུ་སོང་མཉམ་དང༌། དངོས་གཞི་རྟོག་པ་བག་ཙམ་དུ་འདྲ་བའི་ཕྱིར་རོ། །ཡང་ད་ལྟའི་སྣང་བ་གང་ཤར་བ་འདི་ཀ་དབྱིབས་མ་བཅོས་མདོག་མ་བསྒྱུར་བ་འདི་ཁོ་ནས་ཐར་པ་ཐོབ་པ་ལྟར་ཡང་མ་ཡིན་ཏེ། དེ་ཐར་ལམ་ཡིན་ན། འགྲོ་བ་རྣམས་གཉིད་སད་དུས་ཀྱི་སྣང་བ་རགས་པའི་འཁྲུལ་པ་འདི་དང༌། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རྣམ་འགྱུར་གང་ཡིན་པ་དེ་ཉིད་རང་གི་བློས་རྣམ་པར་དཔྱད་ཅིང༌། མྱོང་རིག་ཏུ་བྱེད་པར་སྣང་བས་འདི་ཀུན་སྔོན་ཉིད་ནས་འབད་མེད་དུ་གྲོལ་བར་ཐལ་བས་སོ། །དངོས་པོ་གཅིག་དུ་བྲལ་དང༌། རྟེན་འབྱུང་ལ་སོགས་པས་རྣམ་པར་དཔྱད་དེ། དངོས་པོ་མེད་པར་ཕྱེ་ཞིང་དཔྱད་ནས་སྒོམ་པ་ནི་ཐར་པ་མཆོག་གི་ལམ་དངོས་མ་ཡིན་ཏེ། སྤྲོས་པ་དུ་མ་ལ་དམིགས་པའི་ཕྱིར་དང༌། རྣམ་པར་རྟོག་པ་སྣ་ཚོགས་འདུས་པའི་


TNT04_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཅན་གྱི་ཕྱིར་དང༌། གནས་ལུགས་ཅིར་ཡང་གཟུང་དུ་མེད་པ་ཡིན་ན། འདིས་ནི་སྣ་ཚོགས་པ་འཛིན་པའི་ཕྱིར་རོ། །དེ་ལྟར་ན་སྟོང་རྐྱང་བསྒོམ་པར་འདོད་པའི་རྣམ་གྲངས་མི་འདྲ་བ་དེ་དག་གིས་མཚན་མར་མངོན་པར་ཞེན་པ་ལ་ཅུང་ཟད་ཕན་དུ་ཆུག་ཀྱང༌། རྫོགས་པའི་སངས་རྒྱས་ཀྱི་ལམ་ཕྱིན་ཅི་མ་ལོག་པར་མི་འགྱུར་ཏེ། རང་བཞིན་བདེ་བ་ཆེན་པོ་བསྒོམ་པ་མེད་ཅིང༌། རྣམ་པ་ཐམས་ཅད་པ་བསྒོམ་པ་ཡང་མི་སྣང་བའི་ཕྱིར་རོ། །འོ་ན་བདེ་བར་གཤེགས་པའི་ལམ་ཐུན་མོང་མ་ཡིན་པ་ཇི་ལྟ་བུ་ཞེ་ན། རྣམ་པ་ཐམས་ཅད་པ་བསྒོམ་པ་དང༌། མི་འགྱུར་བའི་བདེ་བ་བསྒོམ་ པའོ། །དེ་ལ་སྤྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང༌། བསྒོམ་བྱ་སྟོང་ཉིད་སྣང་བཅས་ལ་བསྔགས་ཏེ། དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ། བྱམས་པ་ཞི་གནས་ཀྱི་དམིགས་པ་གཟུགས་བརྙན་དམིགས་པའི་སེམས་གང་ཡིན་པའོ། །ཞེས་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དེ་ལ་འདི་ནི་རྣམ་པར་རིག་པ་ཙམ་ཡིན་ནོ། །ཞེས་བྱ་བར་རྟོགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཤིང༌། འཕགས་པ་ཀླུ་སྒྲུབ་ཀྱི་རིག་པ་དྲུག་


TNT04_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་པ་ལས་ཀྱང༌། གང་རྣམས་ཀྱི་བློ་རྟེན་དང་བྲལ། །ཡོད་དང་མེད་ལས་རྣམ་པར་འདས། །ཟབ་མོ་དམིགས་མེད་དེ་རྣམས་ཀྱིས། །མཚན་མའི་དོན་ནི་རྣམ་པར་བསྒོམ། །ཞེས་མཚན་མ་རྟགས་སྣང་བསྒོམ་པར་བཤད་པ་དང༌། འཕགས་པ་ཐོགས་མེད་ཀྱི་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་གཟུགས་བརྙན་བསྒོམ་པ་གང་ཞེ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཤེས་བྱའི་དངོས་པོ་དང་ཆ་མཐུན། རྣམ་པར་རྟོག་པ་དང་བཅས་པ་ལྷག་མཐོང་གི་ཕྱོགས་དང་མཐུན་པ་ཡིད་ལ་བྱེད་པའམ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཤེས་བྱའི་དངོས་པོ་དང་ཆ་མཐུན། རྣམ་པར་མི་རྟོག་པ་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཡིད་ལ་བྱེད་པའི་སྒོམ་པ་གང་ཡིན་པ་དེ་ནི་གཟུགས་བརྙན་བསྒོམ་པ་ཞེས་བྱའོ། །ཞེས་གསུངས་པས། མདོ་ལས་ཀྱང་སྣང་བཅས་ལ་བསྔགས་པས་ལུགས་དེའི་ལམ་དག་པ་བ་ལ་ཡང་སྣང་བཅས་དགོས་ཤིང༌། འོན་ཀྱང་དེ་དག་ཏུ་རྣམ་ཀུན་མཆོག་ལྡན་ཆ་ཚང་བ་དང་མི་འགྱུར་བའི་བདེ་བ་རྫོགས་པར་ནི་མ་བསྟན་མོད། འདི་དག་དང་ཕྱོགས་འདྲ་བ་རྣམས་ལ་བསྔགས་པ་ཆེར་མཛད་དོ། །དེས་ན་ཐེག་པ་ཆེན་པོ་ལས། གང་ཞིག་སྣང་བ་གཏན་ནས་མེད་པར་གསུངས་པ་ཐམས་ཅད་གཟུང་འཛིན་ཀུན་རྫོབ་ཀྱི་སྣང་བ་མེད་པ་དང༌། དེ་དག་ཏུ་མངོན་ཞེན་མེད་པའི་དོན་ཁོ་ན་ཡིན་ནོ། །


TNT04_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་བསྒོམ་བྱའི་སྟོང་ཉིད་ནི་སྒྱུ་མ་ལྟ་བུའོ། །འདིར་སྟོང་གཟུགས་ནི་སྒྱུ་མ་ལྟ་བུ་ཡིན་ཡང་སྤྲོས་བྲལ་སྟོང་ཉིད་དུ་མི་འགྱུར་རོ་སྙམ་ན་མ་ཡིན་ཏེ། དཔལ་དོན་དམ་བསྙེན་པ་ལས། མངོན་སུམ་དག་ཏུ་གཟུགས་ནི་དངོས་པོས་སྟོང་པའི་ཕྱིར། །དངོས་པོ་དང་ནི་དངོས་མེད་དེ་རུ་མེད་པ་ཡིན། །སྒྱུ་མ་དང་ནི་རྨི་ལམ་མིག་འཕྲུལ་མཚུངས་པ་ནི། །འབྲས་བུ་དེ་རུ་ཡོད་ཅིང་དངོས་པོ་མེད་པའོ། །རྒྱུ་དང་འབྲས་བུ་རྗེས་སུ་རིག་པའི་འབྲས་བུ་ནི། །མ་སྐྱེས་ཆོས་རྣམས་ལས་ནི་སྐྱེས་པ་མཐོང་བར་འགྱུར། །རྣམ་པ་ཀུན་ལྡན་ཀུན་གནས་རྣམ་པར་དག་པ་དང༌། །དབང་པོ་ཐམས་ཅད་དང་ལྡན་ཀུན་གྱི་སྙིང་གར་གནས། །ཇི་ལྟར་ཡིད་བཞིན་ནོར་བུ་དཔག་བསམ་ཤིང་དང་ནི། །སེམས་ཅན་བསམ་པའི་དབང་གིས་ཀུན་ནས་འདོད་རྫོགས་བྱེད། །དེ་བཞིན་བསམ་པའི་དབང་གིས་རྫོགས་པ་དེ་ཉིད་ནི། །ཤིན་ཏུ་རྣམ་པར་དག་པའི་ཆོས་ལས་སྐྱེ་བར་འགྱུར། །སྟོང་པ་ཡིས་ནི་རྒྱུ་ལ་གསལ་བར་རྒྱུ་ཡིས་ ནི། །རང་བཞིན་སྟོང་པ་ལ་ནི་ངེས་པར་རྒྱས་གདབ་སྟེ། ཕྱི་དང་ལུས་པོ་དག་དང་གཞན་དུ་གཅིག་པུ་སྟེ། །མཁས་པ་རྣམས་ཀྱིས་དེ་ཉིད་དུ་མའི་གཞུང་གིས་བརྟགས། །ཞེས་གསུངས་ཤིང༌། དབང་མདོར་བསྟན་ལས་ཀྱང་དེ་དང་མཚུངས་པར་གསུངས་པ་དང༌། བསྡུས་རྒྱུད་ལས་ཀྱང༌། ས་ཡི་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་


TNT04_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་མཐོང་སྟེ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཀུན་ལྡན་ཡིན་ཡང་མཐོང་བ་མིན་ཏེ་རང་ཉིད་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཞེས་གསུངས་ཏེ། སྟོང་གཟུགས་འདི་ནི་དངོས་པོ་མེད་པ་དང༌། འབྲས་བུ་སྟེ་གནས་ཚུལ་ལ་སྙིང་པོ་ཡོད་པ་དང༌། རང་བཞིན་སྟོང་པ་ཉིད་ཡིན་ཞིང༌། དངོས་པོ་དངོས་མེད་ལས་གྲོལ་བ་དང༌། རང་བཞིན་རྣམ་པར་དག་ཅིང་གདོད་མ་ནས་ཆོས་ཀུན་ལ་ཆོས་ཉིད་དུ་གནས་པ་དང༌། སེམས་ཅན་ཀུན་གྱི་སྙིང་གར་གནས་པ་སྟེ་སེམས་ཀྱི་རང་བཞིན་པར་འདུག་པ་དང༌། ཕྱི་ནང་ཐམས་ཅད་ལ་ཁྱབ་པ་དང༌། དབང་པོ་ཐམས་ཅད་པ། རྣམ་པ་ཐམས་ཅད་པ་ཡིན་པས་མུ་སྟེགས་ནས་རྡོ་རྗེ་ཐེག་པའི་བར་གྱི་གཞུང་ལུགས་ཐམས་ཅད་ཀྱི་བརྗོད་བྱའི་སྙྀང་པོ་དང་བློ་རྩེའི་བརྟད་སོ་འདི་ཁོ་ན་ཡིན་ནོ། །ཞེས་ལུང་སྔ་མས་བཤད་ཅིང༌། ཕྱི་མར་ས་སོགས་སྣ་ཚོགས་པར་སྣང་ཡང་ཀུན་རྫོབ་ཀྱི་དེ་རྣམས་མ་ཡིན་ལ། རྣམ་པ་ཀུན་ལྡན་དུ་གདོད་ནས་བཞུགས་པ་ཡིན་ཡང་སྒྲིབ་པས་བསྒྲིབས་ཏེ་མི་མཐོང་ངོ་ཞེས་པའོ། །དཔལ་སྡོམ་པ་འབྱུང་བ་ལས་ཀྱང༌། བེམ་པོ་མིན་ཕྱིར་བདག་ཉིད་ རིག །རྣམ་ཤེས་རྣམ་པར་མི་མཐོང་བ། །ཞེས་གསུངས་ཤིང༌། རྒྱུད་གཞན་ལས་ཀྱང༌།


TNT04_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁམས་བེམ་མིན་དང་བ་དང༌། །ཞེས་གསུངས་སོ། །དེ་བས་ན་སྣང་བ་དང་བཅས་པའི་ཕྱིར་སྟོང་ཉིད་མ་ཡིན་པར་འདོད་ན་ནི། རྐྱེན་ལས་དག་ལས་གང་དེ་སྟོང་པར་མཐོང༌། །ཞེས་སོགས་ཀྱི་ལུང་བདྲེན་ཞིང༌། སྟོང་པ་དང་རྟེན་འབྲེལ་ཟུང་འཇུག་ཅེས་ངོ་སོར་སྒྲོག་པ་ལའང་བཀག་པར་འགྱུར་ལ། དེ་ལས་གཞན་དུ་སྟོང་ཉིད་མ་ཡིན་པའི་རྒྱུ་མཚན་བཤད་དུ་མེད་དོ། །སྟོང་ཉིད་ཡིན་པའི་སྒྲུབ་བྱེད་ནི། འོད་གསལ་རྟགས་བཅུ་ལ་སོགས་པའི་སྟོང་གཟུགས་འདི་རྣམས་དངོས་པོའི་གནས་ལུགས་ཡིན་ཏེ། གནས་ལུགས་ལ་ཤིན་ཏུ་ཕྱིན་ཅི་ལོག་པའི་གནས་སྐབས་ན་མི་མཐོང་ཞིང༌། སྒྲིབ་པ་བསྲབ་པའི་འགོ་བརྩམས་པ་ནས་མཐོང་ལ། སྒྲིབ་པ་ཇེ་ཆུང་དུ་སོང་བ་ན། འདིའི་སྣང་བ་ཇེ་འཕེལ་དུ་འགྲོ་བའི་ཕྱིར་རོ། །ཐོབ་བྱ་མཐར་ཐུག་ཡང་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར་དང༌། མཐར་ཐུག་འདི་ཁོ་ན་གནས་པའི་ཕྱིར་རོ། །སྟོང་གཟུགས་འདི་ནི་མི་རྟོག་པའི་རང་བཞིན་ཡིན་པའི་ཕྱིར། སེམས་བྱུང་གིས་ཀྱང་སྟོང་ལ་ཡུལ་གང་ལ་ཡང་མི་འཇུག་པའི་ཕྱིར་རྣམ་ཤེས་ཚོགས་བརྒྱད་ཀྱང་མ་ཡིན་ལ། དབང་ཡུལ་བཅུ་པོ་གང་དུ་ཡང་མི་གནས་པས་དངོས་པོ་གང་ཡང་མ་ཡིན་ཞིང༌། མངོན་སུམ་དུ་ཉམས་སུ་མྱོང་བས་དངོས་མེད་ཀྱང་མ་ཡིན་པས་འདུས་བྱས་ལས་འདས་ཤིང་སྤྲོས་པ་དང་བྲལ་ལ། གསལ་ཞིང་


TNT04_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་རྣམ་པ་ཐམས་ཅད་པར་འཆར་བའི་ཕྱིར། བེམ་སྟོང་དང་ཆད་སྟོང་ཡང་མ་ཡིན་ཏེ། བསྒོམ་བྱ་དང་རྟོགས་བྱ་གནས་ལུགས་མཐར་ཐུག་ པའོ། །དེ་བས་ན། དྲི་མེད་འོད་ལས། གཟུགས་ལས་འགྱུར་བ་མེད་པའི་བདེ་བར་འགྱུར་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སོ། །ཞེས་གསུངས་པས། ལམ་རྟགས་ཙམ་མོ་སྙམ་པའི་ཕྲ་མ་སྔ་བཙན་དང༌། ཕྱོགས་ལྷུང་གི་རྟོག་པའི་དབང་དུ་གྱུར་པ་མི་བྱའོ། །དེ་ལྟར་ཡང༌། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལ་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་དེ་ནི་རབ་ཏུ་རྒྱས་པས་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་རབ་ཏུ་སྲེག་བྱེད་ཅིང༌། ལུས་ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་ བྱེད། །ཅེས་གསུངས་ཏེ། སངས་རྒྱས་སྲས་བཅས་ཐམས་ཅད་ཀྱིས་བསྟེན་ཞིང་བསྒོམས་པ་དང༌། ཡེ་ཤེས་ཡིན་པ་དང༌། བདུད་བཞི་འཇོམས་པ་དང༌། དེ་ལ་དམིགས་ན་ཆགས་སོགས་སྒྲིབ་པ་སྤོང་བར་བཤད་པས་དེ་དག་ཡིན་ན། དབང་པོ་བསླད་པའི་འཁྲུལ་སྣང་ཙམ་


TNT04_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ། ལམ་རྟགས་ཀྱི་སྣང་བ་ཙམ་ཡིན་ནམ། ཡང་དག་པའི་གནས་ལུགས་ཡིན་ཤེས་ལྡན་རྣམས་ཀྱིས་ཕྱོགས་ལྷུང་སྤངས་ལ་ལེགས་པར་དཔྱོད་ཅིག ཁྱད་ཆོས་དེ་དག་དང་ལྡན་ཡང་ཀུན་རྫོབ་འཁྲུལ་སྣང་ཙམ་ཡིན་པར་འདོད་ན་ཧ་ཅང་ཐལ་མོད་ཀྱི། དོན་དམ་གནས་ལུགས་རྟོགས་པ་ལ་ཡོད་ཅིང་འཁྲུལ་སྣང་ལ་མེད་པའི་ཕན་ཡོན་ནི་ཇི་ལྟ་བུ་ཞེས་དྲི་བར་བྱའོ། །དེ་ལའང་ཁྱད་མེད་ན། འབད་པ་དུ་མས་དོན་དམ་རྟོགས་པར་བྱས་པས་ཅི་ཞིག་བྱ། དེས་ན་རྒྱུད་གཞན་ལས་ཀྱང༌། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱི་རྣམ་པར་མཚོན། །ཞེས་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་དང༌། དུས་གསུམ་མཁྱེན་པས་མ་བྱས་པའི། །རྟོགས་པ་ནམ་མཁའ་དབྱེར་མེད་མཚོན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོར་རང་རིགས་མཚན་ཉིད་དོ། །ཞེས་འདུས་མ་བྱས་པ་དང༌། །སྤྲོས་བྲལ་ནམ་མཁའི་མཚན་ཉིད་དང༌། །དོན་དམ་བདེན་པ་དང༌། སོ་སོ་རང་གིས་རིག་བྱ་ཡིན་པར་བཤད་ཅིང༌། །ཡང་ཇི་སྐད་དུ། གང་དུ་འཇིག་རྟེན་གསུམ་པོ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གང་དུ་ཐིམ་པའོ། །ཞེས་ནམ་མཁའ་ལ་སྤྲིན་འབྱུང་འཇིག་བྱེད་པ་ལྟར་ཆོས་ཉིད་འདི་འཁོར་བ་འབྱུང་འཇིག་བྱེད་པའི་གཞིར་འགྱུར་ཏེ། སྟོང་གཟུགས་


TNT04_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་འདིའི་རང་བཞིན་མ་ཤེས་པས་བར་དོའི་འཁྲུལ་པ་ལ་སོགས་པ་གནས་སྐབས་བཞིའི་འཁྲུལ་སྣང་ཐམས་ཅད་བསྐྱེད་ཅིང༌། འདི་ལ་གནད་དུ་བསྣུན་པ་ལས་དེ་རྣམས་རང་སར་དེངས་པར་འགྱུར་རོ། ཀྱཻ་རྡོ་རྗེ་ལས་ཀྱང༌། ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་པ་དང༌། བསྡུས་པའི་རྒྱུད་ལས་ཀྱང༌། དཔག་ཡས་སངས་རྒྱས་ཞིང་རྣམས་དང་ནི་དཔག་མེད་ཡོན་ཏན་རྣམས་དང་ནམ་མཁའ་ལ་སོགས་ཁམས་རྣམས་དང༌། །སྐྱེ་དང་གནས་དང་ཉམ་པ་རྣམ་གསུམ་ཞེས་བྱ་སྲིད་པ་འདིར་ནི་འགྲོ་བ་དྲུག་གི་སེམས་ཅན་རྣམས། །སངས་རྒྱས་ཁྲོ་བོ་ལྷ་མོ་རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་རྣམས་དང༌། །འདི་རྣམས་མཐའ་དག་སྲིད་པ་གསུམ་གྱིས་ཕྱག་བྱས་རྒྱལ་བ་བདེ་འབྱུང་གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་འགྱུར་མེད་བདེ་བ་ནི་དངོས་པོའི་གནས་ལུགས་ཡིན་ལ། དེ་ཐོབ་པར་བྱེད་པའི་ཐབས་རྣམས་ནི་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་ཡིན་ཏེ། མེད་ན་མི་འབྱུང་བའི་ཐབས་ཡིན་པའི་ཕྱིར་རོ། །འགྱུར་མེད་བདེ་བ་དེ་ཡང་སྙིང་རྗེ་གསུམ་གྱི་ངོ་བོ་གནས་ཏེ། སེམས་ཅན་ཆོས་དང་དམིགས་པ་མེད། སྙིང་རྗེ་


TNT04_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྣམ་གསུམ་བཤད། །ཅེས་སོགས་རྡོ་རྗེ་སྙིང་འགྲེལ་ལས་རྒྱས་པར་འབྱུང་བ་ལྟར་ཡིན་ནོ། །དེ་ཡང་སྡུག་བསྔལ་གྱི་རྩ་བ་འགྱུར་བདེ་ཡིན་ལ། དེའི་གཉེན་པོ་ནི་འགྱུར་མེད་ཀྱི་སྙིང་རྗེའོ། །གཞན་ཡང་འགྲེལ་ཆེན་ལས། འདིར་ཆགས་པ་ནི་སྐྱེ་བའི་དུས་ ནའོ། །འཕོ་བ་ནི་འགོག་པའི་དུས་ནའོ། །དེ་དག་མཉམ་པར་ཞུགས་པ་ནི་མི་འགྱུར་པའི་དུས་སུའོ། །ཞེས་གསུངས་ལ། འདིར་མཉམ་པར་ཞུགས་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ངང་དུ་བཅོམ་པའོ། །དེ་ལྟར་ན་འགྱུར་བ་ལ་སྲེད་པའི་ཆགས་པ་ལས་ནི། སྐྱེ་བའི་སྲིད་པ་འགྲུབ་ཅིང༌། སྐྱེ་སྲིད་ལས་རྩ་ཁམས་རླུང་སོགས་འགྲུབ་པས། དེའི་སྣང་བ་ལས་ནི་སྣོད་ཀྱི་འཇིག་རྟེན་དང་བདེ་སྡུག་སྣ་ཚོགས་ སོ། །འཕོས་པས་ནི་ལུས་ངག་ཡིད་གསུམ་ཉམ་པར་བྱེད་པའི་ཕྱིར་འཆིའོ། །མི་འགྱུར་བས་ནི་ཆགས་པ་དང་འཕོ་བ་དེ་གཉིས་ཀར་འཇོམས་པའི་ཕྱིར་འཁོར་བའི་སྐྱེ་ཤི་ཟད་པར་བྱེད་ཚུལ་ནི་དེ་ལྟར་ཡིན་ལ། སྐྱེ་ཤི་མེད་པའི་གནས་ལུགས་བདེ་བར་ཤར་བ་ཆོས་ཐམས་ཅད་རང་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་དང༌། དམིགས་པ་མེད་པའི་སྙིང་རྗེའི་ངོ་བོར་རྟོགས་ནས་ཇི་ལྟ་བ་མཁྱེན་པ་ཡིན་ནོ། །དེ་ཉིད་རྣམ་པ་ཐམས་ཅད་པར་ཤར་བས་ཇི་སྙེད་པ་མ་ལུས་པ་ཡང་མཁྱེན་པ་ཡིན་ཏེ། དེ་ལྟར་ན།


TNT04_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་བོ་ཕྱོགས་ཉམ་དེ་ནི་མ་ཉམ་པར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་ཉན་ཐོས་ལ་སོགས་པས་མི་འགྱུར་བ་མ་ཐོབ་ཀྱང༌། སྐྱེ་ཤི་ཟད་པ་ཇི་ལྟར་ཡིན་ཞེ་ན། ཤིན་ཏུ་མི་འགྱུར་བ་མ་ཐོབ་པས་སྐྱེ་ཤི་མཐའ་དག་ཟད་པའང་མ་ཡིན་ལ། ཁམས་གསུམ་གྱི་སྐྱེ་ཤི་ཟད་པའི་ཕྱིར་མི་འགྱུར་བ་ཕྲ་མོ་ཐོབ་པ་ཙམ་ཡིན་ནོ། །དེ་ཡང་དངུལ་ཆུ་བདུག་པ་དང་དགོད་པའི་སྦྱོར་བས་ཅུང་ཟད་བཅིངས་ན། ཁམས་གྱི་ཁྱད་པར་འགའ་ཞིག་ཟོས་ནས་གནས་སྐབས་གཞན་དུ་འགྱུར་བ་བཞིན་དུ་ཐིག་ལེ་ཆགས་བྲལ་གྱི་ལམ་གྱིས་བཅིངས་པས་དགྲ་བཅོམ་རང་རྒྱལ་སོགས་སུ་འགྱུར་ལ། དངུལ་ཆུའི་གནས་སྐབས་དེ་ཡང་མེ་དྲག་པོས་བཞུ་ན་ཅུང་ཟད་གནས་ན་མཐར་འབྲོས་པ་དང་འདྲ་བར་ཅུང་ཟད་མི་འགྱུར་བ་ཡིན་གྱི། ཤིན་ཏུ་མི་འགྱུར་བ་ནི་མ་ཡིན་ནོ། །ཡང་དངུལ་ཆུ་ལྕགས་ཐམས་ཅད་བསྐོལ་བས་བཅིངས་པ་ནི། གནས་སྐབས་ལྔ་ཐོབ་པའི་མཐར་རོ་བཅུད་ཆེན་པོ་འགྱུར་རོ། །དེ་ལ་གནས་སྐབས་ལྔ་ནི། དུ་བ་དང་ནི་ཙེག་ཙེག་ཉིད། །སྦལ་བ་འཕྱོང་བ་ཉིད་དང་ནི། །འདར་དང་མི་འདར་བ་ཉིད་དེ། །དངུལ་ཆུ་ཡི་ནི་གནས་སྐབས་ལྔ། །ཞེས་ཏེ། དངུལ་ཆུ་བྱིས་པའི་གནས་སྐབས་སུ་དུ་བར་བྱས་ནས་འབྲོས་པ་དང་འདྲ་བར་ཐིག་ལེ་སོར་བསམ་


TNT04_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིམ་པས་བཅིངས་པའི་དུས་སོ། གཞོན་ནུའི་གནས་སྐབས་ན་ཙེག་ཙེག་ཟེར་ནས་འཐོར་བ་དང་འདྲ་བར་སྲོག་རྩོལ་གྱི་རིམ་པའི་དུས་སོ། །ལང་ཚོའི་གནས་སྐབས་ན་འཕར་བ་དང་འདྲ་བར་འཛིན་པའི་རིམ་པ་ལ་གནས་པའི་དུས་སོ། །རྒན་པོའི་གནས་སྐབས་ན་འདར་བ་དང་འདྲ་བར་རྗེས་དྲན་གྱི་རིམ་པའི་གནས་སྐབས་སོ། །སྨིན་པའི་གནས་སྐབས་ན་མི་འདར་བ་དང་འདྲ་བར་ཏིང་ངེ་འཛིན་གྱི་རིམ་པའི་གནས་སྐབས་ཏེ། སྐབས་འདིར་ནི་ཕུང་ཁམས་རྣམས་ལ་རེག་པས་ཡེ་ཤེས་ཀྱི་ལུས་སུ་བསྒྱུར་བའོ་ཞེས་བྱའོ། །དེ་ལྟར་ན་འཕོ་བ་མེད་པའི་ལམ་ལ་འབད་པར་བྱའོ། །ད་ནི་ལྔ་པ་ལམ་དང་འབྲས་བུའི་ས་མཚམས་བསྟན་པ་ལ། ལམ་ལྔའི་ས་མཚམས་བསྟན་པ་དང༌། བོགས་འདོན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བཤད་པའོ། །དང་པོ་ནི། སྤྱིར་འདི་དག་ལ་འདོད་ཚུལ་མི་གཅིག་པ་མང་ན་ཡང་རང་ལུགས་འདི་ལྟར་ཁས་བླང་བར་བྱ་སྟེ། དེ་ཡང་སོར་སྡུད་ཀྱི་རིམ་པས་ནི་དབུ་མའི་ལམ་ཅུང་ཟད་དག་སེམས་གནས་པ་ལ་རང་དབང་ཐོབ། འོད་གསལ་རྟགས་བཅུ་རྫོགས། བསམ་གཏན་གྱི་རིམ་པས་ནི་དབུ་མའི་ལམ་ཤིན་ཏུ་སྦྱངས། ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས། འོད་གསལ་གྱི་སྣང་བ་རབ་འབྱམས་མཆེད། སྔར་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་


TNT04_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གིས་ནི་ལམ་འདི་གཉིས་བསྒོམས་ན་མྱུར་དུ་མཐར་ཕྱིན་པར་འགྱུར་ཞིང༌། དེ་ལྟ་བུས་མཐར་ཕྱིན་པ་ཡིན་ན། སྦྱོར་ལམ་དྲོད་ཀྱི་ཐོག་མའི་ཆ་ལ་སླེབ་སྟེ། སོར་སྡུད་ཀྱི་རིམ་པས་ནི་ཚོགས་ལམ་ཆེན་པོ་དང༌། བསམ་གཏན་གྱི་རིམ་པས་ནི་སྦྱོར་ལམ་དྲོད་ལ་སྦྱོར་ནུས་པའི་ཕྱིར་རོ། །ཅི་སྟེ་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྔོན་དུ་མ་སོང་ན། འདི་གཉིས་ཀྱང་ཡུན་རིང་དུ་གོམས་པས་མཐར་ཕྱིན་པར་འགྱུར་ཏེ། དེའི་ཚེ་ཚོགས་ལམ་ཆེན་པོ་ལ་རེག་པ་ཙམ་དུ་འགྱུར་རོ། །དེ་ནས་སྲོག་རྩོལ་གྱི་རིམ་པས་དཀྱིལ་འཁོར་བཅུ་དབུ་མར་ཐིམ། མཉམ་བཞག་ཏུ་གཟུང་འཛིན་ཐ་དད་པར་འཛིན་པའི་རྣམ་རྟོག་མངོན་འགྱུར་བ་འགགས། ནུས་པ་ཅུང་ཟད་རྙེད། བདེ་སྟོང་གི་ཉམས་གསལ་པོར་འཆར་བ་ཡིན་ཏེ། བསྐྱེད་རིམ་སྔོན་དུ་སོང་བའམ་མ་སོང་ཡང་རུང་སྟེ། བར་དེར་ཡུན་རིང་ཐུང་གི་ཁྱད་ཙམ་མ་གཏོགས་འབྲས་བུ་འདྲ་བས། དྲོད་འབྲིང་མན་ཆད་ངེས་པར་ཐོབ་པར་འགྱུར་རོ། །འཛིན་པའི་ཡན་ལག་ལ་སྲོག་དབུ་མའི་ཐིག་ལེར་བཅིངས་ནས། ལས་ཀྱི་གཏུམ་མོ་འབར་བས་ཞུ་བདེ་རྒྱུན་མི་འཆད་ཅིང༌། སྟོང་གཟུགས་ཀྱང་ཡེ་ཤེས་ཀྱི་གཏུམ་མོ་འབར་སྣང་དུ་འགྱུར། ནུས་པ་དང་ཡོན་ཏན་ཆེར་ཐོབ། དྲོད་ཆེན་པོའི་སྐབས་ཡིན་ལ། རིམ་པ་འདིའི་ཐ་མར་སྦྱོར་ལམ་རྩེ་མོ་ལ་མཚམས་སྦྱོར་བར་འགྱུར་རོ། །རྗེས་དྲན་གྱི་ཐོག་མ་ནས་ཡེ་ཤེས་ཀྱི་སྐུ་ཆུང་ངུ་འགྲུབ་ཅིང༌། སྟོང་གཟུགས་


TNT04_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདེ་བ་རྫོགས་པར་འདྲེན། ཡས་མཐའ་སྦྱོར་ལམ་རྩེ་མོ་མཐར་ཕྱིན་པ་དང་མཉམ་མོ། །ཏིང་ངེ་འཛིན་ནི་བཟོད་པ་དང་ཆོས་མཆོག་སྟེ། དེ་ཡང་ཏིང་ངེ་འཛིན་གྱི་ས་དང་པོར་རྒ་ཤི་དང༌། གཉིས་པར་སྐྱེ་བ། གསུམ་པར་སྲིད་པ་འགག་སྟེ་ཐ་མལ་བའི་ལུས་སྤོང༌། ལམ་གྱི་སྐུ་རྡོ་རྗེ་བསྒྲུབས༌། བཞི་པར་ལེན་པ། ལྔ་པར་སྲེད་པ། དྲུག་པར་ཚོར་བ་འགག་སྟེ། ཐ་མལ་བའི་ངག་སྤོང་ཞིང༌། ལམ་གྱི་གསུང་རྡོ་རྗེ་བསྒྲུབས། བདུན་པར་རེག་པ། བརྒྱད་པར་སྐྱེ་མཆེད། དགུ་པར་མིང་གཟུགས་འགག་སྟེ། ཐ་མལ་པའི་ཡིད་སྤོང༌། ལམ་གྱི་ཐུགས་རྡོ་རྗེ་བསྒྲུབས། བཅུ་པར་རྣམ་ཤེས། བཅུ་གཅིག་པར་འདུ་བྱེད། བཅུ་གཉིས་པར་མ་རིག་པ་རྣམས་འགག་སྟེ། ཐ་མལ་གྱི་བཞི་པའི་གནས་སྐབས་ཆགས་རྟོགས་སྤོང་ཞིང༌། ལམ་གྱི་ཡེ་ཤེས་རྡོ་རྗེ་བསྒྲུབས་སོ། །དེ་ཡང་དེ་དག་རྣམས་སུ་རིམ་ཅན་གྱིས་རྡོ་རྗེ་བཞི་བསྒྲུབས་ཞེས་བྱ་བ་ཡང༌། དེ་དག་གི་རྒྱུ་ཚོགས་ཚང་བར་བསགས་པའི་དོན་ཡིན་ལ། ཐ་མལ་པའི་ལུས་ངག་ཡིད་དང་ཆགས་རྟོག་སྤངས་པ་དང༌། ཡན་ལག་བཅུ་གཉིས་འགགས་པ་ཡང་དེ་རྣམས་ཀྱི་རྒྱུ་རླུང་ཐིམ་པ་སོགས་ཀྱིས་དེ་རྣམས་འགག་རུང་དུ་བྱས་པ་ཡིན་ལ། ཏིང་ངེ་འཛིན་གྱི་སྐད་ཅིག་ཐ་མ་ནི་མཐོང་ལམ་


TNT04_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། དེའི་དུས་སུ་དེ་རྣམས་ཐམས་ཅད་ཅིག་ཅར་དངོས་སུ་འགགས་ཏེ་ས་བོན་སྤོང་བ་ཡིན་ནོ། །དེ་རྣམས་དང་དུས་མཉམ་དུ་རྡོ་རྗེ་བཞི་པོ་ཡང་ཐོབ་པ་ཡིན་མོད། དེ་རྣམས་ཀྱི་བྱེད་ལས་རྣམ་པར་འཕྲུལ་བ་ནི། མཐོང་ལམ་གྱི་སྐད་ཅིག་དེ་འདས་མ་ཐག་པ་ནས་འབྱུང་བའི་ཕྱིར། དེ་དུས་ཐོབ་ཅེས་ཐ་སྙད་བྱེད་པའང་ཡོད་དོ། །དེས་ན་ཏིང་ངེ་འཛིན་གྱི་ས་བཅུ་གཅིག་པ་མན་ཆད་ནི་སྦྱོར་ལམ་བཟོད་པ་ཡིན་ལ། ས་བཅུ་གཉིས་པའི་སྐད་ཅིག་སྟོང་བདུན་བརྒྱ་དགུ་བཅུ་གོ་དགུ་ནི་སྦྱོར་ལམ་ཆོས་མཆོག་ཡིན་ཞིང༌། སྐད་ཅིག་ཐ་མ་ནི་མཐོང་ལམ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་འཁོར་བའི་ལུས་ངག་ཡིད་གསུམ་སྤངས་པའི་སྐབས་དེར་ཕུང་ཁམས་གཞན་ཐམས་ཅད་ཀྱང་རྣམ་པར་གྱུར་པ་ཡིན་ཏེ། དེ་སྐད་དུ་རྒྱུད་ཀྱི་རྒྱལ་པོ་ལས། གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམ་པ་ཉིད་དུ་གྱུར་པ་དེ་ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམ་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམ་པ་ཉིད་དུ་གྱུར་པ་དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བའི་འཕེལ་བ་ཉམ་པ་ཉིད་གྱུར་པ་དེ་ནི་རྡོ་རྗེའི་འདུ་བྱེད་ཁོ་ནའོ། །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམ་པ་ཉིད་དུ་གྱུར་པ་དེ་


TNT04_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྣམ་པར་ཤེས་པར་གསུངས། །གང་དུ་ཤེས་པ་མིན་པའི་དངོས་པོ་ཉམ་པ་ཉིད་དུ་གྱུར་པ་དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་རྣམས་རྣམ་པར་སྣང་མཛད་ལ་སོགས་དམ་པའི་རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་རྣམས། །གཞན་ནི་ཁམས་དྲུག་དབྱེ་བ་རྣམས་ཏེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞི་བ་རྣམས། །གང་དུ་གཏི་མུག་མཐའ་དག་ཉམ་པ་ཉིད་དུ་གྱུར་པ་སྤྱན་མ་ཡིན་ཏེ་དེ་ནི་འཛིན་མའོ། །གང་དུ་ང་རྒྱལ་མཐའ་དག་ཉམ་པ་ཉིད་དུ་གྱུར་པ་མཱ་མ་ཀཱི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་ཆགས་པ་མཐའ་དག་ཉམ་པ་ཉིད་དུ་གྱུར་པ་གོས་དཀར་མོ་སྟེ་དེ་ནི་མེ་ཡིན་ནོ། །གང་དུ་ཕྲག་དོག་མཐའ་དག་ཉམ་པ་ཉིད་དུ་གྱུར་པ་སྒྲོལ་མ་ཡིན་ཏེ་དེ་ནི་རླུང་ཡང་ངོ༌། །གང་དུ་ཞེ་སྡང་མཐའ་དག་ཉམ་པ་ཉིད་དུ་གྱུར་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་ཐམས་ཅད་ཉམ་པ་ཉིད་དུ་གྱུར་པ་སྣ་ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ། །མཐོང་དང་མ་མཐོང་གཟུགས་ནི་ཡིད་དང་ནམ་མཁའ་ལ་ཡང་ལྟ་བུར་བྱེད་པ་གང་ཡིན་དེ་ནི་མིག །རིང་ནས་རབ་ཏུ་གསལ་བ་བཞིན་དུ་སྒྲ་ནི་ཐོས་པ་འདི་ནི་རྒྱལ་བའི་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་བྱེད་པའི་དྲི་རྣམས་ཐམས་ཅད་འཛིན་པ་དེ་ནི་ཁྱབ་བདག་གི་ཡང་སྣ་བཟང་པོ། །རང་གི་ཟླ་བའི་བདུད་རྩི་བདེ་སྟེར་དག་ཀྱང་རྟག་ཏུ་མྱང་བར་བྱེད་


TNT04_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་དེ་ནི་ལྕེ། །རྡོ་རྗེའི་རེག་བྱ་ཀུན་ནས་འཕྲོག་པ་གང་ཡིན་དེ་ནི་རྟག་ཏུ་རྡོ་རྗེའི་ལུས་ཀྱི་དབང་པོ་སྟེ། །ཐབས་དང་ཤེས་རབ་རབ་ཏུ་འདུས་པ་འདི་ཡི་ཆོས་ཏེ་བདེ་མཉམ་ལ་འཇུག་གང་ཡིན་དེ་ནི་ཡིད། །ཅེས་གསུངས་ཤིང༌། དེ་བཞིན་དུ་རྩ་དྲུག་རྣམ་པར་དག་པའི་མངོན་ཤེས་དྲུག་ཀྱང་སྐབས་འདིར་ཐོབ་སྟེ། གཙོ་བོའི་སྐུ་ཡི་མཐུ་ལས་རྣལ་འབྱོར་པ་རྣམས་དག་གི་མཆོག་གི་ལུས་ལ་ལྷ་ཡི་སྤྱན་དུ་འགྱུར། །དེ་ཡི་གསུང་གི་མཐུ་ལས་རྣ་བ་དེ་ཡི་ཐུགས་ལས་གཞན་གྱི་སྙིང་ལ་གནས་པ་ཤེས་པར་འགྱུར། །ཤེས་རབ་སྐུ་ཡི་མཐུ་ལས་རྣམ་གསུམ་སྲིད་པ་ལ་གནས་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཀྱི་ནི་གསུང་གི་མཐུ་ལས་མཁའ་མཉམ་ཐམས་ཅད་དུས་སུ་ཀུན་འགྲོའི་རྫུ་འཕྲུལ་དུ་རབ་འགྱུར། །ཤེས་རབ་ཐུགས་ཀྱི་རང་བཞིན་ལས་ནི་གང་ཞིག་བདེ་མཉམ་ཐམས་ཅད་དུས་སུ་གཞོམ་དུ་མེད་པར་གྱུར། །ཞེས་གསུངས་པ་ལྟར་རོ། །གནས་སྐབས་དེར་མ་དག་པའི་ལུས་གནས་གྱུར་པས་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ་ཞེས་བྱ་ཞིང༌། རྡོ་རྗེ་རྣམ་བཞི་རོ་མཉམ་པ་ཐོབ་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ཞེས་བྱ་ཞིང༌། འདི་ནི་ཡང་དག་པར་ན་ས་དང་པོ་རབ་ཏུ་དགའ་བ་ཡིན་ཞིང༌། གསང་སྔགས་ཀྱི་ལམ་ནི་རབ་ཏུ་ཉེ་བ་ཡིན་པས། རྫོགས་པའི་སངས་རྒྱས་ཉིད་ལ་ཤིན་ཏུ་


TNT04_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་ཕྱིར་དང༌། འདི་ཕྱིན་ཆད་ནས་ལམ་རིགས་འདྲ་ཁོ་ནས་སངས་རྒྱས་ཐོབ་པའི་ཕྱིར་དང༌། རྫོགས་པའི་སངས་རྒྱས་ཉིད་དང་རྣམ་པ་མཚུངས་པའི་ཕྱིར་དང༌། འགྱུར་མེད་བདེ་བའི་སྐད་ཅིག་མ་རྣམས་རྫོགས་པ་ཉིད་ཀྱི་ཕྱིར། སངས་རྒྱས་ཉིད་དང༌། རྫོགས་པའི་སངས་རྒྱས་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་ཡང་གསོལ་ལོ། །དེ་ནས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཉིས་སམ། གནས་ལ་སོགས་པའི་ས་བཅུ་གཉིས་གོང་མ་རྣམས་རིམ་གྱིས་བགྲོད་པར་འགྱུར་ཏེ། དེ་ཐམས་ཅད་དུ་བསྒོམ་བྱ་ནི། འཇིག་རྟེན་ལས་འདས་པའི་ཡན་ལག་དྲུག་ཆ་མཉམ་པར་སྤྱོད་ཅིང༌། བསམ་གྱིས་མི་ཁྱབ་པའི་རང་བཞིན་ཅན་གྱི་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་མཐའ་ཡས་པའི་སེམས་ཅན་སྨིན་ཞིང་གྲོལ་བར་བྱས་ནས། མཐར་སངས་རྒྱས་དངོས་དང༌། རྡོ་རྗེ་སེམས་དཔའ་དངོས་དང༌། རྫོགས་པའི་སངས་རྒྱས་དངོས་ཉིད་ཐོབ་པར་འགྱུར་རོ། །འདི་དག་ཏུ་འབྱུང་བའི་ས་བཅུ་གཉིས་ཀྱི་རྣམ་པར་གཞག་པ་གཞན་ནི། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས། དེ་བཞིན་དུ་ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་ས་དང༌། བདུད་རྩི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་དང༌། ནམ་མཁའི་འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་


TNT04_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང༌། རྡོ་རྗེའི་འོད་ཡིད་དགའ་བའི་ས་དང༌། རིན་ཆེན་འོད་མངོན་པར་དབང་བསྐུར་བ་ལ་གནས་པའི་ས་དང༌། པདྨའི་འོད་རང་བཞིན་གྱིས་དག་པའི་ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་དང༌། སངས་རྒྱས་ཀྱི་ལས་བྱེད་པའི་ས་དང༌། དཔེ་མེད་པའི་ས་དང༌། དཔེ་ཐམས་ཅད་ཀྱི་དཔེ་རབ་ཏུ་རྟོགས་པར་བྱེད་པའི་ས་དང༌། ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་དང༌། ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་དང༌། སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་ཡེ་ཤེས་རྫོགས་པར་བྱེད་པའི་སའོ། །ས་འདི་རྣམས་གཙོ་བོར་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་སྐབས་སུ་གསུངས་ལ། འོན་ཀྱང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་མཐར་ཐོབ་སྟེ། གོང་མའི་ཡོན་ཏན་གྱི་གཞིར་གྱུར་པའི་ཡེ་ཤེས་ཀྱི་ཁྱད་པར་བཅུ་གཉིས་ཐོབ་པ་ཡིན་ནོ། །དེས་ན་རབ་ཏུ་དགའ་བ་ལ་སོགས་པའི་ས་རེ་རེ་བཞིན་ཡང་འདི་དག་བཅུ་གཉིས་པོ་ཐམས་ཅད་ཚང་ལ། རྫོགས་པའི་སངས་རྒྱས་ལའང་བཅུ་གཉིས་ཀར་ཡོད་དེ། ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བཞིན་དབྱེར་མེད་ཀྱི་ཡོན་ཏན་ནི་གདོད་ནས་ལྷུན་རྫོགས་ཡིན་ལ། དེ་དང་དེས་རྟོགས་པར་ནུས་པའི་ལམ་གྱི་ས་ཀུན་དུ་འོད་སོགས་བཅུ་གཉིས་ནི། སྒྲིབ་པ་སྦྱོང་བྱེད་ལམ་གྱིས་བསྡུས་ཤིང༌། དེ་ཡང་


TNT04_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་སློབ་ལམ་གྱི་སྐབས་ན། མཉམ་རྗེས་ཆ་ཚང་རེ་ལ་ཚང་བར་ཡོད་དོ། །སངས་རྒྱས་ཀྱི་ས་བཅུ་གཉིས་པོ་དེ་ནི་གདོད་མའི་ས་དེ་རྣམས་མངོན་གྱུར་དུ་ཐོབ་པ་ཡིན་གྱི། ལམ་གྱིས་བསྡུས་པའང་མིན་ལ། གསར་བྱུང་ཡང་མ་ཡིན་ནོ། །སྤྱིར་རྡོ་རྗེའི་སྙིང་པོ་རྒྱན་ལས་གསུངས་པའི་ས་བཅུ་གཉིས་པོ་འདི་དག་གི་རྣམ་གཞག་ལ། ཁ་ཅིག་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་དང་གཅིག་པར་འདོད། ཁ་ཅིག་ཆོས་ཀྱི་སྤྲིན་གྱི་རྗེས་ལ་སྔགས་ལམ་ཁོ་ནས་རིམ་གྱིས་བགྲོད་དགོས་པའི་ས་ཡིན་ཟེར། འགའ་ཞིག་སངས་རྒྱས་ཁོ་ནའི་ཡེ་ཤེས་ལས་ཕྱེ་བར་འདོད། ཁ་ཅིག་རབ་ཏུ་དགའ་བ་ལ་སོགས་པ་བཅུ་གཉིས་ཡིན་ཟེར་རོ། །དང་པོ་གཉིས་ཤིན་ཏུ་མི་འཐད་ལ། འདོད་ཚུལ་གསུམ་པའི་སངས་རྒྱས་ལ་ཡོད་པ་འཐད་ཀྱང༌། སློབ་ལམ་དུ་མེད་པ་མི་འཐད། བཞི་པ་དེ་ནི་བཤད་པའི་རྣམ་གྲངས་གཅིག་ལ་རུང་ཙམ་དུ་མཐོང་མོད། གཙོ་བོའི་དོན་སྔར་བཤད་པ་བཞིན་དུ་བཟུང་ངོ༌། །གཉིས་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་རྣམ་གཞག་ལ། རིག་བརྟུལ་གྱི་སྤྱོད་པ་སྤྱིར་བཤད་པ་དང༌། ཉེ་རྒྱུའི་རྣམ་གཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་འདིར། སྤྱོད་པའི་རྣམ་གཞག་འཐོར་ཐབས་སུ་གསུངས་པས་འདིར་ཕྱོགས་གཅིག་ཏུ་བསྡུ་


TNT04_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེ་ལ་དབང་གི་ལེའུར། རྣལ་འབྱོར་མ་རྣམས་ཀྱི་འཁོར་ལོའི་མཆོད་པ་ལས་འཕྲོས་ནས་འཁོར་ལོའི་མཆོད་པ་རྒྱས་པའི་རྣམ་གཞག་དང༌། ཕོ་ཉ་མོ་རྣམས་ཀྱི་མཚན་ཉིད་དང༌། ཕྱག་རྒྱ་དང་ཕྱག་རྒྱའི་ལན་དང༌། བརྡའ་དང་བརྡའི་ལན་སོགས་རྒྱས་པར་གསུངས་ཏེ། གཙོ་བོར་སྤྲོས་བཅས་ཀྱི་སྤྱོད་པ་དང་འབྲེལ་ལ། དེ་བཞིན་དུ་ཡེ་ཤེས་ལེའུའི་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའི་སྐབས་དང༌། སེམས་འགྲེལ་གཞན་ཕྱག་རྡོར་སྟོད་འགྲེལ་ལས་ཀྱང་གསུངས་ཏེ། དེ་དག་གི་དངོས་བསྟན་ནི། རྫོགས་རིམ་གྱི་སྤྱོད་པ་ལ་ཡང་ཅི་རིགས་པར་འབྲེལ་མོད་ཀྱི། གཙོ་བོར་ནི་བསྐྱེད་རིམ་ལ་བརྟན་པ་ཐོབ་པས་འདོད་ཁམས་དང་གཟུགས་ཁམས་ཀྱི་རིག་པ་འཛིན་པ་སྒྲུབ་པའི་དོན་དུ་སྤྱོད་པ་སྤྱོད་ཚུལ་ཡིན་ལ། དེ་ཡང་ལས་རྒྱ་ལ་བརྟེན་པ་རྒྱས་བསྡུས་ཀྱི་ཁྱད་པར་གྱིས་སྤྲོས་བཅས་སྤྲོས་མེད་གཉིས་ཡིན་ཞིང༌། དེས་འདོད་ཁམས་ཀྱི་རིག་འཛིན་སྒྲུབ་བོ། །འདི་དག་བསམ་གཏན་ཁོ་ནའི་བྱ་བས་བསྒྲུབ་ན་ནི། གཟུགས་ཁམས་ཀྱི་རིག་པ་འཛིན་པར་འགྱུར་བར་གསུངས་པ་ལྟར་ཀུན་ཏུ་གྲགས་པ་ཡིན་ལ། འོན་ཀྱང་འདི་སྔ་མ་དེ་སྔོན་སོང་གི་དབང་དུ་བྱས་པ་ཡིན་ནོ། །གཞན་ཡང་དཔལ་ལྡན་སྤྱོད་པ་དངོས་གྲུབ་རྒྱུར་ཏེ་མཚན་མོ་དུར་ཁྲོད་འཁྱམ་པ་དག་ཀྱང་རྩེད་མོའི་དོན་མ་ཡིན། ཞེས་པས་གསང་སྟེ་སྤྱོད་པ་ཀུན་འདར་ཨ་ཝ་དྷཱུ་ཏཱིའི་


TNT04_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བརྟུལ་འཕྲོས་དོན་དུ་བསྟན་ལ། རྒྱུད་ཕྱི་མ་ལས། བྱམས་པས་ཐོ་རངས་དུས་སུ་ཆང་གི་དོན་ལ་ཆང་འཚོང་གནས་སུ་རྒྱུ་ཡང་སྡོམ་བརྩོན་རྣམས་ཀྱི་མཆོག །ཉི་མ་གུང་ལ་ཉ་ཡི་དོན་དུ་ཉ་པའི་ཚོང་རྣམས་སུ་འཇུག་ཀྱང་སྙིང་རྗེ་ཁྱད་པར་འཕགས། །ཕྱི་དྲོ་བུད་མེད་དགའ་བའི་དོན་དུ་བྲན་མོ་རྣམས་ཀྱི་གནས་སུ་འཇུག་ཀྱང་སྐྱོན་གྱི་གོས་པ་མེད། །ཆང་ཉ་བུད་མེད་རྣམས་ཀྱི་དྲི་མ་རྣམ་གསུམ་བྲལ་ཕྱིར་ཨ་ཝ་དྷཱུ་ཏཱིའང་དམན་པ་ཅིས་མ་ཡིན། །ཞེས་དང༌། བུ་མོ་རྒན་མོ་དར་མ་རྣམས་དང་ལུས་ནི་དྲི་མ་དང་བཅས་བྲམ་ཟེ་མོ་དང་རྒྱལ་རིགས་མོ། །རྗེ་མོ་དམངས་མོ་མཐར་སྐྱེས་རྣམས་སམ་མིག་ལག་དང་བྲལ་རྣ་བ་མཆུ་དང་སྣ་ནི་ཆད་མ་རྣམས། །མཐའ་དག་བྱང་ཆུབ་རྒྱུ་རུ་ཤེས་རབ་ཐབས་ཀྱིས་མཆོད་པར་བྱ་སྟེ་རྒྱལ་པོ་སློབ་དཔོན་སྙིང་རྗེ་དང༌། །བཅས་པའི་ཐུགས་ལྡན་དྲི་མ་དག་དང་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་སོ། །ཞེས་གསུངས་ཏེ་བྱང་ཆུབ་སྤྱོད་པ་ནི་རིག་བརྟུལ་ཡིན་ལ། དྲི་མ་བྲལ་བ་ཞེས་པ་ཨ་ཝ་དྷཱུ་ཏཱིའོ། །དེ་ལྟར་ཨ་ཝ་དྷཱུ་ཏཱི་འཇིག་རྟེན་པའི་མངོན་དུ་སྤྱོད་པའང་བསྟན་པ་དང༌། དཔལ་དོན་དམ་བསྙེན་པ་ལས་ཀྱང༌། ན་ཆུང་མ་ལ་སྦྱོར་བས་དཔལ་ལྡན་བྱང་ཆུབ་སེམས། །གང་ཞིག་བདག་དང་གཞན་གྱི་དོན་དུ་སྲུང་མཛད་ཅིང༌། །ཉིན་དང་མཚན་དུ་བདག་དང་གཞན་གྱི་དོན་མཛད་པ། །


TNT04_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཞབས་ཀྱི་པདྨོ་ལ་ནི་ཕྱག་བགྱིའོ། །སངས་རྒྱས་ཉིད་ནི་བདེ་བ་དཔག་མེད་ཐོབ་ན་ཡང༌། །སེམས་ཅན་རྣམས་ཀྱི་དོན་ཕྱིར་འདོར་བར་མཛད་འགྱུར་ཞིང༌། །འཁོར་བའི་ནང་དུ་རབ་ཏུ་འཇུག་པའི་དཔའ་བོ་སྟེ། །དེ་རྣམས་ཞབས་ཀྱི་པདྨོར་སྤྱི་བོས་ཕྱག་བགྱིའོ། །ཉིན་དང་མཚན་དུ་བསམ་གཏན་སྟོབས་ཀྱི་རིམ་པ་ཡིས། །གང་རྣམས་རང་གི་སེམས་ནི་རྩ་དབུས་གནས་པར་འགྱུར། །མཐའ་ཡས་གཟུགས་ལ་ཤིན་ཏུ་རྣམ་པར་དག་པའི་སྐུ། །དེ་ནི་རྒྱལ་བ་རྣམས་ཀྱི་རྡོ་རྗེ་རྩེ་གཅིག་པའོ། །ཞེས་ཀུན་བཟང་གི་སྤྱོད་པའི་སྒོམ་བསམ་གཏན་པ་ཡིན་ལ། འདིར་རང་གི་སེམས་རྩ་དབུས་གནས་པའི་དོན་ཐིག་ལེ་དབུ་མར་འགགས་པ་ཡིན་པས་ཡེ་ཤེས་ཀྱི་སྐུར་སྒྱུར་བ་ལ་འདི་དགོས་པ་དང༌། སྤྱིར་ཐིག་ལེ་མ་བཅིངས་པར་ལུས་གནས་གྱུར་པའི་དངོས་གྲུབ་མེད་པས། བསྐྱེད་རིམ་པའི་རིག་འཛིན་གཉིས་ཀྱང་ཐིག་ལེ་བཅིངས་པས་ནི་སྒྲུབ་དགོས་ན། རྩ་དབུ་མར་མིན་ཏེ། སྤྱིར་རྩ་ཕྲན་ཀུན་དང་ལུས་ཐམས་ཅད་ལ་བཅིངས་པ་ནི་ཡིན་ནོ། །ཡང་བསྡུས་པའི་རྒྱུད་ལས། དབུགས་ནི་བཅད་པའི་མཐའ་རུ་རྣམ་གསུམ་བགྲོད་པ་འདི་དང་རྣམ་པར་དྲུག་ཀྱང་ཡོད་པ་མ་ཡིན་ཏེ། །ཐིག་ལེ་བཀག་པར་གྱུར་ན་ཀུན་ནས་མཆོག་གི་ཁྱབ་བདག་བདེ་བ་མཐའ་ཡས་དུས་སུ་འཇུག་པར་འགྱུར། །འཁོར་བ་དག་གི་བདེ་བ་སྤངས་ནས་


TNT04_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་བླ་མའི་ཞལ་ནི་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །སྤྱོད་པ་སྒེག་པའི་གཟུགས་དང་མཆོག་ཏུ་འཇིགས་པ་བྱེད་ལ་རྣལ་འབྱོར་མ་རྣམས་དགྱེས་པ་མ་ཡིན་ནོ། །ཞེས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུངས་ཏེ། གཙོ་བོར་འདི་ཡང་ཀུན་བཟང་གི་སྤྱོད་པ་ཉིད་ཡིན་ནོ། །གཞན་ཡང༌། རྣལ་འབྱོར་པ་ཡིས་ཉིན་དང་མཚན་མོར་སྲོག་གཅོད་བྱ་བ་དེ་ནི་སྲོག་ཉམ་པ་ལ་གསུངས་པ་སྟེ། །སྒྲ་ནི་གང་ཞིག་ཞལ་གྱིས་དམན་པ་དག་ཀྱང་སྙིང་ལ་གྱུར་པ་དེ་ནི་རྫུན་དུ་སྨྲ་བ་ཉིད། །གང་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ས་ནི་འཛིན་པ་དག་ཀྱང་རྣལ་འབྱོར་པ་ཡིས་རྐུ་བར་ གསུངས། །ཐིག་ལེ་མ་ལྷུང་བ་ལས་བདེ་བར་འགྱུར་བ་ཆགས་བྲལ་མི་ལས་གཞན་གྱི་བུད་མེད་བསྟེན་པའོ། །སྲོག་རྩོལ་མེ་ཡིས་རི་བོང་ཅན་ནི་ཞུ་བ་དག་ཀྱང་བཏུང་བ་ཉིད་ནི་ཆང་གི་བཏུང་བའོ། །མཐེ་བོའི་ཚིགས་ནས་གཙུག་ཏོར་དག་ཏུ་ཉ་ཡི་མཐར་ནི་རང་སེམས་འགྲོ་སྟེ་ཆོས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་སླར་ཡང་འདི་ནི་འགྲོ་སྟེ་ནག་པོའི་ཕྱོགས་ཀྱི་མཐའ་ རུའོ། །རྣལ་འབྱོར་པ་རྣམས་སྤྱོད་པ་གང་ནི་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་སྟེར་བའོ། །ཞེས་པ་འདི་ཡང་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱིའི་སྒོམ་པའི་རིམ་པ་དང༌། ཨ་ཝ་དྷཱུ་ཏཱི་འཇིག་རྟེན་པའི་མངོན་དུ་སྤྱོད་པའི་སྒོམ་པ་ཡང་ཁྱད་པར་མང་པོ་དང་


TNT04_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་གསལ་བར་བསྟན་ཏོ། །དེ་བཞིན་དུ་དཔལ་དོན་དམ་བསྙེན་པ་ལས། ཡན་ལག་བཟང་མོ་ཆགས་པ་ལ་ནི་མང་དུ་ཞེན། །གཙོ་བོ་སྒྲུབ་པའི་ཕྱིར་དུ་དེ་ནི་བཙལ་བར་བྱ། །ཕྱོགས་གཅིག་གནས་སུ་རྣམ་པ་སྣ་ཚོགས་དུ་མ་ཡིས། །དངོས་གྲུབ་རབ་སྟེར་དེ་ནི་མང་དུ་མཆོད་པར་བྱ། །གཙང་མ་རྣམ་པར་དབེན་བའི་ས་ཕྱོགས་དག་དང་ནི། །རྒྱལ་བའམ་ནི་ཞི་གྱུར་བདེ་འབྱུང་གནས་དག་ཏུ། །རྟག་པའི་རྒྱལ་བ་མཆོད་ཕྱིར་དྲི་ཆེན་དྲི་ཆུ་དང༌། །ཆུ་ལ་སོགས་པ་རྣམས་ཀྱི་བྱུག་པ་བྱས་ནས་ནི། །སྙིང་ག་ལྟེ་མགྲིན་དང་ནི་སྤྱི་གཙུག་གསང་བ་ལ། །རིགས་ཀྱི་ལྷ་མོ་རྣམས་ནི་རབ་ཏུ་དགོད་པར་བྱ། །དེ་བཞིན་མིག་ལ་སོགས་པར་རིགས་ནི་དྲུག་པོ་སྟེ། །སྟོང་པ་ལ་སོགས་ས་བོན་སྣ་ཚོགས་རིམ་པས་ སོ། །མཆོད་པ་ལྔ་ལ་སོགས་པ་རྣམས་ཀྱིས་མཆོད་བྱས་ནས། །དེ་ནས་ཆུ་སྐྱེས་སུ་ནི་རྡོ་རྗེ་རབ་ཏུ་གཞུག །ཡན་ལག་དྲུག་སྦྱོར་དང་ནི་སྨིག་སྒྱུ་ལ་སོགས་པས། །ཡེ་ཤེས་དག་གི་མེ་ནི་རབ་ཏུ་བཞེངས་པར་བྱ། །རིམ་གྱི་རིམ་གྱིས་རྣལ་འབྱོར་སྟོབས་ཀྱིས་ཁྱད་འཕགས་པའི། །རྒྱལ་བ་ལ་སོགས་ཤེས་རབ་མེ་ཡིས་རབ་ཏུ་བསྲེག །དེ་རྣམས་རབ་བསྲེགས་ཟླ་བའི་གཟུགས་ནི་བཞུ་བ་ལས། །བདུད་རྩི་བཟང་པོ་གང་འཛག་དེ་ནི་རྡོ་རྗེ་ཅན། །ཞེས་རྫོགས་རིམ་ལ་བརྟེན་


TNT04_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲོས་བཅས་སྤྲོས་མེད་ཀྱི་ཐུན་མོང་གི་སྤྱོད་པ་དང༌། དེ་བཞིན་དུ་ཡང་གསུངས་པ། འགྲོ་བའི་མགོན་གཅིག་སྟཽན་པ་གཞན་ནི་ཡོད་མ་ཡིན། །ཁམས་གསུམ་དག་ན་བདེ་བ་ཁྱད་འཕགས་གཞན་ནི་མེད། །བདེ་མཉམ་སྟེར་བའི་དངོས་གྲུབ་གཞན་ནི་ཡོད་མ་ཡིན། །ལུས་བསྲུང་དོན་དུ་སྲུང་བ་གཞན་ནི་ཡོད་མ་ཡིན། །འདིར་ནི་དཀྱིལ་འཁོར་དག་དང་སྐུ་གཟུགས་ཏིང་འཛིན་མེད། །ལག་པའི་ཕྱག་རྒྱ་སྟངས་སྟབས་དང་ནི་གདན་རྣམས་མེད། །སྔགས་དང་གཏོར་མ་སྦྱིན་སྲེག་ཆོ་ག་རབ་གནས་དང༌། །གཤེགས་སུ་གསོལ་བ་རྣམ་པར་དག་པའི་ཆོས་ལ་མེད། །རང་བཞིན་གྱིས་དག་འགྲོ་བ་ཡི་ནི་རྗེ་དཔོན་གཅིག །ཤེས་རབ་མེ་ཡིས་གལ་ཏེ་རབ་ཏུ་བསླང་བ་ན། །དེ་ཕྱིར་རང་གི་ལུས་པོ་ལ་ནི་བདུད་སྟོབས་བཞིན། །དེ་ཉིད་གཅིག་པུ་ཡིས་ནི་ཉམ་པར་མཛད་པ་ཡིན། །ཇི་སྲིད་དེ་མ་བཞེངས་པར་བདེ་བ་སྟེར་བ་མེད། །རབ་ཏུ་བཞེངས་ཀྱང་འདོད་ཆགས་བྲལ་ཉིད་འགྱུར་བ་ཡིན། །གཉིས་སུ་མེད་པའི་ལམ་གཅིག་འདི་ཉིད་དཀའ་བ་སྟེ། །མ་ལུས་སེམས་ཅན་རྣམས་ནི་ལམ་གཉིས་དག་ལ་འགྲོ། །ཞེས་རྫོགས་རིམ་པའི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྒྱས་པར་བསྟན་པ་ཉིད་དོ། །ཡང་བསྡུས་བའི་རྒྱུད་ལས།


TNT04_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང༌། །མི་གཙང་བ་དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་ཏུ། །ཤིན་ཏུ་དགའ་བའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང༌། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པར་བྱ། །ཞེས་པ་འདིས་ཀྱང༌། སྤྲོས་བཅས་སྤྲོས་མེད་ཀྱི་སྤྱོད་པ་གཉིས་ཀྱི་གནས་དང་ཕྱག་རྒྱ་དང༌། ཚོགས་ཀྱི་ལོངས་སྤྱོད་དང༌། ཡེ་ཤེས་ཀྱི་ངོ་བོ་དང༌། དེའི་སྡོམ་པ་རྣམས་གསལ་བར་བསྟན་པ་ཡིན་ཏེ། འདི་རྗེས་དྲན་སྟོན་བྱེད་ཙམ་མམ། ཕྱག་རྒྱ་བསྟེན་ཚུལ་སྤྱི་ལྡོག་ཙམ་ནས་སྟོན་བྱེད་ཡིན་པར་བོད་རྣམས་འདོད་པ་ནི་དོན་མ་ཡིན་ཏེ། དེ་དག་ལ་གནས་ཀྱི་ཁྱད་པར་བརྗོད་མི་དགོས་པ་དང༌། དེ་ཙམ་ལ་རིགས་དང་རིགས་མིན་མཉམ་པར་སྤྱོད་དགོས་ན་ཧ་ཅང་ཐལ་བའི་ཕྱིར་རོ། །དོན་དམ་བསྙེན་བའི་ཡན་ལག་བཟང་མོ་ཞེས་སོགས་དང༌། རྒྱུད་ཚིག་འདིས་ནི་གཙོ་བོར་གནས་གཅིག་ཏུ་སྒོམ་པ་བསྟན་ལ། དབང་ལེར། ཞིང་གི་མཁའ་འགྲོ་མ་རྣམས་ཀྱི་བརྡའ་དང་བརྡའི་ལན་གསུངས་པས་ནི། ཕོ་ཉ་སྒྲུབ་པའི་དོན་དུ་ཡུལ་སྣ་ཚོགས་སུ་རྒྱུ་བའི་སྤྱོད་པ་བསྟན་ཏེ་


TNT04_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་མོ་སྒྲུབ་དགོས་པར་གསུངས་ནས་ཇི་ལྟར་སྒྲུབ་ཚུལ་མི་གསལ་པ་ནི། དཔལ་སྡོམ་པ་སོགས་སུ་འབྱུང་བ་གྲགས་ཆེ་བ་ལ་དགོངས་སོ། །དེ་དག་ནི་རྒྱུད་ལས་བསྟན་ཚུལ་མདོ་ཙམ་སྟེ། གཞན་ཡང་དཔལ་དྲི་མ་མེད་པའི་འོད་ལས་འདི་སྐད་ཅེས། ད་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་པ། རྣལ་འབྱོར་པ་ཞེས་པ་ལ་སོགས་པ་སྟེ། འདིར་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་གྱི་སྤྱོད་པ་རྣམས་པ་གཉིས་གཅིག་ནི་ཕྱིའི་དང་གཉིས་པ་ནང་གིའོ། །དེ་ལ་ཕྱིའི་གང་ཡིན་པ་དེ་འཇིག་རྟེན་པའི་འབྲས་བུའི་རྒྱུ་དང༌། ནང་གི་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་འབྲས་བུའི་རྒྱུད་རྣལ་འབྱོར་པས་བྱའོ། །ཞེས་པ་ནས། རྩའི་སྤྱོད་པའི་ངེས་པའོ་ཞེས་པའི་བར་དུ་རིག་པའི་བརྟུལ་ཞུགས་ཀྱི་སྒོམ་བསམ་དང༌། དགོས་པ་དང༌། ཉམས་ལེན་རྣམས་འཁོར་ལོ་སྡོམ་པའི་དམ་ཚིག་བརྒྱད་དང་བསྟུན་ནས་གསལ་ཞིང་ཚང་བར་གསུངས་ལ། ཡང་སྐབས་འདིར་ཕྱི་རོལ་དུ་ཡང་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་གྱི་བུད་མེད་རྣམས་འཛིན་པ་ནི་བུད་མེད་ཀྱི་སྤྱོད་པ་སྟེ། ཞེས་གསུངས་པས། ཚོགས་ཀྱི་དཀྱིལ་འཁོར་རྒྱས་པ་མ་གྲུབ་ན། ལྷ་ལྔ་ལ་སོགས་པ་ཇི་ལྟར་བདེ་བའི་དཀྱིལ་འཁོར་ཡང་བསྟན་ཏོ། །དེ་བཞིན་དུ། ཉིན་དང་མཚན་དུ་ཐིག་ལེ་དག་ལས་དཀར་པོའི་


TNT04_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་འབབ་གང་ཞིག་མཱ་མ་ཀཱི་དེ་ཆང་མ་ཡིན། །ཞེས་སོགས་དམ་ཚིག་བཞིའི་སྤྱོད་པ་དང༌། ནོར་རྣམས་སྤངས་ལས་སྦྱིན་པ་ཡིད་དང་བུད་མེད་འགྲོགས་པ་ལས་ཀྱང་འཕོ་བ་མེད་པ་ཚུལ་ཁྲིམས་ཏེ། །ཞེས་སོགས་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་ཡང་རིག་བརྟུལ་གྱི་སྤྱོད་པའི་སྒོམ་བསམ་སྟེ། ཕར་ཕྱིན་དྲུག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་མ་འགྲུབ་ཀྱི་གོང་དུ་ཨ་ཝ་དྷཱུ་ཏཱི་དང་ཀུན་བཟང་གི་སྤྱོད་པ་ལ་ཅི་རིགས་པ་སྦྱར་ཞིང༌། ལྷག་མ་བཞིས་ནི་དེ་གྲུབ་པའི་གང་ཟག་གི་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བྱེད་ཚུལ་བསྟན་པ་ཡིན་ནོ། །དེས་པ་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །ཅེས་སོགས་དབང་གི་སྐབས་སུ་དག་པའི་ཚིག་བརྗོད་པ་འདིས་ཀྱང་བསྐྱེད་རིམ་པའམ་རྫོགས་རིམ་པའི་རིག་པ་བརྟུལ་ཞུགས་ཀྱི་འཕྲིན་ལས་བསྟན་པ་ཡིན་ཏེ། ཆོ་གའི་ཡན་ལག་དེ་ཡང་དབང་ཆོག་གཞན་མང་པོར་འབྱུང་བའི་སྤྱོད་པའི་བརྟུལ་ཞུགས་ཉིད་དང་དོན་གཅིག་པ་དང༌། སྤྱོད་བསྡུས་སྒྲོན་མེ་ལས་ཀྱང་སྤྲོས་བཅས་ཀྱི་སྤྱོད་པའི་སྐབས་ན། ཧེ་རུ་ཀ་སོགས་རིགས་ཀྱི་འཁོར་ལོ་སྒྱུར་བ་ཐ་དད་ཀྱི་དཀྱིལ་འཁོར་སྤྲུལ་ནས་མངོན་སྤྱོད་ལ་སོགས་པའི་ལས་སྒྲུབ་པར་གསུང་པ་དང་ཡང་དོན་གཅིག་ཅིང༌། སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་ནི་


TNT04_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །ཞེས་པ་ཡང༌། ཀྱཻ་རྡོ་རྗེ་ལས། ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཕྱི་ནས་སྤྱོད་པ་ཡང་དག་སྤྱོད། །ཅེས་སོགས་དང་དོན་གཅིག་པ་དང༌། འདི་ལ་དག་པའི་ཆོས་བསྟན་པ་ཞེས་བྱ་བ་ཡང་ལམ་གྱི་བོགས་འབྱིན་ཏེ། དག་བྱེད་ཀྱི་ཆོས་ཞེས་བྱ་བའི་དོན་ཡིན་པས་བརྟུལ་ཞུགས་ཀྱི་སྤྱོད་པའི་མིང་ངོ༌། །དེ་ལྟར་ན་རྫོགས་རིམ་གྱི་སྤྱོད་པ་ལ་སྲོག་སྩོལ་གྱི་རིམ་པ་མཐར་ཕྱིན་ན། འཛིན་པ་སྒྲུབ་པའི་དོན་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་དུ་རུང་ཙམ་ཡིན་ཀྱང་མི་སྤྱོད་པ་ཤས་ཆེ་ལ། འཛིན་པའི་དང་པོ་གྲུབ་པ་ནས་མཐར་ཕྱིན་པའི་བར་དུ་ཡང་དེ་དང་འདྲ་སྟེ། གལ་ཏེ་སྤྱོད་ན་ཡང་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་ཡིན་ཞིང༌། སྤྲོས་བཅས་སྤྲོས་མེད་གསུམ་ལས་གང་ཞིག་སྤྱོད་པ་ནི་རང་གི་མོས་པ་དང་སྦྱོར་ལ། གཙོ་བོར་གནས་གཅིག་ཏུ་བསྒོམ་པ་གཙོ་ཆེའོ། །འཛིན་པ་རྫོགས་ནས་རྗེས་དྲན་སྒྲུབ་པའི་དོན་དང༌། རྗེས་དྲན་དང་པོ་སྐྱེས་ནས་མཐར་ཕྱིན་པའི་དོན་ནི། ཨ་ཝ་དྷཱ་ཏཱི་འཇིག་རྟེན་པའི་མངོན་དུ་སྤྱོད་པ་གཙོ་ཆེ་ཞིང༌། རྗེས་དྲན་གྱི་ཕྱེད་མན་ཆད་ནས་ཀུན་བཟང་གི་སྤྱོད་པ་ཡང་འབྱུང་ལ། རྗེས་དྲན་གྱི་གནས་སྐབས་དང་པོ་གཉིས་ལ་སྤྲོས་བཅས་སྤྲོས་མེད་གང་རུང་དང༌། ཕྱི་མ་ལ་ཤིན་ཏུ་སྤྲོས་མེད་སྦྱོར་ཏེ། འདི་རྣམས་ཀྱང་གནས་གཅིག་ཏུ་འདུག་པ་གཙོ་བོ་ཡིན་ནོ། །


TNT04_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡན་ཆད་དུ་ཕོ་ཉ་མོའི་འདུ་བ་སྒྲུབ་ན། ཞིང་དུ་སྤྱོད་དགོས་པ་ཡིན་ཀྱང་དེ་སྒྲུབ་དཀའ་བའམ། སྒྲུབ་མི་དགོས་པའམ། གཡེང་རྐྱེན་དུ་འགྱུར་བ་ཤས་ཆེ་བས་ཕལ་ཆེར་མི་སྒྲུབ་པ་གཙོ་ཆེའོ། །རྗེས་དྲན་རྫོགས་ནས་ཏིང་ངེ་འཛིན་སྒྲུབ་པའི་དོན་དང༌། ཏིང་ངེ་འཛིན་དང་པོ་སྐྱེས་པ་ནས་སྐད་ཅིག་ཐ་མ་མ་གཏོགས་ཏིང་ངེ་འཛིན་མཐར་ཕྱིན་པའི་བར་དུ་ནི། ཀུན་བཟང་གི་སྤྱོད་པ་ཁོ་ན་ཏེ། སྤྲོས་བཅས་སོགས་གསུམ་ནི་རང་གི་མོས་པ་དང་སྦྱོར་བ་དང༌། ཕོ་ཉ་མོའི་འདུ་བ་ནི་ངེས་པར་དགོས་ལ་འགྲུབ་པར་ཡང་ངེས་མོད་ཀྱི། ཏིང་ངེ་འཛིན་གྱི་རིམ་པའི་ཉམས་རྟོགས་དང་ལྡན་པས། ཕོ་ཉ་འགྲུབ་པ་ལ་ཞིང་རྣམས་སུ་ངེས་པར་འགྲོ་དགོས་པའང་མིན་པས་གནས་གཅིག་ཏུ་འདུག་པ་དང༌། ཞིང་རྣམས་སུ་རྒྱུ་བ་རང་གི་མོས་པ་དང་སྦྱར་བའི་འདམ་ཁ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྐད་ཅིག་མ་ཐ་མ་ནི་ཀུན་བཟང་ནས་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པར་འཕོ་བའི་མཚམས་ཉེ་རྒྱུ་མངོན་བྱང་གི་སྤྱོད་པས་སྒྲུབ་པ་ཡིན་ལ། དེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་ནས་རྡོ་རྗེ་འཛིན་པ་འཕགས་པའི་མཆོག་རྣམས་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེར་སྤྱོད་པ་ནི། རང་གི་ཏིང་ངེ་འཛིན་གྱི་སྟོབས་ཁོ་ནས་གཞན་ཐམས་ཅད་ཟིལ་གྱིས་གནོན་ཞིང་གཞན་གྱིས་ཚུར་ཕན་པར་ནུས་པ་འགའ་ཡང་མེད་དེ། ས་གོང་མ་ལ་གནས་པའི་འཕགས་པ་རྣམས་ནི་


TNT04_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་སོ། །འདི་ལ་ནི་ཐ་སྙད་ཀྱི་དབང་གིས་སྤྲོས་བཅས་ལ་སོགས་པ་གསུམ་དང༌། གནས་གཅིག་དང་ཞིང་དུ་རྒྱུ་བའི་དབྱེ་བའི་ཐ་སྙད་ཙམ་བྱེད་མོད་ཀྱི། ལྡོག་ཆ་ཙམ་མ་གཏོགས་དོན་ལ་དབྱེ་བ་མེད་དེ། མཐའ་ཡས་པའི་སྤྲུལ་པ་ཅིག་ཅར་སྤྱོད་པའི་ཕྱིར་རོ། །འཕགས་པའི་ས་བཅུ་གཅིག་པའི་མཐར། ཉེ་རྒྱུའི་སྤྱོད་པ་མངོན་པར་བྱང་ཆུབ་པ་ཆེན་པོ་ལ་བརྟེན་ནས་རྒྱུན་གྱི་མཐའི་ཡེ་ཤེས་མངོན་དུ་བྱས་ཏེ། བླ་ན་མེད་པའི་བྱང་ཆུབ་མཆོག་ལ་སྦྱོར་བ་ཡིན་ནོ། །མངོན་བྱང་སྔ་ཕྱི་འདི་གཉིས་ཀར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པར་བསྡུའོ། །གཉིས་པ་ཉེ་རྒྱུའི་སྤྱོད་པ་བྱེ་བྲག་ཏུ་བཤད་པ་ནི། དཔལ་ལྡན་རྒྱུད་ལས། སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་པའི་བསྐྱོད་པ་ཉི་མའི་གཟུགས་སུ་རབ་ཏུ་འགྱུར། །ཞེས་སོགས་གོང་དུ་དྲངས་པ་ལྟར་དང༌། ཟླ་བ་ཉི་མའི་གཟུགས་ནི་ཟོས་ན་མཁའ་ལ་ཉིན་མོ་དང་ནི་མཚན་མོ་ནམ་ཡང་མིན་པ་ ཉིད། །ཐུན་མཚམས་དེ་ནི་རྣལ་འབྱོར་རྣམས་ཀྱི་ལུས་ཀྱི་དབུས་སུ་དུས་ཀུན་བདུད་རྩིའི་གོ་འཕང་ལ་གནས་པའོ། །ཕྱོགས་ཟད་ཟླ་བ་མཁའ་ལ་གནས་པ་ཉི་མའི་གཟུགས་ལ་རོ་ནི་མཉམ་པར་གྱུར་པ་ཇི་ལྟ་བར། །སྲོག་དང་ཐུར་སེལ་ཟད་པར་གྱུར་ན་གསལ་བར་ཡང་ནི་ལུས་ལ་དངོས་གྲུབ་དུས་སུ་དེ་འགག་གོ །ཞེས་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱིས་ཡང་


TNT04_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་དངོས་སུ་དབང་བསྐུར་ཏེ། དེའི་དུས་སུ་སྟོང་གཟུགས་ཉིད་ཀྱི་རིག་མ་གྲངས་མེད་པ་དང༌། ཡིད་ཀྱི་ལུས་ཅན་གྱི་ལས་གྱི་ཕྱག་རྒྱ་ཡང་མཆོག་རྣམ་པ་མང་པོ་དང་ལྷན་ཅིག་ཏུ་རྗེས་སུ་སྤྱོད་པའི་དབང་གི་ཡེ་ཤེས་ལ་བརྟེན་ནས། ཁུ་རྡུལ་རླུང་གསུམ་གྱི་བགྲོད་པ་དབྱིངས་སུ་དག་པའི་མངོན་བྱང་ལྔ་ལས་ཟུང་འཇུག་གི་ལྷ་སྐུར་བཞེངས་པའི་གནས་སྐབས་ཐོབ་པ་དེ་ནི་འདོད་པའི་དངོས་གྲུབ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང༌། མཆོག་གི་དངོས་གྲུབ་ཅེས་བྱ་སྟེ་གཞན་ལས་སློབ་པའི་ཟུང་འཇུག་ཅེས་གསུངས་པ་ཡང་འདི་ཁོ་ནའོ། །ཟུང་འཇུག་གི་སྐུ་དེའི་ངོ་བོ་གང་ཞེ་ན། ཇི་སྐད་དུ། ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམ་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དྭངས་ཤིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་གསུངས་ཏེ། སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ཅེས་པས་ནི། ཡེ་ཤེས་ཀྱི་སྣང་བའི་ཞིང་ཁམས་དང་འབྱོར་བ་གསལ་བར་བསྟན་ལ། ལྷན་ཅིག་སྐྱེས་པས་འཁྱུད་


TNT04_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་པ་ནི་རྣམ་པ་ཐམས་ཅད་པའི་རིག་མས་འཁྱུད་པ་སྟེ་ཡེ་ཤེས་རྡོ་རྗེ་ཡིན་ལ། གཞན་རྣམས་གོ་སླ་སྟེ། རྡོ་རྗེ་བཞི་དབྱེར་མི་བྱེད་པའི་སྐུ་ཞིང་ཁམས་མཆོད་པ་དང་བཅས་པའོ། །མངོན་པར་བྱང་ཆུབ་པ་ཆེན་པོ་ནི་མཉམ་གཞག་ལམ་སྦྱོར་བ་ཡན་ལག་དྲུག་མཐར་ཐུག་པ་དང༌། རྗེས་ཐོབ་ཀྱི་མིང་ཅན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་མཐར་ཐུག་པ་ཚོགས་པ་གཅིག་ཏུ་འདྲེས་པ་སྟེ། སྔར་གྱི་མངོན་བྱང་དང་རྣམ་གཞག་མཚུངས་པ་ལས། སྐབས་འདིར་ནི། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་དང་བཅས་པས་དབང་བསྐུར་བ་ནི་ཁྱད་པར་རོ། །དེ་ལྟར་ཡང་རྒྱུད་ཀྱི་རྒྱལ་པོ་ལས། ཟླ་བ་ཉི་མའི་རྒྱུ་བ་ཉམ་ཞིང་ལམ་ནི་གཉིས་ཀ་ཡི་ཡང་སྲོག་གི་རླུང་ནི་ཆེན་པོ་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཅན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་གྱུར་རྣམས་གསུམ་སྲིད་པར་གནས་པའི་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་སྟེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་འགྲོ། །ཞེས་གསུངས་ཏེ། མངོན་བྱང་སྔ་མའི་དུས་སུ་མེད་པའི་ཁྱད་ཆོས་རླུང་ནི་ཆེན་པོ་ཞེས་པ་དང༌། ཉི་མའི་གཟུགས་ཅན་ཆེན་པོ་ཞེས་པ་དང༌། དངོས་དང་དངོས་མེད་གཅིག་གྱུར་ཞེས་དང༌། གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་


TNT04_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟུང་འཇུག་གི་མཆོག་ཏུ་བཤད་དེ། ཚིག་ཟུར་དེ་རྣམས་ཀྱི་ནུས་པ་སོ་སོར་ཤེས་པར་བྱའོ། །གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དང་མཆོད་པའི་བཀོད་པ་བསྟན་པ་ནི། ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་གྱུར། །དེ་ཡིས་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ཞེས་གསུངས་པ་སྟེ། དུས་ཀྱི་གནད་ལ་སོགས་པ་ངེས་པར་ཅན་འདི་ནི་དངོས་སུ་མངོན་པར་བྱང་ཆུབ་པ་སྔ་མ་ཆུང་ངུའི་སྐབས་ཀྱི་ཡིན་མོད་ཀྱི། གདུལ་བྱ་གཞན་སྣང་དུ་མངོན་བྱང་ཆེན་པོའི་གནས་སྐབས་སུ་ཡང་དེ་དང་མཐུན་པར་སྟོན་ཞིང༌། རང་སྣང་ལ་ནི་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་རྒྱལ་སྲས་མཐའ་དག་གི་འཁོར་ལོས་བསྒྱུར་བ་ཆེན་པོར་དབང་བསྐུར་བ་ཡིན་པས། དེའི་བཀོད་པ་མཐའ་ཡས་པ་སུ་ཞིག་གིས་བརྗོད་པར་ནུས། གཞན་ཡང་སྐབས་འདིར་དགོས་པའི་གནས་སྐབས་འདི་ཡོད་དེ། རྒྱུད་ལས། རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལ་སྟེ། །གལ་ཏེ་


TNT04_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་རབ་ཞུགས་ཤི་བར་གྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་གསུངས་ཤིང༌། འགྲེལ་ཆེན་ལས། བརྩོན་འགྲུས་དང་མི་ལྡན་ཞིང་ཡེ་ཤེས་མ་བསྒོམས་ཀྱང་སྐྱེ་བ་བདུན་གྱི་མཐར་ཐུག་པའོ། །ཞེས་གསུངས་པ་ལ། བརྩོན་འགྲུས་དང་ལྡན་པས་སྐྱེ་བ་འདི་ཉིད་ལ་སངས་རྒྱ་བར་གསུངས་ཤིང༌། དེ་ཡང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བར་གྲགས་ན། ལུས་འདི་ཉིད་དང་བཅས་བཞིན་དུ་སངས་རྒྱས་ཀྱིས་མངོན་དུ་བྱེད་པ་མ་ཡིན་ནམ་སྙམ་པའོ། །དེ་ལ་སྨྲས་པ། མ་དག་པའི་ལུས་འདི་ནི་མེད་བཞིན་དུ་འཁྲུལ་བའི་སྣང་བ་ཡིན་ན། འཁྲུལ་པ་ཟད་པའི་སངས་རྒྱས་ཀྱི་རྟེན་དུ་ག་ལ་འགྱུར། ཁྱེད་ཀྱི་འདི་ནི་རབ་རིབ་སངས་པ་ན། སྐྲ་ཤད་ཀྱི་སྣང་བ་དང་བཅས་བཞིན་དུ་གཟུགས་ཕྲ་མོ་རྣམས་མཐོང་བར་འགྱུར་རོ། །ཞེས་ཟེར་བ་དང་འདྲའོ། །དེས་ན་མ་དག་པའི་རྣམ་སྨིན་གྱི་ལུས་མཐོང་ལམ་དུ་སྤངས་པ་དེ་ཡང་གདོས་བཅས་ཀྱི་ཕུང་པོ་བཞག་པ་མ་ཡིན་པས། ཚེ་གཅིག་གི་རྒྱུ་ཁོ་ན་ཡིན་ལ། རྣམ་སྨིན་འཁོར་བའི་ལུས་གཉིས་པ་མ་བླངས་པས་ལུས་གཅིག་གི་ཐ་སྙད་ཀྱང་རུང་ལ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པ་ལ་མངོན་པར་རྫོགས་པར་སངས་རྒྱས་པར་ཐ་སྙད་བཏགས་པ་ཡང་ཡིན་ནོ། །


TNT04_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ཆོས་འདི་ལ་མཁས་པར་གྲགས་པ་མང་པོ་ཞིག་གིས་ཀྱང་སྤྱོད་པའི་རྣམ་གཞག་རྒྱུད་ལས་ཇི་ལྟར་བསྟན་ཚུལ་གྱི་ཕྱོགས་མཐོང་ཙམ་ཡང་དཀོན་པར་འབྱུང་སྣང་བས་འདིར་ཁུངས་ཙམ་བསྟན་པ་ཡིན་གྱི། སྐབས་དོན་གྱི་གཙོ་བོ་མིན་པས་ཞིབ་ཏུ་མ་བསྟན་ཏོ། །ཕྱིས་ཀྱི་མཁས་པ་ཁ་ཅིག་གིས་རྫོགས་རིམ་གྱི་ལམ་སྲོལ་འདི་ལ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་དུ་མ་བྱས་ཤིང༌། སྐབས་འདིར་ཡང༌། རྒྱུད་འདིར་སྤྱོད་པ་བཤད་ཀྱང་བོགས་འབྱིན་གྱི་སྤྱོད་པ་མེད་ཟེར་བ་སོགས་སྒྲོ་བཏགས་དུ་མ་ཞིག་འདུག་ཀྱང་ཡི་གེ་མངས་པར་འགྱུར་བའི་ཕྱིར་རེ་ཞིག་དཔྱད་པ་རྣམས་མ་བྲིས་སོ། །རྩ་བའི་གསུམ་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་སངས་རྒྱས་ཀྱི་སའི་རང་བཞིན་ནི། དེ་ལ་མངོན་པར་བྱང་ཆུབ་པ་ཆེན་པོས་ཁུ་རྡུལ་རླུང་གི་བག་ཆགས་ཕྲ་མོ་རྣམས་ཞིག་ནས་འཛག་བདེའི་བག་ཆགས་གཏན་ནས་སྤངས་ཤིང༌། རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །དེ་ལ་སངས་རྒྱས་རྣམས་ཀྱི་སྐུ་བཞི་ནི། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། འདི་ནི་ལོངས་སྤྱོད་རྫོགས་པའི་


TNT04_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པའོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །ཞེས་སྐུ་བཞི་དང༌། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། །དྲི་མེད་ནོར་བུ་ལྟ་བུར་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་རྡོ་རྗེ་བཞི་དང༌། དེ་ལྟར་སངས་རྒྱས་སྐུར་གྱུར་བདེ་བ་གཅིག་པུའི་རང་བཞིན་ཕྱིར་ན་འཆི་བར་ཡང་ནི་མི་འགྱུར་རོ། །དེ་གཅིག་པུ་ལས་མཐའ་དག་རྒྱལ་བ་མཆོག་འདི་རྣམས་ཀྱི་རྣམ་པ་ལྔ་ཡི་མངོན་རྫོགས་བྱང་ཆུབ་དང༌། །རྣམ་པ་ཉི་ཤུའི་རང་བཞིན་དང་ནི་སླར་ཡང་དེ་ནས་སྒྱུ་འཕྲུལ་དུ་མའི་རང་གི་ངོ་བོའོ། །ཞེས་བྱང་ཆུབ་རྣམ་པ་བཞི་དང༌། གཞན་ཡང་ལྟ་བའི་འདོད་པ་མདོར་བསྟན་པ་ལས། སངས་རྒྱས་ཤཱཀྱ་སེངྒེ་ཡིས། །སེམས་ཅན་བསམ་པའི་དབང་དག་གིས། །སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་རུ་གསུངས་པ་སྟེ། །སངས་རྒྱས་ཐོག་མ་ཐ་མ་མེད། །


TNT04_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་སངས་རྒྱས་རིས་མེད་པ། ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །ཇི་ལྟར་གཟུགས་ཀྱི་སྐུ་དང་ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ། །སེམས་ཅན་བསམ་པའི་དབང་གི་ཕྱིར། །བསྟན་བཅོས་སྐྱབས་གནས་གསུམ་པོས་གསུངས། །ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། །སྐུ་གསུམ་དུ་ནི་རབ་ཏུ་བསྒྲགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་རྣམས། །སྔགས་ཀྱི་ཚུལ་ལ་མི་ཡིས་སྒྲུབ། །ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། དེ་བཞིན་གཞན་པ་སྤྲུལ་པ་དང༌། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་ བཤད། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་ བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་ འཆང། །གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ །སྒྲ་ཡི་ཕུང་པོ་མཐའ་ཡས་བ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུ་རབ་བསྒྲགས། །ཡེ་ཤེས་ཕུང་པོ་མཐའ་ཡས་པ། །བདག་གི་ཡེ་ཤེས་སྐུ་རབ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག །གོང་བུ་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་བསྒྲགས། །ཞེས་སྐུ་


TNT04_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང༌། སྐུ་གཉིས་དང༌། སྐུ་གསུམ་དང༌། སྐུ་བཞི་དང༌། སྐུ་ལྔའི་བར་དུ་གསུངས་ལ། སྤྱིར་སྐུ་བཅུ་དྲུག་ལ་སོགས་པ་མཐའ་ཡས་པའི་བར་དུའང་གསུངས་སོ། །དེ་ཡང་ཐབས་མི་འགྱུར་པའི་བདེ་བ་དང༌། ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཟུང་དུ་འཇུག་པ་ནི། ལྷན་ཅིག་སྐྱེས་པའི་སྐུ་ཡིན་ལ། ཟུང་འཇུག་དེ་ཉིད་ཀྱི་སྒྲིབ་པ་དང་བྲལ་བའི་ཆ་དང༌། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཆ་ནས་ཆོས་ཀྱི་སྐུ་ཡིན་ལ། དེ་ཉིད་གསུངས་དབྱངས་སྒྲ་སྐད་ཐམས་ཅད་པའི་ངོ་བོ་ཡིན་ཞིང༌། གཞན་སྣང་དུ་ཆོས་འཁོར་མ་ལུས་པ་སྐོར་བར་བྱེད་པ་པོ་ཡིན་པའི་ཆ་ནི་ལོངས་སྤྱོད་རྫོགས་སྐུ་དང༌། སེམས་ཅན་སྨིན་པའི་སླད་དུ་སྐུའི་བཀོད་པ་སྣ་ཚོགས་པར་སྟོན་པ་ནི་སྤྲུལ་པའི་སྐུའོ། ཁམས་གསུམ་དུ་སྐུའི་བཀོད་པ་སྟོན་པ་ལ་སྤྲུལ་སྐུ་དང༌། འོག་མིན་སོགས་དག་པའི་ཞིང་མཆོག་ཏུ་སྐུའི་བཀོད་པ་སྟོན་པ་ལོངས་སྐུ་ཞེས་ཐེག་པ་སྤྱི་ལ་གྲགས་པ་ཡང་འདིར་འདོད་ལ། གདུལ་བྱ་གཞན་སྣང་དུ་སྐུའི་བཀོད་པ་སྟོན་ཚད་ལ་སྤྲུལ་སྐུར་འཇོག་པའི་སྐབས་ཀྱང་ཡོད་དེ། གང་ལྟར་ཡང་གཞན་སྣང་དུ་སྐུའི་བཀོད་པ་སྟོན་ཚུལ་གསུམ་སྟེ། ཕུང་པོ་ལྔ་ཡི་རང་བཞིན་རྣམས་ཀྱི་རྡོ་རྗེ་བཙུན་མོའི་


TNT04_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ག་རྣམས་ལ་བཞུགས་པ་བརྩེ་བ་ཡིས། །ངེས་པ་རྣམ་པར་མ་བསྒྲུབས་བསོད་ནམས་བསགས་པ་མིན་པའི་སེམས་ཅན་རྣམས་ནི་སྨིན་པའི་དོན་དུ་སྟེ། །ཞེས་འཛམ་བུའི་གླིང་དུ་ཡབ་ཡུམ་སོགས་བསྟན་པའི་སྐུ་དང༌། གཙང་མའི་གནས་ལ་སོགས་པར་བཅོམ་ལྡན་གང་ཞིག་རྣམ་པར་བཞུགས་པ་ཉན་ཐོས་རྣམས་ཀྱི་སླད་དུའོ། །ཞེས་གནས་གཙང་མ་ཆེན་པོར་བཞུགས་པ་དང༌། གང་ཞིག་ཨེ་ཝཾ་ཡི་གེ་ལ་གནས་མཆོག་ཞི་ངེས་པར་ཅན་རྣམས་མཆོག་ལ་འགོད་པའི་དོན་དུའོ། །ཞེས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་རྒྱལ་སྲས་མཆོག་རྣམས་ལ་ཆོས་གསུང་པའི་སྐུ་སྟེ་གསུམ་མོ། །གཞན་ཡང་རིགས་དྲུག་གི་དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་ནི། ཇི་སྐད་དུ། རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་བྱུང་བར་གྱུར། །གདུག་པ་རྣམས་ནི་སྨིན་པའི་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད། །བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་གི་པདྨ་རལ་གྲི་དོན་ཡོད་གྲུབ་པ་བྱུང་བར་གྱུར། །ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་གང་དུས་མཐའི་རྩེ་མོ་ཅན་མཚུངས་དེ་ནི་མཁའ་འགྲོ་མར་བྱུང་གྱུར། གཏི་མུག་དག་ལ་སྤྱན་མ་ཞེས་


TNT04_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་རྒྱུ་ལས་སོ། །ཆགས་ལས་དེ་ནི་གོས་དཀར་ཞེས་བྱ་མཐའ་དག་ཡོན་ཏན་གཏེར་ཏེ་སྒྲོལ་མ་ཡང་ནི་ཕྲག་དོག་ལས། སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་ཡུལ་དང་ཡུལ་ཅན་གཞན་རྣམས་ཐམས་ཅད་དུ་ཡང་བྱུང་བར་གྱུར། །ཞེས་གསུངས་ཤིང༌། སངས་རྒྱས་རང་སྣང་གི་སྐུ་དང་ཞིང་ཁམས་ནི་གཞན་ལ་བསྟན་ཡང་རྟོགས་པར་མི་ནུས་པའི་ཕྱིར། གསལ་པོར་མ་བརྗོད་དོ་ཞེས་སྟོན་པ་ནི། རྒྱལ་བ་རྣམས་ཀྱི་འཇིག་རྟེན་ཁམས་ལ་ཚད་གསུངས་གང་ཡིན་དེ་ཡང་མི་རྣམས་ཀྱི་ནི་ཡེ་ཤེས་མིན། །སངས་རྒྱས་རྣམས་ལ་ལྷན་སྐྱེས་ལུས་ཀྱི་དབང་གིས་ཁྲུ་ནི་གཅིག་དང་དུ་མ་དག་གི་ཚད་མེད་དེ། །ལས་ཀྱི་སར་ནི་སྲོག་ཆགས་རྣམས་ལ་སེམས་ཅན་རྗེས་མཐུན་ཚད་དག་རྟག་ཏུ་རབ་ཏུ་གསལ་བར་མཛད། །གལ་ཏེ་ཚད་འདི་བདག་གི་འདོད་པ་བརྗོད་ན་ལྷ་རྣམས་ཀྱིས་འདི་མེད་པ་བ་ཞེས་བརྗོད་པར་འགྱུར། །ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ལྷན་སྐྱེས་ཀྱི་སྐུ་དང༌། ཞིང་ཁམས་སོགས་ཐམས་ཅད་ཡེ་ཤེས་གཅིག་གི་ངོ་བོ་ཡིན་ལ། གནས་སྐབས་དེ་དང་དེ་ཐམས་ཅད་ཀྱང་ཡོད་ལ། གཉིས་སུ་མ་གྲུབ་ཅིང་གཉིས་སུ་སྣང་བ་ཡང་མེད་པ་དང༌། ཁ་ཅིག་གི་འདོད་པ་ལྟར་ལྡོག་ཆ་ཙམ་མ་གཏོགས། དོན་དམ་པའི་


TNT04_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེ་དང་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་དངོས་གནས་ལ་མེད་ཅེས་ཟེར་བ་དེ་ཡང་མ་ཡིན་ཏེ། གཅིག་ཀྱང་ཡིན་ལ་ཐམས་ཅད་ཀྱང་སྣང་ཞིང༌། གཅིག་ཏུའང་སྣང་བ་སོགས་འགལ་འདུས་སྐྱོན་མེད་ཀྱི་ཕུང་པོ་ཡིན་པས། ཚིག་ཏུ་བརྗོད་ཀྱང་ལྷ་མི་རྣམས་ཀྱིས་མི་རྟོགས་པའི་ཕྱིར་ཚད་ཀྱི་རྣམ་གཞག་ཀྱང་མཛད་ དོ། །དོན་ལ་འོག་མིན་ལ་སོགས་པའི་གནས་དེ་དག་ཀྱང་ཕྱོགས་འདི་ལྟ་བུ་ན་ཡོད་ཅེས་བརྗོད་ཏུ་མེད་ཅིང༌། སྐུ་དང་ཞིང་ཁམས་གཅིག་པུ་དེ་ཉིད་ཀྱིས་མ་ཁྱབ་པའི་ནམ་མཁའི་ཁམས་གང་ཡང་མེད་དེ། ཤིན་ཏུ་ཞིབ་མོར་དཔྱད་ན་སྣོད་བཅུད་ཀྱི་དངོས་པོ་གང་ཡང་གདོད་ནས་མ་གྲུབ་པར་མ་ཟད། ཕྱོགས་ཙམ་དང་དུས་ཙམ་ཡང་འཁྲུལ་སྣང་ལ་ཤར་བ་མ་གཏོགས་དངོས་གནས་ལ་མེད་པས་སངས་རྒྱས་རྣམས་ཀྱི་ལྷན་སྐྱེས་ཀྱི་ཞིང་ཁམས་དང་སྐུ་དེ་མ་དག་པའི་སྣོད་བཅུད་འདི་དང་འདིའི་ཐད་ཀ་འདི་ལྟ་བུ་ན་ཡོད་དོ་ཞེས་ག་ལ་བརྗོད་ནུས་ཏེ། དཔེར་ན་གཉིད་སད་དུས་ཀྱི་ཤིང་སྡོང་དེ་རྨི་ལམ་གྱི་སྐྱེད་མོས་ཚལ་དང༌། ཆེ་ཆུང་འཚམ་མི་འཚམ་མམ་དེའི་ཕྱོགས་ཀྱི་ཆ་ག་ལས་སྐྱེས་ཞེས་དཔྱད་པ་བྱར་མེད་པ་དང༌། མཚན་མོ་གཉིད་ལོག་པའི་རྨི་ལམ་དུ་ཉིན་མོའི་སྣང་བ་ཤར་ན། གཉིད་དུ་མ་སོང་བའི་སྐྱེས་བུ་ཉིན་མོ་ལམ་དུ་འགྲོ་བ་དེ་རྨི་ལམ་གྱི་ཉིན་མོའི་སྔ་དྲོའམ་ཕྱི་དྲོ་གང་ལ་འགྲོ་སྟོན་


TNT04_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད་པ་བཞིན་ནོ། །ཚུལ་འདི་ལྟ་བུ་བཤད་ན། གཞན་ལྟ་ཅི་སྨོས་འདས་པ་དང་མ་འོངས་པ་དང་སྔོན་དང་ཕྱི་མ་ལ་སོགས་པ་གང་ཡང་མ་གྲུབ་པར་འདོད་པའི་ཕྱིར་འདི་ནི་མེད་ལྟ་ཆེན་པོ་ལས་ཀྱང་ཆེན་པོའོ་ཞེས་མ་དད་པར་འགྱུར་བས་མ་སྦྱངས་པའི་འཁོར་རྣམས་ལ་མ་བསྟན་ཏོ། །ཞེས་པའོ། །འོ་ན་ཚད་མེད་པ་ལ་ཚད་གསུངས་ན་རྫུན་དུ་མི་འགྱུར་རམ་སྙམ་ན་མི་འགྱུར་ཏེ། དོན་དམ་ཡེ་ཤེས་ཀྱི་ཞིང་ཁམས་ཚད་མེད་པ་ལ་དཔག་ཚད་བྱེ་བའི་ཚད་དུ་གསུངས་སྲིད་ན། དོན་དམ་དེ་ནི་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། ཕྱོགས་གཅིག་ནས་དཔག་ཚད་བྱེ་བའི་རྣམ་པར་ཡང་གནས་པས་འགལ་བ་ནི་མ་ཡིན་ལ། དེ་དང་དེར་གསུངས་པ་ལ་དགོས་པ་ཁྱད་པར་ཅན་དང་ཡང་ལྡན་པའི་ཕྱིར་རོ། །ཡང་རྒྱུད་ལས། དཔལ་ལྡན་ཟླ་བ་དང་ནི་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་ བ། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་བརྟེན་ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་འགྱུར་བ་ཇི་བཞིན་ཉིད་དུ་ཆོས་དག་ནི། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱི་རྣམ་པ་མང་པོར་འགྱུར་ཏེ་སྔོན་གྱི་ལས་ཀྱི་མཐུ་ལས་སོ། །ཞེས་རྣམ་


TNT04_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་དང༌། དེ་བཞིན་དུ་གཞན་ཡང༌། ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡི། །ཞེས་གསུངས་པས། གཟུགས་ཀྱི་ཁམས་ན་ལོངས་སྤྱོད་རྫོགས་སྐུ་བཞུགས་སོ་ཞེས་རྟོག་གེ་འབར་བ་སོགས་ལས་འཆད་པ་ལྟར་མ་ཡིན་ནམ་སྙམ་ན། མ་ཡིན་ཏེ་འདི་ནི་སྐུ་གསུམ་གྱི་བྱིན་རླབས་ཀྱིས་འཕྲིན་ལས་ཁམས་གསུམ་ལ། འཇུག་ཚུལ་བསྟན་པའི་སྐབས་ཡིན་པས་དེར་བཞུགས་པའི་རྒྱུ་མཚན་དང་མ་འབྲེལ་ལ། གཞན་དུ་ན་སྔར་དྲངས་པ་ལྟར་ཉན་ཐོས་རྣམས་ཀྱི་སླད་དུ་ཞེས་འབྱུང་བས་ཉན་ཐོས་ཀྱི་ལོངས་སྐུ་མཐོང་བར་ཐལ་བར་འགྱུར་རོ། །དེས་ན་འདི་དག་རྣམས་ཀྱི་དུས་ཀྱི་འཁོར་ལོ་ཞེས་སོགས་དེ་རྣམས་ཀྱི་དོན་ནི། འདོད་པའི་ཁམས་ལ་སྤྲུལ་སྐུ་དང༌། གཟུགས་ཁམས་ལ་ལོངས་སྐུ་དང༌། ནམ་མཁའ་སྟེ་གཟུགས་མེད་ཁམས་དང་རྒྱལ་སྲས་དང་དགྲ་བཅོམ་གྱི་ཞིང་ཁམས་དག་པ་རྣམས་སུ་ཆོས་སྐུའི་བྱིན་རླབས་གཙོ་བོར་འཇུག་ཅེས་བྱ་བའི་དོན་ཡིན་ཏེ། དེ་ཡང་དག་སྦྱོར་གྱི་དགོས་པའི་དབང་གིས་སོ། །དེ་བཞིན་དུ་གཞན་ལས་འབྱུང་བ་ལྟར་ཡན་ལག་བདུན་དང་རོ་མྱང་བརྒྱད་དང༌།


TNT04_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་བརྒྱད་ལ་སོགས་པའི་མཚན་ཉིད་སྔགས་ཀྱི་ཐེག་པ་ལས་གསུངས་པ་ཐུན་མོང་མ་ཡིན་པ་དང༌། ཟག་མེད་ཀྱི་ཡོན་ཏན་སྡེ་ཚན་ཉེར་གཅིག་ལ་སོགས་པ་ཕ་རོལ་དུ་ཕྱིན་པའི་གཞུང་ལས་འབྱུང་བའི་ཐུན་མོང་བ་རྣམས་ཏེ། དེ་སྐད་དུ་ཡང༌། སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྤྲུལ་པ་སྒྱུ་མ་ནི། །སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་དྲ་བ་ཇི་བཞིན་ཉིད་དུའོ། །ཞེས་སོགས་སྔ་ཕྱི་ཐམས་ཅད་དུ་རྒྱས་པར་གསུངས་ཤིང༌། འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་བའི་དོན་སྤྱོད་པའི་ཚུལ་ཡང༌། དོན་གཅིག་དུ་མའི་སྐད་ནི་རང་རང་དངོས་པོ་རྣམས་ཀྱིས་སྲོག་ཆགས་རྣམས་ཀྱི་སྙིང་ལ་རབ་ཏུ་འཇུག །གནས་ཅན་རྣམས་ཀྱི་བསོད་ནམས་སླད་དུ་འཁོར་ལོར་གནས་པ་བསོད་སྙོམས་ལ་ནི་རྣམ་པར་རྒྱུ་རུ་གཤེགས། །དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་དང་མི་ནི་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟ་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་ནི་གསུངས་བྱེད་ཅིང༌། །རང་རང་སྐད་གཞན་དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །ལྷ་ཡི་སྐད་ཀྱང་མིན་པ་འདི་ནི་བདེ་མཉམ་


TNT04_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུངས་ཡིན་ནོ། །ཞེས་སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པར་འཕྲུལ་པ་མཐའ་ཡས་པས་འཁོར་བ་ཇི་སྲིད་པ་དང༌། ནམ་མཁའ་ཇི་སྲིད་པའི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་གྲོལ་བའི་ཕན་པ་དང་བདེ་བ་ཕུན་སུམ་ཚོགས་པ་གཞལ་བ་ལས་འདས་ཤིང་དཔག་ཏུ་མེད་པས་ཕྱོགས་བཅུ་རབ་འབྱམས་མུ་མེད་པ་ཁྱབ་པར་མཛད་པའི་འཕྲིན་ལས་རྒྱུན་མི་འཆད་པར་སྤྱོད་པ་ཡིན་ནོ། །འདིར་སྨྲས་པ། སྟོབས་བཅུ་མངའ་བའི་འཕྲིན་ལས་ནམ་མཁའ་ལྟར་ཡངས་པ། །མཐའ་དག་དམ་པའི་ལམ་ལ་འགྲོ་རྣམས་འགོད་པ་ཉིད། །གཞན་ནི་འགྲོ་བ་བདེ་མཛད་བསམ་གྱིས་མི་ཁྱབ་མོད། །དེ་ཀུན་གྲོལ་བའི་ཕྱིར་ཡིན་དགོས་པ་གཞན་མ་མཐོང༌། ཐབས་གཞན་གྱིས་ཀྱང་གྲོལ་བར་སྤྱོད་པ་ཡོང་མིན་ པས། །མཆོག་གི་གནས་ཐོབ་རྒྱུ་ནི་ལམ་སྟོན་ཁོ་ན་ཡིན། །དེ་བས་བརྩེ་ལྡན་རྣམས་ཀྱིས་དོན་དུ་གཉེར་བྱ་ནི། །ཟབ་མོའི་ལམ་མཆོག་འཚོལ་བ་ཉིད་ལས་གཞན་དུ་མེད། །ཐ་དད་བསམ་པ་དང་མཚུངས་ཆོས་སྒོ་མཐའ་ཡས་ཀྱང༌། །ཀུན་གྱི་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ཁོ་ན་ཏེ། །ལམ་གཞན་ཀུན་གྱི་གནད་ཀྱང་འདི་ལས་རྟོགས་པར་འགྱུར། །གཞན་ལས་མི་གསལ་ངེས་པའི་དོན་ཀུན་འདིར་གསལ་བ།


TNT04_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རྣལ་འབྱོར་འདི་ནི་རྒྱལ་བའི་བགྲོད་གཅིག་ལམ། །དཔག་ཡས་རྣལ་འབྱོར་དབང་པོ་རྣམས་ཀྱིས་བསྟེན་པ་སྟེ། །མཚན་ཙམ་ཐོས་ཀྱང་མ་རིག་འཁྲུལ་འཁོར་ལན་བརྒྱར་འཇིག །བསམ་དང་ཅུང་ཟད་བསྒོམས་ན་གོ་འཕང་མཐོན་པོར་བགྲོད། །ལམ་འདི་འཆད་དང་ཉན་དང་ཡི་གེར་འབྲི་བ་ དང༌། །སྨྲ་བ་དེ་ཡང་མྱུར་དུ་བྱང་ཆུབ་ཐོབ་འགྱུར་ལ། །རྩེ་གཅིག་བསྒོམས་ན་ཚེ་འདིར་སངས་རྒྱས་ཉིད་སྩོལ་བ། འདི་དང་མཇལ་བ་སྐལ་མཆོག་ཡིན་གྱི་དགའ་བར་གྱིས། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་ཅུང་ཟད་བཤད་པའི་དགེ་བས་ཀྱང༌། སྲིད་འདིར་ཉོན་མོངས་དགྲ་རྣམས་མ་ལུས་རྩད་ནས་ཕྱུང་གྱུར་ཏེ། ཁྱབ་བདག་བདེ་བ་དམ་པའི་རྒྱལ་སྲིད་བླ་ན་མེད་པ་ལ། །རྟག་པར་རོལ་པའི་དགའ་བ་དང་བཅས་ཆོས་ཀྱི་རྒྱལ་པོར་ཤོག །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ལས་བརྩམས་ཏེ། སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་ཞིབ་མོར་བསྟན་པ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་ཐུགས་ཀྱི་ཉིང་ཁུ་དང༌། ཞལ་གྱི་བདུད་རྩི་ཟུང་འཇུག་རབ་ཏུ་གསལ་བ་ཆེན་པོ་ཞེས་བྱ་བ་འདི་ནི། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས། རང་ལོ་


TNT04_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་ཞེ་གཉིས་པ་ལ་ནགས་རྒྱལ་གྱི་དབེན་གནས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་སྦྱར་བའོ།། །།འདི་ནི་ཆོས་ཀྱི་རྒྱལ་པོ་ནོ་ནང་པ་ཡབ་སྲས་ཀྱི་གསུངས་རབ་མཐའ་དག་ལ་ངེས་པ་རྙེད་ཅིང་། ཁྱད་པར་དུ་ཀྲུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུངས་ཐེག་པ་ཀུན་གྱི་སྤྱི་གནད་ཆེན་པོ་སྦྱོར་བ་ཡན་ལག་དྲུག་པའི་མན་ངག་ཁྱད་འཕགས་སུ་གྲགས་པ་དང་ངོ་སྤྲོད་ཁྱད་འཕགས་དང་། འཕོ་བ་ཆེན་མོ་དང་། ངེས་དོན་རྒྱ་མཚོ་དང་རྒྱུད་འགྲེལ་གྱི་མཆན་བུ་སོགས་ལ་བརྟེན་ཅིང་། ལྟ་བའི་གནད་དང་ལམ་གྱི་སྟོག་གཞན་དུ་ཡེ་མ་འཁྱོགས་པ་དང་། རྣལ་འབྱོར་གྱི་གླུ་དང་ཚིགས་བཅད་བཅུ་པ་སོགས་གྲུབ་ཐོབ་རྣམས་མན་ངག་ཡམ་རིམ་ཀྱིས་ཀྱང་གནོད་ནས་བཟུང་ཞིང་། དུས་འཁོར་པ་ལུགས་ཐ་དད་ཐམས་ཅད་དང་། སྥྱིར་གསང་སྔགས་ཀྱི་ངེས་དོན་མཐའི་དག་ལ་འདྲིས་པར་བྱས་པ་དང་། ཁྱད་པར་སེམས་འགྲེལ་སྐོར་གསུམ་ཉིད་ཀྱི་དགོངས་པའི་གནད་ཅུང་ཟད་ཡོངས་ནས་དགྱིས་བྱིན་པར་སྨྲས་པའོ། ལྟང་འདྲེན་མང་པོ་དང་། དགག་སྒྲུབ་ཀྱི་སྤྲོས་པའང་མང་དུ་བྱུང་ཡོད་ཀྱི ཕལ་གྱིས་གོ་དཀའ་ཞིང་ཡི་གེར་འབྲི་བའང་དཀའ་བར་འགྱུར་བས་སྤྲོས་བཤད་དོར་ཏེ། སྙིང་པོ་མ་ཚང་བ་མེད་པ་གསལ་བ་འདྲེལ་བ་མ་འཛིན་ཤིང་ཞིབ་མོའི་ཡི་གེའོ། འདིར་སྨྲས་པ། རྣམ་མང་


TNT04_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་རྒྱ་མཚོར་ཤེར་ཕྱིན་ལས། སྤྱོད་པའི་འབྲས་དེ་སྙིགས་དུས་ཚེ་གཅིག་གིས། མངོན་དུ་བྱེད་པའི་ཐབས་མཆོག་ཟུང་འཇུག་ལམ། རྣམ་པར་བཤད་པའི་ལེགས་བཤད་ཕྱོགས་ཀུན་ཏུ། དུ་མར་འཕྲུལ་པའ་ཐབས་གང་དམ་པ་གཉིས། བསམ་འགྲུབ་ཆོས་རྗེ་གྲུ་མང་བཅས་པ་ཡིས། ལེགས་པར་བྱས་པའི་རབ་དཀར་ཟླ་འོད་ཆས། བླ་མའི་ཐུགས་དགོངས་རྫོགས་པའི་འདབ་ཚལ་བཞད། སྐྱེ་དགུའི་སྡུག་བསྔལ་ཚ་གདུང་རབ་བསིལ་ཞིང་། ས་གསུམ་རྒྱལ་བསྟན་སྣང་བས་ཁྱབ་པར་ཤོག །སྤལ་ལྡན་ཆོས་སྡེའི་འདུས་སྡེ་ཆུ་མཚོ་ཆེ། བསླབ་གསུམ་ཁ་དོག་རབ་བཀྲ་བཤད་སྒྲུབ་གྱི། ལོ་འདབ་ཕང་ཕུང་གཡོ་བའི་རིབ་བྱུང་གི །པད་ཚལ་ཉེས་བརྒྱས་དབེན་པས་ཁྱབ་གྱུར་ཅིག །ཆོས་ཀྱི་མཆེད་རྣམས་ཕུན་ཚུན་ཉེས་པའི་ཚོགས། སྤེལ་བའི་འཕར་འགྲོའི་དཔེ་ཟླར་མ་གྱུར་པར། ཙན་དན་ནགས་སུ་ལི་ཤིའི་མེ་ཏོག་བཞིན། ཕན་ཚུན་བསླབ་


TNT04_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲི་བསུང་བགོ་བར་ཤོག འདི་བྲིས་དགེ་བས་ཚེ་རབས་ཐམས་ཅད་དུ། རྗེ་བཙུན་ཞལ་གྱོ་བདུད་རྩི་ལས་བརྟེན་ནས། རྡོ་རྗེའི་རྣལ་འབྱོར་ཉམས་མྱོང་རྟོགས་པ་ཀུན། མཐར་ཕྱིན་ཟུག་འཇུག་འོད་གསལ་དབྱིངས། ཅེས་པའང་ངག་དབང་ཚོགས་གཉིས་རྒྱ་མཚོས་བྲིས་པའོ། ཨོཾ་སྭ་སྟཱི། གདོད་མའི་མགོན་པོ་རང་བཞིན་འོད་གསལ་དབྱིངས། སྙིང་དུས་ཚེ་གཅིག་ཉིད་ལ་མངོན་བྱེད་པའི། ཐམས་མཆོག་ཟུང་འཇུག་རབ་ཏུ་གསལ་བ་འདི། འཇམ་མགོན་ཏཱ་ར་ནཱ་ཐས་ལེགས་པར་བརྩམས། གཞུང་འདི་རྒྱལ་བའི་དགོངས་འགྲེལ་ཟླ་མེད་ཕྱིར། པད་དཀར་འཆང་དངོས་རྗེས་བཙུན་རིན་པོ་ཆེ། ངག་དབང་ཡོན་ཏན་བཟང་པོ་གང་ཉིད་ཀྱིས། དཔལ་ལྡན་འཛམ་ཐང་གཙང་པའི་ཆོས་གྲྭ་ཆེར། སྤྱི་ལོ་གཅིག་དགུ་གོ་བརྒྱད་ལོ་ལ་ནི། པར་དུ་བསྒྲུབས་པའི་དགེ་བ་ཆུ་ཤེལ་གྱིས། རྒྱལ་བསྟན་ཀུ་མུད་འཕྲེང་བ་ལེགས་བཞེད་དེ། ཕན་དང་བདེ་བའི་སྦྲང་རྩི་ཟད་མེད་


TNT04_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །རྣམས་དཀར་འདི་ཡི་ལས་སྣེ་གཙོར་བྱེད་མཁན་བློ་གྲོས་འཕེལ་དང་ཨ་རྣམ་ལ་སོགས་པ། རྒྱུ་ཚགས་གང་གིས་འབྲེལ་བ་ཡོད་ཚད་ལ། གནས་སྐབས་དང་ནི་མཐར་ཐུག་བདེ་བ་མཆོག །མྱུར་དུ་ཐོབ་པའི་ཉེ་རྒྱུ་འབྱུང་བར་ཤོག །རྟེན་འདི་གང་ན་བཞུགས་པའི་ས་ཕྱོགས་སུ། ནད་མུག་མཚན་གྱི་བསྐལ་བ་མེད་པ་དང་། རྒྱལ་ཁྲིམས་ཆོས་བཞིན་སྐྱོང་ལ་མི་ཉམས་དང་། གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས། མདོར་ན་ཁམས་གསུམ་འགྲོ་བ་མ་ལུས་པའི། སེམས་ཉིད་རང་བཞིན་འོད་གསལ་ཆོས་སྐུ་ཆེ་མངོན་དུ་གྱུར་པའི་ཐབས་མཆོག་རྒྱལ་བསྟན་པའོ། འཁོར་བ་མ་སྟོང་བར་དུ་གནས་གྱུར་ཅིག ཅེས་པ་འདི་ཡང་བློ་གྲོས་འཕེལ་གྱི་ངོར། པུ་ཎྱེ་ཤྲཱིས་བྲིས་པའོ། ལྷག་བསམ་དག་བས་རབ་དཀར་བསོད་ནམས་འདིས། རྩ་བའི་བླ་མ་དབྱེས་བྱེད་མཆོད་སྦྱིན་དང་། བདག་གཞན་སྒྲིབ་སྦྱང་ཚོགས་ཆེན་རབ་རྫོགས་ཤིང་། དོན་གཉིས་རྒྱ་མཚོའི་དཔལ་ཡོན་མྱུར་སྤྱོད་ཤོག་ཅེས་པའི་སྔོ་སྨོན་ཉེར་བསྡུས་འདི་ཡང་མ་ཏིས་བྲིས་པའོ། །


TNT04_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་པར་བཤད་པ་རྒྱས་པར་བསྟན་པ་ཟུང་འཇུག་རབ་ཏུ་གསལ་བ་ཆེན་པོ།next