Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
སྦྱོར་བ་ཡན་ལག་དྲུག་པའི་ངོ་སྤྲོད་ནང་མ།
   
   
   
   
   


 
previousསྦྱོར་བ་ཡན་ལག་དྲུག་པའི་ངོ་སྤྲོད་ནང་མ།next

སྦྱོར་བ་ཡན་ལག་དྲུག་པའི་ངོ་སྤྲོད་ནང་མ།


TNT04_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡན་ལག་དྲུག་པའི་ངོ་སྤྲོད་ནང་མ་བཞུགས།


TNT04_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། རྣལ་འབྱོར་ཡན་ལག་དྲུག་པའི་ངོ་སྤྲོད་ནང་མར་གྲགས་པ་ཐུན་མོང་མ་ཡིན་པ་རྣམས་ཕྱོགས་མཚོན་ཙམ་ཞིག་བཤད་པར་བྱ་སྟེ། དེ་ཡང་དུ་བ་ལ་སོགས་པའི་མཐོང་སྣང་དང༌། གཞན་ཡང་ཉམས་ཀྱི་ཁྱད་པར་སྣ་ཚོགས་པ་དག་ལ་འཆར་བ་མྱུར་བུལ་དང༌། ཕྲ་རགས་དང༌། གསལ་མི་གསལ་དང༌། བརྟན་མི་བརྟན་གྱི་ཁྱད་པར་སྣ་ཚོགས་དག་འབྱུང་ཞིང༌། ལུས་ཉམས་སྣ་ཚོགས་པའི་སྙིང་པོ་བདེ་བའི་ཉམས་ཡིན་ལ། དེ་ལ་ཡང་ལུས་ཀྱི་ཕྱོགས་རེ་དང༌། ལུས་ཕལ་ཆེར་དང༌། ལུས་ཐམས་ཅད་དང༌། ལུས་སེམས་གཉིས་ཀ་དང༌། ཕྱི་ནང་ཐམས་ཅད་བདེ་བར་འཆར་བ་ལ་སོགས་པའི་རིམ་པ་སྣ་ཚོགས་ཡོད་དོ། །ངག་ཉམས་ཐམས་ཅད་ཀྱི་སྙིང་པོ་རླུང་འགགས་པ་ཡིན་ལ། དེ་ལ་ཡང་རླུང་འགག་ཚུལ་དུ་མ་ཡོད་ཅིང༌། སེམས་ཉམས་ཀྱི་སྙིང་པོ་རྣམ་པར་


TNT04_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་པ་སྟོང་པའི་ཉམས་ཡིན་ལ། དེ་ལྟ་བུའི་སྟོང་ཉམས་ལའང་སྣང་བ་ལ་སེམས་མི་འཕྲོ་བ་ཙམ་གྱི་མི་རྟོག་པ་དང༌། མི་རྟོག་བཞིན་དུ་རིག་པའི་དྭངས་གསལ་ཅན་དང༌། དེ་ཉིད་ལ་ཡོད་མེད་ཡིན་མིན་གང་གི་མཚན་མས་མ་རེག་པར་རྗེན་ཆེར་དུ་ཤེས་པའི་རིམ་པ་ལའང་སྣ་ཚོགས་པ་ཡོད་ཅིང༌། དེ་ཡང་སེམས་རང་བཞིན་གྱིས་འོད་གསལ་གདོད་མ་ནས་གསལ་བའང་ཡིན། སྟོང་པའང་ཡིན། བདེ་བའང་ཡིན་པ་ལས། རང་བཞིན་གསལ་བ་སྟེ་རྣལ་འབྱོར་པའི་བློ་ངོར་རྟགས་སུ་ཤར་བ་འོད་གསལ་རྟག་བཅུ་ཡིན། རང་བཞིན་བདེ་བ་རྣལ་འབྱོར་པའི་བློ་ངོར་རྟགས་སུ་ཤར་བ་སོར་སྡུད་ཀྱི་བདེ་ཉམས་ནས་བརྩམས་ཏེ། སངས་རྒྱས་ཀྱི་སའི་བདེ་བའི་བར་དུ་ཡིན། རང་བཞིན་སྟོང་པ་རྣལ་འབྱོར་པའི་བློ་ངོར་རྟགས་སུ་ཤར་བ་དབེན་གསུམ་ནས་བརྩམས་ཏེ་མཐར་ཕྱིན་པའི་བར་དུ་སྟོང་ཉམས་ཤར་བ་རྣམས་ཡིན། གསལ་


TNT04_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བདེ་བ་གསུམ་པོ་གནས་ལུགས་ལ་དབྱེ་བ་མེད་ཀྱང་རྣལ་འབྱོར་པའི་བློའི་སྣང་ངོ་ལ་གསལ་ཆ། སྟོང་ཆ་བདེ་ཆ་རེ་རེ་ནས་འཆར་བ་དང༌། གཉིས་ལྡན་དང་གསུམ་ལྡན་དུ་འཆར་བ་སོགས་སྣ་ཚོགས་པ་ཞིག་འབྱུང་ངོ༌། །དེ་དག་ཀྱང་གསལ་སྟོང་བདེ་བར་མྱོང་བའི་ཆ་ནས་མ་འཁྲུལ་བ་ཡིན་ལ། གཅིག་དང་ཐ་དད་ལ་སོགས་པ་མཚན་མ་གཞན་དུ་སྣང་བའི་ཆ་ནས་འཁྲུལ་པ་ཡིན་ཀྱང༌། འཁྲུལ་པས་འཁྲུལ་པ་སེལ་བའི་ཚུལ་གྱིས་ཡང་དག་པའི་གནས་ལུགས་རྟོགས་པའི་ཐབས་སུ་འགྱུར་བ་ཡིན་ལ། འཁྲུལ་པའི་ཆ་ཤས་གཏན་ནས་ཟད་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ཡིན་གྱི། ལམ་གྱི་གནས་སྐབས་ཐམས་ཅད་ན་འདྲེས་མར་སྤྱོད་པ་ཡིན་ནོ། །རེ་ཞིག་དེ་ཙམ་ནི་མདོར་བསྟན་པ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ཞལ་གདམས་ལས་བརྩམས་པའི་ངོ་སྤྲོད་སྐོར་དང་པོའོ། །ད་ནི་དོན་དེ་དག་ཅུང་ཟད་ཞིབ་ཏུ་བརྗོད་ན། བྱེད་བཅིངས་ཟབ་མོ་ལ་བརྟེན་ནས། རྟེན་ལུས་ཀྱི་ཕྱོས་བཟུང་ན་རླུང་སེམས་དབུ་མར་ཅི་རིགས་པར་གནས་པར་གྱུར། བརྟེན་པ་སེམས་ཀྱི་ཕྱོགས་བཟུང་བ་ལྟར་ན། སེམས་ཉིད་དེ་སེམས་ཉིད་རང་གི་རང་བཞིན་གསལ་སྟོང་བདེ་བ་ལ་ཅུང་ཟད་གནས་པས། རང་གི་རང་བཞིན་ཅི་རིགས་པ་གསལ་བར་ཤར། དཔེར་ན་ཆུ་རྒྱུན་རྙོག་མ་དྲག་ཏུ་འབབ་པ་གཅིག་ལས། སྣོད་བཟང་པོ་གཅིག་ཏུ་བླངས་ནས་ཡུང་ཙམ་ཞིག་གཡོ་མེད་དུ་བཞག་ན་རྙོག་པ་དེ་ཅུང་ཟད་སངས་སུ་ཉེ་བའི་ཆུ་རང་གི་ཁ་དོག་ཅི་རིགས་པ་སྟེང་དུ་མངོན་པ་བཞིན་ནོ། །དེས་ན་རྩ་རླུང་ཐིག་ལེ་སེམས་རྣམས་ཀྱི་དྭངས་མའི་རང་གཟུགས་དེ་སྟོང་


TNT04_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སུ་ཤར་བ་ཡིན་ཏེ། རྩ་རླུང་ཐིག་ལེ་སེམས་ཀྱི་ཆོས་ས་ཁམས་ཀྱིས་བསྡུས་པ་རྣམས་ཀྱི་རང་བཞིན་དྭངས་མ་ཆོས་ཉིད་དེ་རྣལ་འབྱོར་པའི་བློ་ངོར་དུ་བ་དང་འབར་བའི་རྟགས་སུ་ཤར། དེ་བཞིན་དུ་ཆུ་ཁམས་ཀྱི་དྭངས་མ་སྨིག་རྒྱུ་དང་ཟླ་བ། མེ་ཁམས་ཀྱི་དྭངས་མ་མཁའ་སྣང་དང་ཉི་མ། རླུང་ཁམས་ཀྱི་དྭངས་མར་མེ་དང་སྒྲ་གཅན། ནམ་མཁའ་དང་ཡེ་ཤེས་སམ། སྟོང་པ་དང་བདེ་བའི་དྭངས་མ་གློག་དང་ཐིག་ལེར་ཤར་བ་ཡིན་ནོ། །འདིར་དྭངས་མ་ཞེས་བྱ་བ་ནི། ཆོས་དེ་རྣམས་ཉིད་ཀྱི་རང་གཟུགས་སམ། རང་བཞིན་ནམ། ཆོས་ཉིད་དེ། དེ་ཡང་གསལ་སྟོང་བདེ་བ་རོ་མཉམ་པའི་ཡེ་ཤེས་ཡིན་ཡང་སྐབས་འདིར་རྣལ་འབྱོར་པ་ལ་གསལ་སྣང་དུ་ཤར་བས་དེའི་ལྡོག་ཆ་ནས་སྨོས་ན། རང་བཞིན་ཆོས་ཉིད་གསལ་བའི་ཡེ་ཤེས་ཞེས་བརྗོད་དོ། གཞན་ཡང་འདི་སྐད་ཅེས་བྱ་སྟེ་སྒྲུབ་པ་པོ་ལ་དུ་བ་དང༌། སྒྲ་གཅན་གྱི་ལྟས་ཤར་བ་དེ་ནི་སེམས་རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་དེ་དངོས་གནས་ལ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལས། ཀུན་རྫོབ་སྣང་བ་དང་བསྟུན་ཏེ་ལྡོག་ཆས་ཕྱེ་ན། སོ་སོའི་ཐ་སྙད་སྦྱོར་ཏེ། སྐབས་འདིར་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་ལ་སོགས་པ་རླུང་ཁམས་རྣམ་པར་དག་པའི་ལྷ་ཚོགས་རྣམ་མཇལ་བ་ཡིན་དག་པ་གཉིས་ལྡན་གྱི་ལྷ་དེ་རྣམས་ཀྱིས་བྱིན་གྱིས་རླབས་པ་ཡིན། གཞི་ལ་བཞུགས་པའི་སངས་རྒྱས་དེ་རྣམས་སྔར་སྒྲིབ་གཡོགས་འཐུག་པོས་བསྒྲིབས་ཏེ་མ་མཐོང་བ་ལས་ད་ནི་སྒྲིབ་གཡོགས་ཅུང་ཟད་ཅིག་བསྲབ་པས། སངས་རྒྱས་དེ་རྣམས་ཀྱི་ཡེ་ཤེས་ཀྱི་ཆ་ཤས་ཅུང་ཟད་ཅིག་མཐོང་བ་ཡིན་ནོ། །དེ་ཡང་བླ་མ་གོང་མ་རྣམས་ཀྱི་གསུང་ལས། དུ་བ་ལྟ་བུ་གཅིག་ལ་ཡང་ནང་ཚན་དུ་ཁམས་དྲུག་གི་དབྱེ་བས། དུ་བ་སེར་པོ་ས་ཁམས་


TNT04_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཆུ་ཁམས། དམར་པོ་མེ་ཁམས། ནག་པོ་རླུང་ཁམས། ལྗང་སྔོན་ནམ་མཁའ་ཡེ་ཤེས་ཏེ། རླུང་ཁམས་ཉིད་ལས་ཕྱེ་བའི་འབྱུང་ཆུང་ལྔའི་རང་གཟུགས་ཏེ། དུ་བ་སོགས་རྟགས་བཅུའི་རིམ་པ་རྣམས་རྣལ་འབྱོར་པ་ཐམས་ཅད་ལ་འབྱུང་ཞིང༌། ཕལ་ཆེར་ལ་གོ་རིམ་ཀྱང་མ་འཁྲུགས་པར་འབྱུང་བས། དུ་བ་ཐོག་མར་མཐོང་ཡང་སྒྲུབ་པ་པོ་ལས་ཀྱི་རིགས་སུ་མ་ངེས་ལ་དེའི་ནང་ཚན་ལ་གནས་སྐབས་རིགས་སོ་སོར་ངེས་པས། དུ་བ་སེར་པོར་མཐོང་ན་སྒྲུབ་པ་པོ་རྣམ་སྣང་གི་རིགས་ཡིན་པས། ཚེ་འདི་ལ་ཏིང་ངེ་འཛིན་གྱི་ཡན་ལག་མཐར་ཕྱིན་པའམ། ཚེ་འཕོས་ནས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དག་པའི་ཞིང་ཁམས་སུ་འགྲོ་བ་ཡིན་ལ། དེ་བཞིན་དུ་འོད་དཀར་པོ་འོད་དཔག་མེད། དམར་པོ་རིན་ཆེན་འབྱུང་ལྡན། ནག་པོ་དོན་ཡོད་གྲུབ་པ། ལྗང་གུ་མི་བསྐྱོད་པ། སྔཽན་པོ་རྡོ་རྗེ་སེམས་དཔའ་རྣམས་ལའང་རིམ་བཞིན་སྦྱར། རིགས་སོ་སོར་ངེས་པའི་གོ་དོན་ཨི་ཐི་བ་ནི་སེམས་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞྀན་ཡིན་པས། ལམ་སྒོམ་པའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་མཉམ་ཡིན་ཀྱང༌། ཐོག་མར་དྲི་མ་འདག་ཚུལ་ལ་གཟུགས་ཕུང་གི་དྲི་མ་བྱང་བའི་འགོ་རྩོམ་པ་སྔ་ན་རྣམ་སྣང༌། འདུ་ཤེས་ཀྱི་དྲི་མ་དག་པ་འགོ་རྩོམ་པ་སྔ་ན་འོད་དཔག་མེད་ཀྱི་རིགས་སོགས་ཏེ། གཞན་ལའང་རིགས་འགྲེའོ། །ཡང་དུ་བ་སོགས་ལྷ་ཡབ་དང། འབར་བ་སོགས་ལྷ་ཡུམ་ལའང་སྦྱར་ཞིང༌། ནུས་མ་བཅུ་ལའང་སྦྱོར། འདི་དག་དོན་དམ་པར་དབྱེ་བ་མེད་ཀྱང་ཀུན་རྫོབ་ཏུ་སོ་སོར་སྦྱོར་བ་འདི་གྲངས་མཚུངས་སམ། ཆོས་མཚུངས་ཙམ་སྦྱོར་བ་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཡབ་ཡུམ་བཅུ་དང༌། ནུས་མ་བཅུ་ལ་སོགས་པ་དངོས་ཡིན་པ་ལ་ཡིན་པར་ངོ་སྤྲད་པ་ཡིན་ནོ། །དེ་ལྟར་མཐོང་བ་དེ་དངོས་ཡིན་ཀྱང་ལམ་ཕྱི་མ་རྣམས་བསྒོམས་


TNT04_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

པས་བོགས་མེད་པ་མ་ཡིན་ཏེ། དཔེར་ན། རབ་རིབ་ཅན་གྱིས་མཐོང་བའི་རི་དེ་རི་དངོས་ཡིན་ཀྱང༌། ཕྱིས་རབ་རིབ་བསལ་ནས་བལྟས་པའི་ཚེ་སྔ་མ་དང་ཁྱད་པར་ཤིན་ཏུ་ཆེ་བ་བཞིན་ནོ། དེ་བཞིན་དུ་དུ་བར་སྣང་བ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་སྣང་ཡིན། སྨིག་སྒྱུ་མཉམ་ཉིད། མཁའ་སྣང་སོར་རྟོག མར་མེ་ཆོས་དབྱིངས། ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འབར་བ་སོགས་ལྔ་ལའང་དེས་རིགས་འགྲེ་ཞེས་སོ་སོར་སྦྱར། ནང་ཚན་དུ་ཁ་དོག་ལྔའམ་དྲུག་ནི་ཚད་མེད་ལྔའི་བདག་ཉིད་ཅན་ཏེ། དུང་སེར་པོ་ནི། བྱ་སྒྲུབ་ཡེ་ཤེས་བྱམས་པའི་ཏིང་ངེ་འཛིན་དང་དབྱེར་མེད་པའི་ངོ་བོ་ཡིན། དཀར་པོ་སྙིང་རྗེ། དམར་བོ་དགའ་བ། ནག་པོ་བཏང་སྙོམས། ལྗང་སྔོན་ནི་ཐམས་ཅད་མཉམ་པ་ཉིད་དོ་ཞེས་ངོ་སྤྲོད། དེ་བཞིན་རྟགས་བཅུ་པོ་ཕར་ཕྱིན་བཅུའི་རང་སྣང་དུ་ཡང་ངོ་སྤྲོད་དེ། དེ་དག་ནི་རྟགས་བཅུ་སོ་སོར་སྣང་བ་ལས་བརྩམས་ནས། རེ་རེར་ངོ་སྤྲོད་པའི་ཚུལ་ཏེ། ངོ་སྤྲོད་སྐོར་གཉིས་པའོ། ད་ནི་དེ་རྣམས་ཐུན་མོང་དུ་རྣམ་པ་ཐམས་ཅད་པའི་ཆོས་ཉིད་དུ་ངོ་སྤྲོད་པ་ལ། དང་པོ་དུ་སོགས་ཀྱི་རྟགས་རྣམས་ཆོས་ཐམས་ཅད་པར་བསྟན་པ་ནི། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོག་པར། །གང་ཕྱི་ཆོས་མེད་དེ་ཡི་ཕྱིར། །ཞེས་གསུང་པ་ལྟར། དུ་སོགས་འོད་གསལ་གྱི་སྣང་བ་ལས་གཞན་པའི་ཆོས་མེད་ཅེས་ཐ་སྙད་སྦྱར་ཏེ། དཔེར་ན་མེ་ལོང་དྭངས་པ་ལ་སྣོད་བཅུད་ཀྱི་གཟུགས་བརྙན་མཐའ་ཡས་པར་ཤར་ན་ཤར་བའི་དུས་དེ་ཉིད་དུ་མེ་ལོང་ལས་གཞན་པའི་སྣོད་བཅུད་ཀྱི་གཟུགས་བརྙན་མེད་ཅེས་


TNT04_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དེས་ན་ས་ཁམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་བའི་རྟགས་སུ་ཤར། དུ་སྣང་ཉིད་ཆོས་ཉིད་ཡིན། དུ་སྣང་ཆོས་ཉིད་དེ་ཉིད་སེམས་ཀྱི་རང་བཞིན་དུ་གདོད་མ་ནས་གནས། དེ་ལྟར་གནས་ཀྱང་སྔར་ནི་ཆོས་ཉིད་དེ་ལ་ཀུན་རྫཽབ་འཁྲུལ་པའི་ལས་སྣང་ས་ཁམས་ཀྱི་སྣང་བ་རྣམས་ཤར་ནས། དངོས་གནས་ལ་ཡོད་པའི་ཆོས་ཉིད་དུ་བའི་རྣམ་པ་ཅན་མ་མཐོང༌། དངོས་གནས་ལ་མེད་ཀྱང་འཁྲུལ་སྣང་ལ་ཤར་པའི་ས་ཁམས་ལས་སྣང་གིས་བསྡུས་པ་རྣམས་མཐོང༌། སྐབས་འདིར་ཆོས་དབྱིངས་ཟབ་མོའི་དོན་ལ་མཉམ་པར་བཞག་པས་ས་ཁམས་ངོས་སྐལ་གྱི་དྲི་མ་ཅུང་ཟད་བསྲབས། ཆོས་ཉིད་ཀྱི་སྣང་བ་ཅུང་ཟད་ཤར། དེ་ཡང་ཆོས་དབྱིངས་དེ་དུ་བའི་སྣང་བ་མ་ཡིན་པ་ལ་དུ་བའི་རྣམ་པར་ཤར་བ་ཡིན་ནམ་སྙམ་ན། དེ་ལྟར་མ་ཡིན། ཡིན་པ་ལ་ཡིན་པར་མཐོང་བ་ཡིན། དུ་བའི་སྣང་བར་མ་ཟད་ཆོས་དབྱིངས་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་སྣང་བ་ཅན་ཡིན། དེའི་ཕྱིར་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་དང༌། རྣམ་པ་ཀུན་ལྡན་གྱི་སྟོང་གཟུག་ཞེས་བྱ། དེ་རྣམ་པ་ཐམས་ཅད་པ་ཡིན་ཀྱང་ད་ལྟ་རྣལ་འབྱོར་ལས་དང་པོ་པ་རྣམས་ཀྱི་སེམས་སྒྲིབ་པས་བསྒྲིབས་ཏེ། རྣམ་པ་ཐམས་ཅད་པའི་རྣམ་པ་གཞན་རྣམས་མ་མཐོང༌། མ་རིག་མ་ཤེས་མ་རྟོགས་པ་ཡིན། ས་རླུང་ཅུང་ཟད་དབུ་མར་ཟློག་པས་ཆོས་ཉིད་དེ་དུ་བའི་རྣམ་པར་ཡོད་པའི་ཕྱོགས་ནས་ཅུང་ཟད་མཐོང་བ་ལགས་སོ། །དེ་ན་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་པ་འདི་རྣམས་ཀྱི་ནང་ན་ས་ཁམས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་ཞིག་འདུག་ལ། དེ་ཐམས་ཅད་


TNT04_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ངོར་དོན་བྱེད་ནུས་པ་ཡིན་ཀྱང་འཁྲུལ་ངོ་ཙམ་ཡིན་གྱི། དངོས་པོའི་གནས་ཚུལ་ལ་གྲུབ་པ་མེད། དེ་རྣམས་ཡོད་མ་མྱོང་ཡང་དེ་དག་གི་ཐད་ནས་ཁམས་ཀྱི་ཆོས་ཉིད་ཡེ་ཤེས་དེ་ཡོད། དེ་རྣམ་པ་ཐམས་ཅད་པ་ཡིན་ཀྱང་དེའི་ནང་ནས་ད་ལྟ་དུ་བའི་རྣམ་པ་དེ་མཐོང་བ་ཡིན། དེས་ན་དུ་བའི་རྟགས་ལས་གཞན་པའི་ས་ཁམས་ཀྱི་ཆོས་མེད་ཅེས་བརྗོད། དེ་ཡང་འཇིག་རྟེན་ཀུན་རྫོབ་ཀྱི་སྣང་ངོ་དང་བསྟུན་ནས་དཔེར་བརྗོད་ན། མེ་ལོང་ལ་སྣོད་བཅུད་ཀྱི་གཟུགས་བརྙན་ཤར་བའི་དུས་ན་ལྗོན་ཤིང་གི་གཟུགས་བརྙན་ལྗོན་ཤིང་དངོས་སུ་སྣང༌། རིའི་གཟུགས་བརྙན་རི་དངོས་སུ་སྣང་སྟེ། ལྗོན་ཤིང་དང་རི་དེ་དག་མེ་ལོང་གི་ངོས་བརྡར་བརྡར་པོ་དང་རྣམ་པ་ཡེ་མི་འདྲ་བར། མེ་ལོང་ལས་ཐ་དད་པར་སྣང་ཡང་བློ་འཁྲུལ་བའི་སྣང་བ་ཡིན། སྣོད་བཅུད་ཀྱི་གཟུགས་བརྙན་དེ་རྣམས་མེ་ལོང་ལས་ལོགས་སུ་མེད། མེ་ལོང་ཡང་ཡིན་ལ་རི་དང་ཤིང་ལ་སོགས་པ་ཡིན་པའང་དེ་ན་མེད་པས། མེ་ལོང་དང་ངོ་བོ་ཡང་གཅིག་ཏུ་མེད། མདོར་ན་དེ་ན་རི་དང་ཤིང་ལ་སོགས་པ་རྫས་སུ་གྲུབ་པ་ཞིག་ཡོད་ན། དེ་མེ་ལོང་དང་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་ཀྱང༌། གཟུགས་བརྙན་དེ་དག་རྒྱུ་རྐྱེན་ཚོགས་པའི་འཁྲུལ་སྣང་ཙམ་མ་གཏོགས་དངོས་གནས་ལ་མེད་པའི་ཕྱིར་གཅིག་དང་ཐ་དད་གང་དུ་ཡང་མི་བརྗོད་དོ། །མེ་ལོང་དང་གཟུགས་བརྙན་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་ཅིང༌། གཟུགས་བརྙན་རྣམས་དངོས་གནས་ལ་མེད་མོད་ཀྱང་གཟུགས་བརྙན་དེ་དག་འཆར་བའི་གཞི་མེ་ལོང་ཙམ་ཞིག་ཡོད་དོ། །དེས་ན་མེ་ལོང་ལས། གཞན་གཟུགས་བརྙན་མེད་དོ་ཞེས་བརྡ་སྦྱོར་བ་འདྲ་སྟེ། མེ་ལོང་ནི་ས་ཁམས་ཀྱི་ཆོས་ཉིད་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་དུ་སྣང་གི་དཔེ་ཡིན་ལ་


TNT04_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ནི་ས་ཁམས་ཀྱིས་བསྡུས་པའི་ལས་སྣང་རྣམས་ཀྱི་དཔེ་ཡིན་ཏེ། ལས་སྣང་གི་ས་ཁམས་འདི་རྣམས་མེད་བཞིན་དུ་སྣང་བའི་འཁྲུལ་སྣང་ཡིན་པས། ཡེ་ཤེས་དུ་བའི་རྣམ་པ་ཅན་དང་གཅིག་ཏུ་ཡང་མ་བཏུབ། ཐ་དད་དུ་ཡང་མ་བཏུབ་པ་ཡིན་ལ། ཡེ་ཤེས་དེ་ནི་གདོད་མ་ནས་གནས་པ་ལམ་བསྒོམས་པས་ཅུང་ཟད་མཐོང་བ་ཡིན་ནོ། །དེ་ཙམ་ཞིག་མཚོན་བྱེད་དུ་བྱས་ནས་ཐམས་ཅད་ལ་སྦྱར་བར་བྱ་སྟེ། སྨིག་སྒྱུའི་རྟགས་ནི་ཆུ་ཁམས་ཀྱི་ཆོས་ཉིད་ཆུ་ཁམས་ཐམས་ཅད་པ་ཡིན། མཁའ་སྣང་གི་རྟགས་ནི་མེ་ཁམས་ཀྱི་ཆོས་ཉིད་མེ་ཁམས་ཐམས་ཅད་པ་ཡིན། མར་མེའི་རྟགས་ནི་རླུང་ཁམས་ཀྱི་ཆོས་ཉིད་རླུང་ཁམས་ཐམས་ཅད་པ་ཡིན། ཐིག་ལེའི་རྟགས་ནི་མཁའ་ཁམས་ཀྱི་ཆོས་ཉིད་མཁའ་ཁམས་ཐམས་ཅད་པ་ཡིན། དེ་བཞིན་དུ་སྨིག་སྒྱུའི་རྟགས་ལས་གཞན་པའི་ཆུ་ཁམས་ཀྱི་ཆོས་མེད་ཅེས་པ་ནས། ཐིག་ལེའི་རྟགས་ལས་གཞན་པའི་མཁའ་ཁམས་ཀྱི་ཆོས་མེད་ཅེས་སྦྱར་ཏེ། རྟགས་གཞན་ལྔ་ལའང་དེ་དང་འདྲའོ། །ཡང་འགའ་ཞིག་གི་བསམ་པ་ལ། དུ་བ་ནི་ས་ཁམས་ཁོ་ནའི་ཆོས་ཉིད་ཡིན་པས་ཆུ་ལ་སོགས་པ་མ་ཡིན་ལ། དེ་བཞིན་དུ་སྨིག་སྒྱུ་ནི་ཆུ་ཁམས་ཁོ་ནའི་ཆོས་ཉིད་ཡིན་པ་སོགས་ཆོས་ཉིད་རྣམ་པ་དུ་མར་འགྱུར་རོ་སྙམ་པ་འབྱུང་སྟེ། འདི་ལ་བརྗོད་པ། དུ་མར་སྣང་ཡང་དུ་མ་མིན། །གཅིག་པའི་རྣམ་གཞག་བྱེད་མོད་ཀྱང༌། །གཅིག་དང་ཐ་དད་ལ་སོགས་པ། །སྤྲོས་པའི་མཚན་མ་ཀུན་ལས་གྲོལ། །ཞེས་བྱ་བ་ཡིན་པས།


TNT04_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པའི་བློ་ངོ་ལ་རྟགས་བཅུ་ཐ་དད་དུ་འཆར་ཏེ། ཐ་དད་དུ་སྣང་བའི་ཆ་ནས་འཁྲུལ་པ་ཡིན། རང་བཞིན་དབྱེ་བ་མེད་པས་རྟགས་བཅུ་ངོ་བོ་གཅིག་ཅེས་ཐ་སྙད་བྱ་ལ། དོན་དམ་པར་གཅིག་དང་ཐ་དད་གང་ཡང་གཞག་ཏུ་མེད་མོད། དུ་སྣང་དེ་ཀ་སྨིག་སྒྱུའི་རྟགས་ཡིན་པ་ལ་སོགས་པའི་རྒྱུ་མཚན་གྱིས་གཅིག་པའི་རྣམ་གཞག་བྱས་ཀྱང་རྣམ་གཞག་འཐད་ལྡན་ཡིན། མདོར་ན་དུ་བར་སྣང་བ་མ་འཁྲུལ་བ་ནས་ཐིག་ལེར་སྣང་བའི་བར་མ་འཁྲུལ་བའི་ཤེས་པ་ཡིན། དུ་བར་སྣང་བ་དེ་རྣམ་པ་ཐམས་ཅད་པ་ཡིན་ཀྱང༌། སྨིག་སྒྱུ་ལ་སོགས་པར་མི་སྣང་བའི་ཆ་ནས་འཁྲུལ་པ་ཡིན་ལ། སྤྱིར་ནི་རྟགས་བཅུ་ཐ་དད་པར་འཛིན་པ་སོགས་ནི་དུ་བར་སྣང་བའི་ཡེ་ཤེས་དེས་འཛིན་པ་མ་ཡིན་གྱི། རྗེསཀྱི་རྟོག་པས་འཛིན་པ་ཡིན་ལ། རྟོགས་པ་ཐམས་ཅད་ནི་འཁྲུལ་བ་ཡིན་པར་ཐམས་ཅད་དུ་གྲགས་ཤིང་གྲུབ་བོ། །འོ་ན་ཆོས་ཉིད་ལ་དབྱེ་བ་མེད་ན། སའི་ཆོས་ཉིད་དུ་བ། ཆུའི་ཆོས་ཉིད་སྨིག་སྒྱུ་ཞེས་སོགས་སོ་སོར་སྦྱོར་བ་ཅི་ཡིན་སྙམ་པ་འབྱུང་བར་འགྱུར་ཏེ། དེ་ལ་བརྗོད་པ། ཆོས་ཉིད་ལ་ངོ་བོས་དབྱེ་བ་མེད་ཀྱང༌། རྣམ་གཞག་འཇོག་པའི་ཚེ་ལྡོག་ཆ་ཙམ་གྱི་དབྱེ་བས་ཀུན་རྫོབ་ཀྱི་སྣང་བ་ཐ་དད་པའི་ཆོས་ཉིད་དུ་འཇོག་པ་ལ་འགལ་བ་མེད་ཅིང༌། དོན་གྱི་སྙིང་པོ་ནི་འདི་ལྟ་བུ་ཡིན་ཏེ། ཆོས་དབྱིངས་གཅིག་ཉིད་རྣམ་པ་ཐམས་ཅད་པ་ཡིན་པ་ལས། དུ་བའི་རྣམ་པ་ཡིན་པའི་ཆ་ལ་སེམས་ཅན་རྣམས་མ་རིག་པའི་འཁྲུལ་པ་ཞུགས་པ་ལས་ས་ཁམས་ལས་སྣང་གི་སྣང་བ་སྣ་ཚོགས་འཆར་བ་ཡིན་ལ།


TNT04_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་སྦྱར་ཏེ། ཆོས་ཉིད་ཐིག་ལེའི་རྣམ་པར་སྣང་བའི་ཆ་ལ། སེམས་ཅན་རྣམས་ཉིད་ཀྱིས་རང་གི་རང་བཞིན་མ་ཤེས་ཤིང་འཁྲུལ་པའི་མ་རིག་པ་ཞུགས་པ་ལས་ཐ་མལ་ལས་སྣང་མཁའ་ཁམས་ཀྱི་སྣང་བ་ཤར་བའི་བར་དུ་ཡིན་ནོ། །དེས་ན་ས་ཁམས་ནི་ཆོས་ཉིད་ཀྱི་དུ་བའི་རྣམ་པ་ལ་འཁྲུལ་བའི་ཆ་ནས་བཟུང་སྟེ། མཁའ་ཁམས་ནི་ཆོས་ཉིད་ཐིག་ལེའི་རྣམ་པ་ལ་འཁྲུལ་བའི་བར་ཀྱི་སྣང་བ་ཡིན་པས། རྟགས་བཅུ་ནི་ས་ཁམས་སོགས་དེ་དང་དེའི་ཆོས་ཉིད་དུ་འཇོག་པ་ཡིན་ཞིང༌། འདིར་སོ་སོར་སྡུད་པ་ལ་སོགས་པའི་ལམ་བསྒོམས་པས་ཀྱང་ཐ་མལ་ལ་འཁྲུལ་བ་སྣ་ཚོགས་པ་སྐྱེ་བའི་རྒྱུ་ལས་རླུང་རྣམས་ཀྱི་ནང་ནས་ས་ཁམས་ཀྱི་ལས་རླུང་ཅུང་ཟད་ཟིན་པས་སྔར་ས་ཁམས་ཁོ་རང་ཆོས་ཉིད་དུ་བའི་རྣམ་པ་ལ་ལོག་པར་ཞུགས་པའི་འཁྲུལ་སྣང་ཡིན་པ་ལས་འཁྲུལ་སྣང་གི་རྒྱུ་རླུང་ཅུང་ཟད་ཉམས་པས། ས་ཁམས་ཀྱི་འཁྲུལ་སྣང་ཅུང་ཟད་ཆུང་ངུ་སོང་ནས། ཆོས་ཉིད་ཀྱི་རྣམ་པ་རྣམས་ཀྱི་ནང་ནས་དུ་བའི་རྣམ་པ་ཅུང་ཟད་མཐོང་བ་ཡིན་ནོ། དེས་ན་སོར་སྡུད་ཀྱི་རྣལ་འབྱོར་པ་ལས་དང་པོ་པས་མཐོང་བའི་དུ་བའི་རྟགས་དེ་རྟགས་ཁོ་རང་གི་དངོས་གནས་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རྣམ་པ་ཐམས་ཅད་པ་འཁོར་འདས་སྲིད་ཞིའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཅན་དུ་གནས་པ་ཡིན་ཀྱང༌། རྣལ་འབྱོར་པའི་ཤེས་རྒྱུད་ལས་དང་པོ་པར་སོང་བས། རྣམ་པ་གཞན་རྣམས་མ་མཐོང་ཞིང༌། དུ་བའི་རྣམ་པ་ཁོ་ན་མཐོང་བ་ཡིན་ནོ། དེ་བཞིན་དུ་རྟགས་བཅུ་ཐམས་ཅད་ལ་སྦྱར་བར་བྱའོ། །དེས་ན་རྟགས་བཅུ་འདི་རྣམས་ཆོས་ཐམས་


TNT04_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཆོས་ཉིད་དམ་དྭངས་མ་ཡིན་ཀྱང༌། རྩ་རླུང་ཐིག་ལེའི་དྭངས་མའི་རང་གཟུགས་ཡིན་ནོ་ཞེས་བརྗོད་དགོས་པའི་རྒྱུ་མཚན་ནི་བྱེད་བཅིངས་དང་དམིགས་པའི་གནད་ཁྱད་པར་ཅན་ལ་བརྟེན་ནས་འབྱུང་བ་ལྔའི་རང་བཞིན་ཅན་གྱི་རྩ་རླུང་ཐིག་ལེ་རྣམས་ལ་གནད་དུ་བསྣུན་པའི་རྐྱེན་གྱིས་མཐོང་བར་འགྱུར་གྱི། དངོས་པོ་གཞན་ལ་གནད་དུ་བསྣུན་པའི་ཐབས་མེད་པས་རྩ་རླུང་ཐིག་ལེའི་སྒོས་ཀྱི་དྭངས་མ་ཡིན་ཚུལ་དུ་བཅོས་ནས་བཤད་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་ཚུལ་ལས་བརྩམས་ཏེ་ངོ་སྤྲད་པ་སྟེ། ངོ་སྤྲོད་སྐོར་གསུམ་པའོ། །གཞན་ཡང་དུ་སོགས་རྟགས་རྣམས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་དང༌། རྩ་ཁམས་རྣམས་ཀྱི་དྭངས་མ་ཡིན་པ་དང༌། ཆོས་དབྱིངས་ཡེ་ཤེས་ཡིན་པ་དང༌། སྦྱང་གཞི་ཆོས་ཉིད་ཡིན་པ་དང༌། ཀུན་གཞི་དགེ་བ་ཡིན་པ་དང༌། དོན་དམ་པའི་ལྷ་སྔགས་ཐམས་ཅད་པ་ཡིན་པ་དང༌། དོན་དམ་པའི་སངས་རྒྱས་ཡིན་པའི་ཕྱི་རིམ་པ་བཞིན་དུ་འདི་བསྒོམས་པས་ཞིང་ཐམས་ཅད་སྦྱངས་པར་འགྱུར་ཞིང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱས་པར་འགྱུར་བ་དང༌། རྡོ་རྗེའི་ལུས་ཀྱི་རྩ་ཁམས་ཐིག་ལེ་ཐམས་ཅད་དག་པར་འགྱུར་བ་དང༌། འདི་བསྒོམས་པས་དཀར་པོའི་ཆོས་ཐམས་ཅད་བསྒོམས་པར་འགྱུར་བ་དང༌། འདིའི་སྟེང་གི་དྲི་མ་དག་ན་སྒྲིབ་པ་ཐམས་ཅད་དག་པར་འགྱུར་བ་དང༌། འདིའི་སྒོམ་པ་མཐར་ཕྱིན་པས་ལམ་ཐམས་ཅད་སྒོམ་པ་མཐར་ཕྱིན་པར་འགྱུར་བ་དང༌། སྟོང་


TNT04_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་འདི་ལ་བརྟན་པ་ཐོབ་ཅིང་མཐར་ཕྱིན་པར་འགྲུབ་ན་ཡི་དམ་གྱི་ལྷ་ཐམས་ཅད་འགྲུབ་ཅིང༌། སྔགས་འབྲས་ཐམས་ཅད་གྲུབ་པས་ལས་ཚོགས་དང་དངཽས་གྲུབ་ཀྱི་རིགས་ཐམས་ཅད་ཐོབ་པར་འགྱུར་བ་དང༌། བྱང་ཕྱོགས་སོགས་ལམ་གྱི་ཡོན་ཏན་དང༌། སྟོབས་བཅུ་སོགས་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱང་འདི་ཉིད་ལ་རང་ཆས་སུ་བཞུགས་པས། འདི་བསྒོམས་པས་དེ་ཐམས་ཅད་ཀྱང་མངོན་དུ་འགྱུར་བ་ཡིན་ནོ། །རྟགས་བཅུ་མཐོང་བ་དེ་ནི་བདེ་གཤེགས་སྙིང་པོ་མཐོང་བ་ཡིན་ལ། བདེ་གཤེགས་སྙིང་པོའམ། སེམས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། དོན་དམ་བདེན་པ་དང༌། སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ཞེས་བྱ་བ་ཡང་སྤྲོས་བྲལ་རྣམ་པ་ཐམས་ཅད་པ་འདི་ཡིན་ ནོ། །འདི་ནི་ཆད་སྟོང་མ་ཡིན་བེམ་སྟོང་མ་ཡིན། མེད་པར་དགག་པའི་མཚན་ཉིད་ཅན་མ་ཡིན། ཅིར་ཡང་མ་གྲུབ་ཅིར་ཡང་མ་ཡིན་པ་དེ་ལ་ཆོས་ཉིད་ཟེར་བ་དེ་འདྲའི་རིགས་སྒྲ་ཆེ་ལ་དོན་ཆུང་བ་དེ་ཚན་མ་ཡིན། ཡང་དག་པའི་རིག་པ་རྣམ་པ་ཐམས་ཅད་དུ་གདོད་ནས་ཤར་བ་འདི་ཡིན་ཏེ། སྣང་མེད་མ་ཡིན་པར་རང་རིག་རང་གསལ་རྟགས་བཅུར་ཤར་བ་ཉམས་སུ་མྱོང་ཞིང་མངོན་སུམ་དུ་གྲུབ་པ་འདི་གོང་དུ་བཤད་པ་ལྟར་རྟགས་དང་རྒྱུ་མཚན་གཙོ་བོ་ལགས་སོ། །འདི་རྣམས་དོན་དམ་པའི་སངས་རྒྱས་དངོས་ཡིན་པའི་ཕྱིར། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པའང་འདི་ལ་རང་ཆས་སུ་ཡོད། རང་གིས་སྒོམ་པར་ནུས་ན་རིམ་གྱིས་མངོན་སུམ་དུ་མཐོང་ཞིང་རྟོགས་པར་འགྱུར་རྣམ་གྲངས་ཉེ་


TNT04_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཙམ་བརྗོད་ན། འདི་ལ་མཉམ་པར་བཞག་པས་མི་དགེ་བའི་རྣམ་རྟོག་ཐམས་ཅད་འགག །དད་པ་དང་སྙིང་རྗེ་ལ་སོགས་པ་དགེ་བའི་ཆོས་ཀྱི་རྣམ་པ་རྣམས་དམིགས་རྣམ་ལོགས་སུ་ཆེད་ཀྱི་མ་བསྒོམས་ཀྱང་རང་ཤུགས་སུ་འཆར་ལུས་ངག་གི་འཇུག་ལྡོག་ཁྱད་པར་ཅན་ཤུགས་ལ་འབྱུང༌། འཛག་མེད་ཀྱི་ཚུལ་ཁྲིམས་ཀྱང་མྱུར་དུ་ཐོབ་པས་དོན་དམ་འོད་གསལ་ཀྱིས་སྣང་བ་འདི་ཀ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་དོན་དམ་པའི་འདུལ་བ་ཡིན། རྟོག་དཔྱོད་ཅན་དང་རྟོག་མེད་དཔྱོད་ཙམ་དང༌། རྟོག་དཔྱོད་གཉིས་ཀ་སྤངས་པ་དང༌། དགའ་བ་ཅན་དང༌། བདེ་བ་ཅན་དང༌། བཏང་སྙོམས་ཁོ་ན་ཅན་དང༌། གསལ་སྟོང་བདེ་བའི་ཉམས་སྣ་ཚོགས་དང༌། འདུ་ཤེས་དང་ཡིད་ལ་བྱེད་པ་མཐའ་ཡས་པའི་རྣམ་པ་ཅན་དང༌། ཟད་པར་ལ་སོགས་པའི་སྣང་བ་མཐའ་ཡས་པ་འཆར་ཞིང༌། རིན་ཆེན་སྣང་བ་དང་ཟླ་བ་སྒྲོན་མ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བརྒྱ་ཉི་ཤུ་ལ་སོགས་པ་ཐམས་ཅད་ཀྱང་འདི་ལ་མཉམ་པར་བཞག་ན་མྱུར་དུ་ཐོབ་པའི་ཕྱིར། དོན་དམ་པའི་མདོ་སྡེ་དང་ལྷག་པ་སེམས་ཀྱི་བསླབ་པ་ཡིན། འདི་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཞིང༌། འདྀའི་སྟེང་ན་གཟུང་འཛིན་གྱི་སྣང་བ་ནུབ། རྣམ་རྟོག་འགགས། ཡེ་ཤེས་ཀྱི་སྣང་བ་གསལ་པོར་འཆར་བ་མངོན་སུམ་དུ་གྲུབ་པའི་ཕྱིར་ན་དོན་དམ་པའི་མངོན་པ་དང༌། ལྷག་པ་ཤེས་རབ་ཀྱི་བསླབ་པ་ཡིན། དེ་བཞིན་དུ་ཆོས་དབྱིངས་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ཡིན་ལ། ཆོས་སྐུ་ཡིན་པའི་ཕྱིར་དོན་དམ་པའི་སངས་རྒྱས་


TNT04_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ཡིན། སངས་རྒྱས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་ཆོས་དཀོན་མཆོག་གི་སྙིང་པོའམ་མཆོག་ཡིན། ཆོས་ཀྱི་གནས་ལུགས་ཡིན་པའི་ཕྱིར་འཕགས་པའི་དགེ་འདུན་གྱི་རྟོགས་བྱ་ཡིན་པས། གང་ཞིག་རྟོགས་པས་རབ་ཏུ་ཕྱེ་བའི་དོན་དམ་པའི་དགེ་འདུན་ཡང་འདི་ཡིན་ནོ། །གཞན་ཡང་འོད་གསལ་གྱི་རྟགས་སྣང་འདི་རྣམས་ལ་མཉམ་པར་བཞག་པས་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་རྣམ་པར་འབྱེད་པའི་ཤེས་རབ་ངང་གིས་སྐྱེ་བར་འགྱུར་ཏེ། འདི་དོན་དམ་པའི་དྲན་པ་ཉེར་བཞག་བཞི་རུ་གནས་པའི་རྟགས་ཡིན། བརྩོན་འགྲུས་ངང་གིས་སྐྱེ་སྟེ། དོན་དམ་པའི་ཡང་དག་སྤོང་བ་བཞི་ཡིན་པའི་རྟགས་ཡིན། དེ་སོགས་ལམ་གྱི་ཆོས་ཐམས་ཅད་དང་སྦྱར། འདི་ལ་མཉམ་པར་བཞག་པས་ཉོན་མོངས་རང་བྱུང་གི་ཉམས་དང་རྣམ་རྟོག་རང་བྱུང་གི་ཉམས་སྣ་ཚོགས་པ་འཆར། དེ་ནི་ཉོན་མོངས་ལ་སོགས་པའི་ཆོས་ཉིད་ཡིན་པའི་རྒྱུ་མཚན་དང༌། དོན་དམ་པའི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རྣམ་པ་མཐོང་བ་ཡིན། འགྲོ་བ་རིགས་དྲུག་གི་གནས་ལུས་ལོངས་སྤྱོད་སོགས་ཀྱི་སྣང་བ་སྣ་ཚོགས་འཆར། དེ་ནི་ཁམས་གསུམ་གྱི་ཆོས་ཉིད་ཡིན་པའི་རྟགས་དང༌། དོན་དམ་པའི་ལྷ་དང༌། དོན་དམ་པའི་དམྱལ་བ་དང༌། དོན་དམ་གྱི་མི་ལ་སོགས་པར་རང་ཆས་སུ་བཞུགས་པའི་རྟགས་ཡིན། ཡི་དམ་ལྷ་དང་སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་མང་པོ་མཐོང༌། དེ་ནི་དོན་དམ་བདེ་གཤེགས་སྙིང་པོ་མཚན་དཔེ་ལ་སོགས་པ་ཡོན་ཏན་དུ་མས་བརྒྱན་པར་བཞུགས་པའི་རྟགས་དང༌།


TNT04_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་པའི་ནང་ནས་དག་པའི་སྣང་བར་བཞུགས་པའི་རྟགས་ཡིན། གཞན་ཡང་མངོན་ཤེས་ལ་སོགས་པ་དང༌། སྤྲོས་བྲལ་དང༌། སྟོང་ཉིད་ལ་སོགས་པའི་རྣམ་པ་གཞན་དང༌། སེམས་ཅན་གྱི་དོན་ཤེས་པ་ལ་སོགས་པ་ཉམས་གྱི་ཚུལ་དུ་འཆར་ཏེ། དེ་ནི་སྟོང་གཟུགས་ཞེས་ཀྱང་བྱ། །སེམས་ཉིད་ཅེས་ཀྱང་བྱ། དོན་དམ་བདེན་པ་ཞེས་ཀྱང་བྱ་བ་འདི་གདོད་མ་ནས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང༌། མཁྱེན་བརྩེ་ནུས་གསུམ་གྱི་ངོ་བོར་རྟག་ཏུ་གདོད་ནས་ཡོད་པ་དང༌། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྣམ་པ་མཐའ་ཡས་པར་ཡེ་ནས་བཞུགས་ཤིང༌། བཞུགས་པ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་ཅི་རིགས་པར་མཐོང་བ་ཡིན་ནོ། །དེ་ལྟར་ན་སྟོང་གཟུགས་བསྒོམས་པས་ཞིང་སྦྱངས་པར་འགྱུར་ཚུལ་ནས་འདིའི་བར་དུ་བརྗོད་པ་རྣམས་ཀྱི་དོན་རྒྱ་ཆེར་བཤད་ན་ངོ་སྤྲོད་མཐའ་ཡས་པར་འགྱུར་མོད་ཀྱི། ཡི་གེ་མངས་པས་འཇིགས་པའི་ཕྱིར་དང༌། ཉམས་མྱོང་དང་བསྟུན་ནས་བཤད་དགོས་པ་ཡི་གེར་འགོད་མི་ལང་བའི་ཕྱིར་དང༌། ཕྱོགས་ཙམ་སྨྲོས་པ་འདིས་གོ་ཞིང་སྟོན་པར་འགྱུར་པའི་ཕྱིར། མདོ་ཙམ་འདི་ལས་མ་བསྟན་ཏོ། །དེ་དག་གིས་ནི་ཆོས་ཐམས་ཅད་སྟོང་གཟུགས་སུ་འདུས་པར་ངོ་སྤྲད་པ་སྟེ། ངོ་སྤྲོད་སྐོར་བཞི་པའོ། །དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ངོ་སྤྲོད་པ་ལ། སྟོང་ཉིད་ཆོས་ཀུན་གྱི་གཞི་ཡིན་པར་བསྟན། རང་བཞིན་གདོད་ནས་སྤྲོས་བྲལ་དུ་གཏན་ལ་ཕབ། དོན་དམ་བསལ་


TNT04_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་མེད་པའི་གནས་ལ་ངེས་པ་བསྐྱེད་པའོ། །དང་པོ་ནི། རྣམ་པ་ཐམས་ཅད་པའི་སྟོང་ཉིད་ཡེ་ཤེས་འདི་ག་འབྲས་བུའི་མཐར་ཐུག་རྒྱལ་བ་རིགས་ལྔ་རིགས་དྲུག་ཡེ་ཤེས་ལྔའམ་ཡེ་ཤེས་དྲུག་སོགས་གདོད་མ་ནས་ཡིན་པའི་གནད་ཀྱི་སེམས་ཉིད་གཅིག་པུ་འབྲས་བུའི་ཆོས་ཐམས་ཅད་དུ་ཤར། གཞི་འབྲས་དབྱེ་བ་མེད་པའི་གནད་ཀྱིས་སེམས་ཉིད་གཅིག་པུ་གཞི་འབྲས་གཉིས་ཀ་དང་རྣམ་པ་མཐུན་པའི་ལམ་གྱི་ཆོས་ཐམས་ཅད་དུ་ཤར། དེ་བཞིན་དུ་སེམས་ཉིད་གཅིག་པུའི་དྲི་མ་བག་ཆགས་ཀྱི་སྣང་ཆ་ལས། གཞི་འཁོར་བའི་ཆོས་ཐམས་ཅད་ཤར་ཏེ། ནང་བཅུད་ཀྱི་སེམས་ཅན་རྡོ་རྗེ་ལུས་ཀྱི་སྣང་ཚུལ་མཐའ་ཡས་པ་དང༌། ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོགས་པ་འདི་དག་ཤར་བ་ཡིན་པས། མདོར་ན་ཡེ་ཤེས་གཅིག་ཉིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་སྤྲུལ་པའམ། གཅིག་ཉིད་དུ་མར་ཤར་ཡང་དུ་མ་གཅིག་གི་རང་བཞིན་ལས་མ་འདས་ཞེས་བྱ། གོང་དུའང་དོན་གྱིས་ན་བཤད་མོད་ཀྱི། འདིར་སྔར་ལས་ཅུང་ཟད་གསལ་བར་བརྗོད་ན། སེམས་ཉིད་རྣམ་པ་ཐམས་ཅད་པའི་འཆར་ཚུལ་ལ་འཁོར་བའི་ཆོས་དང་མཚུངས་པའི་ལྷ་དང་དམྱལ་བ་ལ་སོགས་པའི་རྣམ་པ་དེ་ཀུན་རྫོབ་ཀྱི་རྣམ་པ་མ་ཡིན། དོན་དམ་པའི་རྣམ་པ་ཡིན། སྦྱང་བྱ་མ་ཡིན། སྦྱང་གཞི་ཡིན། དག་བྱ་མ་ཡིན། དག་གཞི་ཡིན། ཆོས་ཅན་མ་ཡིན། ཆོས་ཉིད་ཡིན་ལ། ཀུན་རྫོབ་ལས་སྣང་གི་ལྷ་དང་དམྱལ་བ་རྣམས་ནི་དོན་དུ་མ་གྲུབ་སེམས་སྣང་ཡིན། དོན་དམ་གྱི་རྣམ་པ་མ་ཡིན་ཀུན་རྫོབ་ཀྱི་རྣམ་པ་ཡིན། སྦྱང་


TNT04_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མ་ཡིན་སྦྱང་བྱ་ཡིན། དག་གཞི་མ་ཡིན་དག་བྱ་ཡིན། ཆོས་ཉིད་མ་ཡིན་ཆོས་ཅན་ཡིན། འདིས་མཚོན་ནས་དོན་དམ་པའི་སྲིད་གསུམ་གྱི་སྣང་བ་ཐམས་ཅད་གནས་ལུགས་ཡིན་ཞིང༌། ཀུན་རྫོབ་སྲིད་གསུམ་གྱི་སྣང་བ་ཐམས་ཅད་གློ་བུར་གྱི་དྲི་མ་ཡིན་ནོ། །དེ་བཞིན་དུ་སེམས་ཉིད་ཀྱི་རང་བཞིན་ལ་དད་པ་དང་སྙིང་རྗེ་དང་ཤེས་རབ་ལ་སོགས་པའི་རྣམ་པ་གདོད་ནས་གནས་པ་དེ་ནི་དོན་དམ་དང་སྦྱང་གཞི་སོགས་ཡིན་ལ། ལམ་དང་རྩོལ་བས་གསར་དུ་བསྐྱེད་པའི་དད་པ་དང་སྙིང་རྗེ་དག་ཤེས་རབ་ལ་སོགས་པ་རྣམས་ནི་ཀུན་རྫོབ་དང་བྱེད་ཀྱི་ལམ་ཡིན་གྱི། དོན་དམ་དང་དག་གཞི་ལ་སོགས་པ་མ་ཡིན་ནོ། །ལམ་གྱི་ཆོས་འདི་དག་གཞི། དག་བྱ། དག་བྱེད། དག་འབྲས་བཞི་འམ། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་བཞིས་ཟླས་ཕྱེ་བའི་སྦྱོང་བྱེད་དང༌། དག་བྱེད་ཁོ་ན་ཡིན་ཀྱང༌། སྦྱང་གཞི་སྦྱང་བྱ་གཉིས་སུ་ཆོས་ཐམས་ཅད་བསྡུ་བའི་ཚཻ། ལམ་དུས་ཀྱི་ཤེས་རབ་ལ་སོགས་པ་ལམ་གྱི་ངོ་བོ་དེ་རྣམས་ནི་ཀུན་རྫོབ་པའི་ཆོས་ཁོ་ན་ཡིན་པའི་ཕྱིར་དང༌། རིམ་གྱིས་འདོར་དགོས་པའི་ཕྱིར་སྦྱང་བྱའི་ཕྱོགས་སུ་བསྡུ་ལ། ཤེས་རབ་ཀྱི་སྟེང་གི་ཆོས་ཡང་དག་པར་འབྱེད་པའི་ཡེ་ཤེས་ནང་རིག་ཙམ་གྱི་ལྡོག་ཆ་སོགས་ནི་སྦྱང་གཞིའི་ནང་དུ་བསྡུ་སྟེ། དེ་ལྟ་བའི་རིགས་རྒྱུན་ནམ་དུ་ཡང་མི་ལྡོག་པ་དང༌། ཀུན་རྫོབ་ཁོ་ན་ཉིད་མ་ཡིན་པར་དོན་དམ་དང་མཐུན་ཞིང༌། སངས་རྒྱས་


TNT04_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སའི་ལམ་བདེན་གདུལ་བྱ་གཞན་སྣང་དུ་འགྲོ་བའི་དོན་སྤྱོད་པའི་ཡེ་ཤེས་དེའི་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་སུ་ཁ་ཚོན་གཅོད་པའི་སྐབས་འདིར། གཞི་འབྲས་ངོ་བོ་དབྱེ་བ་མེད་པའི་གནད་ཀྱིས་སྦྱངས་འབྲས་ཐམས་ཅད་ཀྱང་སྦྱང་གཞིར་བསྡུའོ། །སེམས་ཀྱི་རང་བཞིན་ལ་སྟོབས་སོགས་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་བསྡུས་པ་ཐམས་ཅད་ནི་དོན་དམ་དང་སྦྱང་གཞི་སོགས་ཡིན་ལ། ལམ་བསྒོམ་པས་གསར་དུ་ཐོབ་པའི་ལྡོག་ཆ་གློ་བུར་གྱི་དྲི་མ་སྤངས་པའི་ཆ་རྣམས་དང༌། གདུལ་བྱ་གཞན་སྣང་དུ་སྟོན་པ་རྣམས་དང༌། གཞན་སྣང་དུ་འཆར་དུ་རུང་བ་རྣམས་ནི་ཀུན་རྫོབ་དང་སྦྱངས་འབྲས་ཡིན་ཞིང་སྦྱང་གཞི་མ་ཡིན་ནོ། །དག་པ་གཉིས་ལྡན་གྱི་སྐབས་ཀྱི་རང་བཞིན་རྣམ་དག་གི་ཆ་དེ་ནི་སྦྱང་གཞི་སྦྱངས་འབྲས་གཉིས་ཀར་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཀྱི། གཞིའི་ཆོས་ཉིད་ཅེས་བྱ་བ་དང༌། གཞི་ལམ་འབྲས་གསུམ་སྤྱིའི་ཆོས་ཉིད་ཅེས་བརྗོད་ཀྱང་རུང་སྟེ། གདོད་མའི་སེམས་ཉིད་དེ་ག་སྦྱངས་འབྲས་མཐར་ཐུག་དང་དོན་དམ་པའི་སྦྱངས་འབྲས་ཡིན་ནོ། །ཡང་འདིར་ལོག་རྟོག་འདི་ལྟ་སྟེ། དེ་ལྟར་ན་སེམས་རྣམ་པ་ཐམས་ཅད་པའི་སྲིད་པ་གསུམ་གྱི་རྣམ་པ་ལས་ནི་འཁོར་བ་འབྱུང་གི་གཞན་གཉིས་མི་འབྱུང་ལ། ཤེས་རབ་ཀྱི་རྣམ་པ་སོགས་ལས་གཞན་གཉིས་འབྱུང་ཞིང་འཁོར་བ་མི་འབྱུང་ཞིང༌། ཡེ་ཤེས་ལྔའི་རྣམ་པ་སོགས་ལས་གཞི་ལམ་གཉིས་མི་འབྱུང་བས་རྣམ་པ་སོ་སོ་ཐ་དད་པ་རྣམས་བྱེད་ལས་ཐ་དད་པར་ངེས་ཤིང༌། བྱེད་ལས་ཐ་དད་པས་ངོ་བོ་ཡང་ཐ་དད་པར་


TNT04_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། དེའི་ཕྱིར་དུ་མའི་རང་བཞིན་ཅན་ཀུན་རྫོབ་པ་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་ནོ་སྙམ་པ་འགའ་ཞིག་གི་བསམ་པ་ལ་འབྱུང་བར་འགྱུར་ཏེ། དེ་ལ་བརྗོད་པ་བདེན་ཏེ་རྣམ་པར་རྟོག་པ་འདི་ནི་བསམ་གྱིས་མི་ཁྱབ་པའི་གནས་ཁོང་དུ་མ་ཆུད་པར་ཟད་དོ། །འོན་ཀྱང་སྐྱོན་དེ་ལྟར་མི་འཇུག་སྟེ། འདིར་དོན་དམ་པ་དམྱལ་བའི་རྣམ་པ་གང་ཡིན་པ་དེ་ཀ་སྙིང་རྗེའི་རྣམ་པ་དང་ཤེས་རབ་ཀྱི་རྣམ་པའང་ཡིན་ལ། དེ་ཉིད་མེ་ལོང་ཡེ་ཤེས་ལ་སོགས་པའི་རྣམ་པའང་ཡིན་ནོ། །དེ་ལྟར་ན་རྣམ་པ་མང་པོ་སོ་སོ་ཐ་དད་པ་དུས་གཅིག་ཏུ་ཤིང་ལ་འབྲས་བུ་མང་པོ་ཆགས་པ་བཞིན་དུ་ལྡན་པ་མ་ཡིན་གྱི། རྣམ་པ་ཐམས་ཅད་ངོ་བོ་གཅིག་པའི་ཚུལ་གྱིས་གནས་པ་ཡིན་པས། རྣམ་པ་ཀུན་ལྡན་དང་རྣམ་པ་ཐམས་ཅད་པ་དང་དབང་པོ་ཐམས་ཅད་པ་ཞེས་བརྗོད་པ་ཡིན་གྱི། རྣམ་པ་ཐ་དད་པ་དང༌། རྣམ་པ་སོ་སོ་བ་དང༌། དབང་པོ་སོ་སོ་བ་ཞེས་བརྗོད་པ་མ་ཡིན་ནོ། །དེས་ན་རྣམ་བ་ཀུན་ལྡན་གཅིག་པུ་གཉིས་སུ་མེད་པ་ཡིན་ཀྱང༌། དོན་དམ་པའི་དམྱལ་བའི་རྣམ་པ་སོགས་ཡིན་པའི་རྒྱུ་མཚན་གྱིས། དེའི་གཡའ་ལྟ་བུར་ཆགས་པའི་དྲི་མ་ལ་དམྱལ་སོགས་འཁོར་བའི་སྣང་བ་འཆར་བ་ཡིན་ཞིང༌། དེ་ཉིད་ཤེས་རབ་ལ་སོགས་པའི་རྣམ་པ་ཡིན་པའི་རྒྱུ་མཚན་གྱིས་སྒྲུབ་པ་པོའི་རྒྱུད་ལ་ཤེས་རབ་སོགས་ལམ་གྱི་ཆོས་ཐམས་ཅད་འཆར་བ་ཡིན་ཏེ། ས་འོག་ན་རྡོ་སོལ་དག་ཆུ་ཚན་ཡོད་ན་ས་སྟེང་གི་ས་རླན་ཅན་ཡང་དྲོས་ནས་སའི་སྟེང་ལ་རླངས་པ་བྱུང་བ་ལྟ་བུ་ཡིན་ཞིང༌། དེ་ཉིད་མེ་ལོང་ཡེ་ཤེས་ལ་སོགས་པའི་རྣམ་པ་ཡིན་


TNT04_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་གྱིས་ནོར་བུ་ལས་ནོར་བུའི་འོད་འབྱུང་བ་ལྟར་སངས་རྒྱས་རྣམས་ལ་སྐུ་གསུམ་མཛད་པ་དང་བཅས་པ་འཆར་བ་ཡིན་ནོ། །དེ་ཡང་དོན་དམ་དབྱིངས་ལས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་འཆར་བ་ནི། དོན་དམ་དབྱིངས་ཏེ་དོན་དམ་པའི་རྣམ་པ་ཐམས་ཅད་པ་ཡིན་པའི་རྒྱུ་མཚན་གྱིས་འཁོར་བ་པ་དང་རྣལ་འབྱོར་པ་ལ་དག་པ་དང་མ་དག་པའི་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་པར་ཤར་བ་ཡིན་ལ། སངས་རྒྱས་རྣམས་ཀྱང་གཞན་སྣང་དུ་ཀུན་རྫོབ་པའི་རྣམ་པ་ཐམས་ཅད་པར་སྟོན་པ་ཡིན་ནོ། །རྣམ་པ་ཐམས་ཅད་པའི་དཔེ་སྨན་སྣ་ཚོགས་བསྡུས་པའི་གམ་ཐང་གི་དཔེ་དང་སྦྱར་རོ། །གཞན་ཡང་དཔེར་ན། ཕྱོགས་བཞི་ལས་རྣམ་པར་རྒྱལ་བའི་རྒྱལ་པོ་ལྷ་ཆཻན་པོ་ཞེས་པ་དེ་མི་མང་པོ་འདུས་པ་མིན་གྱི་མི་གཅིག་ཉིད་ཡིན། དེས་ཕྱོགས་བཞིའི་ཡུལ་མི་ལ་བཀའ་ལུང་སྩལ་པས་ཕྱོགས་བཞིའི་ཡུལ་ལ་དབང་བསྒྱུར་བ་ཡིན། དེའི་ཚེ་ཤར་ཕྱོགས་ལ་བཀའ་ལུང་སྟེར་བ་པོ་ཤར་ཕྱོགས་ལ་དབང་བསྒྱུར་བ་དེ་ཀ་ལྷོ་ཕྱོགས་ལ་དབང་བསྒྱུར་བ་པོ་དང་བཀའ་སྩོལ་པ་བོ་ཡིན་མོད། དོན་ལ་ཤར་གྱི་མི་ལ་བཀའ་སྩོལ་བ་པོ་ལྷོ་ལ་དབང་བསྒྱུར་མཁན་ཡིན་ཀྱང་ཤར་པ་རྣམས་ལ་བཀའ་སྩལ་བའི་བྱེད་པའི་ལྷོ་ཕྱོགས་དབང་བསྒྱུར་ཞེས་མི་བརྗོད་པ་བཞིན་དུ་དོན་དམ་དབྱིངས་ཀྱི་དོན་དམ་པའི་བུམ་པའི་རྣམ་པ་གཅིག་པུ་ལས་གཞི་ལས་འབྲས་བུ་ཐམས་ཅད་ཀྱི་སྣང་བ་བྱུང་བ་ཤིན་ཏུ་ཡིན་ཀྱང་དོན་དམ་བུམ་པའི་རྣམ་པ་ཡིན་པའི་རྒྱུ་མཚན་གྱི་བུམ་པ་ཀུན་རྫོབ་པའི་རྣམ་པ་ཤར། དོན་དམ་


TNT04_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བའི་རྣམ་པ་ཡིན་པའི་རྒྱུ་མཚན་གྱིས་ཀུན་རྫོབ་ཀ་བའི་སྣང་བ་འབྱུང་ཞེས་བརྗོད་ཀྱི། དོན་དམ་བུམ་པའི་རྣམ་པ་ལས་ཀུན་རྫོབ་ཀ་བ་འབྱུང༌། ཀ་བ་ལས་བུམ་པ་འབྱུང་ཞེས་སོགས་མི་ཟེར་ཏེ། དོན་ལ་འགལ་བ་མེད་ཀྱང་འཇིག་རྟེན་ཚུལ་དང་མི་མཐུན་པའི་ཕྱིར་རོ། །གཞན་ཡང་དཔེར་ན། ནམ་མཁའ་ནི་གཟུགས་ཅན་ཐམས་ཅད་ཀྱི་གོ་འབྱེད་པ་ཡིན་པའི་རྒྱུ་མཚན་གྱིས་སྤྲིན་དང་མུན་པ་ལ་སོགས་པའང་འབྱུང་བར་འགྱུར། རླུང་དང་ཉི་མའི་འོད་ལ་སོགས་པའང་འབྱུང་བར་འགྱུར། རླུང་གིས་སྤྲིན་བསལ། ཉི་འོད་ཀྱིས་མུན་པ་བསལ་བའི་གནས་སྐབས་འགའ་ན། བར་སྣང་སྟོང་སང་ངཻ་བ་རབ་རིབ་མེད་པའི་མིག་ཤེས་ཀྱིས་དངོས་སུ་མཐོང་བ་ཡང་འབྱུང་མོད། སྤྲིན་དང་མུན་ནག་དང་རླུང་དང་ཉི་འོད་དང་བར་སྣང་མཐོང་བའི་མིག་ཤེས་རྣམས་ཀྱིས་ནམ་མཁའ་ལ་གོས་པ་མེད་ཅིང༌། ནམ་མཁའ་ཀྱང་དེ་རྣམས་བསྐྱེད་པ་མ་ཡིན་མོད་ཀྱི། དེ་རྣམས་སྐྱེ་བ་ལ་ནམ་མཁས་གེགས་མི་བྱེད་ཅིང༌། གེགས་མི་བྱེད་པའི་ནམ་མཁའ་དེ་ཡོད་པའི་རྒྱུ་མཚན་གྱིས་རྐྱེན་ཉེ་བར་དམིགས་ན་དེ་རྣམས་འབྱུང་བས་ན། ནམ་མཁའ་ལ་སྤྲིན་བྱུང་ཞེས་སོགས་ཐ་སྙད་འདོགས་ སོ། །དེ་བཞིན་དུ་སེམས་ཉིད་འདིས་གཞི་ལམ་འབྲས་གསུམ་གྱི་ཀུན་རྫོབ་ཀྱི་ཆོས་རྣམས་དངོས་སུ་བསྐྱེད་པ་མ་ཡིན་ཞིང༌། དེ་རྣམས་བསྐྱེད་པའི་རྒྱུའང་འདི་མ་ཡིན་ལ། དེ་རྣམས་འབྱུང་བ་འདིའི་བྱེད་ལས་ཀྱང་ཡང་དག་པར་ནམ་ཡིན་མོད། ཆོས་ཉིད་འདི་རྣམ་པ་


TNT04_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་པ་ཡིན་པའི་རྒྱུ་མཚན་གྱིས་འཁོར་བ་པ་དང༌། རྣལ་འབྱོར་པ་དང༌། སངས་རྒྱས་རྣམས་ལ་དེ་དང་དེ་འབྱུང་ཞིང༌། གནས་སྐབས་གསུམ་པོ་དེ་དག་ཏུ་གཞི་ལམ་འབྲས་བུའི་ཆོས་རྣམས་འབྱུང་བ་ལ་སེམས་འདིས་མི་སྒྲིབ་ཅིང་གེགས་མི་བྱེད་ལ། དེ་དག་གི་གཞི་རྟེན་གྱི་འདྲ་མཚུངས་སུ་ཡོད་ཅིང༌། མི་སྒྲིབ་ཅིང་གེགས་མི་བྱེད་པའི་སེམས་ཉིད་འདི་མེད་ན་དེ་རྣམས་མི་འབྱུང་ཞིང༌། རྐྱེན་ཉེ་བ་ན་འདི་ཡོད་པའི་རྒྱུ་མཚན་གྱིས་དེ་རྣམས་བྱུང་བས། དོན་དམ་དབྱིངས་ལས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྐྱེས་སོ། །གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་བྱུང་ངོ༌། །སྣང་བ་སྣ་ཚོགས་པ་འདི་ནི་དེའི་བྱེད་ལས་སོ། །ཞེས་བརྡའ་སྦྱར་བ་ཡིན་པས་རྒྱུ་དང་འབྲས་བུ་དང་བྱེད་པ་པོ་དང་བྱེད་ལས་སུ་འཇོག་པ་རྣམས་ནི་ཕྱོགས་མཐུན་ཙམ་རྒྱུ་མཚན་དུ་བཞག་པའི་བཏགས་པ་བ་ཡིན་ནོ། །དེ་བས་ན། ཡང་དག་པར་ན་དོན་དམ་ནི་ཀུན་རྫཽབ་དང་འབྲེལ་བ་ཅན་མ་ཡིན་ལ། ཀུན་རྫོབ་ཀྱང་རང་གི་ངོ་བོས་མེད་པའི་ཕྱིར་འབྲེལ་བར་བྱ་རྒྱུ་མེད་པས་ན། དོན་དམ་དང་འབྲེལ་བ་མེད་དོ། །ཀུན་རྫོབ་གློ་ངོར་ནི་དོན་དམ་ཆོས་ཉིད་ཡོད་པའི་རྒྱུ་མཚན་གྱིས་ཀུན་རྫོབ་བྱུང་ལ། དོན་དམ་ཆོས་ཉིད་མེད་ན་ནི་དེ་ཡང་འབྱུང་མི་སྲིད་པས། དོན་དམ་ཀུན་རྫོབ་དང་མ་འབྲེལ་ཡང་ཀུན་རྫོབ་དོན་དམ་འབྲེལ་ཞེས་བརྡའ་སྦྱར་བ་ཡིན་པ། འབྲེལ་བ་དེ་ཡང་བཏགས་པ་བ་ཡིན་ནོ། དེ་ལྟར་ན་ཆོས་ཉིད་དེ། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱ་བ་ཡིན་བས་དོན་དམ་པའི་རྣམ་པ་ཀུན་དང་ལྡན། རྣམ་པ་


TNT04_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་རང་གི་ངོ་བོས་ཡོད། རང་བཞིན་གྱིས་གྲུབ་ཅིང་ཡོད་པ་ཡིན་ཀྱང་ཀུན་རྫཽབ་ཀྱི་རྣམ་པ་གང་དུ་ཡང་མེད་དེ། ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར་རོ། །དེ་ལྟ་བུའི་ཆོས་དབྱིངས་རྣམ་པ་ཀུན་ལྡན་དེ་ཉིད་སེམས་ཀྱི་རང་བཞིན་ཡིན་པས་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ། འདིའི་ངོ་བོ་ནི་མི་འགྱུར་བའི་བདེ་བ་ཡིན་ལ། འདིའི་རང་གཟུགས་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཡིན་ནོ། །འདིའི་ཁྱད་པར་ནི་དུས་གསུམ་ཀྱི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་བདེ་གཤེགས་སྙིང་པོ་ཞེས་བྱ་སྟེ། དེ་ལྟར་ན། སྟོང་གཟུགས་མཐོང་བས་སེམས་ཉིད་མཐོང༌། ཆོས་སྐུ་མཐོང༌། དོན་དམ་བདེན་པ་མཐོང༌། གནས་ལུགས་མཐོང༌། འགོག་བདེན་མཐོང་ཞེས་ངོ་སྤྲད་དོ། །སྟོང་ཉིད་རྣམ་པ་ཐམས་ཅད་པ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་གཞི་རྟེན་དུ་ངོ་སྤྲད་པ་སྟེ་ངོ་སྤྲོད་སྐོར་ལྔ་པའོ།། །།གཉིས་པ་ནི། སེམས་ཉིད་རྣམ་པ་ཐམས་ཅད་པ་དེ་ལ་རྣམ་པའི་ལྡོག་ཆ་མཐའ་ཡས་ཀྱང༌། ངོ་བོའི་སྒོ་ནས་དབྱིངས་བདེ་བ་ཆེན་པོ་ཁོ་ནར་ཟད་ལ། དེ་ལ་གཟུང་འཛིན་སྤྲོས་པའི་ཆོས་ནི་གདོད་མ་ནས་ཡོད་མ་མྱོང༌། གདོད་མའི་ཡེ་ཤེས་ཁོ་རང་གི་རང་ངོ་ནས་འཁྲུལ་བའི་སྣང་བ་འཆར་བ་མིན་ཀྱང༌། ཡེ་ཤེས་དེ་རྒྱུད་ལྡན་གྱི་སེམས་ཅན་རྣམས་ཀྱི་སེམས་རྒྱུད་དམ་རྣམ་ཤེས་སྒྲིབ་པའི་རང་བཞིན་ཅན་ཡིན་པས་དངོས་གནས་ལ་ཡོད་པའི་རང་བཞིན་དེ་མི་མཐོང་བར་རྣམ་


TNT04_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རང་རིག་རང་གསལ་ཙམ་ལ་འཁྲུལ་པ་སྣ་ཚོགས་པ་ཤར་བ་དེར་གདའ། ངོ་བོ་འཁྲུལ་པ་དེའི་ནང་ཚན་ཡིན་ཀྱང་འཁྲུལ་པ་གཞན་མང་པོ་སེལ་ནུས་ཤིང༌། དོན་དམ་གྱི་དབྱིངས་དེ་ལ་སྙིང་ཉེ་ཞིང་འདུན་པའི་རྣམ་པ་ཅན་ཆོས་ལ་དད་པ་དང༌། སེམས་ཅན་ལ་སྙིང་རྗེ་དང༌། རྩོལ་བཅས་ཀྱི་ཏིང་ངེ་འཛིན་དང༌། གནས་ལུགས་ལ་འཇུག་པའི་ཤེས་རབ་ལ་སོགས་པ་ལམ་གྱི་ཆོས་ཐམས་ཅད་ཀྱང་རྣམ་ཤེས་རང་རིག་རང་གསལ་དེའི་སྣང་ཆ་ལ་ཤར་ནས་སྤང་བྱ་གློ་བུར་གྱི་དྲི་མ་གཞན་རྣམས་རིམ་གྱིས་སྤོང༌། ལམ་གྱི་ཆོས་རྣམས་ཀྱི་འཆར་གཞི་རྣམ་ཤེས་ཙམ་དེ་ཡང་ལམ་བསྒོམས་པའི་སྟོབས་ཀྱིས་དོན་དམ་གྱི་དབྱིངས་སུ་ཐིམ་པར་བྱེད་ཅིང༌། རྣམ་ཤེས་དེ་གཟུང་འཛིན་གཉིས་སྣང་དང་བཅས་པ་ནི་སེམས་ཉིད་ཀྱི་སྒྲིབ་གཡོག་ཡིན་པས། ལམ་གྱི་གཞིའི་སྒྲིབ་གཡོག་དེ་སྤོང་བར་བྱེད་ཅིང༌། ལམ་ཁོ་རང་ཡང་མཐར་གཏུགས་ན་སྒྲིབ་གཡོགས་སུ་གཏོགས་ཀྱང༌། སྒྲིབ་བྱེད་གཞན་ཐམས་ཅད་ཁོས་སེལ། མཐར་བུད་ཤིང་ཟད་ན་མེ་ཡལ་བ་བཞིན་དུ་ལམ་ཉིད་ཀྱང་རང་སངས་ལ་འགྲོའོ། །དེའི་ཚེ་ཀུན་རྫོབ་ཀྱི་སྒྲིབ་གཡོགས་ཐམས་ཅད་ཟད་པས། གནས་ལུགས་དོན་དམ་གཅིག་པུ་ཉིད་ཁྱབ་བརྡལ་དུ་གྱུར་པ་ནི། སངས་རྒྱས་ཐོབ་པ་དང་འབྲས་བུ་མཐར་ཕྱིན་པ་ཞཻས་མིང་བཏགས་པ་ཡིན་ནོ། །དེ་ཡང་ཆོས་དབྱིངས་རང་ངོས་ནས་སྒྲིབ་གཡོགས་ཀྱིས་བསྒྲིབས་པའི་སྐབས་དང༌། སྒྲིབ་གཡོགས་སེལ་བཞིན་


TNT04_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་དང༌། བསལ་ཟིན་པའི་སྐབས་ཞེས་དབྱེ་བ་མེད་ཀྱང༌། ཡིད་ཅན་སྐྱེས་བུ་རྣམས་ཀྱི་བློའི་རིམ་པ་རྣམ་པ་གསུམ་དུ་བྱུང་བ་ཡིན་ནོ། །རི་རབ་ཀྱི་དྲུང་ན་གནས་པའི་ལོང་བའི་དུས་དང་མིག་ཕྱེ་བའི་དུས་ཀྱི་དཔེ་དང་སྦྱར་རོ། །དེ་ལྟར་ཡང༌། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མི་གསུམ་གྱི་ནི་བསྟན་པ་ཡིན། །ཞེས་དབྱིངས་ཀྱི་རང་བཞིན་རྟོགས་དཀའ་བས་དེ་རྒྱུད་ལྡན་གྱི་གང་ཟག་དེའི་གནས་སྐབས་གསུམ་ལ་ཐ་སྙད་གདགས་པ་རྣམ་པར་གཞག་པ་མཛད་ནས་དབྱིངས་དེ་གོ་བར་བྱེད་པ་ཡིན་པས། གནས་ལུགས་ལ་འཇུག་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་འཆར་སྒོ་གཞི་ལམ་འབྲས་གསུམ་གྱི་ཆོས་མཐའ་དག་དང༌། ཀུན་ཁྱབ་ཆོས་དབྱིངས་དེ་བཞིན་ཉིད་ནི་སྐབས་འདིར་ཁྱད་གཞིར་བཞག་ནས། དེ་དག་སྤྲོས་བྲལ་དུ་གཏན་ལ་དབབ་པ་ནི། སྤྲོས་པ་དང་བྲལ་བ་དང་སྤྲོས་པ་མེད་པ་ཞེས་བྱ་བ་ལ་གང་ཞིག་བྲལ་རྒྱུ་དང་སུ་ཞིག་མེད་རྒྱུའི་སྤྲོས་པ་ནི། ཡུལ་དང་ཡུལ་ཅན་ནམ། ཤེས་པ་དང་ཤེས་བྱའམ། རྟོགས་བྱ་དང་རྟོགས་བྱེད་དམ། གཟུང་བ་དང་འཛིན་པ་ཞེས་བྱ་བ་ལ་སོགས་པ་དང༌། ཆེ་ཆུང་དང༌། བཟང་ངན་དང༌། མཐའ་དབུས་ལ་སོགས་པ་དང༌། ཤར་ལ་སོགས་པའི་ཕྱོགས་ཆ་དང༌། འདས་མ་འོངས་ད་ལྟར་ལ་སོགས་པ་དུས་ཀྱི་ཆ་དང༌། ཕྱི་ནང་བར་གསུམ་ལ་སོགས་པ་གནས་ཀྱི་ཆ་དང༌། སྐྱེ་འགག་གནས་གསུམ་ལ་སོགས་པ་ངོ་བོའི་ཆར་འཁྲུལ་ཞིང་སྣང་ལ་སྒྲོ་འདོགས་


TNT04_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འཛིན་པ་རྣམས་ཏེ། སྤྲོས་པ་དེ་དག་ཀྱང་མེད་བཞིན་དུ་བློས་བཏགས་པ། མིང་ཙམ་བརྡ་ཙམ་མ་བཏགས་གཅིག་པུ་ཉམས་དགའ་བའི་ཚུལ་དུ་ཡོད་ཡོད་ལྟར་སྣང་ཀྱང་དངོས་པོའི་གཤིས་དང་གནས་ཚུལ་ལ་ཡོད་མ་མྱོང༌། དེ་བཞིན་གཤེགས་པ་སངས་རྒྱས་ཀྱིས་ཀྱང་མེད་པར་གསུངས། བསམ་བྱུང་གི་ཤེས་རབ་ཀྱིས་ཀྱང་བརྟགས་ན་མི་རྙེད། སྒོམ་བྱུང་གི་ཤེས་རབ་ཀྱིས་ཀྱང་མེད་པར་རྟོགས། འཕགས་པ་རྣམས་ཀྱིས་ཅི་ཡང་གཟིགས་མ་མྱོང་བ་ཞིག་ཡིན་པས། ཁྱད་གཞི་ཀུན་རྫཽབ་དོན་དམ་གཉིས་ཀ་ལ་ཁྱད་ཆོས་སྤྲཽས་པ་དེ་དག་གདོད་མ་ནས་མེད་པ་ལགས་སོ། །གདོད་མ་ནས་གྲུབ་མ་མྱོང་བ་ཡིན་ ནོ། །སྤྲོས་པ་དེ་རྣམས་རེ་རེ་ནས་མེད་ཚུལ་ནི་འདིར་མི་འབྲི་སྟེ། བཤད་ཀྱི་མི་ལང་བའི་ཕྱིར་དང༌། གོ་བ་རགས་པ་ཙམ་ནི་སྐྱེ་སླ་བའི་ཕྱིར་དང༌། རིགས་པ་ཕྲ་མོ་རྣམས་ནི་ཕལ་གྱིས་གོ་དཀའ་བའི་ཕྱིར་དང༌། སྒཽམ་ངོ་སྤྲོད་པའི་དུས་སུ་འཐད་སྒྲུབ་ཀྱི་རིགས་པ་ནི་སྐབས་ཀྱི་དོན་མ་ཡིན་པའི་ཕྱིར་དང༌། འདི་ཐེག་ཆེན་གྱི་མདོ་སྔགས་ཐམས་ཅད་ལ་གྲགས་པའི་ཐུན་མོང་ཡིན་པའི་ཕྱིར་དང༌། གཞན་དུ་བཙལ་བས་རྙེད་པར་འགྱུར་བའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་ཁྱད་པར་འདི་ལྟར་ཤེས་པར་བྱ་སྟེ། ཀུན་རྫོབ་སྣང་གྲགས་ཀྱི་བསྡུས་པའི་ཆོས་འདི་རྣམས་ཡུལ་ཡུལ་ཅན། ཆེ་ཆུང་མཐའ་དབུས། སྐྱེ་འགག་གནས་གསུམ་ལ་སོགས་པར་མ་གྲུབ། དེ་མ་གྲུབ་པའི་རྒྱུ་མཚན་གྱིས་སྣང་གྲགས་འདི་རྣམས་འཁྲུལ་སྣང་


TNT04_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤར་བ་མ་གཏོགས་མེད་པ་ཡིན། དེའི་རྒྱུ་མཚན་སྐྱེ་འགགས་གནས་གསུམ་དུ་སྣང་བ་འདི་ཡོད་ན་སྐྱེ་འགག་གནས་གསུམ་དུ་ཀ་སྒྲུབ་དགོས་པ་ལས། སྐྱེ་འགག་གནས་གསུམ་ཡེ་མ་གྲུབ་པས་སྐྱེ་འགག་གནས་གསུམ་དུ་སྣང་བ་འདི་འཁྲུལ་སྣང་ཁོ་ན་ཉིད་ཡིན་པར་ཤེས། ཡུལ་ཡུལ་ཅན་སོགས་གཞན་ཐམས་ཅད་ལའང་སྐྱེ་འགག་གནས་གསུམ་གྱི་རིགས་འགྲེ། དོན་དམ་ཆོས་ཀྱི་དབྱིངས་ལ་ཡུལ་ཡུལ་ཅན། ཆེ་ཆུང་མཐའ་དབུས་སྐྱེ་འགག་གནས་གསུམ་ལ་སོགས་པ་གང་ཡང་མེད་མོད་དེ་རྣམས་མེད་པས་དོན་དམ་ལ་སྤྲོས་པའི་ཆོས་གང་ཡང་མེད་པ་ཡིན་ཀྱང་དོན་དམ་མེད་པར་མི་འགྱུར། དེའི་རྒྱུ་མཚན་སྔར་ཀུན་རྫོབ་ཀྱི་སྐབས་དང་མི་འདྲ། ཀུན་རྫོབ་གྱི་ཆོས་གཅིག་ཡོད་ཕྱིན་སྤྲོས་པའི་མཚན་མ་གང་རུང་ཞིག་ཏུ་ཡོད་དགོས། དེ་མེད་པས་དེ་ཡང་མེད། དོན་དམ་དབྱིངས་ནི་ཡོད་ཀྱང་སྤྲོས་པའི་མཚན་མ་དེ་དག་གི་ངོ་བོར་ཡོད་མི་དགོས་པས། དེ་དག་མེད་ཀྱང་དོན་དམ་པ་མེད་པར་མི་འགྱུར། དཔེར་ན་སྐྱེ་བ་ཞེས་བྱ་བ་གཏན་ནས་མེད་ན་སྐྱེ་བར་སྣང་ཞིང་མྱོང་བ་དེ་འཁྲུལ་སྣང་ཁོ་ན་ཡིན་པར་ཐགས་ཆོད་ཀྱང་དོན་དམ་དབྱིངས་དེ་སྐྱེ་བར་སྣང་བའི་ཆོས་མིན་པས། སྐྱེ་བ་གཏན་ནས་མ་གྲུབ་ཀྱང་དོན་དམ་དབྱིངས་མེད་པར་མི་འགྲུབ་པ་ཡིན་ནོ། །དོན་དམ་དབྱིངས་དེ་ཡོད་པའི་རྒྱུ་མཚན་གཞན། ཇི་སྐད་དུ། གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་


TNT04_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཞེས་གསུངས་པ་སོགས་ལུང་དང་རིགས་པ་དང་མན་ངག་དང་ཉམས་མྱོང་སྟེ་ཚད་མ་བཞིའི་སྒོ་ནས་གནས་ལུགས་ལ་བཞུགས་པར་གྲུབ་བོ། །སྒོ་དྲུང་ན་སྐྱེས་བུ་ལྷས་བྱིན་ཡོད་པ་ལ་བ་ལང་ཡོད་པར་འཁྲུལ་ཞིང༌། དངོས་སུ་མཐོང་བ་ན་འཁྲུལ་པ་སངས་པའི་དཔེ་དང་སྦྱར་རོ། །ཀུན་རྫཽབ་སྣང་གྲགས་ཀྱི་ཆོས་ཐམསཅད་ཀྱང་སྐྱེ་མེད་འགག་མེད་གནས་མེད་ཡིན། ཡུལ་མེད། ཡུལ་ཅན་མེད། གང་ཟག་མེད། ཆོས་བདག་མེད་པ་ཡིན། དོན་དམ་དབྱིངས་ཀྱང་སྐྱེ་མེད་འགག་མེད་གནས་མེད་ཡིན། ཡུལ་མེད་ཡུལ་ཅན་མེད། གང་ཟག་མེད། ཆོས་བདག་མེད་པ་ཡིན། དེ་ལྟར་ཡིན་ཡང་སྣང་གྲགས་ཀྱི་ཆོས་འདི་རྣམས་ནམ་དུ་ཡང་མེད་ལ། དོན་དམ་དབྱིངས་ནི་གནས་ཚུལ་ལ་ཡོད་ཅིང་རྟག་བརྟན་ཞི་བ་གཡུང་དྲུང་དུ་བཞུགས་པ་ཡིན་ནོ། །འདིར་ཆོས་དབྱིངས་ལ་ངོ་སྤྲོད་ཚུལ་ནི། རྣལ་འབྱོར་པས་མཐོང་བའི་སྟོང་གཟུགས་ལ་རྣལ་འབྱོར་པས་བློ་ངོར་སྐྱེ་འགག་གནས་གསུམ་དུ་སྣང་བ་འཁྲུལ་བ་ཡིན་པས། སྐྱེ་འགག་གནས་གསུམ་དང་བྲལ་བའི་འདུས་མ་བྱས་སུ་ངོ་སྤྲོད་པ་དང་གཅིག སེམས་གསལ་རིག་ལའང་སྐྱེ་འགག་གནས་གསུམ་དང་བྲལ་བ་སོགས་དེ་ལྟར་ངོ་སྤྲོད་པ་དང་གཉིས། སྟོང་གཟུགས་དང་སེམས་གཉིས་ཡུལ་ཡུལ་ཅན་ཐ་དད་པར་བློས་འཛིན་པ་འདི་འཁྲུལ་སྣང་ཡིན་པས། གནས་ལུགས་ལ་སྟོང་གཟུགས་ཉིད་སེམས། སེམས་ཉིད་


TNT04_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གཟུགས་དབྱེར་མེད་ངོ་བོ་གཅིག་ཡིན་ལ། དེ་ཉིད་ཡོད་མེད་ཡིན་མིན་བཟང་ངན་ཆེ་ཆུང་སོགས་སྒྲ་རྟོག་གང་གིས་ཀྱང་མ་རེག་པའི་བློ་འདས་སུ་ངོ་སྤྲད་པ་སྟེ། གསུམ་གྱི་གནད་ནས་བཟུང་སྟེ་ངོ་སྤྲོད་པ་སྟེ་ངོ་སྤྲོད་གསུམ་མོ། །ཀུན་རྫོབ་སྣང་བ་ལ་ངོ་སྤྲོད་པ་ལ་ཡང་གཟུགས་སྣང་ལྟ་བུ་གཅིག་གི་སྟེང་དུ་སྦྱར་ན། གཟུགས་སྣང་སྤྲོས་བྲལ། གཟུགས་འཛིན་ཤེས་པ་སྤྲོས་བྲལ། སྣང་སེམས་དབྱེར་མེད་སྤྲོས་བྲལ་ཏེ་ཕལ་ཆེར་གོང་མས་རིགས་འགྲེ་ལ། འོན་ཀྱང་སྟོང་གཟུགས་དང་སེམས་ཉིད་ཡེ་ཤེས་དབྱེར་མེད་འདུས་མ་བྱས་ཡིན་ལ། ལས་སྣང་དང་རྣམ་ཤེས་གསལ་རིག་དབྱེར་མེད་འདུས་བྱས་ཡིན་པའི་ཁྱད་པར་ཕྱེད་དགོས་ལ། ལས་སྣང་དང་རྣམ་ཤེས་གཉིས་རྣལ་འབྱོར་པའི་ཡང་དག་ཀུན་རྫོབ་བདེན་པའི་དོན་ཡུལ་ཡུལ་ཅན་དབྱེར་མེད་དུ་ངོ་སྤྲད་པས་རྣམ་ཤེས་ལ་གཟུང་ཆ་དང་འཛིན་ཆ་དབྱེ་བ་མེད་པ་དང༌། རྣམ་ཤེས་ཙམ་ཞིག་ཐ་སྙད་བདེན་པར་ཡོད། གཞན་དབང་དེ་ལ་ཀུན་བརྟགས་མེད་པར་ངོ་སྤྲད་པ་ཡིན། དོན་དམ་པར་ལས་སྣང་དང་རྣམ་ཤེས་གཉིས་ཀ་གདོད་ནས་མ་གྲུབ་པས། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཞིང༌། སྟོང་གཟུགས་དང་སེམས་ཉིད་ངོ་བོ་གཅིག་པ་ཉིད་ཡིན་ཀྱང་འཁྲུལ་ངོར་གཉིས་སྣང་ཤར་མོད་ཀྱང་དབྱེར་མེད་དུ་གཏན་ལ་འབེབས་པ་ནི། ཡོངས་གྲུབ་ལ་གཞན་དབང་ཀུན་བརྟགས་གཟུང་འཛིན་


TNT04_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གདོད་ནས་གོས་མ་མྱོང་བར་ངོ་སྤྲོད་པ་ཡིན་ཞིང༌། བདེན་པ་གཉིས་པོ་ཡང་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ནོ། །དེ་ལྟར་ན། ལས་སྣང་གི་དེ་ཀུན་རྫཽབ་བདེན་པ་ལ་ངོ་སྤྲོད་པ་ཡིན་ཞིང༌། སྟོང་གཟུགས་ཀྱི་དེ་དོན་དམ་གྱི་གནས་ལུགས་ལ་ངོ་སྤྲཽད་པ་ཡིན་ནོ། །རང་བཞིན་སྤྲོས་བྲལ་ལ་ངོ་སྤྲད་པ་སྟེ་ངོ་སྤྲོད་སྐོར་དྲུག་པའོ། །གསུམ་པ་ནི། ཆོས་ཐམས་ཅད་རང་བཞིན་གྱི་མྱང་འདས་ཡིན། རང་བཞིན་གྱི་མྱང་འདས་ལས་གཞན་པའི་ཆོས་མེད། འཁོར་བའི་ཆོས་ཐམས་ཅད་མེད་བཞིན་སྣང་བའི་ཆོ་འཕྲུལ་ཡིན། དེས་ན་གཤིས་ལུགས་ལ་འཁོར་བ་ཡོད་མ་མྱོང༌། དེ་ལ་སེམས་ལས་ཉོན་མོངས་མངོན་སུམ་དུ་སྐྱེས། ཉོན་མོངས་སྣ་ཚོགས་ཀྱིས་ལས་སྣ་ཚོགས་བསགས། དེ་ལས་སྡུག་བསྔལ་སྣ་ཚོགས་ཐོག་ཏུ་བབས་པ་མྱོང་བས་གྲུབ། ལུང་དང་རིག་པས་ཀྱང་གྲུབ་པོ་སྙམ་པ་དང༌། དེ་ནས་ལམ་བསྒོམས་པས་ལས་ཉོན་སྡུག་བསྔལ་གསུམ་པོ་ཇེ་ཆུང་ཇེ་ཆུང་དུ་འགྲོ་ཞིང༌། ཡོན་ཏན་གྱི་ཆོས་རྣམས་ཇེ་མང་ཇེ་ཆེར་འགྲོ་བ་མྱོང་བས་གྲུབ་པ་དང༌། ནམ་ཞིག་འབྲས་བུ་མངོན་དུ་གྱུར་པའི་ཚེ་སྔར་ཡོད་འཁོར་བའི་སྐྱོན་ཐམས་ཅད་དུས་དེར་ཟད། སྔར་མེད་ཀྱི་ཡོན་ཏན་ཐམས་ཅད་གསར་དུ་ཐོབ་པར་ཡང་རིགས་པས་འཐོབ་པ་ཡིན་པས་འཁོར་བ་གདོད་ནས་མེད་པ་སོགས་མི་རུང་ངོ་སྙམ་ན། དེ་ལྟ་བུའི་འཁོར་བ་དང་ལམ་དང་འབྲས་བུའི་རིམ་པ་དེ་དག་ཀྱང་བློ་འཁྲུལ་བའི་སྣང་ངོ་ཁོ་ན་ཡིན། འཁོར་བའི་ཆོས་ཐམས་ཅད་ཡོད་མ་མྱོང་ཡང་རབ་


TNT04_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

རིབ་ཅན་གྱི་ས་ནམ་མཁའ་ལ་སྐྲ་ཤད་མཐོང་བ་བཞིན་དུ་འཁྲུལ་ཏེ་སྣང༌། ལམ་བསྒོམས་པས་སྐྱོན་ཡོན་སྤང་ཐོབ་ལྟར་སྣང་བ་ཡང་དཔེར་ན་མིག་རབ་རིབ་ཅན་གྱིས་ཐག་རིང་ཐུང་འཚམས་པའི་རི་བོའི་ངོས་ལ་བལྟས་ན། རིའི་ངོས་ན་ཡོད་པའི་རྩ་དང་ཤིང་གེལ་བ་དང་རི་དྭགས་ལ་སོགས་པ་གང་ཡང་མི་མཐོང་ངོ༌། །རིའི་ངོས་ལ་དངོས་གནས་ལ་མེད་ཀྱང་སྐྲ་ཤད་དང་འོད་ཟླུམ་པོ་དང༌། དྲ་བའི་རྣམ་པ་ཅན་ལ་སོགས་པ་རབ་རིབ་ཀྱི་གཟུགས་བརྙན་ཇི་སྙེད་ཅིག་མཐོང་བར་འགྱུར་ན། མིག་སྨན་བསྟེན་པ་ལ་སོགས་པས་རབ་རིབ་དེ་ཇི་ཆུང་ཇེ་ཆུང་དུ་སོང་བའི་ཚེ་རིའི་ངོས་ལ་སྐྲ་ཤད་ལ་སོགས་པ་ཇེ་ཉུང་དུ་སོང་བ་དང༌། ཤིང་གེལ་བ་ལ་སོགས་པ་ཇེ་མང་དུ་སོང་བ་ལྟར་སྣང་ངོ༌། །དེས་ན་རི་ནི་སེམས་ཀྱི་དཔེ། སྐྲ་ཤད་སོགས་ནི་ལས་ཉོན་སྡུག་བསྔལ་གསུམ་གྱི་དཔེ། རྩྭ་ཤིང་སོགས་ནི་ཡོན་ཏན་གྱི་དཔེའོ། །སྐྲ་ཤད་སོགས་སྔོན་ནས་ཡོད་མ་མྱོང་བས་ཕྱིས་ཉུང་དུ་འགྲོ་རྒྱུ་མེད། མིག་གི་སྐྱོན་དག་པས་འཁྲུལ་པ་སངས་པ་ཙམ་ཡིན། རྩྭ་ཤིང་སོགས་སྔར་ལས་མང་དུ་སོང་བ་མ་ཡིན། སྔར་སྒྲིབ་བྱེད་ཀྱིས་བསྒྲིབས་ནས་མ་མཐོང་བ་དེ་གསར་དུ་མཐོང་བ་ཡིན། དེ་བཞྀན་དུ་འཁོར་བའི་ཆོས་གནས་ཚུལ་ལ་མ་གྲུབ་པས་ཇེ་ཉུང་དུ་འགྲོ་རྒྱུ་མེད་ཀྱང་འཁྲུལ་པ་ཇེ་ཆུང་དུ་སོང་བ་ཙམ་ཡིན། ཡོན་ཏན་གྱི་ཆོས་སེམས་ལ་གདོད་མ་ནས་གནས་པ་ཡིན་པས་ན་གསར་དུ་སྐྱེ་བ་དང་ཇེ་མང་དུ་འགྲོ་རྒྱུ་མེད་ཀྱང་སྔར་སྒྲིབ་པས་བསྒྲིབས་ནས་མ་མཐོང་བ་སྒྲིབ་བྱེད་ཇེ་སྲབ་ཏུ་སོང་བས་མཐོང་ཚུལ་རྒྱ་ཇེ་ཆེར་སོང་བ་ཡིན། རབ་རིབ་སངས་པའི་ཚེ་སྐྲ་ཤད་


TNT04_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཡེ་མ་མཐོང་ཞིང་རྩྭ་ཤིང་སོགས་ཀྱིས་ཁྱབ་པར་མཐོང་ཡང༌། སྐྲ་ཤད་བསལ་བ་དག་རྩ་ཤིང་སོགས་གསར་དུ་སྐྱེས་པ་མ་ཡིན་པ་བཞིན་དུ་སངས་རྒྱས་ཐོབ་པའི་ཚེ་འཁོར་བ་གཏན་ནས་མེད་ཅིང༌། སེམས་ཉིད་མཁའ་ཁྱབ་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་དུ་མངོན་དུ་གྱུར་པ་ཡང་འཁོར་བ་བསལ་རྒྱུ་དང༌། ཡོན་ཏན་གསར་སྐྱེས་མིན་ཏེ། རང་སེམས་ལ་གདོད་མ་ནས་གནས་པའི་ཡོན་ཏན་རྣམས་འཁྲུལ་པ་ཟད་པས་མངོན་སུམ་དུ་མཐོང་བ་ཙམ་ནི་ཡིན་ནོ། ཇི་སྐད་དུ། གཉིས་ལས་གཞན་མེད་དེ་ནི་ནོར་པ་སྐྱེས། །དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས། དེ་ཉིད་ལ་བསལ་བཞག་མེད་པའི་དོན་ཞེས་བྱ་སྟེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་སོ། །བསལ་བཞག་མེད་པའི་དཔེ་གཞན་ཡང་རྫིང་བུ་དོན་གཉེར་གྱི་མི་མཚན་མོ་ལམ་དུ་ཞུགས་པས་རྫིང་བུ་ལ་རྡོ་སྟེགས་སུ་འཁྲུལ། ནམ་ལངས་པ་ན་རྫིང་བུར་ཤེས་ཀྱང་རྡོ་སྟེགས་བསལ་དུ་མེད། རྫིང་བུ་བཞག་ཏུ་མེད་པ་དང༌། དུང་སེར་པོར་སྣང་བ་སོགས་དང་སྦྱར་རོ། །སྐབས་འདིར་སྒོམ་ཉམས་སྐད་ཅིག་མའི་སྟཻང་དུ་སྦྱར་ན་སྟོང་གཟུགས་དང་བདེ་གསལ་གྱི་ཉམས་ཤིག་ཤར། དེ་རང་བཞྀན་གྱི་མྱང་འདས་ཡིན། གསར་དུ་བཞག་པ་མ་ཡིན། གདོད་མའི་གནས་ལུགས་ཡིན། རང་ལ་ཡེ་ནས་ཡོད་ཡོད་པ་ཡིན་ཀྱང་མན་ངག་ཚད་མ་དང་མ་མཇལ་བར་དུ་གང་ཟག་རང་གིས་མ་མྱོང་བ་ཡིན། མ་རྟོག་པ་ཡིན། མངོན་དུ་མ་གྱུར་པ་ཡིན། ད་ནི་བྱེད་བཅིངས་ལ་སོགས་པ་ཐབས་


TNT04_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་གྱིས་ཅུང་ཟད་མཐོང་བ་ཡིན། གསལ་སྟོང་བདེ་བའི་ཉམས་ཤར་བའི་སྐབས་དེ་ཉིད་ན་བཟང་ངོ་ངན་ནོ་བདེའོ་མི་བདེའོ་སྙམ་པའི་རྣམ་རྟོག་ཅིག་ཐོལ་གྱིས་འཆར། དེ་ཡུད་ཙམ་ཞིག་གནས། དར་ཅིག་ནས་དེ་ལོག་སྟེ་ཡང་རྟོག་པ་གཞན་སྐྱེ་བ་ལ་སོགས་པར་སྣང༌། དེ་ལྟར་རྟོག་པ་སྐྱེ་འགག་གནས་གསུམ་དུ་སྣང་བ་དེ་འཁྲུལ་པ་ཡིན། དེ་ཉིད་རང་ཞལ་ལ་བལྟས་པས་གང་ནས་སྐྱེས། གང་དུ་གནས། ཇི་ལྟར་འགག་ཅེས་བརྡ་སྦྱར་བས་ཡུལ་གང་ན་ཡང་མི་འདུག གནས་གང་དུ་ཡང་མི་གནས། དུས་ནམ་གྱི་ཚེ་ཡང་མ་དམིགས། རྣམ་པ་ཇི་ལྟ་བུར་ཡང་མི་འཆར། ངོ་བོ་གང་དུ་ཡང་མ་གྲུབ། དེས་ན་རྣམ་རྟོག་དེ་གདོད་མ་ནས་ཡོད་མ་མྱོང༌། དེ་ཕྱིར་ཡོད་པ་ལྟར་སྣང་བ་འཁྲུལ་སྣང་ཙམ་ཡིན། གདོད་ནས་མེད་པ་ལ་སུ་ཞིག་སྐྱེ། སུ་ཞིག་གནས། སུ་ཞིག་འགག །རྣམ་རྟོག་འདི་འཁོར་བ་ཡིན། གློ་བུར་བ་ཡིན། མེད་བཞིན་དུ་སྣང་བ་ཡིན། དེས་ན་རྣམ་རྟོག་ཕར་བསལ་དུ་མེད། གསལ་སྟོང་བདེ་བ་ཚུར་བཞག་ཏུ་མེད་པས་གནས་ལུགས་ལ་བསམ་བཞག་མེད་པ་ཞེས་བྱ། དེས་གཞན་ཐམས་ཅད་ལ་རིགས་འགྲེའོ། །དོན་དམ་བསལ་བཞག་མེད་པའི་དོན་ལ་ངོ་སྤྲད་པ་སྟེ། ངོ་སྤྲོད་སྐོར་བདུན་པའོ། །ད་ནི་དེ་དག་གི་འཕྲོས་དོན་རྣམས་བཤད་པར་བྱ་སྟེ། གོང་དུ་བཤད་པ་དེ་དག་ནི་ཡན་ལག་དྲུག་པོའི་གནས་སྐབས་ཐམས་ཅད་དུ་རྟོགས་པར་བྱ་དགོས་པ་ཡིན་ལ། འོན་ཀྱང་སོར་སྡུད་ཀྱི་སྐབས་སུ་རྟགས་སྣང་མཐོང་བ་ཙམ་ལ་ངོ་སྤྲད་པ་


TNT04_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ཆེ་ཞིང༌། བསམ་གཏན་གྱི་སྐབས་སུ་སྤྲོས་བྲལ་དང༌། བསལ་བཞག་མེད་པར་ངོ་སྤྲོད་པ་གལ་ཆེ། སྲོག་རྩོལ་གྱི་སྐབས་སུ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་སྟོང་གཟུགས་དང་སེམས་ཉིད་དབྱེར་མེད་པ་དེ་རྩ་དང་རླུང་གི་ཆོས་ཉིད་དམ། དོན་དམ་པའི་རྩ་དང་རླུང་དུ་ངོ་སྤྲད་ནས། གསལ་སྟོང་གི་ཏིང་ངེ་འཛིན་གཙོ་བོར་སྐྱོང་དགོས། རྩའི་རང་བཞིན་གསལ་བ་དང་རླུང་གི་རང་བཞིན་སྟོང་པ་ཡིན་ནོ། །རོ་རྐྱང་གི་རླུང་ནི་འཁྲུལ་བའི་རང་བཞིན་ཡིན་པས། །མ་འཁྲུལ་པའི་ཡེ་ཤེས་འོད་གསལ་རྟགས་ནང་དེ་ཉིད་ཀྱི་ངང་དུ་རླུང་བཅུ་རེངས་པར་གྱུར་པ་ནི། རླུང་དབུ་མར་ཆུད་པ་ཞེས་བྱ་བ་ཡིན་ཏེ། རྟགས་སྣང་ཉིད་དབུ་མའི་ཡེ་ཤེས་ཀྱི་རླུང་དང་དབྱེ་བ་མེད་པ་ཡིན་ནོ། །འཛིན་པའི་སྐབས་སུ་ཐིག་ལེའི་རང་བཞིན་བདེ་བ་ཡིན་ལ། བདེ་བ་དེ་དང་རྟགས་སྣང་ངོ་བོ་དབྱེར་མེད་པ་ཡང་དག་པའི་གཏུམ་མོ་ཡིན་པར་ངོ་སྤྲད་ནས། རླུང་བཅུ་ཡང་བདེ་མཉམ་གྱི་ཏིང་ངེ་འཛིན་དེར་ཐིམ་པར་བྱེད་དགོས་པ་ཡིན་ནོ། །འདིར་བདེ་སྟོང་གི་ཉམས་གཙོ་བོར་སྐྱོང༌། འདི་ཐིག་ལེའི་རྣལ་འབྱོར་ཁོ་ན་གཙོ་ཆེ། གསལ་སྟོང་བདེ་བ་གསུམ་དོན་ལ་དབྱེ་བ་མེད་ཀྱང་ཐ་མལ་གྱི་རླུང་འདིའི་དྲི་མ་ཆ་ཤས་དག་ནས། གསལ་བའི་ཏིང་ངེ་འཛིན་དུ་ཤར་པའི་ཚེ། གསལ་སྟོང་དུ་ཐིམ་པ་ཞེས་བྱ་ཞིང༌། ད་དུང་དྲི་མ་ཅི་རིགས་དག་ནས་བདེ་བའི་ཏིང་ངེ་འཛིན་དུ་གྱུར་པའི་ཚེ་བདེ་སྟོང་ལ་ཐིམ་པ་ཞེས་བྱའོ། །དེས་ན་རྩ་རླུང་ཐིག་ལེ་དབུ་མར་ཐིམ་པ་ཞེས་བྱ་བ་ཡང༌། དེ་རྣམས་རང་རང་གི་ཆོས་ཉིད་ཀྱི་གནས་སུ་ཅི་རིགས་པར་ཐིམ་པའི་མིང་ཡིན་


TNT04_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེས་ན་ཆཽས་ཉིད་ཀྱི་རྩ་རླུང་ཐིག་ལེ་རྣམ་པ་ཐམས་ཅད་པ་སྟོང་གཟུགས་དང་བདེ་བ་ཟུང་དུ་འཇུག་པའི་རང་བཞིན་སེམས་ཅན་རྣམས་ལ་གདོད་མ་ནས་གནས་པ་དེའི་དབྱིངས་སུ་ལས་སྣང་གི་རྩ་རླུང་ཐིག་ལེ་རྣམས་དག་པར་བྱེད་དགོས་པ་ཡིན་ནོ། རྗེས་དྲན་སྐབས་སུ་སྟོང་གཟུགས་རྣམ་པ་ཐམས་ཅད་པ་དངོས་སུ་གྲུབ་ཅེས་བྱ་བ་ལ། རྣམ་པ་ཐམས་ཅད་པ་གདོད་མ་ནས་ཡོད་ཡོད་པ་ཡིན་ཀྱང་རྣམ་འབྱོར་པའི་བློ་ངོས་ལ་རྗེས་དྲན་མ་ཐོབ་བར་དུ་ཅིག་ཅར་རྣམ་པ་ཐམས་ཅད་དུ་འཆར་མ་གཏུབ། །རྗེས་དྲན་ཐོབ་ནས་དེ་ལྟར་མངོན་སུམ་དུ་མཐོང་བའི་དོན་ནོ། །ཏིང་ངེ་འཛིན་གྱི་སྐབས་སུ་སྟོང་གཟུགས་དང་བདེ་ཆེན་ཟུང་དུ་འཇུག་པའི་དོན་ནི། གནས་ཚུལ་ལ་ཟུང་འཇུག་གདོད་མ་ནས་ཡིན་ཀྱང་ཏིང་ངེ་འཛིན་མ་ཐོབ་བར་དུ་རྟེན་ལུས་ཀྱི་ཕྱོགས་ནས་ཐིག་ལེ་གཙོ་བོ། རྩ་རླུང་འཁོར། བརྟན་པ་སེམས་ཉིད་བདེ་བ། དམིགས་ཡུལ་སྟོང་གཟུགས་རྣམས་དངོས་གནས་ལ་དབྱེར་མེད་ཡིན་ཀྱང༌། རྣལ་འབྱོར་པས་དབྱེར་མེད་དུ་མི་མྱོང་བར་བག་ཆགས་འཁྲུལ་པའི་དབང་གིས་ཐ་དད་ལྟ་བུར་ཉམས་སུ་མྱོང་བ་ཞིག་ཡིན་པ་ལ། ཏིང་ངེ་འཛིན་ཐོབ་ནས་ངོ་སྐལ་ཀྱི་འཁྲུལ་པ་དེ་ཟད་པས། དེ་དག་དབྱེར་མེད་གཅིག་ཡིན་པ་ལ་ཡིན་པར་ཉམས་སུ་མྱོང་བས་ཟུང་འཇུག་གོ །དེ་ལྟར་ན་ཡན་ལག་དྲུག་པོ་ལ་ཡང་ཡུལ་གནས་ལུགས་འགོག་བདེན་གྱིས་བསྡུས་པ་རྣམས་ནི་ངོ་བོ་གཅིག་པ། དོན་དམ་རྟག་བརྟན་ཆོས་ཉིད་ཡིན་ལ། རྣལ་འབྱོར་པའི་བློ་ངོའི་ཤེས་པ་ཡུལ་ཆོས་ཉིད་དམིགས་པའི་རྣམ་པ་ཅན་


TNT04_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱིས་བསྡུས་པ་རྣམས་ནི་འདུས་བྱས་མི་རྟག་པ། ཀུན་རྫོབ་ཡིན་པར་ཤེས་པར་བྱའོ། །དཽན་དམ་པ་ནི་དུས་ཀྱིས་མ་བསྡུས་པའི་ཕྱིར་དོན་དམ་རང་ངོས་ནས་སོར་སྡུད་ཀྱི་དུས་ཀྱི་སྟོང་གཟུགས་དང་བདེ་བ་ཞེས་པ་ནས། ཏིང་ངེ་འཛིན་གྱི་སྟོང་གཟུགས་དང་བདེ་བ་ཞེས་པའི་བར་དུ་དབྱེ་བ་མེད་ལ། ལམ་གྱི་ཡན་ལག་དྲུག་པོ་དམིགས་པའི་ཡུལ་ཆོས་ཉིད་གཅིག་ཉིད་ལ་དམིགས་པ་ཡིན་ཀྱང༌། ལམ་ཡན་ལག་དྲུག་པོ་རང་ལ་གནས་སྐབས་ཐ་དད་པ་དྲུག་འབྱུང་ཞིང༌། དེ་དང་དེའི་སྐབས་རྟོགས་ཚུལ་ཐ་དད་པ་ཡང་དྲུག་བྱུང་བ་ཡིན་ནོ། །དེས་ན་ཡན་ལག་དང་པོ་བཞིའི་སྟོང་གཟུགས་རྣམ་པ་ཐམས་ཅད་པ་མ་ཡིན་པ་དང༌། ཕྱི་མ་གཉིས་ལ་ཡིན་ནོ་ཟེར་བ་དང༌། ཡན་ལག་དང་པོ་ལྔའི་བདེ་བ་མི་འགྱུར་བ་མ་ཡིན་པ་དང༌། ཏིང་ངེ་འཛིན་གྱི་བདེ་བ་འགྱུར་མེད་ཅེས་ཟེར་བ་དང༌། དེ་བཞིན་དུ་སོར་སྡུད་ཀྱི་རྟགས་སྣང་མི་བརྟན་ལ་བསམ་གཏན་གྱི་བརྟན་ཟེར་བ་སོགས་དེ་འདྲའི་རིགས་ཀྱི་རྣམ་གཞག་ཐམས་ཅད་རྣལ་འབྱོར་པའི་བློ་ངོ་དང་བསྟན་པ་ཡིན་གྱི་དངོས་གནས་མ་ཡིན་པས། རང་ལུགས་ཐུན་མོང་མ་ཡིན་པའི་གྲུབ་མཐའི་ཚིག་གསལ་པོར་བརྗོད་ན། ལམ་ཡན་ལག་དང་པོ་བཞི་ལ་གནས་པའི་རྣལ་འབྱོར་པའི་སེམས་ཀྱིས་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་དེ་ཡང་རྣམ་པ་ཕྱོགས་རེ་བར་མཐོང༌། ལམ་ཕྱི་མ་གཉིས་ལ་གནས་པའི་སེམས་ཀྱིས་རྣམ་པ་ཐམས་ཅད་པ་རང་དུ་མཐོང༌། དེ་བཞིན་དུ་གནས་ཚུལ་གྱི་བདེ་བ་འགྱུར་མེད་དེ་མ་མྱོང་བར་རྐྱེན་ལས་བྱུང་བའི་བདེ་བ་ཙམ་མྱོང་བ་ཡིན་ཀྱང༌། དེའི་རྒྱུ་ལ་བདེ་བ་


TNT04_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་མེད་དེ་སྦས་པའི་ཚུལ་གྱི་ཡོད་དོ། །ཞེས་དང༌། ལམ་སོར་སྡུད་ཀྱི་རྟོགས་པ་ཁོ་ན་ལ་གནས་པའི་རྣལ་འབྱོར་པའི་སེམས་ཀྱི་སྟོང་གཟུགས་དེ་སྐབས་དེར་རྣལ་འབྱོར་པ་དཻས་མི་བརྟན་པར་མཐོང་ཡང་དངོས་གནས་ལ་སྟོང་གཟུགས་དེ་རྟག་པ་ཡིན་ཞེས་བརྗོད་པར་བྱའོ། དེ་དག་ནི་རྣལ་འབྱོར་ཡན་ལག་དྲུག་གི་རིམ་པ་དྲུག་པོ་ངོ་སྤྲོད་པ་སྟེ་ངོ་སྤྲོད་སྐོར་བརྒྱད་པའོ། །ད་ནི་རྣམ་གྲངས་གཞན་དང་གཞན་གྱི་སྒོ་ནས་ངོ་སྤྲོད་པ་ལ་ཏིང་ངེ་འཛིན་གྱི་དབྱེ་བ་དང༌། རྡོ་རྗེ་འབེབ་པའི་ཡེ་ཤེས་དང༌། འཕྲོས་དོན་ཕྲ་མོ་ཙམ་སྟེ་གསུམ་ལས། དང་པོ་ཏིང་ངེ་འཛིན་གྱི་དབྱེ་བའི་ངོ་སྤྲོད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་ཏིང་ངེ་འཛིན་བརྒྱ་ཉི་ཤུ་སོགས་ཀྱང་རྡོ་རྗེའི་རྣལ་འབྱོར་ཏིང་ངེ་འཛིན་འདི་ལ་ཚང༌། རྣམ་པ་མཐའ་ཡས་པ་གསུངས་པ་རྣམས་ཀྱང་ཞི་བའི་རྣམ་པ་ལ་འདུས་པར་གསུངས་པ་ལྟར། ཏིང་ངེ་འཛིན་དང་རྣམ་པ་དམིགས་པ་ཐམས་ཅད་རྣམ་པར་མི་རྟོག་པ་ཁྱད་པར་ཅན་འདི་ལ་ཚང་བ་ཡིན། སེམས་གནས་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་དབེན་གསུམ་ཉམས་སུ་མྱོང་བ་ཚུན་ཆོད་ན་ཡོད་ལ། ཀུན་དུ་སྣང་བའི་ཏིང་ངེ་འཛིན་ནི། ཁམས་གསུམ་གྱི་གཟུགས་བརྙན་སྟོང་གཟུགས་སྣང་བ་དང༌། སྒྲོན་མ་འབར་བའི་ཏིང་ངེ་འཛིན་ནི། འོད་གསལ་གྱི་གཟི་བརྗིད་ཀྱིས་ལས་སྣང་བཅིལ་བར་བྱེད་པ་དང༌། གདུང་བ་མེད་པའི་གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ནི། འོད་གསལ་རྟགས་བཅུ་ལ་མཉམ་པར་བཞག་པའི་རང་མདངས་ལས་སེམས་


TNT04_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱི་སེམས་དང་སྤྱོད་པ་ཡང་ཤེས། དེའི་སེམས་དང་འཕྲོད་པའི་ཆོས་ཀྱང་ཤེས་པའོ། །རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེར་པོ་འབར་བ་དང༌། རིན་ཆེན་སྒྲོན་མ་ཞེས་བྱ་བ་ནི་ནག་པོ་འབར་བ་དང༌། ཟླ་བ་སྣང་བ་ཞེས་བྱ་བ་ནི་དཀར་པོ་འབར་བ་དང༌། སྤྱི་གཙུག་རྣམ་པར་བལྟ་བ་ནི་སོར་བསམ་དངོས་དང༌། འོད་ཟེར་རབ་ཏུ་འགྱེད་པ་ནི་གློག་གི་སྣང་བ་དང༌། བལྟ་བས་ཆོག་མི་ཤེས་པ་ཞེས་པ་ནི་སངས་རྒྱས་ཀྱི་གཟུགས་དང༌། ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བ་ནི་ནམ་མཁའ་སྤྲིན་མེད་པ་ལྟ་བུ་དང༌། ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བ་ནི་ཐིག་ལེ་ཆེན་པོ་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་ནི། རྩ་བའི་སྟོང་གཟུགས་གཅིག་ཤིན་ཏུ་བརྟན་ཞིང་བརྩེགས་པ་ལ་སྟོང་གཟུགས་དུ་མ་འཕྲོ་འདུ་བྱེད་པའམ། རྩ་དབུ་མའི་ནང་དུ་སྟོང་གཟུགས་ལངས་པ་དང༌། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བ་ནི། རྟགས་བཅུ་ལ་གཟུང་འཛིན་མེད་པར་ཤེས་པ་དང༌། འོད་མཐའ་ཡས་པ་ནི་རེ་ཁ་ནག་པོ་དང༌། འོད་བྱེད་པ་ནི་འོད་སྐོར་རྒྱ་ཆེར་འཕེལ་བ་དང༌། འོད་དྲི་མ་མེད་པ་ནི་འཇའ་ཚོན་ལྟ་བུའི་འོད་ཀྱི་སྣང་བ་རྒྱས་པ་དང༌། ཉི་མའི་སྒྲོན་མ་ནི་དམར་པོ་འབར་བ་དང༌། ཟླ་བ་དྲི་མ་མེད་པ་ནི་ཐིག་ལེའི་སྣང་བ་དང་སྟོང་གཟུགས་རོ་གཅིག་པ་དང༌། སྣང་བ་གསལ་བ་ནི་རྩ་རྣམས་ཐིག་ལེས་གང་བའི་སྣང་བ་དང༌། སྣང་བ་བྱེད་པ་ནི་དེ་ལས་མངོན་ཤེས་


TNT04_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བ་དང༌། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ནི་ཡུལ་ལྔ་སྟོང་གཟུགས་སུ་ཐིམ་པས་བདེ་བའི་སྣང་བ་རྒྱས་ཏེ་ཐ་མལ་བའི་འདོད་ཡོན་ལ་ཆགས་པ་དག་པ་དང༌། སྒྲ་དང་བརྡ་ལ་འཇུག་པ་ནི་སྟོང་པའི་སྒྲ་དང་ལས་སྣང་གི་སྒྲ་འདྲེས་པས་སེམས་ཅན་ཐམས་ཅད་ཀྱི་སྐད་དང་ངེས་ཚྀག་ཤེས་པ་དང༌། སྒྲ་དབྱངས་དང་ལྡན་པ་ནི་གཞོམ་མེད་ཀྱི་ནཱ་དའི་སྒྲ་དང༌། སྒྲོན་མ་འབར་བ་ནི་གཏུམ་མོའི་འབར་སྣང་སྟོང་གཟུགས་རོ་གཅིག་པ་དང། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ནི་རྗེས་དྲན་ཕན་ཆད་ཀྱི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང༌། ནམ་མཁའ་དང་འདྲ་བའི་ཏིང་ངེ་འཛིན་དང་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སྟོང་གཟུགས་ཀྱི་གཏུམ་མོ་གློག་དང་འདྲ་བས་ཞུ་བདེ་འགྱུར་མེད་ཀྱི་དགའ་བཞི་དྲངས་ཤིང༌། དེའི་མཐར་རྩ་རླུང་ཐིག་ལེ་དབྱིངས་ནམ་མཁའ་དང་འདྲ་བར་ཐིམ་པ་སྟེ། ཏིང་ངེ་འཛིན་གྱི་ཡན་ལག་ཕན་ཆད་ཡིན་ལ། དེ་དག་ལ་སོགས་པའི་མདོ་སྡེ་དང་རྒྱུད་སྡེ་ཐ་དད་ནས་གསུངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྲངས་མེད་པ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་འདིར་ཡོངས་སུ་འདུས་པ་ཡིན་ནོ། །དེ་དག་ནི་ཏིང་ངེ་འཛིན་གྱི་དབྱེ་བ་ངོ་སྤྲད་པ་སྟེ། ངོ་སྤྲོད་སྐོར་དགུ་པའོ། །གཉིས་པ་ནི། རྡོ་རྗེ་འབེབས་པའི་ཡེ་ཤེས་ངོ་སྤྲད་པར་བྱ་སྟེ། དབང་གི་དུས་སུ་སྐལ་ལྡན་མཆོག་མ་གཏོགས་པ་གཞན་ལ་ནི་ཡེ་ཤེས་ཡུད་ཙམ་ཞིག་ཕེབས་པ་ལས་ལྷག་པོ་མེད་ཅིང༌། དབང་དོན་རྫོགས་རིམ་སྒོམ་པའི་


TNT04_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་ནི་དབང་པོ་རབ་འབྲིང་ཐ་མ་གང་ཡིན་ཡང་རུང༌། ལམ་འདི་ལ་བརྟེན་པའི་ཉམས་མྱོང་སྐྱེས་ཕྱིན་ཡེ་ཤེས་བརྟན་པོར་མི་ཕེབས་པ་མི་སྲིད་དོ། །དེ་ལྟར་རྩ་རྒྱུད་ལས། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། ཞེས་གསུངས་ཏེ། སོར་བསམ་ལ་རྡོ་རྗེ་འབེབས་པ་ཆུང་ངུ༌། སྲོག་འཛིན་ལ་འབྲིང་པོ། རྗེས་དྲན་ལ་ཆེན་པོ། ཏིང་ངེ་འཛིན་ལ་མཐར་ཐུག་པ་རྡོ་རྗེ་འབེབས་པའི་ཡེ་ཤེས་བཞི་པོ་རྣམས་འབྱུང་ངོ༌། །ཇི་ལྟར་འབབ་པའི་ཚུལ་ནི་ཡེ་ཤེས་དབབ་པའི་སྐབས་ཀྱི་རྒྱུད་རྩ་འགྲེལ་དང༌། རྡོ་རྗེ་སྙིང་འགྲེལ་སོགས་ན་གསལ་ཏེ། ལུང་ཁུངས་རྣམས་བྲིས་ན་མངས་པར་འགྱུར་བས། དོན་གྱི་སྙིང་པོ་འདི་ལྟ་བུ་ཡིན་ ནོ། །དེ་ཡང་རྣམ་རྟོག་ནུབ་ཅིང༌། སེམས་གསལ་སྟོང་ངམ་བདེ་སྟོང་ལ་གཡོ་བ་མེད་པར་གནས་པའི་ངང་ནས། ལུས་འཕར་གཡོ་དང་ངག་སྨྲ་རྒོད་སོགས་དང་འབྲེལ་བར་ཁྲོ་བོའི་ཚུལ་གྱིས་བརྡེག་པ་དང་སྡིགས་པ་སོགས་ནི། ཁྲོ་བོ་རྣམས་ཀྱི་སྐུ་དང༌། དྲག་སྔགས་དང༌། དྲག་ཏུ་རྒོད་པ་དང༌། བརྡེགས་ཤིག་ཆོམས་ཤིག་ཅེས་པའི་ཚིག་འདོན་པ་ནི་ཁྲོ་བོའི་གསུང་དང༌། ཅུང་ཟད་ཉམས་སྲབས་པས་མཐོང་ཐོས་ཀྱི་སྣང་བ་མི་འགག་ཅིང་དོགས་པ་དང་འཛེམ་པ་སོགས་རྣམ་པར་རྟོག་པ་རགས་པ་ནུབ་ལ་དཔའ་བའི་གདེང་ཆེན་པོ་དང་ལྡན་ན་ཁྲོ་བོའི་ཐུགས་བབས་པའོ། །དེ་དག་ལ་ཡང་ནང་ཚན་དུ་ཤིན་ཏུ་སྟོབས་དང་རྨུགས་བྱེད་དང༌། ཁེངས་བྱེད་དང༌། རེངས་བྱེད་དང༌། རྡོ་རྗེ་ཤུགས་ལ་


TNT04_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སོ་སོའི་དབྱེ་བ་དུ་མ་ཡོད་དོ། །ཞི་བའི་སྐུ་ཕེབས་པས་ནི་བྲོ་གར་ལ་སོགས་པས་འཕར་གཡོའི་རྣམ་གྲངས་དུ་མ་འབྱུང༌། གསུང་ཕེབས་པས་ནི་སཾསྐྲི་ཏ་ལ་སོགས་པ་ཡུལ་དང་འགྲོ་བ་དུ་མའི་སྐད་དང༌། ཆོས་ཀྱི་སྒྲ་སྣ་ཚོགས་པ་འབྱུང༌། ཐུགས་ཕེབས་པས་ནི་ལུས་ངག་གཡོ་བ་མེད་ཅིང་སེམས་བདེ་གསལ་གྱི་ངང་ནས་ཕྱི་ནང་ཐམས་ཅད་རིག་པ་འབྱུང༌། ཡེ་ཤེས་རྡོ་རྗེ་ཕེབས་པས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་དམ། ཅི་རིགས་པ་བདག་ཉིད་ལ་ཡོད་པ་སྙམ་བྱེད་པ་འབྱུང༌། དེ་བཞིན་དུ་སངས་རྒྱས་སྤྱན་མ་ཕེབས་པས། ལུས་སྟོབས་དང་ལྡན་པ་གཞན་གྱིས་གཡོ་འགུལ་མི་ཐུབ་པ་དང་མཱ་མ་ཀཱི་ཕེབས་པས་རང་ལུས་བསིལ་ཞིང་གཞན་ཡང་བསལ་བར་བྱེད་པ་དང༌། གོས་དཀར་མོ་ཕེབས་པས་དྲོ་ཞིང་རྔུལ་བ་དང༌། སྒྲོལ་མ་ཕེབས་པས་ཤིན་ཏུ་ཡང་ཞིང་རྩལ་ཆེ་བ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཕེབས་པས་མཆོག་ལ་མི་སྣང་བ་དངོས་འགྲུབ་ཅིང༌། ཕལ་པ་ལ་རླུང་གི་རྒྱུ་བ་ཆད་པ་དང༌། གཞན་གྱིས་བཙལ་ན་མི་རྙེད་པ་ལ་སོགས་པ་འབྱུང༌། དེ་བཞིན་དུ་གཟུགས་རྡོ་རྗེ་མ་ལ་སོགས་པ་ཕེབས་པའི་ལྐོག་གྱུར་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཁམས་སྣ་ཚོགས་པ་ཤཻས་པ་དང༌། སྟོང་པའི་གཟུགས་སྒྲ་དྲི་རོ་རེག་བྱ་སྔར་མེད་མཐའ་ཡས་པ་ཅིག་ཅར་སྣང་བ་དང༌། རིག་པ་དང་བསྟན་བཅོས་སྔར་མ་


TNT04_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

བསླབས་པ་ཤེས་པའི་སྣང་བ་འབྱུང༌། དེས་མཚོན་ནས་རྣམ་སྣང་ཕེབས་པས་ལུས་མདོག་དབྱིབས་སྣ་ཚོགས་སུ་འགྱུར་བ་དང༌། འོད་དཔག་མེད་ཕེབས་པས་རེས་འགའ་འདུ་ཤེས་རྣམ་རྟོག་རགས། རེས་འགའ་སྟོང་པར་ཐིམ་པ་འབྱུང་བ་དང༌། རིན་འབྱུང་ཕེབས་པས་བདེ་སྡུག་གི་ཚོར་བ་སྣ་ཚོགས་མྱོང་བ་དང༌། དོན་ཡོད་གྲུབ་པ་ཕེབས་པས་ལས་དང་བྱ་བ་འགྲུབ་མི་ཐུབ་པ་སྐད་ཅིག་གིས་འགྲུབ་པ་དང༌། མི་བསྐྱོད་པ་ཕེབས་པས་རྣམ་ཤེས་ལྔ་བདེ་གསལ་དུ་འཆར་བ་དང༌། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཕེབས་པ་ནི་གོང་གི་ཡེ་ཤེས་རྡོ་རྗེ་དང་གཅིག་གོ །བྱང་ཆུབ་སེམས་དཔའ་དྲུག་ཕེབས་པས་ཀྱང་རྣ་བ་སོགས་དབང་པོ་དྲུག་གི་གནས་རྣམས་ལ་རྣམ་འགྱུར་སྣ་ཚོགས་འབྱུང་ཞིང་མངོན་ཤེས་དྲུག་པོ་ཅི་རིགས་པར་འཆར་བ་དང༌། ཁྲོ་བོ་རྣམས་ལ་ཡང་ལས་དབང་བྱ་བ་དང་བཅས་པའི་རྣམ་འགྱུར་མང་དུ་འབྱུང་ཞིང༌། དེ་དག་ལ་བརྟེན་པའི་རྫུ་འཕྲུལ་གྱི་ཆ་ཤས་ཅི་རིགས་པ་འཆར་རོ། །རྣལ་འབྱོར་མ་རྣམས་བབས་ན་ཐམས་ཅད་ཀྱི་ཐུན་མོང་དུ་བདེ་ཉམས་ཆེ་ཞིང་ཁྲོ་ཆགས་སྤེལ་མར་འབྱུང༌། མ་མོ་རྣམས་སོ་སོའི་ཉམས་དང་མཐུན་པ་དང༌། སོ་སོའི་དམ་ཚིག་གི་རྫས་རྣམས་དོན་དུ་གཉེར་བ་སོགས་འབྱུང༌། དེ་བཞིན་དུ་ཚེས་ཀྱི་ལྷ་རྣམས་ལ་ཡང་སྟེ། སྲིན་པོའི་ཁྲོ་བ་དང༌། མེ་ལྷའི་ཇི་ཙམ་ཟོས་ཀྱང་ཡོག་པ་དང༌།


TNT04_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་གཏི་མུག་དང༌། དྲག་པོའི་འདོད་ཆགས་དང༌། ཁྱབ་འཇུག་གི་ཞེ་སྡང་དང༌། བརྒྱ་བྱིན་གྱི་ང་རྒྱལ་ལ་སོགས་པ་འཆར་ཏེ། ཉོན་མོངས་དེ་དང་དེའི་རྣམ་པ་ཅན་གྱི་ཡེ་ཤེས་སོ། །དེ་བཞིན་དུ་སྒོ་སྐྱོང་རྣམས་བབས་པས་བྱ་བ་སྣ་ཚོགས་ལ་འཇུག་འདོད་དང༌། ཀླུ་རྣམས་བབས་པས་འདོད་པ་ཤས་ཆེ་ཞིང་ཕྲ་མའི་རྣམ་པ་དང༌། རབ་གཏུམ་མ་རྣམས་བབས་པས་ཁྲོ་གཏུམ་ཤས་ཆེ་བའི་རྣམ་འགྱུར་དང་དེ་བཞིན་དུ་ལྷ་རྣམས་དང་གཞལ་མེད་ཁང་ལ་སོགས་པ་བབས་པས་སྲིད་པ་གསུམ་པོ་མཐའ་དག་གི་རྣམ་འགྱུར་ཡང་འབྱུང་ངོ༌། །འདོད་ཕྱིར་འདོད་མ་རྣམས་ཀྱང་འབབ་པར་འགྱུར་ཏེ། ས་དང་རླུང་འདྲེས་པས་ཕྲ་མ་བྱེད་ཅིང་དབྱེ་བར་འདོད་པ་འབྱུང་བ་ལ་སོགས་པ། འོད་གསལ་རྣམ་པ་ཐམས་ཅད་པ་ཉིད་དུ་གདོད་ནས་རྟག་པར་བཞུགས་ཀྱང་རྐྱེན་དེ་དང་དེས་མངོན་དུ་འགྱུར་ཏེ། ཆུ་དང་རླུང་ནི་རྣམ་བསྲེས་པས། །ལུས་ཅན་རྣམས་ནི་འདར་བར་འགྱུར། །དེས་གྲང་རེག་སྐྱེས་ཏེ་གོས་འདོད་པའམ་ལུས་འདར་བ་དང། རླུང་དང་སྟོང་པ་རྣམ་བསྲེས་པས། སྐད་ཅིག་གིས་ནི་ཐམས་ཅད་སྐྲོད། །ཅེས་ཕ་རོལ་སྐྲོད་པར་འདོད་པ་དང༌། མེ་དང་ས་ནི་རྣམ་བསྲེས་པས། །ལུས་ཅན་ཀུན་ལ་ཚ་རིམ་འབྱུང༌། །ཞེས་གདུང་བ་དྲག་པོ་འདོད་པ་དང༌། མེ་དང་ཡེ་ཤེས་རྣམ་བསྲེས་ པས། །ཐམས་ཅད་དུ་ནི་འབེབས་པར་བྱེད། །ཅེས་ཡེ་ཤེས་ཕེབས་པས་འཕར་གཡོའི་སྒོ་ནས་ལུས་


TNT04_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པར་འདོད་པ་ཡིན། དེ་བཞིན་དུ་དེས་གཙང་བཙོག་མེད་པས་ལྷག་མ་ཟ་བར་ཡང་འདོད་དོ། །རླུང་དང་མེ་ནི་རྣམ་བསྲེས་པས། །ལུས་ཅན་རྣམས་ནི་འགུགས་པའོ། །ཞེས་འགུགས་པར་འདོད་པ་དང༌། མེ་དང་སྟོང་པ་རྣམ་བསྲེས་པས། །སྐད་ཅིག་གིས་ནི་རིམ་འདེབས་འགྱུར། །ཞེས་སྐེམས་པར་འདོད་པ་དང༌། རླུང་དང་སྟོང་པ་རྣམ་བསྲེས་པས། ལུས་ཅན་རྣམས་ནི་གསོད་པར་འགྱུར། ཞེས་གཡུལ་སྤྲོད་པར་འདོད་པ་དང༌། ས་དང་ཆུ་ནི་རྣམ་བསྲེས་པས། །ལུས་ཅན་རྣམས་ནི་རྒྱས་པར་འགྱུར། ཞེས་རྒྱས་པར་འདོད་པ་དང༌། སྟོང་པའི་ཡི་གེས་དུག་རྣམས་བསྐྱོད། །ཅེས་པ་ལྟར། ཆུ་དང་ནམ་མཁའ་འདྲེས་པས་ཚིག་རྩུབ་ཀྱི་རྒྱུ་ཁྲོ་ཆགས་ཀྱི་དུག་ཞི་ནས་འཇམ་པར་སྨྲ་བར་འདོད་པ་དང༌། ས་ཡི་དག་པས་རིངས་པར་བྱེད། །ཅེས་རེངས་པར་འདོད་པ་དང༌། ས་དང་སྟོང་པ་རྣམས་བསྲེས་པས། ལུས་ཅན་རྣམས་ནི་ལྟུང་བར་འགྱུར། །ཞེས་སྦྲུལ་ལ་སོགས་པ་ལྟུང་བ་སྟེ། འཆིང་བར་འདོད་མ་སྟེ་དེ་དག་ལ་སོགས་པ་འདོད་ཕྱིར་འདོད་གཞན་རྣམས་ཕེབས་པ་ལ་ཡང་རིགས་འགྲེ་བ་ཤེས་པར་བྱའོ། །མདོར་ན་དོན་དམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བདེ་གཤེག་སྙིང་པོའི་ངོ་བོར་རང་ཉིད་ལ་བཞུགས་པ་རྣམས་རྣལ་འབྱོར་པས་ལམ་ཉམས་སུ་བླངས་པས་ཐུགས་རྒྱུད་བསྐུལ་ཏེ་རང་ལ་བྱིན་གྱིས་བརླབས་ཤིང་ཡེ་ཤེས་ཕེབས་པའི་རྣམ་འགྱུར་


TNT04_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། བྱིན་གྱིས་རློབ་བྱེད་ཀྱི་ཡེ་ཤེས་པ་ནི་གཙོ་བོར་རང་རྒྱུད་ཀྱི་དེ་རྣམས་ཡིན་ལ། སློབ་དཔོན་གྱི་ཏིང་ངེ་འཛིན་གྱི་སྟོབས་དང༌། གཞན་རྒྱུད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཀྱང་རྐྱེན་བྱེད་པ་ནི་ཡིན་ནོ། །དེ་ལྟར་ན་ཡེ་ཤེས་ཕེབས་པའི་ཉམས་འདི་ཀུན་ལ་ཡང་ཉམས་མྱོང་དང་མན་ངག་གི་རྒྱུས་མེད་པས་བལྟས་ན་སྨྱོ་བ་ལྟར་སྣང་བ་དང༌། རྒྱལ་བ་ལྟར་སྣང་བ་དང༌། ན་ཚ་སྡུག་བསྔལ་ལྟ་བུར་སྣང་བ་མང་དུ་འབྱུང་བས་རྩ་རླུང་ཐིག་ལེ་གེགས་དང༌། གདོན་གྱི་གནོད་པ་སོགས་སུ་འཛིན་པ་ཡོད་ཅིང༌། དེ་དང་དེར་བཟུང་ན་རྣམ་རྟོག་གི་སྐྱོན་གྱིས་གེགས་སུ་འགྲོ་ལ། དེ་དག་ཡེ་ཤེས་སུ་ངོ་ཤེས་པས་བྱུང་རྒྱལ་དུ་བསྐྱངས་ན་རྩ་མདུད་གྲོལ་ཞིང༌། རྩ་གནས་བྱང་ཆུབ་ཀྱི་སེམས་ཀྱིས་གང་ནས། བདེ་སྟོང་གི་ཉམས་རྒྱ་མཚོ་ལྟ་བུར་འགྲོ་བ་ལ་ཚེགས་མེད་དོ། །སྦྱོར་དྲུག་བསྒོམས་ནས་ཉམས་ཀྱི་ཡེ་ཤེས་རྟག་ཏུ་ཕེབས་པར་གྱུར་ན། གེགས་སྔར་ཡོད་ཐམས་ཅད་ལས་གྲོལ་ཞིང༌། གེགས་གསར་པ་འབྱུང་བ་མེད་ལ། ཡོན་ཏན་ཟླ་བ་ཡར་ངོ་ལྟར་འགྱུར་རོ། །དེ་ལྟར་ན་སྦྱོར་དྲུག་པའི་ཉམས་འུར་བ་དང༌། ཉམས་ཕེབས་པ་ཞེས་གྲགས་པ་འདི་ཡང་རྣམ་པ་ཐམས་ཅད་པའི་ནང་ཚན་ཡིན་པས། སྟོང་གཟུགས་དང་གནད་གཅིག་ལ། ཉམས་ཕེབས་ཚབས་ཆེ་ན། སྟོང་གཟུགས་ཀྱང་གསལ་ལ་མང༌། སྟོང་གཟུགས་མང་པོ་འཆར། རྩ་བཟང་པོ་ལ་ཉམས་རྟག་ཏུ་ཕེབས་འོང་བས། འཕྲལ་བློ་ངོར་ཡང་འགྲོ་ལྡོག་གཅིག་ཏུ་


TNT04_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །དེ་དག་ནི་རྡོ་རྗེ་འབེབས་པའི་ཉམས་ངོ་སྤྲོད་པ་སྟེ། ངོ་སྤྲོད་སྐོར་བཅུ་པའོ། །ད་ནི་འཕྲོས་དོན་ཕྲ་མོ་འགའ་ཞིག་བཤད་པར་བྱ་སྟེ། གཞན་ཡང་སྟོང་པའི་གཟུགས་ཐམས་ཅད་ལ་རྡོ་རྗེའི་གཟུགས། སྟོང་པའི་སྒྲ་ཐམས་ཅད་ལ་རྡོ་རྗེའི་སྒྲ་ཞེས་སོགས་ཐ་སྙད་སྦྱར་ནས། སྟོང་གཟུགས་དང་ལས་སྣང་ཐམས་ཅད་ལ་སྦྱོར་ཏེ། རྡོ་རྗེའི་དོན་སྟོང་པ་ཡིན་པས་སྣང་སྟོང་དབྱེར་མེད་ཡིན་ལ། འོན་ཀྱང་བདེན་པ་གཉིས་ལ་སྟོང་ཚུལ་གཉིས་དང་སྣང་ཚུལ་གཉིས་གོང་ངོ་སྤྲོད་དྲུག་པའི་སྐབས་སུ་བསྟན་པ་ལྟར་རོ། །དེ་བཞིན་དུ་གནས་སྐབས་བཞྀའི་སྣང་བ་ལ་རགས་པའི་འོད་དམ་སྣང་བའི་འོད་གསལ་ཟེར། བདེ་བ་ཆེན་པོ་ལ་རང་བཞིན་གསལ། སྟོང་གཟུགས་ལ་དེ་ཁོ་ན་ཉིད་ཀྱི་འོད་གསལ་ཞེས་འདོགས་པའི་སྐབས་ཀྱང་ཡོད། ཡང་སྣང་བའི་སྟེང་དུ་འོད་གསལ་འཛིན་པའི་སྐབས་སུ་འདི་སྐད་ཅེས་བྱ་སྟེ། ལམ་བསྒོམས་པས་མ་དག་པའི་སྣང་བ་དབྱིངས་སུ་དག་ནས། གཞིའི་གནས་ལུགས་མངོན་དུ་གྱུར་པ་ལ་འབྲས་བུར་འཇོག་པའི་གནད་ཀྱིས། སྟོང་གཟུགས་ལ་རྩོལ་བས་མཉམ་པར་འཇོག་པའི་ལམ་གྱིས་ལས་སྣང་མ་དག་པའི་སྣང་བ་དེ་འོད་གསལ་སྟོང་གཟུགས་ལ་བསྡུས་པས་ལས་སྣང་འགགས་ཏེ་སྟོང་གཟུགས་ཁོ་ན་འཆར་པ་ཡིན་ནོ། །ཞེས་དང༌། ཡང་སྟོང་གཟུགས་མཐོང་བའི་དུས་ཕྱི་རོལ་རྒྱང་ཆད་ལྟར་སྣང་བ་ལ། མིག་བཙུམ་པའམ། ལག་པས་བཀབ་པ་སོགས་བྱས་ནས་ཕྱི་རོལ་ཀྱི་གཟུགས་སུ་གྲུབ་


TNT04_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེ་དག་གིས་སྒྲིབ་དགོས་པ་ལས། དེ་ལ་ཐོགས་སྒྲིབ་མེད་པས་སེམས་ཀྱི་སྣང་བའོ། །ཞེས་བྱ་བ་དང༌། བསམ་གཏན་གྱི་དགའ་བདེའི་ཡན་ལག་ཕྱོགས་མཐུན་རྒྱུད་ལ་སྐྱེས་པ་ལ་སྟོང་གཟུགས་དང་བདེ་ཆེན་ཟུང་འཇུག་ཏུ་དཔེའི་ངོ་སྤྲོད་པའང་ཡོད་དེ། རྟགས་སྣང་མི་གསལ་ན་བདེ་བ་ཤས་ཆུང༌། རྟགས་སྣང་གསལ་ན་དགའ་བདེ་ཤས་ཆེ་སྟེ། དེ་དགའ་བདེ་དང་རྟགས་སྣང་ངོ་བོ་གཅིག་པའི་རྟགས་ཡིན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མི་འགྱུར་བའི་བདེ་བ་ཡང་འདི་ལྟ་བུ་སྟེ། རང་བཞིན་དབྱེར་མེད་ཟུང་འཇུག་གདོད་མའི་གཤིས་ལུགས་སོ། །ཞེས་སོགས་བརྡ་ཐབས་སྣ་ཚོགས་ལ་བརྟེན་ནས་ངོ་སྤྲོད་པ་གོང་མ་རྣམས་ཀྱི་ཕྱག་ལེན་ནོ། །དེ་དག་ལ་ཐུན་དང་གྲངས་ངེས་པ་མེད་ཅིང༌། ངོ་སྤྲོད་སྐོར་གྱི་རིམ་པའང་མེད་མོད། སྡེ་ཚན་གཅིག་ཏུ་བྱས་པས་ན་ལེའུའི་རིམ་པ་བཅུ་གཅིག་པར་བྱས་ན་ལེགས་སོ། །དེ་ལྟར་ན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་ཕྱག་རྒྱ་ཆེན་མོ་དང༌། མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། འཁོར་ལོ་སྡོམ་པ་དང༌། དགྱེས་པ་རྡོ་རྗེ་དང༌། གསང་བ་འདུས་པ་དང༌། དུས་ཀྱི་འཁོར་ལོ་དང༌། ཨེ་ཝཾ་ཟུང་འཇུག་དང༌། རྣམ་བཅུ་དབང་ལྡན་དང༌། ཉི་ཟླ་ཁ་སྦྱོར་དང༌། ཆོས་འབྱུང་ལ་གནས་པའི་ཐིག་ལེ་དང༌། ཡང་དག་པར་མི་བསླུ་བ་དང༌། སྤྲོས་བྲལ་དང༌། བདེ་བར་གཤེགས་པ་དང༌། ཆ་མེད་ཀུན་འགྲོ་དང༌། རྡོ་རྗེ་སེམས་དཔའ་རིས་


TNT04_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། ཁྱབ་བདག་དང་དམ་པའི་བདག་དང༌། ཀུན་ཁྱབ་བདེ་བ་ཆེན་པོའོ། །ཞེས་པ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་སྤྲོད་ནང་མ་ཐུན་མོང་མ་ཡིན་པ་ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་མཐའ་དག་གི་ངེས་གསང་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཤིན་ཏུ་གསལ་བར་བརྗོད་པ་སྟེ། ནགས་རྒྱལ་གྱི་དབེན་གནས་དཔལ་ཇོ་ནང་དུའོ། །ངོ་སྤྲཽད་ཀྱི་ཡི་གེ་འདི་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཇོ་ནང་པ་ཆེན་པོ་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དགོངས་བཞེད་ཐུན་མོང་མ་ཡིན་པ་ཆེས་ཟབ་ཅིང་གསང་བ་རྣམས་ཡིན་པས། གཞུང་ལུགས་མི་ཤེས་པ་རྣམས་ལ་ཅུང་ཟད་གོ་དཀའ་བར་འགྱུར་མོད། ཟབ་དོན་གོ་དཀའ་བ་དེ་ཀུན་གྱི་ལུགས་ཡིན། གྲུབ་མཐའ་ཕལ་པས་སེམས་ཁེངས་པ་ཕལ་ཆེར་གྱི་བློར་ཤོང་དཀའ་བས། བརྒྱུད་པ་འདི་ཁོ་ན་ལས་བྱོན་པའི་ཆོས་འདྀའི་མྱོང་ཁྲིད་ཐོབ་པ་རྣམས་མ་གཏོགས་གཞན་ལ་བཀའ་རྒྱས་བཏབ་བོ།། །།དགེ་ལེགས་འཕེལ།། །།ཞུས་དག་ཤུབྷཾ།།


previousསྦྱོར་བ་ཡན་ལག་དྲུག་པའི་ངོ་སྤྲོད་ནང་མ།next