Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
རྡོ་རྗེའི་རྣལ་འབྱོར་གྱི་ཕྱིའི་ངོ་སྤྲོད།
   
   
   
   
   
   


 
previousརྡོ་རྗེའི་རྣལ་འབྱོར་གྱི་ཕྱིའི་ངོ་སྤྲོད།next

རྡོ་རྗེའི་རྣལ་འབྱོར་གྱི་ཕྱིའི་ངོ་སྤྲོད།


TNT04_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རྣལ་འབྱོར་གྱི་ཕྱིའི་ངོ་སྤྲོད་བཞུགས།


TNT04_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་ཧོཧཾ་ཀྵཿ བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དང་རྗེས་སུ་འབྲེལ་བ་ལ་ངོ་སྤྲོད་ཐུན་མོང་མ་ཡིན་པ་གཞན་དུ་ཤེས་པར་བྱ་ལ། འདིར་ངོ་སྤྲོད་ཐུན་མོང་བ་རྣམས་བསྟན་པར་བྱ་སྟེ། འདི་དག་ཀྱང་རྣལ་འབྱོར་ཉམས་སུ་ལེན་པ་ལ་ཤིན་ཏུ་གལ་ཆེ་བའི་གནད་ཡིན་ཀྱང་ཕྱོགས་འདིར་བསམ་གཏན་པ་ཕལ་ཆེར་ལ་གྲགས་པ་དང་མཐུན་ཤས་ཆེ་ལ། རྒྱུ་མཚན་དེའི་ཕྱིར་གོ་བདེ་ཞིང་རྙེད་སླ་བས་ན་སྐབས་འདིར་རྐང་གྲངས་མ་ཆད་ཅིང་སྙིང་པོ་ཙམ་ཞིག་བསྟན་པར་བྱའོ། །དེ་ཡང་འདིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྟོན་པར་བྱེད་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཡོད་པ་ལས་རྗེས་ངོ་སྤྲོད་ཀྱི་སྐབས་ལགས། ཞེས་བརྡའ་སྤྲད་ནས། དེ་ལ་དོན་ཚན་བཞི་སྟེ། གནས་ལུགས་ཇི་བཞིན་ངོ་སྤྲད། ལས་འབྲས་ཟབ་མོའི་ཆོས་བཤད། བྱིན་རླབས་བརྒྱུད་པའི་ཆེ་བ་བསམ། སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་སྤེལ་བར་གདམས་པའོ། །དང་པོ་ལ་ལྟ་བསྒོམ་སྤྱོད་པ་འབྲས་བུའི་སྒོ་ནས་ངོ་སྤྲད་པ་བཞི་ལས། དང་པོ་ལྟ་བའི་སྒོ་ནས་ངོ་སྤྲད་པ་ལ། མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་ནམ་མཁའ་ལྟ་བུར་ངོ་སྤྲད། རྗེས་ཐོབ་རིས་མེད་ཀྱི་ཡེ་ཤེས་


TNT04_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུར་ངོ་སྤྲད། ཟུང་འཇུག་མཆོག་ཏུ་མི་འགྱུར་བར་ངོ་སྤྲད། དེ་དག་མངོན་དུ་འགྱུར་བ་ལ་མི་རྟོག་ཡེ་ཤེས་དགོས་པར་བསྟན་པའོ། །དང་པོ་ལ་སྣང་བ་སེམས་སུ་ངོ་སྤྲོད་པ་སོགས་དོན་ཚན་བཞི་ལས། ལུང་དང་རིགས་པ་དང་ཉམས་མྱོང་དང་ཡིད་ཆེས་གསུམ་ལྡན་གྱི་སྒོ་ནས་ཐག་བཅད་པ་སྟེ། བཞི་བཞི་བཅུ་དྲུག་གི་ཚུལ་དུ་ངོ་སྤྲོད་པ་ལགས། དེ་ལ་སྣང་བ་སེམས་སུ་ངོ་སྤྲོད་པའི་ལུང་ནི། ས་བཅུ་པའི་མདོར། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་པ་དང༌། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དང་དོན། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་དང༌། ས་ར་ཧས་ཀྱང༌། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་དང༌། ཀླུ་སྒྲུབ་ཀྱིས་ཀྱང༌། སེམས་ནི་འགྲོ་བ་ལྔ་པོ་ཡིན། །བདེ་དང་སྡུག་བསྔལ་མཚན་ཉིད་དག །སེམས་ལས་མ་གཏོགས་ཅུང་ཟད་མེད། །ཅེས་པ་ལ་སོགས་


TNT04_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

པ་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་མཐའ་ཡས་པ་རྣམས་སོ། །རིགས་པས་ངོ་སྤྲོད་པ་ནི། རིགས་ལམ་ཤེས་ན་གཞུང་ལུགས་རྣམས་ལས་ཕྱི་དོན་འགོག་པའི་རིགས་པ་མཐའ་ཡས་གསུངས་པ་རྣམས་ཀྱིས་ངེས་ཤེས་བསྐྱེད་ན་ལེགས་པ་ཡིན་ལ། མདོ་ཙམ་དུ་ནི་སྣ་ཚོགས་སྣང་བ་འདི་ཐམས་ཅད་སེམས་ལས་གཞན་དུ་ནི་ནམ་ཡང་མེད་ཅིང༌། རེ་ཤིག་ཀུན་རྫོབ་སྣང་ཞིང་མྱོང་བ་ལྟར་ན་སེམས་ཀྱི་སྣང་བ་ཙམ་དུ་ནི་འཐད་པ་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱི་ཞལ་ནས། དམྱལ་བ་ཡི་དྭགས་དུད་འགྲོ་མི། །ལྷ་རྣམས་ཇི་ལྟར་རིགས་རིགས་ སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མི་གྲུབ་པར་འདོད་པ་ཡིན། །ཞེས་པ་ལྟར། དངོས་པོ་གཅིག་ལ་ཡང་རིགས་དྲུག་སོ་སོའི་སྣང་བ་ཐ་དད་པ་དང༌། སྐྱེས་བུ་གཅིག་ཉིད་ལ་ཡང་དགྲ་གཉེན་བར་མའི་འགྲོ་བ་གསུམ་གྱིས་ལྟས་ན། ཡིད་དུ་འོང་བ་དང༌། མི་འོང་བ་དང༌། བར་མ་སོ་སོར་སྣང་བ་དང༌། སྐྱེས་བུ་གཅིག་ཁོ་ན་ལ་གཞན་གཅིག་ཁོ་ནས་ལྟས་ཀྱང་སྐད་གཅིག་སྔ་མ་ལ་དགྲ་ཡིན་པའི་ཚེ་མི་སྡུག་པར་སྣང་ཞིང༌། སྐད་ཅིག་གཉིས་པ་ལ་གཉེན་དུ་གྱུར་པ་ན་སྡུག་པར་སྣང་ངོ༌། །གཞན་ཡང་འཇིག་རྟེན་གྱི་ལྷ་འདྲེ་སོ་སོ་ལ་གནས་ཁང་ལ་སོགས་པར་འཆར་བའི་གཞི་དེ་ལ་མིས་ལྟས་ན་བྲག་དེའུམ། ཆུ་མིག་གམ། ལྷ་རྟེན་འཕྲན་བུ་ལས་མི་མཐོང་བ་ལྟ་བུ་སྟེ། མདོར་ན་དེ་ཐམས་ཅད་ད་ལྟ་སྣང་བ་འདི་ཐམས་ཅད་སེམས་སྣང་ཙམ་ཡིན་པའི་རྒྱུ་མཚན་ཡིན། དོན་དུ་མ་གྲུབ་ཀྱང་མཐོང་ཐོས་རེག་གསུམ་ལ་སོགས་པ་དངོས་སུ་ཡོད་ཡོད་ལྟར་སྣང་ཞིང་མྱོང་བ་འདི་ནི་སྔོན་གྱི་བག་ཆགས་སེམས་ལ་བཞག་


TNT04_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སད་བྱེད་རྐྱེན་གྱིས་མངོན་དུ་གྱུར་པའི་ནུས་པ་ལས་ཡིན་ཏེ། དཔེར་ན་རྨི་ལམ་གྱི་སྣང་བ་བཞིན་ནོ། །སྒོམ་པ་ཉམས་མྱོང་གི་སྒོ་ནས་ངོ་སྤྲོད་པ་ནི། དུ་བ་ལ་སོགས་པའི་རྟགས་བཅུ་ཤར་བ་འདི་གསལ་བར་མཐོང་ཞིང་མྱོང་ཡང་རང་སེམས་ཀྱིས་ཕར་ཕྱིན་པ་མེད། འདི་རྣམས་ཀྱིས་ཕྱི་རོལ་ནས་ཚུར་འོངས་པ་མེད། སེམས་གསལ་རིག་འདི་ཉིད་ཀྱིས་ཉམས་སུ་མྱོང་བའི་ཕྱིར་རང་སེམས་ཀྱི་སྣང་བར་ཐག་ཆོད་དེ། དེ་ལྟར་ཡང༌། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱིས་གཟུགས་བརྙན་མཐོང་བ་ན། །དོན་གྱི་ཡེ་ཤེས་ཟློག་དེ་ལས། །རང་གི་འདུ་ཤེས་ངེས་པར་ བཟུང༌། །དེ་ལྟར་ནང་དུ་སེམས་ཤེས་ནས། །གཟུང་བ་མེད་པར་རྟོགས་པར་ བྱ། །ཞེས་པ་ལྟར་རོ། །ཡིད་ཆེས་གསུམ་ལྡན་གྱི་སྒོ་ནས་ཐག་གཅོད་པ་ནི། བླ་མས་ལུང་རིགས་མན་ངག་གསུམ་གྱི་སྒོ་ནས་སེམས་སུ་བསྟན། རྒྱུད་ལས་ཀྱང༌། སྲིད་གསུམ་ཕྲ་རབ་རྡུལ་མིན་འདིར་ནི་རྣམ་པར་ཤེས་པའོ། །ཞེས་གསུངས། དེའི་མཐུན་དཔེ་འོད་གསལ་རྟགས་བཅུའི་སྟེང་དུ་སྒྲིག་སྟེ། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །ཅེས་གསུངས་པ་ལྟར་རང་གིས་ཉམས་སུ་མྱོང་བ་བླ་མ་དང་རྒྱུད་དང་བདག་ཉིད་ལ་ཡིད་ཆེས་པ་གསུམ་གྱི་སྒོ་ནས་ཡུལ་སྣང་ཐམས་ཅད་སེམས་སུ་ཐག་ཆོད་པ་ལགས། ངོ་སྤྲོད་སྐོར་དང་པོའོ། །དོན་ཚན་གཉིས་པ་སེམས་རང་བཞིན་གྱིས་སྟོང་པར་ངོ་སྤྲོད་པ་ལ། ལུང་ནི་འཕགས་པ་དཀོན་མཆོག་བརྩེགས་པ་འོད་སྲུང་གིས་ཞུས་པ་ལས། དེ་འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ། འདོད་ཆགས་པར་གྱུར་པ་དང༌། ཞེ་


TNT04_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་པར་གྱུར་པ་དང༌། གཏི་མུག་པར་གྱུར་པའི་ཆོས་དེ་གང་ཡིན། ཅི་མ་འོངས་པ་དང༌། འདས་པ་དང༌། ད་ལྟར་བྱུང་བ་ཞིག་ཡིན་ནམ། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ། །ད་ལྟར་བ་གང་ཡིན་པ་དེ་ནི་གནས་པ་མེད་དོ་སྙམ་མོ། །འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མ་ཡིན་པ་ལ་ཡང་མི་དམིགས་སོ། །ཞེས་གསུངས། རིག་པ་ནི་རིགས་ལམ་ཤེས་པའི་ངོར་སྤྲོ་ན། ཀུན་རྫོབ་ཐམས་ཅད་བདེན་མེད་དུ་གཏན་ལ་འབེབས་པའི་རིགས་པ་སྤྱི་དང༌། ཁྱད་པར་སེམས་སྟོང་ཉིད་དུ་གཏན་ལ་འབེབས་པའི་རིགས་པ་རྣམས་ལ་བརྟེན་ནས་ངེས་ཤེས་བསྐྱེད་དུ་འཇུག སྙིང་པོ་ཙམ་ལ་མོས་ན་གོང་དུ་དྲངས་པའི་མདོའི་དོན་ལྟར་རིག་པ་སྐད་ཅིག་མའི་དོན་སྐྱེ་བྱ། གནས་བྱ། འགག་བྱ་གསུམ་དུ་ཕྱེ་སྟེ་བཙལ་བས་འདས་པ་ནི་འགགས་ཟིན་ནས་མེད། མ་འོངས་པ་ནི་མ་སྐྱེས་པས་མེད། ད་ལྟར་བ་ལ་ཡང་རྣམ་པར་བརྟགས་ན། འདས་མ་འོངས་གཉིས་ལས་མ་གཏོགས་པའི་ད་ལྟ་བ་མེད། གཞན་ཡང་སེམས་ནི་ནང་དབང་པོ་ལ་མི་གནས། ཕྱི་ཡུལ་ན་མི་གནས། དེ་གཉིས་མ་ཡིན་པའི་བར་ནའང་མི་གནས། ཕྱི་ཡུལ་ལྔ་དང༌། ནང་དབང་པོ་ལྔ་ལ་སོགས་པའི་ངོ་བོར་ཡང་མི་གནས། དེ་ལས་གཞན་དུ་ཡང་མི་གནས། སེམས་འདི་ལྟར་ཡོད་ཅེས་བརྗོད་དུ་མེད། འདི་ལྟར་མྱོང་འདི་ལྟར་རིག་ཅེས་ཀྱང་བརྗོད་དུ་མེད། འདི་ལྟར་མེད་དོ་ཞེས་ཀྱང་བཟུང་མི་ཐུབ་ལ། ཡོད་པར་འཇོག་པ་ཡང་མེད་པར་བཞག་པ་ལ་བལྟོས། མེད་པར་འཇོག་པ་ཡང་ཡོད་པར་འཇོག་པ་ལ་བལྟོས་པས། ཡོད་མེད་ཡིན་མིན་གང་དུ་ཡང་མ་གྲུབ། མཉམ་བཞག་ཟབ་མོ་ལ་དེ་ལྟར་ལ་ཟློ་བ་ཡིན། ཡོད་པ་


TNT04_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་ཕྱིར་རྗེས་ཐོག་ཤན་འབྱེད་ཀྱི་སྐབས་སུ་མེད་པའི་ཐ་སྙད་ཀྱང་འཇོག །གཉིས་ཀ་ཡིན་པ་ཡང་མི་སྲིད། གཉིས་མིན་གྱི་མཚན་གཞི་ཡང་མི་སྲིད་པས། ཀུན་རྫོབ་ཀྱི་གནས་ལུགས་སྟོང་ཚུལ་དེ་ལྟར་ལགས་སོ། །སྒོམ་པ་ཉམས་མྱོང་གི་ངོ་སྤྲོད་པ་ནི། བྱེད་བཅིངས་དང་བཅས་ཏེ་རིག་པ་མ་བཅོས་སོ་མར་འཇོག་ཏུ་བཅུག་ལ། རིག་པ་རྩལ་མ་འགགས་པ་མཐོང་ཐོས་རེག་ཚོར་འགྱུ་བ་བསམ་པ་སྒོམ་པ་གང་ཡང་འཆར་དུ་རུང་བ་ནི། ཤར་དུས་ཉིད་ནས་གནས་དང་ཡུལ་དང་རྣམ་པ་དང་ངོ་བོ་ཇི་ལྟ་བུ་ཞིག་འདུག་ཅེས་ཁ་ནང་ལོག་གི་ཤེས་པས་རྗེན་ཆེར་དུ་བརྡ་སྤྲད་པ་ནི། བདག་དང་གཞན་ཡུལ་དང་ཡུལ་ཅན་བེམ་པོ་དང་ཤེས་པ་མྱོང་བྱ་མྱོང་བྱེད་རིག་བྱ་དང་རིག་བྱེད་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་དག་པ་དེ་ལ་བཟོ་བཅོས་མེད་ཅིང་རང་ཚོ་ཐུབ་པར་འཇོག་ལུགས་དང་སྐྱོང་ལུགས་རྗེན་ཆེར་དུ་ངོ་སྤྲད། ཡིད་ཆེས་གསུམ་ལྡན་གྱི་སྒོ་ནས་ངེས་ཤེས་བསྐྱེད་པ་ལ། ཁ་ཅིག་སེམས་འདི་མ་བརྟགས་ན་སྣ་ཚོགས་སུ་འཆར། འཚང་བཅར་ན་མི་རྙེད་སྒྱུ་མ་ལྟ་བུའོ། །ཞེས་སྟོང་པར་ངོ་སྤྲོད་པ་ནི། ལྷག་མཐོང་གི་ཕྱོགས་ལ་བརྟེན་པ་ཡིན་ཀྱང་བསམ་བྱུང་གི་ཤེས་རབ་དང་འདྲ་ཉེན་ཆེ་བས་རྣམ་རྟོག་གི་འཚང་གཅོར་བའི་སྐབས་འདིར་དགོས་པ་ཆུང་ཞིང་ནུས་པ་མེད་པ་དང༌། ཡང་གཞན་ཁ་ཅིག་མི་རྟོག་པ་བསམ་མེད་ལྟེང་པོ་ཙམ་ལ་གནས་ལུགས་སུ་ངོ་སྤྲོད་པ་ནི་གནས་ལུགས་མ་མཐོང་བ་ལ་ངོ་སྤྲོད་རྒྱུ་མེད་དེ། རྒྱུད་ཀྱི་རྒྱལ་པོ་ལས་ཀྱང༌། རང་གི་སེམས་ནི་བརྒྱལ་དང་གཉིད་ལ་རབ་ཏུ་ཞུགས་པ་མི་ཡི་བདག་པོ་རང་བཞིན་མེད་པར་འགྱུར། །སད་ལ་


TNT04_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དང་བཅས་གསལ་བར་བྱ་སྟེ་དེ་དག་སྲོག་ཆགས་རྣམས་ཀྱི་ཐར་པའི་ལམ་མ་ཡིན། །ཞེས་གསུངས། ཚིག་ཕྱི་མ་འདིས་ནི་སྣང་བ་རང་གམ་འདི་ཀ་གནས་ལུགས་སུ་ངོ་སྤྲོད་པ་ཡང་བཀག་པ་ཡིན་ནོ། །དེ་ལྟར་ན། བླ་མས་ལུང་རིགས་མན་ངག་གི་སྒོ་ནས་སེམས་སེམས་བྱུང་དྲན་རིག་འགྱུ་བ་འདི་ཐམས་ཅད་སྣང་ཆ་མ་འགགས་རུང་གདོད་མ་ནས་ཡོད་མ་མྱོང་བར་བསྟན། མདོ་རྒྱུད་ཀུན་ལས་ཀྱང་དེ་ལྟར་གསུངས་ཤིང་རྒྱུད་རྒྱལ་ལས་ཀྱང༌། རྣམ་པར་ཤེས་པ་ཉིད་མེད་དེ། སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་འདི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །ཞེས་གསུངས། རང་གི་ཉམས་མྱོང་གིས་ཀྱང་ངོས་གཟུང་མེད་པར་གཏན་ལ་ཕེབས། གསལ་རིག་རྗེན་ནེ་བ་འདིའི་དོན་གཞན་གང་ཡང་མེད་དེ། བྱ་བ་ཅི་བྱས་ཀྱང་ངོས་གཟུང་ཞིགསྣང་བ་ཅི་ཤར་ཡང་གཏད་སོ་བྲལ། རྟག་མཚན་གང་གཟུང་ཡང་དབྱེ་འབྱེད་མེད་པ་དེ་ཀའི་ངང་སྐྱོང་དགོས་སོ། དེ་ལྟར་བསྐྱངས་པས་བླ་མ་དང་རྒྱུད་དང་བདག་ཉིད་ལ་ཡིད་ཆེས་པ་གསུམ་གྱྀས་སེམས་སྟོང་པར་ཐག་ཆོད་དོ། །ངོ་སྤྲོད་སྐོར་གཉིས་པའོ། །དོན་ཚན་གསུམ་པ་སྟོང་ཉིད་དམིགས་མེད་དུ་ངོ་སྤྲད་པ་ལ། ལུང་ནི། གཟུངས་དབང་གིས་ཞུས་པའི་མདོར། སྟོང་པ་ཉིད་ཅེས་བྱ་བ་དེ་ནི་མངོན་པར་ཞེན་པ་མེད་ཅིང་འཛིན་པ་མེད་ཅེས་བྱ་བའི་ཚིག་གི་བླ་དགས་སོ། །ཞེས་དང་མདོ་གཞན་ལས་ཀྱང༌། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་མེད་པ་སྟེ་ཡི་གེ་ལྟ་ཅི་སྨོས། ཞེས་གསུངས། རིག་པ་ནི་སྟོང་པ་ཉིད་ལ་མཚན་མ་འགོག་པའི་རིག་པ་རྣམས་ཀྱང་སྦྱོར་ཞིང༌།


TNT04_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་ཏུ་སྤྲོས་བྲལ་ཡིན་ནོ། །མཐའ་བྲལ་ཡིན་ནོ། །མི་རྟོག་པ་ཡིན་ནོ། །སྟོང་ཉིད་ཡིན་ནོ་ཞེས་གཟུང་ཀྱང་དེ་ཀ་སྤྲོས་པ་ཡིན། མཐར་ལྷུང་བ་ཡིན། གོལ་པ་ཡིན། དཔེར་ན་བུ་རམ་ལ་སོགས་པའི་རོ་དངོས་སུ་མྱོང་བ་དང༌། བློས་བུ་རམ་གྱི་རོ་ནི་འདི་ལྟ་བུ་ཞིག་གོ་ཞེས་བརྟགས་པ་དེ་གཉིས་ཡེ་མི་འདྲ་བར་མྱོང་བས་གྲུབ། དཔེ་དེ་བཞིན་དུ་རིག་པ་ལ་རྗེན་ཆེར་དུ་བལྟས་པའི་དུས་ཀྱིས་ངོས་གཟུང་མེད་པ་དེ་དང༌། གོ་བའི་སྟོང་ཉིད་གཉིས་པོ་ཡང་མྱོང་ལུགས་མི་འདྲ་བར་མངོན་སུམ་གྱིས་གྲུབ། དེ་ཀ་རྟོག་པས་ཇི་ལྟར་གཟུང་ཡང་གནས་ལུགས་ལ་མི་ཁེལ་པའི་རྟགས་ཡིན། སྟོང་པར་ཡང་མི་འཛིན་ན་གཞན་དུ་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས། གཤིས་སྤྲོས་བྲལ་དེ་ལ་བློས་གང་དུ་ཡང་གཟུང་དུ་མེད་དོ། །སྒོམ་པ་ཉམས་མྱོང་གི་ངོ་སྤྲོད་པ་ཡང་དོན་དེ་ཀ་གོ་བའི་ཐོག་ཏུ་མི་འཇོག་པར་རིག་ཐོག་ཏུ་སྦྱོར་བ་ཡིན་ཏེ། བློས་བརྟགས་ཀྱི་སྟོང་ཉིད་དེ་སེམས་རིག་གམ་སྣང་བའི་སྟེང་དུ་ཁེལ་ལམ་མི་ཁེལ་ཉམས་ཐོག་ཏུ་སྦྱར་བའི་དུས་ན། བླཽས་བརྟགས་ཀྱི་སྟོང་ཉིད་ཁོ་རང་ཡལ་ནས་མ་བྱུང༌། སྔར་གྱི་གོ་བའི་དུ་དེ་དང་མི་འདྲ་བར་སྣང་རིག་འདི་ཀ་ངོས་གཟུང་མེད་པར་རྗེན་ནེ་བ་སྨྲ་མི་ཤེས་བསམ་མི་ཤེས་མཐོང་མི་ཤེས་ལེན་མེད་འཇོག་མེད་འགྲོ་མེད་འོང་མེད་དེ་ཀ་ལ་ལ་ཟློ་བར་ བྱའོ། །ཡིད་ཆེས་གསུམ་ལྡན་གྱི་སྒོ་ནས་ཐག་བཅད་པ་ནི། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། རྣམ་པར་མི་རྟོག་པ་ནི་གཟུགས་མེད་པ། བསྟན་དུ་མེད་པ་རྟེན་མེད་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པ་གནས་མེད་ པའོ། །ཞེས་སོགས་གསུངས་ཤིང་བླ་མས་ལུང་རིག་མན་ངག་གི་སྒོ་ནས་བསྟན་པ་དང༌། རྒྱུད་ལས།


TNT04_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་འགྱུར་མེད་དང་བྲལ་མི་རྣམས་ཀྱྀས་ནི་སྟོང་པ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་པ། ཞེས་སྔ་འགྱུར་ལས་འབྱུང་ཡང་བྲལ་བ་ནི་ལོག་པའི་དོན་དུ་བཤད་དགོས་པས། གང་ཞིག་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་འགྱུར་བ་མེད་ལས་ལོག །ཅེས་གསུངས་པ་དང༌། གནས་ལུགས་ལ་སྒྲ་རྟོག་གི་འཇུག་པ་ཟད་པར་རང་གིས་ཀྱང་ཉམས་སུ་མྱོང་བས་ན་སྟོང་པ་ཉིད་དེ་རྟོག་པ་མེད་ཅིང་དམིགས་པ་མེད་ལ། སྤྲོས་བྲལ་དང་བརྗོད་བྲལ་དུ་ཐག་ཆོད་དོ། །ངོ་སྤྲོད་སྐོར་གསུམ་པའོ། །དོན་ཚན་བཞི་པ་ངོ་སྤྲོད་རིམ་པ་གསུམ་པོ་དེ་ཉིད་སྟོན་པ་སངས་རྒྱས་ཐུབ་པའི་དབང་པོ་ནས་བརྒྱུད་པའི་མན་ངག་ཕྱག་ལེན་མ་འཆུགས་པར་བསྟན་པ་ནི། སུམ་ཅུ་རྩ་གསུམ་པའི་མདོ་ལས། ལྷའི་བུ་ཁམས་གསུམ་པོ་ནི་སེམས་ཙམ་དུ་ཟད་ལ། སེམས་དེ་ཡང་གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་བྱེད་མ་ཡིན་པ་སྒྱུ་མ་ལྟ་བུ་སྟེ། སེམས་དེ་ཡང་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ན་ཡང་མི་རྙེད་དོ། །སེམས་གང་གིས་སེམས་ཡོངས་སུ་འཚོལ་བའི་སེམས་དེ་ཡང་མི་རྙེད་དོ། །དེ་སེམས་མི་དམིགས་པས་ཆོས་ཐམས་ཅད་མི་དམིགས་སོ། །ཞེས་དང༌། མདོའི་ལུང་འཕགས་པ་ཐོགས་མེད་ཀྱི་ཀྱང་ཐེག་བསྡུས་སུ་ལུང་དྲངས་པར། དེ་ལྟར་ནང་དུ་སེམས་ཤེས་ནས། །གཟུང་བ་མེད་པར་རྟོགས་པར་བྱ། །དེའི་འོག་ཏུ་འཛིན་མེད་པར། །དེ་ནས་མི་དམིགས་རྟོགས་པར་བྱ། ཞེས་གསུངས། རིག་པ་ནི་གོང་དུ་བཤད་པ་རྣམས་དང་པོར་རགས་ཤིང་རྟོགས་སླ་བ་རྣམས་བསྒོམ། དེ་ནས་ཕྲ་ཞིང་


TNT04_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་དཀའ་བ་རྣམས་སྒོམ་དགོས་པས་སོ། །སྒོམ་པ་ཉམས་མྱོང་ཡང་དེ་དང་མཐུན་པར་འབྱུང་ལ། ཡིད་ཆེས་གསུམ་ལྡན་གྱི་སྒོ་ནས་ཐག་གཅོད་པ་ཡང་སྔ་མ་རྣམས་ཀྱི་རིགས་འགྲེའོ། །ངོ་སྤྲོད་སྐོར་བཞི་པའོ། །གཉིས་པ་རྗེས་ཐོབ་རིས་མེད་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུར་ངོ་སྤྲོད་པ་ལ་ལུང་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ལྷའི་བུ་དག་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུའོ། །ཞེས་སོགས་འབྱམས་ཀླས་པའི་མཐར། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སྨྲ་ན། ཆོས་གཞན་ལྟ་ཅི་སྨོས། ཞེས་དང༌། ལྷའི་བུ་དག་གལ་ཏེ་ཁོ་བོ་ནི་མྱ་ངན་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན། དེ་ཡང་རྨི་ལམ་ལྟ་བུ། །སྒྱུ་མ་ལྟ་བུ་ཞེས་སྨྲའོ། །ཞེས་དང༌། དགྱེས་པའི་རྡོ་རྗེ་ལས། ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་ཀྱིས། །ཞེས་དང༌། རྒྱལ་ཚབ་བྱམས་པས་ཀྱང༌། ཉོན་མོངས་སྤྲིན་འདྲ་བྱ་བ་ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་གསུངས། རིག་པ་ནི། ཀུན་རྫོབ་སྣང་བ་སྣ་ཚོགས་པ་འདི་སྣང་ཞིང་མྱོང་བར་ཐ་སྙད་པའི་མངོན་སུམ་གྱི་གྲུབ། དངོས་པོའི་གནས་ཚུལ་ལ་མེད་པར་གོང་དུ་བཤད་པའི་རིག་པས་གཏན་ལ་ཕེབས། དངོས་གནས་ལ་མ་གྲུབ་ཀྱང་སྣང་ལ། སྣང་ཡང་བདེན་པས་སྟོང་བ་དེ་ལ་སྒྱུ་མ་ལྟ་བུ་ཟེར་པ་ལགས། དོན་འདི་འགྲོ་བ་དག་ན་དེ་ལས་གཞན་པའང་ཅུང་ཟད་ཡོད་མིན་ལ། །ཞེས་སོགས་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དུ་རྒྱལ་ཚབ་བྱམས་པས་རྒྱས་པར་གསུངས་པ་རྣམས་ཀྱང་གོ་དགོས་ཤིང༌།


TNT04_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་འཕྲོད་ན་སྐབས་འདིར་བླང་བར་བྱའོ། །སྒོམ་པ་ཉམས་མྱོང་གི་སྒོ་ནས་ངོ་སྤྲོད་པ་ལ། དཔེ་ནི་མཉམ་བཞག་གི་དུས་སུ་ཤར་བའི་སྟོང་གཟུགས་ལ་བྱེད་དེ། ས་ཆུ་མེ་རླུང་ལ་སོགས་པའི་རྣམ་པར་སྣང་ཡང་དེ་དང་དེ་མ་ཡིན་པ་སྒྱུ་མ་ལྟ་བུ། དོན་ལ་དོན་ཚན་གསུམ་གྱི་དོན་དང་པོ་རང་བཞིན་སྟོང་པའི་ཆ་ནས་སྒྱུ་མ་ལྟ་བུར་བསྟན་པ་ནི། དངོས་སུ་གསལ་བར་ཉམས་སུ་མྱོང་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དེ་གང་ནས་ཀྱང་མ་སྐྱེས། གང་དུ་ཡང་མི་གནས། གར་ཡང་མི་འགག་ཀྱང་སྐྱེ་འགག་ཏུ་སེམས་ལ་སྣང་བ་འདི་བཞིན་དུ་གནས་ལུས་ལོངས་སྤྱོད་དགྲ་གཉེན་ལ་སོགས་པར་སྣང་བ་འདི་རྣམས་དང༌། རྣམ་རྟོག་ལ་སོགས་པའི་འཆར་སྒོ་སྣ་ཚོགས་པ་འདི་དག་ཀྱང་སྐྱེ་འགག་གནས་གསུམ་གྱིས་སྟོང་བཞིན་དུ་སྣང༌། གསལ་བར་སྣང་དུས་ཉིད་ནས་སྐྱེ་འགག་གནས་གསུམ་གྱིས་གདོད་ནས་སྟོང༌། དེ་ལྟར་ན་སྣང་ཡང་སྟོང་པའི་རང་བཞིན། སྟོང་ཡང་འཆར་སྒོ་མ་འགག་པ་སྟེ། རྣམ་པ་ཀུན་ལྡན་གྱི་ཚུལ་ལོ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་སོགས་དང་སྦྱར། ཁྱད་པར་སྟོང་གཟུགས་ནི། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ་དང༌། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བ་པོ། །གཟུགས་བརྙན་མ་ལུས་འཆང་བའི་དཔལ། །ཞེས་པ་སྒྲ་དྲི་རོ་རེག་བཞི་དང་སྦྱར། རྟག་ཏུ་སྣང་ཞིང་སྤྲོས་པ་ཐམས་ཅད་དང་བྲལ་བས་སྒྱུ་མ་ལྟ་བུ་ཡིན་ལ། དེ་ཉིད་ཆོས་ཐམས་ཅད་ཀྱི་སྙིང་པོར་བཞུགས་པས་ཆོས་ཐམས་ཅད་ཀྱང་སྣང་སྟོང་སྒྱུ་མ་ལྟ་བུར་གནས་པ་ཡིན། །འོན་ཀྱང་


TNT04_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་གདོད་མ་ནས་འགྱུར་མེད་དུ་གནས་ཤིང༌། ཀུན་རྫོབ་གློ་བུར་གྱི་དྲི་མ་རྣམས་ཡེ་ནས་རང་བཞིན་མེད་པའོ། །དེས་ན་ཡང་དག་པའི་སྟོང་གཟུགས་འདི་ནི་བློའི་འདུན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམས་པ་དང༌། མི་རྟོག་པའི་སྟོང་ཉིད་ཕལ་པས་མངོན་དུ་འགྱུར་བ་མ་ཡིན་ཏེ། རླུང་སེམས་དབུ་མར་འཆིང་བའི་ཐབས་ཁྱད་པར་ཅན་ལས་འགྲུབ་པར་འགྱུར་རོ། །དོན་གཉིས་པ་ནི་མ་བརྟགས་པར་མཐོང་བའི་ཆ་ནས་སྟོང་གཟུགས་དང་ད་ལྟའི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་པ་དང༌། །དོན་གསུམ་པ་སྣང་ལ་རང་བཞིན་མེད་པ་ནི། རྒྱུད་ལས། དངོས་པོ་དངོས་མེད་དག་ཀྱང་ཡོད་དེ་སྐད་ཅིག་རྣམ་བྲལ་རང་བཞིན་མེད་པའི་སྲིད་པ་ཡོད། །ཅེས་གསུངས་པ་ལྟར། སྟོང་གཟུགས་སྣང་ཡང་གཟུང་འཛིན་མེད་པ་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་གཟུང་འཛིན་དང་བྲལ་བར་ངོ་སྤྲོད། ཡིད་ཆེས་གསུམ་ལྡན་གྱི་སྒོ་ནས་ཐག་གཅོད་པ་ནི། བླ་མས་ལུང་རིག་མན་ངག་གསུམ་གྱི་སྒོ་ནས་ཆོས་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་ངོ་སྤྲོད་དེ། རྩ་རྒྱུད་ལས། འབྱུང་དང་འཇུག་པར་འགྱུར་མིན་ཏེ། །རང་བཞིན་གྱིས་ནི་སྐྱེ་བའང་མེད། །དངོས་པོ་དངོས་མེད་རང་བཞིན་གཅིག །སྣ་ཚོགས་འདི་ནི་མཚན་ཉིད་བྲལ། །ཞེས་དང༌། ཏིང་ངེ་འཛིན་རྒྱལ་པོར། སྒྱུ་མ་སྤྲུལ་པ་དྲི་ཟའི་གྲོང་ཁྱེར་དང༌། །སྨིག་སྒྱུ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང༌། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས། རང་གིས་བསྒོམས་པས་ཀྱང་སྟོང་པ་ལོགས་ནས་བཙལ་དུ་མེད། སྣང་བ་ཟུང་


TNT04_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དགག་རྒྱུ་མེད་པར་མཉམ་བཞག་གི་སྐབས་སུ་གཟུགས་བརྙན་སྣ་ཚོགས་པ་རྗེན་ཆེར་ཙམ་ངོས་གཟུང་མེད་པ་ཞིག་ཤར། རྗེས་ཐོབ་ཏུ་སྣང་བ་སྣ་ཚོགས་ཤིག་ཤར་ཡང་སྣང་དུས་སུ་སྟོང༌། སྟོང་དུས་ནས་སྣང༌། གང་ལྟར་བྱས་ཀྱང་སྣང་སྟོང་དབྱེར་མེད་ལས་མ་འདས་པ་རྨི་ལམ་ལྟར་ཡུལ་ཡུལ་བ་འདིར་གདའ། དེས་ན་བླ་མ་དང་རྒྱུད་དང་བདག་ཉིད་ལ་ཡིད་ཆེས་པ་གསུམ་གྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཐག་ཆོད་དོ། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྐབས་འདིར་བོད་ཕལ་ཆེར་རིག་ཐོག་ཏུ་ཆོས་ཐམས་ཅད་བདེན་མེད་དུ་ཤར་བ་ན། བདེན་མེད་དེ་གནས་ལུགས་ཆོས་ཀྱི་སྐུ་ཡིན་པས་སྣང་སྲིད་ཆོས་སྐུར་ཤར་ཞེས་ངོ་སྤྲོད་དོ། །བརྒྱུད་པ་འདིའི་བཞེད་པས་མཉམ་བཞག་ལ་ཟློ་བའི་ཚེ་སྟོང་ཕྱོགས་ཙམ་ཁོ་ན་ནས་དེ་ལྟར་མི་འགལ་ཙམ་ཡིན་དུ་རུང་ཡང་མཉམ་བཞག་ཟུང་འཇུག་ལ་དེས་མི་སླེབ་པས་མཐར་ཐུག་པར་མི་རུང༌། རྗེས་ཐོབ་བདེན་གཉིས་སུ་ཤན་འབྱེད་པའི་ཚེ་དེ་ལྟར་ངོ་མི་སྤྲོད་དེ། ཀུན་རྫོབ་རང་བཞིན་མེད་པ་ནི། ཀུན་རྫོབ་ཡོད་མ་མྱོང་དེ་ཀ་ཡིན་པས་ཀུན་རྫོབ་ཉིད་ཀྱི་གནས་ལུགས་ཕལ་པ་ཙམ་ཡིན་ཀྱང་ཡང་དག་པའི་ཡེ་ཤེས་ཀྱིས་སོ་སོར་རང་གིས་རིག་བྱ་མ་ཡིན་པའི་ཕྱིར། གནས་ལུགས་དོན་དམ་པ་མ་ཡིན་ནོ། །དེས་ན་ཀུན་རྫཽབ་ལས་ལོགས་སུ་དོན་དམ་པ་དང་ཆོས་ཀྱི་སྐུ་ཡོད་ཅེས་མི་བརྗོད་ཀྱང་ཀུན་རྫོབ་ཉིད་ཆོས་སྐུར་ངོ་སྤྲོད་དུ་མི་བཏུབ་པས་རྣམ་རྟོག་ལ་ཆོས་སྐུའི་ཐ་སྙད་སྦྱོར་བ་ཡང་ཐ་སྙད་འགལ་བ་ཅན་དུ་བཞེད་དོ། དེས་ན་རྣམ་རྟོག་སྒྱུ་མ་ལྟ་བུ་ཡེ་མེད་རྩ་བྲལ་དུ་ངོ་སྤྲད་པར་བྱ་སྟེ། ཀུན་རྫོབ་སྲིད་གསུམ་ཡང་དག་པར་ན་གཏན་ནས་མེད་པ་ལ་ཆོས་སྐུ་ཡིན་རྒྱུ་ཏ་ག་ལ་ཡོད་དེ། དེ་བས་སྣང་ཆ་ཁོ་རང་ཡང་ཡིན་རྒྱུ་མེད་དོ། །རང་ལུགས་ཀྱི་ཆོས་སྐུ་ངོ་སྤྲོད་ཚུལ་ནི་ངོ་སྤྲོད་ཐུན་མོང་མ་


TNT04_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་སྐབས་སུ་འབྱུང་ངོ༌། །ངོ་སྤྲོད་སྐོར་ལྔ་པའོ། །གསུམ་པ་ཟུང་འཇུག་མཆོག་ཏུ་མི་འགྱུར་བར་ངོ་སྤྲད་པ་ནི། སྤྱིར་ཟུང་འཇུག་སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན་ཡིན་ཞིང༌། སྟོང་ཉིད་རྣམ་ཀུན་མཆོག་ལྡན་དང༌། སྙིང་རྗེ་མི་འགྱུར་བའི་བདེ་བ་ལ་ངོས་འཛིན་དགོས་ཀྱང་རེ་ཞིག་གོ་སླ་བའི་ཕྱིར་སྟོང་ཉིད་སྙིང་རྗེ་ཐུན་མོང་བ་དང༌། མཉམ་བཞག་སེམས་སྤྲོས་བྲལ་དང་རྗེས་ཐོབ་སྣང་བ་སྒྱུ་མ་ལྟ་བུ་ཟུང་འཇུག་ལ་ངོ་སྤྲད་པར་བྱ་སྟེ། དེ་ལ་ལུང་ནི། མདོ་སྡེ་དགོངས་པ་ངེས་འགྲེས་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་ནི་ནམ་མཁའི་མེ་ཏོག་ལྟ་བུ་འོ། །ཞེས་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ནི་སྒྱུ་མ་བྱས་པ་ལྟ་བུར་བལྟ་སྟེ། དེ་དག་ལས་གཅིག་ཀྱང་དོན་དམ་པའི་ངོ་བོ་ཉིད་མེད་པར་བལྟ་འོ། །ཞེས་དང༌། དོན་དམ་པར་ངོ་བོ་ཉིད་མེད་པ་ནི། གང་ཆོས་ལ་བདག་མེད་པས་རབ་ཏུ་ཕྱེ་བས་ཀུན་ཏུ་འགྲོའོ། །ཞེས་སོགས་གསུངས། རིག་པ་ནི་བདེན་གཉིས་གཅིག་དང་ཐ་དད་ལ་སྐྱོན་བརྒྱད་གསུངས་པ་སོགས་ཡིན་ལ། མདོར་ན་རང་བཞིན་གདོད་ནས་སྤྲོས་བྲལ་ཡིན་པའི་རྒྱུ་མཚན་གྱིས་སོ་སོའི་རྒྱུ་རྐྱེན་མ་འཁྲུལ་བར་དམིགས་ན། སྣང་བ་གང་ཡང་འཆར་དུ་རུང༌། ཡུལ་དུས་སྔ་ཕྱི་སྣ་ཚོགས་ངེས་མེད་དུ་སྣང་བའི་རྒྱུ་མཚན་གྱིས་གདོད་ནས་རང་བཞིན་ཀྱིས་མ་གྲུབ་སྟེ། ཇི་སྐད་དུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་སོ། སྒོམ་པ་ཉམས་མྱོང་གིས་ངོ་སྤྲོད་པ་ནི། རིག་པ་ངོས་གཟུང་མེད་པ་འདི་སྣང་ཆ་སྣ་ཚོགས་པར་འཆར་བ་དང༌། གོང་དུ་བཤད་པ་ལྟར་ཡུལ་སྣང་སྒྱུ་མ་ལྟ་བུར་ཐག་བཅད་ནས། བདེན་གཉིས་ཟུང་འཇུག་དངོས་པོའི་གནས་ལུགས་ཡིན་


TNT04_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

པས། སེམས་ཅན་ཐམས་ཅད་དེའི་རང་བཞིན་ལས་མ་འདས་ཀྱང༌། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད། སྙིང་རྗེའི་གདངས་དང་རང་བཞིན་སྤྲོས་བྲལ་ངོས་གཟུང་མེད་པ་ལ་ངོ་ཤེས་བྱ། ནང་གི་ཉམས་མྱོང་དང་འབྲེལ་ན་སྟོང་གཟུགས་སེམས་སུ་ཤེས་པ་དང༌། དེ་ལས་བདེ་བ་འབྱུང་བ་དང༌། དེ་གཉིས་འགྲོ་ལྡོག་གཅིག་པས་ངོ་བོ་གཅིག་ཏུ་ཡང་ངོ་སྤྲོད། ནང་གི་ཉམས་མྱོང་མ་ཤར་ན། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་དེ་དངོས་པོའི་གནས་ཚུལ་ཡིན། དེ་ལ་སྙིང་རྗེའི་ངོ་བོའམ་རང་བཞིན་ནི། རང་གཞན་གྱི་སྡུག་བསྔལ་འགོག་ཅིང་བདེ་བ་ལ་གནས་པར་བྱེད་པའི་རྣམ་པའམ་ངང་ཚུལ་ཅན་གྱི་སེམས་ཉིད་དེ་ཡིན་ལ། ཆོས་ཉིད་དེ་ལྟ་བུའི་རང་བཞིན་དུ་གནས་པའི་རྒྱུ་མཚན་གྱི་བློ་བུར་དྲི་མའི་ཚུལ་དུ་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པའི་སྲེད་པ་སེམས་ཅན་ཐམས་ཅད་ལ་འབྱུང་བ་ཡིན། ཡང་དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་དགེ་བའི་སེམས་འདི་ཡང་རང་བཞིན་དེའི་ཁ་བུན་གྱི་ཚུལ་དུ་ཤར་བ་ཡིན་ནོ། །སྤྲོས་བྲལ་གནས་ལུགས་སུ་ངོ་སྤྲོད་པ་སྤྱི་དང་འདྲ། ཡིད་ཆེས་གསུམ་ལྡན་གྱི་སྒོ་ནས་ཐག་བཅད་པ་ནི། བླ་མས་ཀྱང་ལུང་རིག་མན་ངག་གསུམ་གྱི་སྒོ་ནས། ཟུང་འཇུག་གནས་ལུགས་སུ་ངོ་སྤྲད། རྒྱུད་ལས་ཀྱང༌། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པ་སྨྲ་པོ་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །ཞེས་གསུངས། ཉམས་མྱོང་གིས་ཀྱང་སྟོང་ཉིད་སྙིང་རྗེ་དབྱེར་བ་མེད་པར་མྱོང་བས། བླ་མ་དང༌། རྒྱུད་དང༌། བདག་ཉིད་ལ་ཡིད་ཆེས་པ་གསུམ་གྱི་ཟུང་འཇུག་གནས་ལུགས་སུ་ཐག་བཅད་དོ། །


TNT04_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བཤད་པ་དེ་རྣམས་ལས་ཡེ་ཤེས་ནམ་མཁའ་ལྟ་བུ་ལ་ངོ་སྤྲད་པ་ནི། ཀུན་བརྟགས་གདོད་མ་ནས་མ་གྲུབ་པར་གཏན་ལ་འབེབས་པ་ཡིན་ཞིང༌། རྗེས་ཐོབ་སྒྱུ་མ་ལྟ་བུར་ངོ་སྤྲད་པས། གཞན་དབང་བདེན་པར་མེད་ཀྱང་རྒྱུ་འབྲས་ལ་མི་བསླུ་བར་གཏན་ལ་ཕབ་པ་ཡིན། ཟུང་འཇུག་མི་འགྱུར་བར་ངོ་སྤྲད་པས་ཡོངས་གྲུབ་གདོད་མ་ནས་གནས་ཀྱང་སྤྲོས་པ་དང་བྲལ་བར་གཏན་ལ་ཕབ་པ་ཡིན། ཡང་དེ་གསུམ་ལ་རིམ་པས། མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། དོན་དམ་ངོ་བོ་ཉིད་མེད་པ་ལ་ངོ་སྤྲད་པ་ཞེས་ཀྱང་བྱའོ། །ངོ་སྤྲོད་སྐོར་དྲུག་པའོ། །བཞི་པ་དེ་དག་མངོན་དུ་འགྱུར་བ་ལ་མི་རྟོག་པའི་ཡེ་ཤེས་དགོས་པར་བསྟན་པ་ལ། ལུང་ནི། དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་དག་གིས་ནི་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་དང་རྣམ་རྟོག་རྗེས་སུ་འབྲང་བ་ལས། དོན་གསལ་སྣང་བ་ཡོད་མ་ཡིན། །ཞེས་པའི་བར་དུ་མདོ་རྒྱུད་བསྟན་བཅོས་མན་ངག་རྟོག་གེ་ཐམས་ཅད་ནས། རྒྱ་ཆེར་བཤད། རིག་པ་ནི། དངོས་པོའི་གནས་ལུགས་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་པས། རྣམ་རྟོག་གིས་གནས་ལུགས་ལ་རེག་པར་མི་ནུས་པའི་ཕྱིར་རོ། །སྒོམ་པ་ཉམས་མྱོང་ནི། རྣམ་རྟོག་རྩོལ་བའི་ཡིད་བྱེད་ཀྱིས་སྟོང་པ་ཉིད་མི་ཚེ་ཧྲིལ་པོར་བསྒོམས་ཀྱང་དུ་བ་ཙམ་གྱི་རྟགས་སྣང་ཡང་མི་མཐོང་ཞིང༌། བདེ་སྟོང་གི་ཉམས་རང་འབར་དུ་འབྱུང་བ་ལན་རེ་ཙམ་ཡང་མ་མཐོང༌། ཐུན་མོང་མ་ཡིན་པའི་གནད་དང་ལྡན་པའི་མི་རྟོག་པ་བསྒོམས་པ་ལ་དེ་དག་འཕྲལ་དུ་འབྱུང་བ་མྱོང་བས་གྲུབ་པའི་ཕྱིར་དང༌། སེམས་མཉམ་པར་བཞག་པའི་སྐབས་སྟོང་


TNT04_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོག་སྒོམ་དེ་རང་བབས་ལ་འགགས་འགྲོ་བར་མ་ཟད་ཆེད་གཏད་དྲན་པར་བྱས་ཀྱང་རིག་ཐོག་ཏུ་མ་སླེབ་པའི་ངང་ཉིད་ནས་རང་ལོག་ཏུ་འགྲོ་བ་མྱོང་བས་གྲུབ་པའི་ཕྱིར་རོ། །ཡིད་ཆེས་གསུམ་ལྡན་གྱི་སྒོ་ནས་མི་རྟོག་པ་དགོས་པར་ཐག་གཅོད་པ་ཡང་སྔ་མ་རྣམས་ཀྱིས་རིགས་འགྲེའོ། །དེ་ཡན་ཆད་ཀྱིས་ལྟ་བའི་ངོ་སྤྲོད་བསྟན་ཟིན་ཏོ། །ངོ་སྤྲོད་སྐོར་བདུན་པའོ། །གཉིས་པ་སྒོམ་པའི་ངོ་སྤྲོད་ལ། དོན་ཚན་བཞིའི་དང་པོ་ཏིང་ངེ་འཛིན་གྱི་རྒྱུ་ངོ་སྤྲད་པ་ནི། ཚུལ་ཁྲིམས་ལ་སོགས་པ་ཞི་གནས་སྤྱིའི་རྒྱུ་ཚོགས་དང༌། སྐྱབས་འགྲོ་ནས་དབེན་གསུམ་གྱི་བར་སྔོན་འགྲོ་རྣམས་དང༌། དངོས་གཞིའི་བྱེད་བཅིངས་དང་དམིགས་པའི་གནད་ཁྱད་པར་ཅན་རྣམས་ཏེ། དེ་དག་གི་དོན་གསལ་ལ་འགྲིལ་བར་བཤད་པར་བྱའོ། །གཉིས་པ་ཏིང་ངེ་འཛིན་སྐྱེ་བའི་ཚུལ་ངོ་སྤྲད་པ་ནི། གཡོ་ཐོབ་ལ་སོགས་པ་ལྔའོ། །གསུམ་པ་ཏིང་ངེ་འཛིན་གྱི་རྟགས་ངོ་སྤྲད་པ་ནི། ཉིན་རྟགས་མཚན་རྟགས་དང་རྟགས་བཅུའི་དབྱེ་བ་སོགས་ཏེ། དེ་གཉིས་ནི་རྟགས་ཚད་ཀྱི་ཡི་གེར་ཤེས་པར་བྱའོ། །གཞན་ཡང་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཇི་ལྟ་ཇི་ལྟར་འདུས་བྱས་རྫུན་དུ་མཐོང༌། །དེ་ལྟ་དེ་ལྟར་སྙིང་རྗེ་ཅན་དུ་འགྱུར། །ཞེས་ཉེ་རིང་མེད་པའི་སྙིང་རྗེ་སྐྱེ་བ་དང༌། ཆོས་བརྒྱད་མགོ་སྙོམས་པར་འགྱུར་ཞིང༌། ས་བཅུ་པའི་མདོ་ལས། འཚོ་བ་ཆད་དང་འཆི་དང་མི་བསྔགས་ངན་འགྲོ་དང༌། །འཁོར་གྱི་ནང་ན་དེ་ལ་བག་ཚའི་རྣམ་པ་མེད། །ཅེས་ས་ཐོབ་འཇིགས་པ་ལྔ་བྲལ་དུ་བཤད་པ་དང་རྗེས་སུ་མཐུན་པར་སོ་སོ་སྐྱེ་བོ་ལས་དང་པོ་ལ་ཡང་སྒོམ་རྣམ་དག་སྐྱེས་ན་སྔར་བས་ལྟོ་གོས་


TNT04_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཁྲལ་ཆུང་དུ་འགྲོ། འཆི་བ་ལ་མི་འཚེར་དུ་འགྲོ། གཞན་གྱིས་སྡིག་གསོག་པ་ལ་ཉམས་མི་ང་ཞིང་ཞེ་སྡང་མི་སྐྱེ་བར་འགྱུར། རེ་དོགས་དང་སེམས་ཀྱི་སྡུག་བསྔལ་ཡིད་མི་བདེ་ཆུང་ངུར་འགྱུར། ངེས་དོན་གྱི་ཆོས་ལ་རིག་པའི་འཁྲོལ་ཆགས་ནས་ཆོས་སྨྲ་བ་ལ་སྤོབས་པ་བཟང་པོར་འགྱུར་ཏེ། སྙིང་རྗེ་ནས་དེའི་བར་དུ་ལྡན་ན་རྟོགས་པ་ལ་གདེང་ཅུང་ཟད་ཐོབ་པའི་རྟགས་སོ། །བཞི་པ་ཏིང་ངེ་འཛིན་གྱི་ངོ་བོ་ངོ་སྤྲད་པ་ནི། གང་ཟག་གི་བློ་དང་འཚམས་པར་ཞི་ལྷག་གི་རྣམ་གཞག་རྒྱས་བསྡུས་ཅི་རིགས་པ་སྤྱི་ཁྱབ་དང་མཐུན་པར་གསལ་འགྲིལ་དུ་བཤད་ནས། འདིར་རྣམ་པར་མི་རྟོག་པ་དབེན་གསུམ་དུ་གནས་པ་དེ་ཞི་གནས་ཡིན། སྟོང་གཟུགས་ལ་མི་རྟོག་པར་གནས་པ་དེ་མདོ་ལས་མཚན་མ་ཅན་གྱི་ལྷག་མཐོང་དུ་བཤད་པ་དེར་འགྲོ་ཞིང༌། སྟོང་གཟུགས་ཏེ་རང་སེམས་དང་སྤྲོས་བྲལ་ཏུ་ཤེས་པ་དེ་ཀུན་ཏུ་འཚོལ་བའི་ལྷག་མཐོང་ཞེས་བཤད་པ་དེ་ཡིན། སྟོང་གཟུགས་དང་རང་སེམས་དབྱེར་མེད་སྣང་སྟོང་ཟུང་འཇུག་ལ་གནས་པ་དེ་སོ་སོར་རྟོག་པའི་ལྷག་མཐོང་ཞེས་གསུངས་པ་དེ་ཡིན། དེ་རྣམས་ལ་གོམས་པ་མཐར་ཕྱིན་ནས་རྩོལ་མེད་རང་ཆས་སུ་གནས་ན། མདོ་ལས། ཚད་མེད་པ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བཀའ་སྩལ་པ་དེ་ཡིན་ཞིང༌། ངོ་བོ་ཞི་ལྷག་ཟུང་འཇུག་གོ །འདིའི་སྐབས་ཀྱི་མཚན་མ་དང་བཅས་པའི་ལྷག་མཐོང་ཞེས་པའི་མཚན་མ་ནི་སྤྲོས་པ་དང་རྣམ་རྟོག་ལ་མི་ཟེར། མཚན་རྟག་སམ་སྒོམ་པའི་ཉམས་རྟགས་ཀྱི་དོན་ཡིན་ནོ། དེ་བཞིན་དུ་ཀུན་ཏུ་འཚོལ་བ་དང༌། སོ་སོར་རྟོག་པ་སོགས་ཀྱང་དཔྱད་


TNT04_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་རྟོག་མ་ཡིན་གྱི། མི་རྟོག་པས་རང་ངོ་ལ་ལྟ་བའི་དོན་ཡིན་ཏེ། རྒྱས་པར་མདོ་སྡེ་དགོངས་པ་ངེས་འགྲེལ་ཉིད་ལས་བཙལ་བར་བྱའོ། །ངོ་སྤྲོད་སྐོར་བརྒྱད་པའོ། །གསུམ་པ་སྤྱོད་པའི་ངོ་སྤྲོད་ནི། ཐེག་པ་གསུམ་གྱི་སྤྱོད་པ་ཐམས་ཅད་སངས་རྒྱས་ཀྱི་བཀའ་བཞིན་དུ་མ་འཁྲུལ་བར་སྤྱོད་ཅིང༌། སྡོམ་གསུམ་འགལ་མེད་དུ་སྟན་ཐོག་གཅིག་ཏུ་གྲིལ་ནས་ཉམས་སུ་ལེན་དགོས་པ་ཡིན་ནོ། །བཞི་པ་འབྲས་བུ་ངོ་སྤྲོད་ནི། ལངྐར་གཤེགས་པ་ལས། སེམས་ཙམ་ལ་ནི་གནས་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་དམིགས་པ་ལ་གནས་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་ ནི། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་དང༌། སེམས་ཙམ་དང་ནི་སྣང་མེད་དང༌། །ས་གཞན་དག་གོ་སངས་རྒྱས་ས། །དེ་དག་སངས་རྒྱས་རྣམས་ཀྱིས་བཤད། །བཤད་ཅིང་འཆད་པར་འགྱུར་པའོ། །ཞེས་དང༌། དེ་དག་གི་ངོས་འཛིན་ཡང༌། ས་བདུན་པོ་ནི་སེམས་ཡིན་ཏེ། སྣང་བ་མེད་པ་བརྒྱད་པའོ། །ས་གཞན་དང་ནི་སངས་རྒྱས་ས། །དེ་དག་དེའི་རང་བཞིན་ནོ། །ཞེས་གསུངས་ཏེ། རིམ་པ་འདི་རྗེས་མཐུན་ཙམ་ནི་སོ་སོ་སྐྱེ་བོའི་གནས་སྐབས་ནས་ཀྱང་འབྱུང་ལ། དངོས་སུ་ནི། ས་བདུན་པ་མན་ཆད་ལ་རྗེས་ཐོབ་ཏུ་སེམས་སུ་འཛིན་པ་ཅུང་ཟད་ཡོད་ལ། བརྒྱད་པ་ལ་འཛིན་པ་ཅན་གྱི་རྣམ་རྟོག་ཐམས་ཅད་དབྱིངས་སུ་དག་ཀྱང་སྣང་མེད་ཀྱི་དབུ་མ་ལ་ཞེན་པའི་ཆ་ཤས་ཅུང་ཟད་ཡོད་ཅིང༌། དགུ་པ་དང་བཅུ་པ་ལ་དེ་ཡང་དག་ནས་ཆོས་ཉིད་གཞན་སྟོང་བདེ་


TNT04_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སྙིང་པོའི་མཚན་ཉིད་དང༌། རྣམ་པ་དང་དོན་ཐམས་ཅད་པ་མངོན་སུམ་དུ་འགྱུར་བ་ཡིན། གཞན་དང་མཆོག་གཉིས་སྐད་དོད་གཅིག་པས་ས་གཞན་ཞེས་པས་མཆོག་ཅེས་པར་བསྒྱུར་ན་ལེགས་སོ། །འབྲས་བུ་འགྲུབ་ཚུལ་ཡང༌། ཇི་ལྟར་ཆུ་རྙོག་པ་ལས་དྭངས་པ་ན། །དྭངས་པ་དེ་ནི་དེ་ལས་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །ཅེས་གསུངས། ལམ་མཉམ་རྗེས་གཉིས་ཀྱི་བྲལ་འབྲས་ནི། ཐེག་ཆེན་རྒྱུད་བླ་མ་ལས། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་གསུངས་པ་ལྟར་ཏེ། སྤངས་པ་ཕུན་སུམ་ཚོགས་པ་རྣམ་པར་གྲོལ་བ་ནི་མཉམ་བཞག་དང༌། རྟོགས་པ་ཕུན་སུམ་ཚོགས་པ་ཡང་དག་པའི་སྐུ་ནི་རྗེས་ཐོབ་ཡེ་ཤེས་ཀྱི་འབྲས་བུ་ཡིན་པར་གསུངས་ཤིང༌། དེ་ཡང་གཙོ་བོ་ནི་བསྐྱེད་འབྲས་མ་ཡིན་ཏེ། བྲལ་འབྲས་ཙམ་མོ། །འབྲས་བུ་དེ་དག་ཐོབ་པའི་དུས་ཀྱང་རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་བརྒྱུད་ནས་ཏེ། ཤིན་ཏུ་ཐོགས་ཀྱང་སྐྱེ་བ་བདུན་ནས། བླ་ན་མེད་པའི་གོ་འཕང་ལ་ངེས་པར་སྦྱོར་ནུས་པ་ཡིན་ནོ། །ངོ་སྤྲོད་སྐོར་དགུ་པའོ། །རྩ་བའི་གཉིས་པ་ལས་འབྲས་ཟབ་མོའི་ཆོས་བཤད་པ་ནི། དཀར་ནག་ལས་འབྲས་ཀྱི་དབྱེ་བ་ཞིབ་མོ་དང༌།


TNT04_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་གསུམ་གྱི་བསླབ་བྱ་འགངས་ཆེ་བ་རྣམས་དང༌། སྤང་བླང་བསླབ་བྱ་དེ་རྣམས་ལ་གནས་པའི་ཕན་ཡོན་དང༌། མི་གནས་པའི་ཉེས་དམིགས་དང༌། ལམ་གྱི་ཡེ་ཤེས་ཡང་དག་པར་རྒྱུད་ལ་སྐྱེ་བའི་རྒྱུ་རྐྱེན་ཕན་ཡོན་གྱི་རྣམ་གཞག་འགངས་ཆེ་བ་རྣམས་དང༌། ལམ་བསྒོམས་པས་འབྲས་བུ་འགྲུབ་ཚུལ་གྱི་རྣམ་གཞག་ས་ལམ་གྱི་རིམ་པ་དང༌། འབྲས་དུས་ཀྱི་སྐུ་དང་ཡེ་ཤེས་འཕྲིན་ལས་སོགས་རྣམ་གཞག་གསལ་ལ་འགྲེལ་བ་བཤད་ཅིང་དོན་ལ་ངེས་པ་བསྐྱེད་དུ་གཞུག་གོ །དེ་དག་གི་སྙིང་པོ་ཉོན་མོངས་པ་དང་དེས་ཀུན་ནས་བསླང་བའི་ལས་རྣམས་སྡོམ་དགོས། དད་སོགས་དགེ་བའི་སེམས་རྣམས་བསྐྱེད། དེས་ཀུན་ནས་བསླང་བའི་ལམ་རྣམས་སྒྲུབ། དངོས་དང་བརྒྱུད་པའི་སྒོ་ནས་གཞན་ལ་གནོད་པ་སྤོང༌། ཕན་པ་སྒྲུབ་དམ་ཚིག་སྲོག་དང་འདྲ་བར་སྲུང་བ་ལ་ལམ་གྱི་རྩ་བར་ངེས་དགོས་ཏེ། དྲི་མ་མེད་པའི་འོད་ལས་ཀྱང༌། གང་ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་ལ་རྟག་ཏུ་བརྩོན་པ་ཅན། སློབ་མ་དམ་པ་རྣམས་ལ་ལམ་དག་ནི། །བླ་མ་དམ་པའི་དྲིན་ལས་འབྱུང་བ་ ཡིན། །ཞེས་གསུངས་སོ། ངོ་སྤྲོད་སྐོར་བཅུ་པའོ། །རྩ་བའི་གསུམ་པ་བྱིན་རླབས་བརྒྱུད་པའི་ཆེ་བ་བསམ་པ་ནི། བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་པར་ཐར་པ་ཅི་རིགས་པ་བཤད་དེ་དེ་དག་ལས་བརྒྱུད་པའོ་ཞེས། ཆོས་དང་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་མོས་གུས་ལྷག་པར་སྒོམ་དུ་གཞུག་གོ །རྩ་བའི་བཞི་པ་སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་སྤེལ་བར་གདམས་པ་ནི། བཀའ་རྒྱ་བཞི་


TNT04_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་རྒྱས་བཏབ་པ་སོགས་རྣལ་འབྱོར་མི་ཉམས་ཤིང་འཕེལ་བའི་ཡན་ལག་གི་སྐབས་སུ་བཤད་པ་བཞིན་འདིར་ཡང་བླང་བར་བྱའོ། །ཕྱི་མ་འདི་གཉིས་ལ་གྲངས་ངེས་ཅན་མི་དགོས་སོ། །ཞེས་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དང་འབྲེལ་བའི་ངོ་སྤྲོད་ཐུན་མོང་བའི་མན་ངག་ཕྱིའི་ངོ་སྤྲོད་དུ་གྲགས་པ། ཆོས་རྗེ་ཀུན་མཁྱཻན་ཆེན་པོ་ཇོ་ནང་པ་ཡབ་སྲས་ཀྱི་བཞེད་པ། བླ་མ་གོང་མ་རྣམས་ཀྱི་མན་ངག་ཕྱག་ལེན་ཇི་ལྟ་བ་བཞིན་དུ་མདོ་ཙམ་བཀོད་པ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐའི་སུག་ལས་སོ།། ཞུས་དག།དགེ་ལེགས་འཕེལ།།


TNT04_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྡོ་རྗེའི་རྣལ་འབྱོར་གྱི་ཕྱིའི་ངོ་སྤྲོད།next