Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
སྦྱོར་བ་ཡན་ལག་དྲུག་པའི་མན་ངག་སྙིང་པོའི་འཁྲུལ་འཁོར་གྱི་སྡོམས།
   


 
previousསྦྱོར་བ་ཡན་ལག་དྲུག་པའི་མན་ངག་སྙིང་པོའི་འཁྲུལ་འཁོར་གྱི་སྡོམས།next

སྦྱོར་བ་ཡན་ལག་དྲུག་པའི་མན་ངག་སྙིང་པོའི་འཁྲུལ་འཁོར་གྱི་སྡོམས།


TNT04_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ཡན་ལག་དྲུག་པའི་མན་ངག་སྙིང་པོའི་འཁྲུལ་འཁོར་གྱི་སྡོམས་བཞུགས།


TNT04_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བླ་མའི་ཞབས་ལ་ཕྱག་བཙལ་ནས། །རྡོ་རྗེའི་རྣལ་འབྱོར་དང་འབྲེལ་བའི། །གེགས་སེལ་ལུས་སྦྱོངས་འཁྲུལ་འཁོར་གྱི། །རྣམ་གཞག་མདོ་ཙམ་བཤད་པར་བྱ། །ཀུན་གྱི་ཐོག་མ་རྩ་ཁྲུས་ནི། །ལུས་སྦྱོང་ཀུན་གྱི་གཞི་བཅས་ ནས། །མགོ་བོ་ལག་པ་ལུས་སྟོད་སྨད། །རྐང་པ་རྣམས་ལ་ཕུར་མཉེ་བྱ། །མགོ་ནི་བསྐོར་དང་མདུན་རྒྱབ་འཕངས། །གཅུ་ཞིང་སྤྲུག་པ་རྣམ་བཞིའོ། །དཔུང་བ་བསྐོར་དང་ཞགས་པ་འཕངས། ཁུ་ཚུར་འཕང་དང་སོར་ཚིགས་འཐེན། །བཞི་པོ་ལག་པའི་རྩ་ཁྲུས་ཡིན། །པུས་འཇུས་རོ་སྟོད་གཅུད་པ་དང༌། ཁུ་ཚུར་བརླར་བཞག་རོ་སྟོད་གཅུ། །དཔྱང་ཕྲག་རྡེབ་དང་ནུ་བརྡེག་བཞི། །ལྟོ་བ་བསྐོར་དང་བསྲུབས་ཤིང་སྲུབ། །སྟ་ཟུར་གཅུད་དང་ཁུ་ཚུར་བརྡུང༌། །སྨད་ཀྱི་བཞིའོ་ཕོ་བའི་གསུམ། །རྡོ་རྗེ་བསྡམས་དང་ལག་ངར་དང༌། །གྲུ་མོ་ཕོ་བར་བརྡེག་པར་བྱ། །རྐེད་པ་གཡས་གཡོན་མདུན་རྒྱབ་འཕུལ། །སོར་འཐེན་རྐང་འབྲས་ལངས་འདུག་གཉིས། །གླིང་བཞི་ནམ་མཁར་སྤྲུག་དང་འཕགས། །རྣམ་གྲངས་ཚུལ་གྱིས་སུམ་ཅུ་ཡོད། །ངོ་བོ་འཁྲུལ་འཁོར་གཅིག་ཡིན་


TNT04_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཡན་ལག་ལྔ་སྦྱོང་རྒྱས་པའོ། །རྩ་བའི་ལུས་སྦྱོང་ཉི་ཤུ་ནི། །དང་པོ་ལག་ཁྲུད་ལྟ་བུ་སྟེ། །གཉིས་པ་ལག་ལོག་བྲང་ལ་གཅེར། །གསུམ་པ་ཁུ་ཚུར་བརླ་སྟེང་ཉེད། །བཞི་པ་རྡོ་རྗེའི་སྐྱིལ་ཀྲུང་བརྡེབ། །ལྔ་པ་གཞུ་སྲན་འགེངས་པ་འདྲ། །དྲུག་པ་ཁུ་ཚུར་དཔྱང་ཕྲག་རྡེབ། །བདུན་པ་ལག་གཉིས་རྡོ་བཅོག་འདྲ། །བརྒྱད་པ་གྲུ་མོ་མགྲིན་བྲང་སྒྱེད། །དགུ་པ་དཀྱིལ་ཀྲུང་རི་འཕུལ་བྱ། །བཅུ་པ་ཁུ་ཚུར་རྒྱབ་བརྡུང་བྱ། །བཅུ་གཅིག་ལག་གཉིས་བརླ་ནང་འཁྱུད། །བཅུ་གཉིས་འགྲེང་སྟེ་ལན་གསུམ་གཉེད། །བཅུ་གསུམ་བརྣོལ་མནན་ལུས་བག་གཅུ། །བཅུ་བཞི་གྲུ་མོ་ཕན་ཚུན་གཡབ། །བཅོ་ལྔ་ཡན་ལག་བཞི་རྒྱོངས་བྱ། །བཅུ་དྲུག་གཡས་གཡོན་རྐང་པ་གཤུད། །བཅུ་བདུན་མདུན་དུ་འཕྲ་བར་ བྱ། །བཅོ་བརྒྱད་གཡས་གཡོན་རྐང་པ་གཅུ། །བཅུ་དགུ་གསང་བའི་རྩེ་ནས་འཐེན། །ཉི་ཤུ་ཕྱོགས་བཞིར་འཕྲ་བར་བྱ། །དེ་ནས་ཡན་ལག་གི་འཁྲུལ་འཁོར་ལ། གནས་སམ་དབང་པོ་སྦྱང་བ་ཉི་ཤུ་རྩ་བཞི་པ་ནི། ཨུ་རྒྱན་གོ་ད་ཝ་རི་གཉིས། །བསྐོར་ཞིང་མཉེད་པ་དང་པོ་ཡིན། །དེ་བི་ཀོ་ཊ་བསྐོར་


TNT04_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ཕྱོགས་བཞིར་འདྲེན་པ་གཉིས་པ་ཡིན། །ཀོ་ས་ལ་མཉེད་གསུམ་པའོ། །རཱ་སི་འདྲེན་པ་བཞི་པར་གྲགས། །བུ་ལིར་སྤྲུག་པ་ལྔ་པ་སྟེ། །གཅུ་ཞིང་བསྐོར་བ་དྲུག་པའོ། །འབར་འཛིན་བརྡེག་མཉེ་བདུན་ པའོ། །ལག་གཉིས་ཨརྦུ་མཉེ་བ་བརྒྱད། རསྨི་ཤྭ་ར་འཕུར་བ་དགུ། །མ་ལ་ཝ་བསྐོར་བཅུ་པའོ། །བཅུ་གཅིག་བཅུ་གཉིས་ཀཾ་རུ་དང༌། ཨོ་ཏྲེ་མཉེ་མནན་གཅུད་པ་ཡིན། །ཏྲེ་ཤ་ཀུ་ནེ་བསྐྱོད་བཅུ་གསུམ། །ཀ་ལིང་གཅུ་ཞིང་གཡལ་བཅུ་ བཞི། །ལམྦ་ཀ་གཅུད་བཅོ་ལྔ་ཡིན། །ཀཉྩི་གཅུད་བརྡེབ་བཅུ་དྲུག་པ། །ཧི་མ་བགྲད་ནས་གཅུད་བཅུ་བདུན། །གྲྀ་ཧ་བསྡམས་བརྡུང་བཅོ་བརྒྱད་པའོ། །སཽ་རཥྟ་མཉེད་བཅུ་དགུ་པ། དེ་བཞིན་གསེར་གླིང་སིནྡྷུ་མཉེད། །ཉི་ཤུ་པ་དང་ཉེར་གཅིག་པའོ། །ཀུ་ལུ་ཏ་ནས་ལག་གིས་བཟུང༌། །ལངས་འདུག་བྱས་ནས་རྒྱ་མཚོ་ བསྐྱོད། །སྟག་མོའི་སྐྱུག་སྟངས་བྱ་བ་ནི། །རྩ་གཉིས་པ་དང་རྩ་གསུམ་ པའོ། །རྒྱབ་བརྡུང་ལུས་པོ་ཐམས་ཅད་མཉེ། །ཉི་ཤུ་རྩ་བཞི་ཡིན་པར་བཤད། །ཡང་གནད་སྦྱོང་བཅུ་གཉིས་པའམ་བཅུ་བཞི་པ་ནི། སྐྱིལ་ཀྲུང་ལག་བཏེག་ལུས་གཅུ་དང་པོ་ཡིན། །ནང་དུ་ལག་བཅུག་བྱ་རྐང་འཇུགས་བརྡེབ་ གཉིས། །འདུག་པའི་འཁྲུལ་འཁོར་རོ། །རྐང་མཐེབ་བྱིན་བཟུང་ལངས་བརྡེབ་གསུམ་པ་ཡིན། །རྟིང་འཕྲབ་དཔྱང་ཕྲག་ཁུ་ཚུར་བརྐྱང་པ་བཞི། །ལག་པའི་འཁྲུལ་འཁོར་རོ། །ལོགས་ལ་རྐང་བརྡེབ་ལག་བརྐྱང་ལྔ་པའོ། །ཉལ་བའི་འཁྲུལ་འཁོར་རོ། །དེ་དག་རེ་རེའང་རླུང་ནི་ཁ་སྦྱོར་དང༌། །ཧཱ་རིང་འདོན་དང་ཧ་ཐུང་འདོན་པ་སྟེ། །རླུང་གནད་གསུམ་གྱིས་དབྱེ་བ་གསུམ་


TNT04_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། །སྐྱིལ་ཀྲུང་མཐེ་བོང་རྒྱབ་འཐེན་དྲུག་པ་སྟེ། །རྐང་གཉིས་ལྟག་བསྣོལ་སྒལ་ཚིགས་འབེབས་ལངས་བདུན། །ཕོ་བསྐོར་གྲུ་མོར་ལུས་འགེལ་བརྒྱད་པ་ཡིན། །སྒལ་ཚིགས་སར་བཙུགས་ཞགས་པ་འཕང་བ་དགུ། །མཁལ་འདེགས་གཡས་གཡོན་གཅུ་བ་བཅུ་པ་ཡིན། །སྐ་རགས་བཅིང་ཞིང་བསྐོར་སྲུབ་བཅུ་གཅིག་སྟེ། །མཉམ་འཁྱུད་གཅུ་ཞིང་བརྐྱང་བསྐུམ་བཅུ་གཉིས་པའོ། །དེ་སྟེང་གླིང་བཞི་འབེབས་དང་གླིང་བཞི་ གཅུད། །བསྣན་པས་ལུས་སྦྱོང་བཅུ་བཞིར་འགྱུར་བ་ཡིན། །སྒུར་ཏེ་པུས་འཇུས་སྟན་ལ་འཕོང་བརྡེབ་དང༌། །ཙོག་པུ་རྐང་ལག་མཐིལ་སྤྲད་གནོན་ཞིང་ འཐེན། །འདི་རྣམས་བརྒྱུད་པ་སོ་སོའི་གདམས་ངག་ནི། །ཐ་དད་ལས་བྱུང་གཅིག་ཏུ་བསྡུས་པ་དང༌། ཁ་ཅིག་རྒྱུད་ལས་གསལ་བར་གསུངས་པའང་ཡིན། །དེ་དག་ནི་སྲོག་རྩོལ་དང་འཛིན་པའི་སྐབས་སུ་གེགས་སེལ་དང༌། བོགས་འདོན་དང༌། རྡོ་རྗེའི་ལུས་དག་པར་བྱེད་པ་ལ་ཉེ་བར་མཁོ་བ་རྣམས་སོ། །ན་མོ་གུ་རུ། ཐོག་མར་འཆུན་བཅས་སྦྱོར་བ་དྲུག་ལྡན་བཅའ་བར་ བྱ། །བཞི་བཙུགས་ཧག་ཅེས་བརྗོད་པ་སྟག་མོའི་སྐྱུག་སྟངས་ཡིན། །དེ་དང་འདྲ་ལ་ཧིང་ཞེས་གཅུ་བ་གླང་པོའི་འགྱིང༌། པུས་བཙུགས་སྟོང་འཐེན་ཧཱུཾ་ཞེས་ཝ་ཡ་བསྣོམ་དུ་བཤད། །སྒྲིལ་དང་སྣ་སྡེམས་སེང་གེ་རྣམ་རོལ་སྤྱི་དང་འདྲ། །གཡས་གཡོན་དཔུང་བཅག་སྤྲུགས་པ་གཡང་མོའི་ཁོང་སྤྲུགས་ཏེ། །ཧིག་འདྲེན་ལངས་དང་ཙོག་པུ་ཡི་དྭགས་པྲེ་ཏ་ཀ། ཁུ་ཚུར་བརླར་བཞག་དགང་འཐེན་སྤྲུགས་པ་འདྲེན་ཆུང་ཟེར། །གྱེན་བཟློག་ཨི་ཞེས་ཁོང་འདྲེན་ཧ་


TNT04_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བར་མ་ཡིན། །ཧུཾ་འདྲེན་དྲག་པོ་རྐང་གཤོག་འཐེན་པ་འདྲེན་ཆེན་ཏེ། །ལངས་མནན་བརྐྱང་བསྐུམ་འཕར་ཞིང་བརྡུང་བ་འཕར་གཡོར་གྲགས། །གྱེན་བཟློག་བཞི་སྤྲུགས་གཡས་གཡོན་འཐེན་རེས་ཕུར་འདོན་ནོ། །ཕྱི་གན་པུས་བྲང་རེ་མོས་བརྐྱང་བསྐུམ་རབ་བརྐྱང་སྟེ། །ཕོ་བ་བཙུགས་ནས་གླིང་བཞི་བརྐྱང་བསྐུམ་སེང་གེའི་རྩལ། །རྐང་དཔུང་བསྣོལ་མར་འཇུས་ནས་གཅུད་པར་གཅུད་འཐེན་ཡིན། །ཐལ་སྦྱར་མགོ་མགྲིན་སྟོད་སྨད་གཅུད་པ་གསུམ་འགྲེམས་སོ། །རྐང་བཙུགས་ཁུ་ཚུར་དཔུང་སྦྱར་མགོ་བརྡུང་སེང་གེའི་འགྱེང༌། སྐྱིལ་ཀྲུང་པུས་འཁྱུད་དཔུང་འཐེན་གནོན་པ་རྨ་བྱའི་འགྱུར། །ལངས་དང་འདུག་ནས་དགང་གཏོད་འདྲེན་པ་སྦགས་འདྲེན་ ཏེ། །རླུང་གཉིས་དབྱེ་བསྡུད་ལངས་དང་འདུག་ཚུལ་ཡོངས་འཛིན་ཡིན། །དེ་ལྟར་ན་ཉི་ཤུ་པོ་དེ་རྣམས་རྗེས་དྲན་གྱི་ཡན་ལག་ཏུ་དགོས་པའི་འཁྲུལ་འཁོར་རྣམས་ སོ། །ཤིན་ཏུ་ཟབ་ཅིང་ངོ་མཚར་བ། །ཡན་ལག་དྲུག་པའི་གདམས་ངག་ལས། ལུས་སྦྱོང་རྣམ་པ་སྣ་ཚོགས་དག །བརྒྱུད་པ་ཐ་དད་ལས་བྱུང་བ། །མང་པོ་རྣམས་ལས་ཉེར་མཁོ་ནི། །ཟབ་བསྡུས་བྱས་པ་འདི་ཙམ་ཡིན། །རྣལ་འབྱོར་དབང་ཕྱུག་བི་རུ་པའི། གདམས་ངག་འཆི་མེད་གྲུབ་པ་ཡང༌། །དུས་ཀྱི་འཁོར་ལོའི་རྒྱུ་རྒྱལ་ལ། །བརྟེན་ནས་མཛད་པ་ཡིན་ཞེས་གསུངས། །གཞན་ཡང་འདི་དང་མཐུན་པ་ཡི། །གདམས་ངག་རྣམ་པ་མང་པོ་མཐོང༌། །འདི་བྲིས་པ་ཡི་དགེ་བས་ཀྱང༌། །མཁའ་མཉམ་སེམས་ཅན་མ་ལུས་པ། །འགྱུར་བ་མེད་པའི་གནས་ཐོབ་ནས། །འཕྲིན་ལས་རྒྱུན་མི་ཆད་པར་ཤོག། །།སྦྱོར་བ་ཡན་ལག་དྲུག་པའི་མན་ངག་རྙིང་པོའི་འཁྲུལ་འཁོར་གྱི་སྡོམ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།


previousསྦྱོར་བ་ཡན་ལག་དྲུག་པའི་མན་ངག་སྙིང་པོའི་འཁྲུལ་འཁོར་གྱི་སྡོམས།next