Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ལུས་སྦྱོང་འཁྲུལ་འཁོར་གྱི་མན་ངག་གསལ་བྱེད།


 
previousཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ལུས་སྦྱོང་འཁྲུལ་འཁོར་གྱི་མན་ངག་གསལ་བྱེད། no next

ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ལུས་སྦྱོང་འཁྲུལ་འཁོར་གྱི་མན་ངག་གསལ་བྱེད།


TNT04_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ལུས་སྦྱོང་འཁྲུལ་འཁོར་གྱི་མན་ངག་གསལ་བྱེད་བཞུགས།


TNT04_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་སྐབས་སུ་ཉེ་བར་མཁོ་བའི་ལུས་སྦྱོང་འཁྲུལ་འཁོར་རྣམས་ཀྱི་སྡོམ་ཚིག་སྔར་སྦྱར་བ་དེའི་དོན་ཅུང་ཟད་དགྲོལ་བར་བྱ་སྟེ། དང་པོར་རླུང་བུམ་ཅན་ཁ་རེ་བཟུང༌། སེམས་དཔའི་སྐྱིལ་ཀྲུང་བཅའ། ལག་གཉིས་མཉམ་བཞག་གམ་པུས་མོའི་སྟེང་དུ་བཞག་པ་དང༌། དེ་ལས་ཡར་དྲངས་ཏེ་དཔྱང་ཕྲག་གམ། ཁུ་ཚུར་འདོམ་འཇལ་བསྐོར་བ་སོགས་ནི་འཁྲུལ་འཁོར་ཀུན་གྱི་གཞི་བཅའོ། །དང་པོར་རྩ་ཁྲུས་ཆེན་མོའམ། རྩ་སྦྱོང་ཆེན་མོ་ནི། ཁུ་ཚུར་[བཅངས་པ་]དཔྱངས་ཕྲག་བརྡབ་ཅིང༌། མགོ་བོ་འཕུར་མཉེ། ལག་པ་འཕུར་མཉེ། རོ་སྟོད་འཕུར་མཉེ། རོ་སྨད་འཕུར་མཉེ། རྐང་བ་གཡས་གཡོན་རིམ་པས་བརྐྱང་བ་ལ་ལག་པ་


TNT04_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ཕུར་མཉེ་དང༌། རྐང་མགོ་ནས་འཇུས་ཏེ་འཐེན་བསྐུམ་བྱའོ། །དེ་ལྟར་ན་འཕུར་མཉེ་ལྔའོ། །[སེམས་སྐྱིལ་]དེ་ནས་ལག་པ་ཁུ་ཚུར་བརླ་བཞག་བྱས། མགོ་བོ་གཡས་སུ་ལན་གསུམ་དང༌། གཡོན་དུ་ལན་གསུམ་བསྐོར། མདུན་རྒྱབ་ཏུ་ལན་གསུམ་དང༌། གཡས་གཡོན་དུ་ལན་གསུམ་གསུམ་འཕང༌། གདོང་གཡས་གཡོན་ཏུ་ལན་གསུམ་གཅུ། ཁ་གདངས་ལྕེ་བརྐྱངས། ཉྭ་བཞི་ལྷོད་ཀྱིས་ཀློད་ནས་མགོ་ལན་གསུམ་སྤྲུགས། དེ་ལྟར་ན་བསྐོར་འཕང་གཅུ་སྤྲུག་སྟེ་མགོ་བོའི་འཁྲུལ་འཁོར་བཞིའོ། ཁུ་ཚུར་བརླ་དང་དཔྱིའི་མཚམས་སུ་བཞག གྲུ་མོ་འབུར་གྱྀས་བྱས་ནས། དཔུང་པ་གཡས་ནང་དུ་ལན་གསུམ། ཕྱི་རུ་ལན་གསུམ་བསྐོར། དེ་བཞིན་དུ་གཡོན་ཀྱང་བསྐོར། དེ་ནས་གཉིས་ཀ་དུས་གཅིག་ཏུ་མདུན་རྒྱབ་གཉིས་ལ་ལན་གསུམ་གསུམ་བསྐོར། ལག་པ་གཡས་[པ་ཁུ་ཚུར་མདུན་ནས་]མགོ་ལ་[གཡས་]


TNT04_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཏེ་གཡས་ཕྱོགས་སུ་སོར་མོ་བརྒྱངས་ཀྱིས་བཏང་སྟེ་སྤྲུགས[༣]དེ་བཞིན་དུ་གཡོན་[བསྐོར་]ལའང་སྦྱར་བ་ནི། ཞགས་པ་འཕེན་པ་དང༌། [༣]དཔུང་བའི་ཐད་ཀར་ཁུ་ཚུར་[ཁ་ཕྱིར་བསྟན་]བཅས། ཕར་བརྒྱངས་ཏེ་འཕང་དུས་ཁུ་ཚུར་སྟེང་ཕྱོགས་སུ་ཁ་བསྟན་ཏེ་གཅུ་བ་ནི། ཁུ་ཚུར་འཕང་བ་དང༌། [༣]སྙིང་གའི་མདུན་དུ་ཐལ་མོ་བརྡབས་ཏེ། དེ་རྗེས་གཡོན་པའི་མཐེ་བོང་གི་ཚིགས་གསུམ་ལ་གཡས་པའི་མཐེབ་མཛུབ་ཀྱིས་བཟུང་ནས་རྩ་བའི་ཚིགས་ནས་རིམ་པས་འཐེན། སོར་རྩེ་ནས་ཤོར་ཚུལ་གྱིས་ལྷོན་སྣེར་བརྡེགདེ་བཞྀན་དུ་སོར་མོ་གཞན་ལའང་རིགས་འགྲེ། དེ་ཉིད་གོ་བཟློག་སྟེ་གཡས་ཀྱི་སོར་ཚིགས་དག་ཀྱང་འཐེན། དེ་ལྟར་ན་དཔུང་པ་བསྐོར། ཞགས་པ་འཕེན། ཁུ་ཚུར་འཕང༌། སོར་ཚིགས་འཐེན་པ་སྟེ། ལག་པའི་འཁྲུལ་འཁོར་བཞིའོ། །ལག་གཉིས་རྡོ་རྗེ་བསྡམས་པ་པུས་མོ་གཡས་ལ་འཇུས་ཏེ། རོ་སྟོད་གཡས་[བསྐོར་༣]གཡོན་[བསྐོར་༣]དུ་གཅུད། དེ་བཞིན་དུ་གཡོན་ལའང་སྦྱར། ཁུ་ཚུར་བརླར་བཞག ལག་ངར་བསྲང་སྟེ། རོ་སྟོད་གཡས་གཡོན་དུ་གཅུ་བ་དང༌། ཁུ་ཚུར་པུས་མོ་ནས་ཡར་བཞར་ཏེ། ནུ་སྟེང་དུ་སླེབ་པ་དང༌། དཔྱངས་ཕྲག་བརྡེབ་པ་མཉམ་པོར་བྱེད་པ་ལན་གསུམ། ཡང་ཁུ་ཚུར་བརྐྱང་ལ་སླར་ནུ་སྟེང་དུ་ཁུ་ཚུར་དང༌། ལག་ངར་རྩིབ་ལོགས་ལ་བརྡེག་པ་ལན་གསུམ། དེ་ལྟར་ན་གཅུད་པ། གཅུ་བ། བརྡེབ་པ། བརྡེག་པ་སྟེ། རོ་སྟོད་ཀྱི་འཁྲུལ་འཁོར་བཞིའོ། །ལག་པ་


TNT04_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པུས་མོ་ལ་བཞགསྒལ་ཚིགས་བསྲངས་པའི་ངང་ནས་ཅུང་ཟད་སྒུར་ཏེ། ལྟོ་བ་གཡས་གཡོན་དུ་ལན་གསུམ་གསུམ་བསྐོར། ཡང་སྐྱིལ་ཀྲུང་སྟེང་ནས་ཁུ་ཚུར་གཡོན་པས་པུས་མོ་གཡོན་པ་མནན། ཁུ་ཚུར་གཡས་པས་པུས་མོ་གཡས་པའི་སྟེང་ནས་ཚུར་མཐོ་གང་ཙམ་བརླ་སྟེང་དུ་འཐེན་པ་དང༌། རོ་སྨད་གཡས་སུ་དྲག་ཏུ་གཅུད། ཞོར་ལ་དཔུང་པའང་གཡས་སུ་འཐེན། སླར་ཡང་འཆུན་བཙལ་ཏེ། ཁུ་ཚུར་པུས་མོའི་སྟེང་དུ་སྐྱེལ་བ་ལན་གསུམ། གཡོན་ལའང་དེ་བཞིན་དུ་སྦྱར་ཏེ་སྲུབ་པ་ཡིན་ཏེ། འདི་ལ་ལག་ངར་གཉིས་མ་གུག་པ་གནད་དུ་ཆེའོ། ཁུ་ཚུར་གཉིས་བརླའི་རྩ་བ་དང་ཉེ་བའི་ཕྱི་རོལ་ས་ལ་བཙུགས། འཕོང་སྟན་དང་མ་བྲལ་ཞིང་པུས་མོ་གཉིས་པོ་རེ་མོས་ཀྱིས་བཏེག་ནས་སྟ་ཟུར་གཅུད་པ་ལན་གསུམ། [༦]དེ་ནས་ཁུ་ཚུར་འདོམ་འཇལ་གྱི་མཐར་གཡས་[ཀྱིས་]རྒྱུ་ཞབས་སུ་ལན་གསུམ་བརྡེག་ཅིང༌། གཡོན་པས་དྲུག་མདོར་ལན་གསུམ་བརྡེགཡང་དེ་ཉིད་གོ་བཟློག་གོ །དེ་ལྟར་བསྐོར་སྲུབ་གཅུད་བརྡུང་བ་སྟེ་སྨད་ཀྱི་འཁྲུལ་འཁོར་བཞིའོ། །ལག་པ་རྡོ་རྗེ་བརྡམས་པ་མགོ་བོའི་སྟེང་གི་ནམ་མཁའ་ཕྱར་ནས་ཕྱག་རྒྱ་[ཁ་ཕྱིར་བསྟན་]བརྐྱང་བ་ཕོ་བར་ལན་གསུམ་བརྡེག དེ་བཞིན་ཏུ་གྲུ་མོ་ཕན་ཚུན་ལ་ལག་པ་གཡས་གཡོན་འཇུས་ཏེ་ལག་ངར་གཉིས་སྐྲ་མཚམས་སུ་ཕྱར་ཏེ་ཕོ་བར་ལན་གསུམ་བརྡེག དེ་བཞིན་དུ་དཔུང་པ་གཉིས་ལ་ལག་པ་གཉིས་བསྣོལ་མར་འཇུས་ཏེ། གྲུ་མོ་གཉིས་བརྩེགས། རོ་སྟོད་ཅུང་ཟད་སྒུར། གྲུ་མོ་མིག་གི་ཐད་ཙམ་དུ་བཏེགས་ཏེ། ཕོ་བར་ལན་གསུམ་


TNT04_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

བརྡེག འདི་དག་ཐམས་ཅད་ལ་ཕོ་བ་[གཡས་གཡོན་དུ་]བསྐོར་ཞིང་མདུན་ཏུ་འཕུལ་ཐེངས་རེའི་སྟེང་དུ་ཕྱི་ནས་བརྡེག་པ་རེ་ཡོང་བ་རེ་བྱེད། དེ་ལྟར་ན་རྡོར་བརྡམས་དང༌། ལག་ངར་དང༌། གྲུ་མོ་བརྡེག་པའི་དབྱེ་བས་ཕོ་བའི་འཁྲུལ་འཁོར་གསུམ་མོ། །[ཁུ་ཚུར་བརླ་བཞག་]སྐེད་པ་གཡས་གཡོན་དུ་འཁྱོག་གིས་བྱས་ནས། ཕྱོགས་གཅིག་རྩིབ་ལོགས་དང་སྟ་ཟུར་འབྱར་བ་ཙམ་དང༌། ཕྱོགས་གཅིག་ཤོས་སྒང་གིས་ཡོང་བ་བྱས། རླུང་ཁ་སྦྱོར་ཡང་དེ་ཕྱོགས་སུ་འཕུལ་ཏེ། གཡས་གཡོན་དུ་གསུམ་གསུམ། དེ་བཞིན་དུ་སྐྱེད་སྒུར་གྱྀས་དབྱེ་བས་མདུན་རྒྱབ་ཏུ་ལན་གསུམ་གསུམ་སྟེ། རྐེད་པའི་འཁྲུལ་འཁོར་གཅིག་གོ །ལག་པ་སར་བཙུགས་རྐང་པ་གཉིས་མདུན་ཏུ་ཤད་ཀྱིས་བརྐྱངས། འཕོང་ཅུང་ཟད་བརྡེབ། ལག་པ་ཁུ་ཚུར་འདོམ་འཇལ་གྱི་ངང་ནས། རྐང་སོར་རྣམས་ནས་རིམ་གྱིས་འཐེན། སོར་མོ་འཐེན་པའི་སྐབས་རྟིང་པ་ཕྱིར་ཕུལ། སོར་མོ་རེ་རེ་བཞིན་རྩེ་ནས་ཤོར་ཐབས་སུ་སོང་བའི་ཚེ། རྐང་སོར་བསྐུམས་ཤིང་རྐང་གཤོག་ཐུར་དུ་དགུག ལྕོགས་ན་གཡས་གཡོན་མཉམ་དུ་འཐེན། མི་ལྕོགས་ན་[ལག་གཉིས་བཞག་རིས་ཀྱི་]ཐུན་རེ་མོས་ལ་གཡས་གཡོན་རེ་མོས་ཀྱིས་སྔ་ཕྱི་ཡོད་པ་བྱ། དེ་ནས་ལག་པ་ཁུ་ཚུར་འཕོང་གི་གཡས་གཡོན་དུ་བཙུགས་ནས་ལུས་བཏེག་པ་དང༌། རྐང་པ་བསྐུམ་པ་མཉམ་པོར་ཡོང་བ་བྱས་ཏེ་[འཕོང་]བརྡེབ། [ལག་གཉིས་སྐྱེད་གཟེར་]དེ་མ་ཐག་ལངས་ཏེ་རླུང་འཁྲབ་[༣]བྱ། རྐང་པ་བརྐྱང་བསྐུམ་གྱིས་[མདུན་དུ་]འཕྲ་ཚུལ་[༣༣]བྱ།


TNT04_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྒུར་ཏེ། ལག་པ་གཉིས་ཁུ་ཚུར་མདུན་དུ་བཙུགས། ཁ་སྦུབ་ཏུ་ལངས་ཏེ། རྐང་པ་གཉིས་རེ་མོས་ཀྱིས་འཕྲ[༣༣]འོ། །རྐང་བ་འཕྲ་ཚུལ་ཐམས་ཅད་ལ་བརྐྱང་བའི་སྐབས་རྟིང་པ་དྲག་ཏུ་བརྒྱངས། རྐང་[མ་བསྐུམ་པའི་སྐབས་]སོར་[མོ་]བསྐུམ་དགོས། དེ་ལྟར་ན། སོར་འཐེན་དང༌། རྐང་འཕྲ་ལངས་འདུག་སྟེ། རྐང་པའི་འཁྲུལ་འཁོར་གསུམ་མོ། །[སེམས་སྐྱིལ་འབེབ་བྱའོ]དེ་ནས་སྒལ་ཚིགས་ས་ལ་བཙུགས་ཏེ། ཡན་ལག་བཞི་མཉམ་དུ་བརྐྱང་བསྐུམ་ལན་གསུམ་བྱེད་པ་དང༌། [གཅིག་ཡང་]རྒྱབ་འཕར་ལན་གསུམ་སྟེ། སུག་བཞྀའི་འཁྲུལ་འཁོར་གཉིས་སོ།། དེ་ལྟར་ན་ལྔ་ཚན་གཅིག བཞི་ཚན་གཉིས། གསུམ་ཚན་གཉིས། གཉིས་ཚན་གཅིག གཅིག་པུ་གཅིག་སྟེ་རྣམ་གྲངས་སུམ་བཅུ་ཡིན་ལ། ལུས་ཐམས་ཅད་ཀྱི་རྩ་ཁྲུས་ཞེས་བྱ་བ་ངོ་བོ་འཁྲུལ་འཁོར་གཅིག་སྟེ། ཡན་ལག་ལྔ་སྦྱོང་རྒྱས་པའོ། །སྲོག་རྩོལ་གྱི་སྐབས་སུ་ལུས་སྦྱོང་གཞན་མ་ལྕོགས་ན། འདི་ཙམ་གྱིས་ཀྱང་ཆོག་སྟེ། འཁྲུལ་འཁོར་འདི་ནི་འབྲོ་ལུགས་ཀྱི་བླ་མ་གོང་མ་རྣམས་ཀྱི་གདམས་པའོ། །༈ རྩ་བའི་ལུས་སྦྱོང་ཉི་ཤུ་པ་ནི། དང་པོ་བཅའ་གཞིའི་ངང་ནས། ལག་པ་ཐལ་མོ་དང་བཅས་པ་མདུན་དུ་ཤད་ཀྱིས་བརྐྱངས། ཐལ་མོ་མ་རེག་ཙམ་གཅུད། [སྟེང་འོག་གཡས་གཡོན་]དེ་ནས་རྡོ་རྗེ་བསྡམས་པས་མཉེ་ཞིང་ཡང་གཅུའོ། །གཉིས་པ་ནི། དེ་དང་འདྲ་བར་བཅའ་གཞིའི་ངང་ནས་ལག་པ་བརྐྱངས། ཐལ་མོ་བརྡབས་ཏེ་རྡོ་རྗེ་བསྡམས་པ་བྱ།


TNT04_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕྱིར་བསྟན་ཏེ་བརྐྱང་ལ་ལག་པ་[གཡས་གཡོན་ལན་གསུམ་བསྐོར་ཏེ་]གཅུད། དེ་མ་ཐག་[འདི་མན་འཆད་]ཁ་ནང་དུ་བསྟན་བྲང་ལ་གཅེར་ཞིང་ལག་ངར་གྱིས་རྩིབ་ལོགས་བསྡམས་པ་ལན་གསུམ་མོ། །གསུམ་པ་ནི། ཁུ་ཚུར་འདོམ་འཇལ་ཚུར་བསྡུས་ནས་བརླ་གཡས་པའི་སྟེང་དུ་ཁུ་ཚུར་གཡོན་གྱི་སྟེང་དུ་གཡས་པ་བཞག ལག་ངར་མ་གུག་པའི་ངང་ནས་མཐོ་གང་ཙམ་གྱི་རྒྱ་ལ་གཡས་གཡོན་དུ་ལན་གསུམ་གསུམ་བསྐོར། ཁུ་ཚུར་གཡས་གཡོན་སྤོས་ནས་ཀྱང་དེ་ལྟར་བྱ། དེ་བཞིན་དུ་[གོ་བཟློག་ནས་]གཡོན་ལའང་བྱ། བཞི་པ་ནི། རྡོ་རྗེ་སྐྱིལ་ཀྲུང་ཁུ་ཚུར་བརླ་བཞག་འཆུན་དང་བཅས་པ་ བྱ། དེ་འཕྲལ་ཁུ་ཚུར་དཔྱི་མགོའི་ཐད་ཀྱི་ས་ལ་བཙུགས་ནས། འཕོང་དང་ སྐྱིལ་ཀྲུང་བཏེག་ཅིང༌། སྐྱིལ་ཀྲུང་གི་མདུན་གྱེན་དུ་ཕྱོགས་པར་འཆུན་བཙལ་ནས། འཕོང་དང་སྐྱིལ་ཀྲུང་མཉམ་འབེབས་སུ་ས་ལ་བརྟེན་པ་ལན་གསུམ། ལྔ་པ་ནི། བཅའ་གཞིའི་ངང་ནས། ལག་པ་མདུན་དུ་བརྐྱང་ཞིང་ཐལ་མོ་བརྡབ། དེ་ནས་གཞུ་འགེངས་ཀྱི་ཚུལ་གཡས་གཡོན་ཏུ་སྤེལ་[༦]མར་བྱེད་ཅིང་ལུས་གཅུད་པའོ། །དྲུག་པ་ནི། རྡོ་རྗེ་ཁུ་ཚུར་པུས་མོའི་སྟེང་ནས་ཡར་བཞར་ཏེ་བཞག་[བརླ་ཤ་]ཤ་དྲག་ཏུ་བརྡབ། [དཔྱངས་ཕྲག་]ལག་པ་ཐད་ཀར་ཤུགས་བསྐྱེད་དེ་བརྐྱངས། ལག་མཐིལ་པུས་མོ་ལ་བརྡབ་པ་ལན་གསུམ། བདུན་པ་ནི། པུས་མོ་བཙུགས་ལ། ལག་པ་གཡས་སོར་མོ་བརྐྱང་བ་པུས་མོ་ནས་ཕྲག་པའི་བར་དུ་ཡར་འཐེན། རྣ་བའི་རྒྱབ་ནས་བསྐོར། འགྲམ་པ་གཡས་པའི་ཐད་ཙམ་ནས་ཤུགས་བསྐྱེད་


TNT04_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

དེ་པུས་མོའི་ཐད་ཀར་འཕངས། [༣]འདི་སྐབས་རྐང་པའང་གཡས་པས་གཡོན་པ་གནོན་གྱིན་འདུག དེ་བཞིན་དུ་གཡོན་ལའང་སྦྱར[པུས་མགོར་ལངས་]། [འདི་མན་ཆད་]ལག་པ་གཡས་གཡོན་གཉིས་ཀར་དུས་གཅིག་ཏུ་གོང་བཞིན་འཐེན་ལ། ཕྲག་པ་ནས་བརྒྱུད། སྤྱི་བོའི་ཐད་དུ་རྡོར་བསྡམས་བརྐྱང་ལ་ཐུབ་ཚད་དུ་ཕྱར་ཏེ། གསང་བའི་མདུན་དུ་བརྡེག་པ་ལན་གསུམ། བརྒྱད་པ་ནི། རྡོ་རྗེ་ཁུ་ཚུར་ཀྱི་མཛུབ་ནུ་མའི་སྟེང་དུ་བཞག བར་ལྷུ་ཐད་ཀར་བརྒྱངས། གཡས་གཡོན་དབུས་གསུམ་དུ་གཅུད་པའི་ཚུལ་གྱིས་བྲང་དང༌། མགྲིན་པ་དང༌། གྲུ་མོ་རྣམས་བསྐྱེད་དོ། །དགུ་པ་ནི། བཅའ་གཞིའི་སྟེང་ནས། སྙིང་གར་རྡོ་རྗེ་ཁུ་ཚུར་མཛུབ་སྤྲད་དེ། མདུན་དུ་བཞར་ནས། ལུས་ཁ་བུབ་བྱ་ཞིང༌། ས་གཞི་ལ་ཁུ་ཚུར་སླེབ་ཚད་དུ་ཕུལ། ཡང་ཚུར་དྲངས་ལ་ལུས་བསྲང་སྟེ། སྙིང་ཁར་སླེབ་པ་ན། སྐྱིལ་ཀྲུང་ས་གཞི་དང་མ་བྲལ་བའི་ངང་ནས་ལུས་གན་རྐྱལ་དུ་བྱེད་པ་དང༌། ཁུ་ཚུར་ཡང་སྤྱི་གཙུག་གི་ཐད་ནས་ཕར་ས་ལ་གང་སླེབ་ཏུ་བརྐྱངས། དེ་ནས་སྐྱིལ་ཀྲུང་བཏེག་ཅིང་བསྡམས་ནས་ཙོག་དེར་[པུས་མགོར་]ལངས་ཏེ། དེ་ལྟར་གཡས་གཡོན་[ཁུ་ཚུར་བརྐྱང་བ་]དབུས་[ཡར་]གསུམ་དུ་བྱའོ། །བཅུ་པ་ནི། བཅའ་གཞྀའི་ངང་ནས་ལག་པ་ཁུ་ཚུར་བཅངས་ཏེ། གཡས་གཡོན་ཏུ་དྲག་ཏུ་བརྐྱངས། འཆུན་དང་བཅས་ཏེ་རེ་མོས་སུ་སྐེད་པའི་རྒྱབ་ནས་བརྡུང་བའོ[༦]། །འདི་ལངས་པའི་ངང་ནས་བྱེད་པའི་ལུགས་ཡོད་ཀྱང་སྐབས་འདིར་སྐྱིལ་ཀྲུང་གི་


TNT04_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་བྱ་སྟེ། བཅུ་ཚན་དང་པོ་ས་ལ་བསྡད་པའི་འཁྲུལ་འཁོར་རོ། །འདི་མན་ཆད་[བཅུ་པོ་]ཐམས་ཅད་ལ་རེ་རེའི་མགོར་ལངས་ཏེ་རླུང་འཁྲབ་[༣]རེ་བྱ་ཞིང༌། རེ་རེའི་གཞུག་ཏུ་རླུང་བསྒྱུར་[ལག་གཉིས་འབོལ་སྟེག་ལ་བཙུག རྐང་མགོ་གཉིས་སར་བཙུག་ནས་ལུས་བསྲེང་སྟེ། ལྟོ་བ་གཡས་བསྐོར་གཅིག གཡོན་བསྐོར་གཅིག སྟེང་འོག་གི་ཚུལ་དུ་ལན་གཅིག བསྒྱུར་བའོ་གསུངས་]རེ་ཡང་བྱའོ། །དེ་ལ་བཅུ་གཅིག་པ་ནི། ལངས་མ་ཐག་ལག་པ་གཡོན་རྒྱབ་དང༌། གཡས་མདུན་ནས་བཏང་སྟེ། བརླ་གཡས་པའི་རྩ་བ་ནས་འཁྱུད་དེ། རྐང་པ་གཡོན་པ་ས་ལ་བཙུགས་པ་འཁྲབ་ཅིང༌། གཡས་གཡོན་ཏུ་ལན་རེ་རེ་བསྐོར། སླར་ཡང་དེ་ཉིད་གཡོན་དུ་གོ་བཟློག་པའང་བྱ། ལག་པ་ཐུང་བས་མ་ཐུབ་ན། ལག་པ་གཡོན་པ་མདུན་ནས་བརླ་གཡས་[གཡོན་པ་ནང་གི་]པའི་ཕྱིའི་ཕྱོགས་དང༌། གཡོན་གྱི་སྐབས་སུ་ལག་པ་གཡོན་པ་བརླ་གཡོན་པའི་ཕྱི་ཕྱོགས་ནས་འཁྱུད་པས་ཆོག་གོ །བཅུ་གཉིས་པ་ནི། ཁུ་ཚུར་དཔྱི་མགོའི་སྟེང་ནས་ཕྲག་པའི་བར་དུ་བཞར་ཞིང༌། དེ་ནས་ལག་པ་སྟེང་དུ་ཐུབ་ཚད་དུ་བརྐྱངས་ནས། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་བཅས་ཏེ། གཡས་[བསྐོར་༣]གཡོན་[བསྐོར་༣]དབུས་[ཡར་ཕུལ་]གསུམ་དུ་གཅུད་པའོ། །བཅུ་གསུམ་པ་ནི། རྟིང་པ་གཡས་པས་རྐང་གཤོག་གཡོན་པ་མནན། ལག་མཐིལ་གཡོན་པ་གྱེན་དུ་བསྟན་པའི་སྟེང་དུ་གཡས་པའང་གྱེན་དུ་བསྟན་པ་སྦྱར། གྲུ་མོའང་དེ་བཞིན་དུ་བརྩེགས། ལག་མཐིལ་གྱི་སྟེང་དུ་གདོང་ཕྱོགས་པར་བྱས་ནས། སྐེད་པ་དང༌། སྟོད་སྒུར་ཏེ་འཆུན་


TNT04_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ་གཡོན་ཕྱོགས་སུ་ཅུང་ཟད་གཅུའོ། །དེ་བཞིན་དུ་ [གོ་བཟློག་སྟེ་]གཡས་ལའང་སྦྱར། བཅུ་བཞི་པ་ནི། ཁུ་ཚུར་ནུ་སྟེང་དུ་བཞག གྲུ་མོ་ཐད་ཀར་བསྲང༌། གྲུ་མོའི་རྩེ་མོ་གཡས་དང་གཡོན་དང་གཉིས་ཀའི་རིམ་པས། མདུན་དང་རྒྱབ་ཏུ་ལན་གསུམ་གསུམ་གཡབ། དེའི་ཚེ་ཕྲག་པ་གཅུད་ཅིང་དཔུང་པ་ནས་འཁྲུལ་འདོན་པར་བྱའོ། །བཅོ་ལྔ་པ་ནི། ལག་པ་ཁུ་ཚུར་སྙིང་གར་བསྣོལ། འཕར་ཞིང་རྐང་པ་བགྲད། ལག་པ་སྟ་ཟུར་དུ་[སོར་མོ་]བགྲད་ཅིང་བརྐྱངས། [ལག་པ་ཁུ་ཚུར་སྙིང་ག་ནས་ལན་གསུམ་མཐར་]དེ་ཉིད་གཡས་གཡོན་དབུས་[ཡར་]གསུམ་དུ་འཆུན་བཙལ་བས་ཤུགས་བསྐྱེད་དེ་གཅུད། བཅུ་དྲུག་པ་ནི། [ཁུ་ཚུར་སྙིང་ཁར་བསྣོལ་]རྐང་པ་གཡོན་པའི་མཐིལ་གྱིས་གཡས་ཀྱི་བརླའི་རྩེ་མོ་ནས་བརྩམས་ཏེ། བོལ་ཚིགས་ཀྱི་བར་དུ་རྐང་ངར་ལན་གསུམ་བཤུད། དེ་བཞིན་དུ་གཡོན་ལའང་བྱ། འདི་ལ་རྐང་གཤོག་ནས་ལག་པ་གཉིས་ཀྱིས་འཐེན་ཞིང༌། བརླ་ནས་རྐང་ངར་བཤུད་པའི་སྐབས་ལག་པ་གཉིས་ཀྱིས་རྐང་ངར་གཅིག་ཤོས་བཤུད་པའི་ལག་ལེན་ཡང་སྣང༌། བཅུ་བདུན་པ་ནི། ལངས་ཏེ་མདུན་དུ་[རྐང་བས་]འཕྲ་བ་ལན་གསུམ། བཅོ་བརྒྱད་པ་ནི། ལག་པ་གཡས་པས་རྐང་པ་གཡོན་གྱི་བརླའི་ནང་ནས་གསང་བའི་གཡོན་དུ་འཁྱུད། གཡོན་པས་ཕྱི་ནང་འཁྱུད་དེ་ལག་སོར་བསྣོལ་[བ་ཡར་བཤུད་]རྐང་པ་གཡས་པའང་གཡོན་གྱི་ཕྱི་ནས་རྐང་ངར་བསྣོལ་ཏེ་གཡོན་དུ་ས་ལ་བཙུགས། [༣]ལུས་གཡས་


TNT04_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཅུད། དེ་བཞིན་ཏུ་གཡས་ལའང་རིགས་འགྲེའོ། །བཅུ་དགུ་པ་ནི། ལག་པ་གཉིས་ཐལ་མོ་བརྡབས་ཏེ། ཐལ་སྦྱར་ཤིན་ཏུ་བརྐྱང་བ་གསང་བའི་ཐད་ནས་འཆུན་དང་བཅས་ཏེ་སྣ་རྩེའི་བར་དུ་བཏེག་ལ། ཡང་ཐུར་དུ་ཐལ་མོ་ཁ་ཕྱེ་ནས་ཤུགས་དང་བཅས་ཏེ་ལྷོད་ཀྱིས་བཏང་ངོ༌། །ཉི་ཤུ་པ་ནི། ལག་པ་སྐེད་གཟེར་བྱས། རྐང་པ་གཡས་པ་མདུན་དུ་གཡས་དང་རྒྱབ་གསུམ་དུ་འཕྲ། གཡོན་པའང་མདུན་དང༌། གཡོན་དང༌། རྒྱབ་གསུམ་དུ་འཕྲ་སྟེ། རེ་རེའང་ལན་གསུམ་གསུམ་མོ། །དེ་ལྟར་ཉི་ཤུ་པོ་དེ་རྣམས་རིམ་པ་དེ་ཉིད་ཀྱིས་ཚར་གཅིག་དང༌། ལུགས་ལ་ཟློག་པའི་ཚུལ་གྱིས་ཚར་གཅིག་དང༌། བཅུ་ཚན་སྔ་[མ་དང་]ཕྱི་[མ་]གཉིས་སྤེལ་[ཚེ་དང་པོ་དང་ཕྱི་མའི་དང་པོ་གཉིས་སྤེལ། དེའི་རིགས་འགྲེས་རླུང་ཁུག་གཅིག་གམ་མི་ནུས་ན་བཅའ་གཞི་བཅས་རླུང་གཉིས་བྱའོ་]ནས་ཚར་གཅིག་སོགས་བྱའོ། །༈ ཡན་ལག་གི་འཁྲུལ་འཁོར་གནས་ཀྱི་སྦྱང་བའམ། དབང་པོ་སྦྱང་བ་ཉི་ཤུ་རྩ་བཞི་པ་ནི། རྣ་བ་གཡས་གཡོན་གཉིས་ནས་མཐེབ་མཛུབ་ཀྱིས་འཇུས་ནས། ཕྱི་བསྐོར་[༣]ནང་བསྐོར་[༣][དེ་ནས་སོར་མོ་གཉིས་ཀྱིས་]མདུན་རྒྱབ་སྟེང་འོག་ཏུ་སྤྲུགས་པ་ལན་གསུམ་གསུམ་བྱ་སྟེ་དང་པོའོ། །[སེམས་སྐྱིལ་ཁུ་ཚུར་བརླ་བཞག་དམིགས་གསལ་མེད་པ་རྣམས་འདྲ་]མིག་གཉིས་གཡས་གཡོན་དུ་ལན་གསུམ་གསུམ་བསྐོར་ཞིང༌། སྟེང་འོག་དང༌། གཡས་གཡོན་དུ་[སྤེལ་མ་]ལན་གསུམ་གསུམ་བལྟ་ཞིང་སྒྲིལ་བ་ནི་གཉིས་པའོ། །གཡས་ཀྱི་སོར་མོ་བཞིས་སྣའི་རྩ་བ་མཉེས། མཐེ་བོང་མཛུབ་མོ་བཀུག་པས་སྣ་བུག་བསྡམས་


TNT04_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་[གཡས་གཡོན་]བསྐོར་ཞིང་[༣༣]སྤྲུག དེ་རྗེས་སྣ་འཕུར་དེ་བཞིན་དུ་གཡོན་པས་ཀྱང་བྱ་སྟེ་གསུམ་པའོ། །ཁ་གདངས་ཏེ་ལྕེ་སྒྲིལ་ཞིང་བརྐྱངས་ལ་གཡས་གཡོན་[བསྐོར་]དབུས་[ཐད་གཅིག་]གསུམ་དུ་ཤུགས་གཅུད་པ་ལན་གསུམ་སྟེ་བཞི་པའོ། །མགོ་དྲག་ཏུ་སྤྲུག་པ་ལན་གསུམ་བྱ་སྟེ་ལྔ་པའོ། །དེ་བཞིན་དུ་གཡས་གཡོན་དུ་རྣ་བ་དཔུང་པ་ལ་རེག་ཅིང་གདོང་ཕྱིར་ཕྱོགས་ཏེ་གཅུ་བ་དང༌། མདུན་དུ་ལན་མང་དུ་[༧]བཀུག་སྟེ་[མགོ་]གཡས་གཡོན་དུ་གསུམ་གསུམ་བསྐོར་བ་ནི་དྲུག་པའོ། །རྡོ་རྗེ་བསྡམས་པ་སྤྱི་གཙུག་ཏུ་བརྡེག་ཅིང་སྤྱི་བོ་ནས་སྐྲ་མཚམས་ཀྱི་བར་ [བསྐོར་ཞིང་]ལན་གསུམ་དུ་མཉེ་བ་ནི་བདུན་པའོ། །ལག་པ་གཉིས་[གཡས་སྟེང་གཡོན་འོག་ཁ་བུབ་ཏུ་བྱས་]བརྩེགས་པས་ལྟག་པ་སྟེང་འོག་[༦]གཡས་གཡོན་དུ་ལན་དྲུག་མཉེ་བ་ནི་བརྒྱད་པའོ། །དེ་བཞིན་དུ་རྡོ་རྗེ་བསྡམས་པས་མུར་གོང་གཡས་གཡོན་གྱི་མཐར་ཐུག་པར་དཔྲལ་བའི་སྟེང་འོག་ཕན་ཚུན་དུ་འཕུར་ཞིང་བཙུར་བ་ནི་[༦]དགུ་པའོ། །གོང་རྩ་སྦྱོང་གི་སྐབས་སུ་བཤད་པ་ལྟར་དཔུང་པ་[རྣམས་]བསྐོར་བ་ནི་བཅུ་པའོ། །ལག་པ་གཡས་གཡོན་མཆན་ཁུང་གཡས་གཡོན་དུ་བསྣོལ་ཏེ། སོར་མོ་ལྔས་མཆན་ཁུང་མཉེ་ཞིང་བཙིར་[བཞིན་བཤུད་ལ་]རོ་སྟོད་གཅུད་པ་ནི་བཅུ་གཅིག་པའོ། །དེ་བཞིན་དུ་ནུ་མ་གཉིས་ལའང་སྦྱར་ཏེ་[བཤུད་པ་ནི་]བཅུ་གཉིས་པའོ། །ལྟེ་བའི་གཡས་གཡོན་ནས། ཁུ་ཚུར་གཉིས་ཀྱི་བཟུང་སྟེ་[གཡས་གཡོན་དུ་༣༣]བསྐོར་ཞིང༌། ནང་གི་རླུང་དང་བཅས་བསྐྱོད་པ་ནི་


TNT04_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་པའོ། །ཁ་བཙུམ་སྟེ་མཆུ་གཡས་[༣]གཡོན་[༣]དུ་བསྐོར་ཞིང་གཅུ་བ་དང༌། ཁ་བགྲད་ཅིང་སོ་བསྒྲིགས་ལ་[སོ་]གཡས་གཡོན་དུ་གཅུད་[པ་སྤེལ་བ་༦]དེ་ནས་[ཁ་གདང་ཞིང་ལྕེ་བརྐྱང་བ་༡]སེང་གེའི་གཡལ་བྱེད་པ་ནི་བཅུ་བཞི་པའོ། །ལྐོག་མས་ཨོལ་མདུད་མནན་ཏེ་གཡས་གཡོན་དབུས་[སུ་ཡར་འཐེན་]གསུམ་དུ་གཅུ། [མགོ་]སིལ་ལི་ལི་སྤྲུག་པ་ནི་བཅོ་ལྔ་པའོ། །ལག་པ་གཉིས་ཁུ་ཚུར་མདུན་དུ་ས་ལ་བཙུགས། བྲང་གཡས་གཡོན་དུ་གཅུད་ཅིང་སྐྱེད་[མདུན་དུ་དགྱེ་ཞིང་]སྒུར་བྱ། ཡང་ལག་པ་རྒྱབ་ཏུ་བཙུགས་ཏེ་སྐྱེད་ཀྱིས་བྱས་ནས་གཡས་གཡོན་དུ་གཅུད། སྟེགས་བུའི་སྟེང་དུ་སྦོ་བཞག་ལ་བརྡེབ་པའམ། ནུ་ཁར་ཁུ་ཚུར་བརྡེག་པའི་ཧ་འདོན་བྱ་སྟེ་[སྔ་མ་རྣམས་བཞི་ཚན་ལྟ་བུ་དང་གོང་བཅུ་གསུམ་ནས་བཅུ་དྲུག་གི་བར་རླུང་ཁུག་གཅིག་གིས་ཧ་འདོན་བྱས་ནས་རླུང་རྔུབ་སྟེ་འབེབ་ཆུང་]བཅུ་དྲུག་པའོ།།[ཁུ་ཚུར་སྙིང་ཁར་བསྣོལ་ཏེ་]ལངས་ནས་རྐང་པ་བགྲད་ལ་དཔྱི་མགོ་གཡས་གཡོན་དུ་གཅུད་པ་ནི་བཅུ་བདུན་པའོ། །དེ་ཉིད་ལས་འོག་སྒོ་འབྱེད་འཛུམ་དྲག་ཏུ་བྱེད་ཅིང༌། [འདོམ་འཇལ་བྱས་ཏེ་]འཕོང་ཚོས་དང་གཞུག་ཆུང་ཁུ་ཚུར་གྱིས་རེ་མོས་བརྡུང་[བ་ལན་སྤེལ་བ་གཉིས་བྱ་]བ་ནི་བཅོ་བརྒྱད་པའོ། །བརླ་གཉིས་ཁུ་ཚུར་གྱིས་[མང་དུ་]བརྡུང་ཞིང་བཤུད་[༡]པ་ནི་བཅུ་དགུ་པའོ། །བྱིན་པ་གཉིས་ལ་དེ་བཞིན་དུ་བྱེད་པ་ནི་ཉི་ཤུ་པའོ། །བོལ་གོང་གཉིས་ལ་དེ་ལྟར་བྱེད་པ་ནི་ཉེར་གཅིག་[ལངས་པ་ལྔ་ཚན་རླུང་ཁུག་གཅིག་]པའོ། །[བཞེངས་ཏེ་]པུས་མོའི་ལྷང་ང་གཉིས་ནས་ལག་པས་བསྡམས།


TNT04_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བ་གཡས་[༣]གཡོན་[༣]དུ་དྲག་ཏུ་བསྐོར། འཕོང་སྟན་ལ་ཕེབས་པ་བརྡེབ་ཅིང་རྐང་བ་བརྐྱངས། ཡང་པུས་མོ་ནས་འཇུས་ལྟོ་བ་[གཡས་སྐོར༣ གཡོན་སྐོར༣ ཡར་]བསྐྱོད་དེ་ཉེར་གཉིས་པའོ། །[རྐང་སོར་མཐེབ་བཅས་འཇུ་བཞེང་ཞིང་བསྡམ་ནས་]དེ་ཉིད་དང་འདྲ་བ་ལས་ལྟོ་བ་བསྐྱོད་པའི་ཚབ་ཏུ་ཧ་ཧཀ་ཅེས་རླུང་ཕྱྀ་ལ་བུས་ཤིང༌། ལུས་འདར་སིལ་གྱིས་སྤྲུགས་ཏེ་ཉེར་གསུམ་པའོ། །[ཚན་གཉིས་རླུང་ཁུག་གཅིག་གམ་]ཁུ་ཚུར་གཉིས་ཀྱིས་རྒྱབ་ཀྱི་སྐེད་པ་དྲག་ཏུ་བརྡུང་ཞིང༌། དེ་རྗེས་མགོ་ལུས་ཐམས་ཅད་ལན་གཅིག་བྱུག་པ་ནི་ཉེར་བཞི་པའོ། །[ཡར་བསྣན་པའམ་རླུང་ཁུག་གཅིག]བཅུ་བདུན་པ་ནས་ཉེར་གཅིག་པའི་བར་ལངས་པ་ཡིན་ཞིང༌། དེ་ནས་གཉིས་པོ་ལངས་འདུག་གཉིས་ཀ་དང༌། ལྷག་མ་འདུག་པའི་འཁྲུལ་འཁོར་རོ།། ཉེར་གསུམ་པའི་སྐབས་སུ་པུས་མོ་ནས་མི་འཇུ་བར་རྐང་སོར་གྱི་རྩེ་ནས་འཇུས་ན། ན་ག་[ནི་རྐང་སོར་བརྒྱད་དང་]ར་དང༌། [རྐང་པའི་མཐེ་བོང་གཉིས་]མ་རུའི་གནས་སྦྱང་བ་ཚང་བར་འགྱུར་བས་ལེགས་སམ་སྙམ་པ་ནི་ཁོ་བོའི་རྣམ་པར་རྟོག་པའོ། །དེ་ལྟར་ན་རྩ་བ་ཉི་ཤུ་དང༌། ཡན་ལག་ཉེར་བཞི་སྟེ་བཞི་བཅུ་ཞེ་བཞི་པོ་དེ་དག་ནི། དཔལ་ཆེན་རྒ་ལོའི་མན་ངག་སྟེ། དེའི་དངོས་སློབ་ཁམས་པ་རྡོར་རྒྱལ་དང༌། ཞང་མཚལ་པ་བརྩོན་འགྲུས་གྲགས་པ་གཉིས་ཀྱིས་སོ་སོར་ཡི་གེ་མཛད་པའི་དུས་འཁོར་སྦྱོར་དྲུག་གི་མན་ངག་དང༌། ས་སྐྱ་བ་ཆེན་པོའི་ཀྱཻ་རྡོར་སྦྱོར་དྲུག་གི་མན་ངག་སྟེ། གསུམ་ཀ་ཁུངས་མཐུན་པས་ཡན་ལག་དྲུག་པོའི་སྔཽན་འགྲོ་ཡིན་པས་སྔོན་འགྲོ་ཉི་ཤུ་པ་ལ་སོགས་པའི་མིང་ཐོགས་པ་ཡིན་གྱིས།


TNT04_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ནཱ་རོ་ཆོས་དྲུག་དང༌། ལམ་འབྲས་ཀྱི་དཔེ་བུམ་ནའང་རྩ་བའི་འཁྲུལ་འཁོར་ཉི་ཤུ་བཅུག་པ་ནི། ཉེར་མཁོ་ཐུན་ཚགས་བསྡུས་པ་ཡིན་པ་ཤེས་པར་བྱའོ། །[རྗེ་]ཕག་[མོ་]གྲུ་[པ་]ནས་བརྒྱུད་པ་རྒ་ལོའི་སྦྱོར་དྲུག་ལ་སྔར་བཤད་བཞི་བཅུ་རྩ་བཞི་པའི་འཕྲོས་ལ། དང་པོ་རྡོ་རྗེ་སེམས་དཔའ་སྟེ། །ཞེས་པ་ནས། ཉི་ཤུ་སོར་མོའི་རྩེ་ནས་དྲངས་ཀྱི་བར་འཁྲུལ་འཁོར་ཡན་ལག་ཉི་ཤུ་ད་དུང་ཡོད་ནའང༌། བདག་གི་བླ་མ་དམ་པ་རྣམས་ཕྱག་ལེན་མི་མཛད་ཅིང༌། མཁས་མཆོག་བུ་སྟོན་ཆེན་པོས་མཛད་པའི་འཁྲུལ་འཁོར་གྱི་ཐོ་ན་ལུས་སྦྱོང་ཞེ་བཞིའི་གཞུག་ཏུ། བི་བྷུ་ཏི་ཙནྡྲའི་མན་ངག་ཡིན་གསུངས་པའི། མགོ་བོ་སྐོར་ཞིང་མགོ་བོ་འཐེན། །ཞེས་པ་ནས། རླུང་གི་ཞགས་པ་འཕེན་དང་ལྔ། །ཞེས་པའི་བར་ཁྱབ་བྱེད་ལ་སོགས་པ་རླུང་ལྔ་སྦྱོང་བའི་ཐ་སྙད་མཛད་པ་ཡོད་ཅིང༌། དེའི་འཕྲོས་ལ། ཐམས་ཅད་མཉེ་ཞིང་སྟེང་གསུམ་བརྐྱང༌། །ཞེས་སོགས་བརྒྱུད་པ་ཐ་དད་ལས་བྱུང་བའི་འཁྲུལ་འཁོར་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་མང་རབ་དང་བཅས་པ་ཡོད་ཀྱང༌། རྩ་སྦྱོང་ཆེན་མོ་ལ་སོགས་པ་སྔར་བཤད་པ་དང༌། ད་འཆད་འགྱུར་རྣམས་ཀྱི་ནང་དུ་དེ་དག་གི་གནད་རྣམས་ཕལ་ཆེར་འདུས་ཤིང༌། ཕྱག་ལེན་གྱི་རྒྱུན་མ་ཐོབ་པས་འདིར་མི་འབྲིའོ། །༈ ཡང་གནད་ཀྱི་སྦྱོང་བ་བཅུ་གཉིས་པའམ་བཅུ་བཞི་པ་ནི། རྡོ་རྗེའི་སྐྱིལ་ཀྲུང་བཅའ། ཁུ་ཚུར་འཕོང་ཚོས་གཡས་གཡོན་ཐད་ཀྱི་ས་ལ་བཙུགས། ལུས་བཏེག་སྟེ་[རྡོ་རྗེ་སྐྱིལ་ཀྲུང་]གཡས་གཡོན་དུ་གཅུད་ཅིང་བརྡེབ་པ་[༣]ནི་དང་པོའོ།། རྡོ་རྗེ་སྐྱིལ་ཀྲུང་གི་


TNT04_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱིད་ཁུང་[གཉིས་]ནས་ལག་པ་བཏང༌། ཁུ་ཚུར་ས་ལ་བཙུགས། སྐྱིལ་ཀྲུང་བཏེག་ཅིང་བརྡེབ་པ་ནི་གཉིས་པའོ། །དེ་གཉིས་སྡོད་པའི་འཁྲུལ་འཁོར་རོ། །རྐང་པའི་མཐེ་བོང་ངམ། བྱིན་པ་ནས་ལག་པས་བཟུང༌། ལངས་ཤིང་འཆུན་དང་བཅས་པས་[འཕོང་དང་བཅས་པ་]ས་ལ་བརྡེབ་པ་ནི་གསུམ་པའོ། །ལངས་ཏེ་རྟིང་འཁྲབ་[༡]བྱས། ཁུ་ཚུར་དཔྱངས་ཕྲག་བརྡེབ། ཡང་[མདུན་ཐད་དུ་]ཁུ་ཚུར་བརྐྱངས། [རྟིང་འཁྲབ་ནས་]ལན་གསུམ་[༩]བྱ་སྟེ་བཞི་པའོ། །དེ་གཉིས་ལངས་པའི་འཁྲུལ་འཁོར་རོ། །རྒྱབ་གཞུང་ས་ལ་བཙུགས་ཏེ། ལག་པ་གཡས་གཡོན་ཁུ་ཚུར་བཅངས་ནས་བརྐྱང་བསྐུམ་བྱེད་ཅིང༌། ལག་པ་བརྐྱང་བ་དང་ལྷན་ཅིག་[ཏུ]། རྐང་མཐིལ་ལ་སོགས་ལ་དྲག་ཏུ་བརྡེབ་[༤]པ་ནི་ལྔ་པའོ། །ཉལ་བའི་འཁྲུལ་འཁོར་རོ། །ལྔ་པོ་དེ་རྣམས་རེ་རེ་ལའང་རླུང་ཁ་སྦྱོར་དུ་བཟུང་བའི་ངང་ནས་བྱེད་པ་དང༌། ཧཱ་རིང་འདོན་པ་དང༌། ཧ་ཐུང་འདོན་པས་བྱེད་པ་སྟེ། རླུང་གནད་ཀྱི་དབྱེ་བས་གསུམ་གསུམ་དུ་འགྱུར་རོ། །དེ་རྣམས་བི་བྷུ་ཏིའི་རིང་བརྒྱུད་མན་ངག་གོ །ལག་པ་གཉིས་རྒྱབ་ནས་བསྣོལ་ཏེ། རྡོ་རྗེ་སྐྱིལ་ཀྲུང་གི་མཐེ་བོང་གཡས་གཡོན་ནས་འཐེན། ལུས་[ཡར་]སྐྱེད་ཅིང་[མར་]སྲུབས་ལ། ཐོག་མར་འཕོང་བཙུགས་ཏེ་སྐྱིལ་ཀྲུང་བརྡེབ། དེ་ནས་སྐྱིལ་ཀྲུང་བཙུགས་ལ་འཕོང་བརྡེབ་སྟེ་དྲུག་པའོ། །རྐང་པ་གཉིས་དཔུང་པའི་རྒྱབ་ངོས་ནས་ལྟག་པར་བསྣོལ། ལག་པ་གཉིས་བརླའི་རྩ་བ་ནས་མདུན་དུ་ཁུ་ཚུར་བཅངས་པ་རླུང་ཁ་སྦྱོར་གཡས་གཡོན་དུ་


TNT04_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

འཆུན་དང་བཅས་པས། རྒྱབ་ས་ལ་སྐྱུར་ཐབས་སུ་འབེབས་ཤིང༌། ཡང་གཡས་གཡོན་དུ་གཅུད་ནས་ལངས་ཏེ། བདུན་པའོ། །འདི་གཉིས་རྒྱུད་ཀྱི་དངོས་བསྟན་ལས་འབྱུང་ཞིང༌། མན་ངག་བརྒྱུད་པ་ཐམས་ཅད་ལས་སོ། །[འདིར་སྔར་གྱི་ཉི་ཤུ་པའི་ལངས་བའི་འཁྲུལ་འཁོར་བཅུ་པོ་མ་གཏོགས་འདི་དག་འདུག་པའི་འཁྲུལ་འཁོར་བཞིན་ལགས། རླུང་འཁྲབ་སོགས་མེད།]དང་པོར་[སེམས་སྐྱིལ་]སྐྱིལ་ཀྲུང་བཅས་ཏེ་ཁུ་ཚུར་བརླའི་འཕྲ་མཚམས་སུ་བཞག རླུང་ཕོ་སྟོད་དུ་བསྡིགས་ཏེ་ལྟོ་བ་ཚིགས་པ་ལ་བཅེར་ནས་[རླུང་]གཡས་གཡོན་དབུས་གསུམ་དུ་[ཐམས་ཅད་གཡས་བསྐོར]ལན་བདུན་བདུན་བསྐོར་ཞིང༌། རླུང་དགྲམ་[དེ་ལུས་ཐམས་ཅད་སྤྲུགས་པ་]ལན་གསུམ་བྱ། དེ་ནས་ལངས་ཏེ་འདོམ་འཇལ་གྱི་མཐར་ཁུ་ཚུར་གཤིབས་ཏེ་ས་ལ་བཙུགས། [ཁུ་ཚུར་མདུན་དུ་ཕྱིར་བསྟན་]ལག་ངར་གཤིབས་ཏེ་བསྲངས། གྲུ་མོའི་སྟེང་དུ་ཕོ་བ་བཀལ། རྐང་པ་བརྐྱངས་ལུས་བཏེག་སྟེ་རླུང་ཕོ་བར་[ཡར་]སྒྲིལ། མགོ་རྐང་རེ་མོས་སུ་ས་ལ་རེག་པར་[༦]བྱ་སྟེ་བརྒྱད་པའོ། །སྒལ་ཚིགས་ས་ལ་བཙུགས་ཤིང༌། རྐང་ལག་བཞི་ནམ་མཁར་མཉམ་དུ་འཕང་ཞིང༌། ཧ་ཞེས་དྲག་ཏུ་འདོན་པ་ལན་དགུའི་བར་དུ་བྱེད་པ་ནི་དགུ་པའོ། །རྐང་པ་ཟླུམ་པོའི་སྟབས་ཀྱིས་ལངས། མཐེ་བོང་སྟ་ཟུར་གྱི་རྒྱབ་དང༌། སོར་མོ་བཞིས་མཁལ་མའི་མདུན་འོག་ནས་བརྡེག་རླུང་ཕྱིར་བུས་ཏེ། སྟོད་སྨད་ཆབ་གཅིག་ཏུ་གཡས་གཡོན་དུ་གཅུད་པ་ནི་བཅུ་པའོ། །རྡོ་རྗེ་སྐྱིལ་ཀྲུང་རྐང་མགོ་གཡས་གཡོན་བརླའི་ཕྱི་རོལ་ཏུ་ཐོན་པར་བྱ། རྡོ་རྗེ་བསྡམས་པའི་མཐེ་བོང་[གཉིས་སོ་སོར་ཕྲལ་པའི་ངང་]གིས་གཡས་གཡོན་དུ་སྐ་


TNT04_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

རགས་འཆིང་ཚུལ་བྱེད་ཅིང་ལུས་ཡོངས་རྫོགས་གཡས་གཡོན་དུ་ལན་གསུམ་[༦]བསྐོར། ལག་པ་གཡས་གཡོན་གཉིས་མདུན་རྒྱབ་གང་རུང་དུ་བསྣོལ་ནས་རྐང་མགོ་ལ་འཇུས། ལྟག་པ་སྐྱེད་དེ་[གཡས་གཡོན་ལུས་མར་]སྲུབས་པ་ནི་བཅུ་གཅིག་པའོ། །བཞི་པོ་དེ་དག་ནི་པཎ་ཆེན་ཟླ་མགོན་གྱི་མན་ངག་གོ །དང་པོར་སྙིང་གར་འཁྱུད་རྒྱ་བྱས་ལ་[ཁུ་ཚུར་]གཡས་གཡོན་དུ་[སྤེལ་བ་༣]གཅུད། སྟེང་གི་རླུང་གཡས་གཡོན་དུ་གནོད་འཐེན་བྱ་[བ་སྤེལ་བ་༦]དེ་ནས་གན་སྐྱལ་དུ་འདུག་ལ་རྐང་པ་ཉྭ་བཞི་བསྒྲིམས་ཏེ་བརྐྱང་བསྐུམ་དལ་བུས་ཤུགས་བསྐྱེད་དེ་བྱེད་ཅིང༌། བརྐྱང་པའི་ཚེ་ཐུར་སེལ་གློད། བསྐུམ་པའི་ཚེ་འཐེན་ཏེ་[༣]བཅུ་གཉིས་པའོ། །འདི་ནི་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་དཔྱལ་ལུགས་ཀྱི་མན་ངག་གོ །དེ་ལྟར་བཅུ་གཉིས་སམ། ཡང་གཉིས་བསྣན་པ་ནི། ལངས་ཏེ་རླུང་འཁྲབ་བྱས། འདོམ་འཇལ་བསྐོར་ནས་རྐང་གཉིས་བར་དུ་ཁྲུ་གང་བཞགལག་པ་པུས་མོ་ལ་འཇུས། [པུས་མགོ་]གཡས་གཡོན་དུ་གཅུད་ནས། [སྤེལ་བ་༦]ཐུར་དུ་འབེབས་པའི་སྐབས་རྐང་པ་མ་གུག་པར་བརླ་དང་བྱིན་པ་འཕོང་རྣམས་དུས་གཅིག་ཏུ་བསྡེབ། འདི་ལ་གླིང་བཞི་གཅུད་འབེབས་ཟེར་ཏེ་བཅུ་གསུམ་པའོ།། ལུས་ཙོག་པུ་ལག་པ་གཡས་གཡོན་རྐང་པའི་ཕྱི་ནས་བཏང་སྟེ། རྐང་པའི་སྒྱིད་ཁུང་ནས་སོར་མོ་བཞིས་འཇུས། རླུང་ཁ་སྦྱོར་དྲག་པོ་དང༌། སྐེད་པ་སྐྱེད་སྒུར་གཡས་འཐེན་གཡོན་འཐེན་གྱི་ངང་ནས་ལག་པས་ཡར་


TNT04_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

འཐེན། རྐང་པས་མར་གནོན་པ་[སྤེལ་བ་]ནི། གླིང་བཞི་གཅུད་པ་ཞེས་བྱ་སྟེ་བཅུ་བཞི་པའོ། །ཕྱི་མ་འདི་ལ་འཕོང་སྟེགས་བུའི་སྟེང་དུ་བཞག རྐང་མཐིལ་གཉིས་རྟེན་མེད་ཀྱི་ངང་ནས་གོང་བཞིན་བྱས་ནས་འཆུན་ཆེ་བར་འོང༌། འདི་གཉིས་[ཨོ་རྒྱན་]བསྙེན་སྒྲུབ་ཀྱི་ནང་གི་དེ་དང་ཕལ་ཆེར་འདྲ་བས། དེ་ལས་བླངས་སམ་སྙམ་མོ། །དེ་ལྟར་ན་རྩ་སྦྱོང་ཆཻན་མོ་ནས་བརྩམས་ཏེ། འདི་ཡན་ཆད་ལ་འཁྲུལ་འཁོར་ལྔ་བཅུ་ང་དགུ་ཡོད་དེ། ཐམས་ཅད་ཀྱང་སྲོག་རྩོལ་དང་འཛིན་པའི་སྐབས་སུ་ཉེ་བར་མཁོ་བ་ལུས་དག་པར་བྱེད་པ་དང༌། གེགས་སེལ་བ་དང༌། བོགས་འདོན་དུ་འགྱུར་བ་སྣ་ཚོགས་ཏེ། འདི་རྣམས་ཆ་ཚང་བར་ཉིན་དང་ཉིན་ལ་མ་འཆག་པར་བྱེད་ཅིང༌། བུམ་པ་ཅན་ལ་ནན་ཏན་དུ་བསྒྲུབས་ན་ནད་རྙིང་པ་ཐམས་ཅད་འབྱང་བ་དང༌། གསར་པ་མི་སྐྱེད་པར་ཐེ་ཚོམ་མེད་ཅིང་མྱོང་བས་གྲུབ་ལ། ལས་ཀྱི་ལྷོངས་བདོ་བ་ཡིན་ན་མ་རྟོགས། སྒོམ་གེགས་ཀྱང་རྙིང་པ་ཐམས་ཅད་སེལ་ཞིང༌། གསར་པ་མི་འབྱུང་ངོ༌། །དེ་དག་གི་བར་བར་དུ་ལུས་སྦྱོང་སྤྱི་འགྲོས་ལ་དགོས་པའི་འབེབས་ཀྱི་རིགས། སྐྱིལ་ཀྲུང་བཅས་ལག་པ་པུས་མོ་ལ་བཀབ་སྟེ། འཕོང་བཏེག་ཅིང་བརྡེབ་པ་དང༌། [རྡོ་རྗེ་ལག་པ་ཁུ་ཚུར་སྙིང་ཁར་བསྣོལ་]སྐྱིལ་ཀྲུང་བཅས་པ་འཕག་ཅིང་བརྡེབ། ལག་པ་ཡང་[གཡས་གཡོན་རིམ་པའི་]མགོ་ལ་བསྐོར་ཞིང་སྤྲུགས་པ་དང༌། སྐྱིལ་ཀྲུང་གི་ངང་ནས་པུས་མོ་བཙུགས་ནས་ལྡང་བ་དང༌། ལག་པ་ཁུ་ཚུར་ནམ་མཁར་འཕང༌། འཕོང་ས་ལ་བརྡེབ་པ་དང༌། ཁུ་ཚུར་ནུ་སྟེང་དུ་བརྡེབ་པ་


TNT04_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འབེབས་ཆུང་ཉིད་ལས་ཕྱེ་བའི་ཆུང་འབྲིང་ཆེན་པོ་གསུམ་ཡིན་ལ།[རླུང་ཁུག་གཅིག་དེ་ལན་བདུན་]དེ་བཞིན་དུ་འབེབས་འབྲིང་པོ་[ལག་པ་ཁུ་ཚུར་སྙིང་གར་བསྣོལ་རྐང་བ་]བརྐྱང་[བ་དང་སེམས་སྐྱིལ་གྱི་]བསྐུམ་[པ་]གཉིས་དང༌། [རླུང་ཁུག་གཅིག་དེ་༧]འབེབས་ཆེན་པོ་བརྐྱང་[སེམས་སྐྱིལ་]བསྐུམ་[པ་རྡོ་རྗེའི་]སྐྱིལ་ཀྲུང་སྟེ། གསུམ་ལའང་བསླབ་བར་བྱའོ།། [རླུང་ཁུག་གཅིག་དེ་བདུན་ལྟ་བུའོ]དེ་ལྟར་ན་འཁྲུལ་འཁོར་དྲུག་ཅུ་རེ་ལྔ་སྟེ། སྲོག་རྩོལ་དང་འཛིན་པའི་འཁྲིད་ཐོབ་པ་རྣམས་ལ་བསྟན་པར་བྱའོ། །ཨྠིྀ། ཉི་ཤུ་པ། ན་མོ་གུ་རུ། རྗེས་དྲན་གྱི་འཁྲིད་བླ་མའི་ཞལ་ལུང་དང་བཅས་པ་ལེགས་པར་ཐོབ་ན། འཁྲུལ་འཁོར་འདི་རྣམས་ཀྱི་ལག་ལེན་ཚིག་གི་འགྲེལ་པ་དང་བཅས་ཏེ་སྦྱིན་པར་བྱ་སྟེ། དེ་ལ་དང་པོ་སྦྱོར་བ་དྲུག་ལྡན་ནི། བཅའ་གཞིའི་ངང་ནས། ཁ་བུབ་ཏུ་པུས་མོ་བསྐུམས་ཤིང་གྲུ་མོ་ས་ལ་བཙུགས།[༡]ལག་པ་གཉིས་རྡོ་རྗེ་ཁུ་ཚུར་མགུལ་དུ་བསྣོལ།[༢]ལུས་ཉྭ་བཞི་བསྒྲིམས། འོག་སྒོ་གློད། ལྟོ་བ་ཚིགས་པ་ལ་གཅེར།[༣]ལྕེ་སྒྲིལ་ཞིང་རྐན་ལ་གཏད།[༤]ལྟག་པ་བསྲང་སྟཻ། མིག་གཙུག་ཏོར་དུ་བལྟ། [༥]ཧུཾ་དང་ཧལ་[༦]ཞེས་བརྗོད་དེ་སྦྱོར་བ་དྲུག་དང་ལྡན་པར་བྱ། [རླུང་མི་བཟུང་]ཡང་དེ་ཉིད་ལས་[རྡོ་རྗེ་]སྐྱིལ་ཀྲུང་བཅས་ཏེ། ལག་པ་[གཉིས་]རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྐེད་པའི་ཐད་ནས་བསྡམས། སྦྱོར་བ་དྲུག་པོ་གཞན་འདྲ་བ་ལ། འོག་སྒོ་བསྡམས་ཤིང་གསུས་པ་ཕྱིར་བསྐྱེད། རླུང་གནད་[ཕྱིར་བཟུང་བའི་]རང་འགགས། སེམས་ནམ་མཁའ་ལ་ཡས་སུ་


TNT04_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་གོ །གཉིས་པ་སྟག་མོའི་སྐྱུག་སྟངས་ནི། ལངས་ཏེ་ལག་པ་བརྒྱངས་པའི་རྗེ་ལ་མདུན་དུ་མཐེ་བོང་གཉིས་གཅིག་གིས་གཅིག་བཟུང་ནས་ཁྲུ་གང་ཙམ་གྱི་མདུན་དུ་བཙུགས། རླུང་ཐུར་དུ་བསྡིགས་པ་དང་མཉམ་དུ་པུས་མོ་དང་གྲུ་མོ་འཕྲད་ཙམ་ལག་ངར་དང༌། ངར་གདོང་གཉིས་ས་ལ་གཏད། དེ་ནས་ཧ་ཧཀ་ཅེས་རྐང་ལག་བསྲངས། རྒྱབ་ཤེད་འཐེན། གཡས་[ཡར་དེའི་ངང་ནས་]གཡོན་དབུས་གསུམ་དུ་[རོ་སྟོད་]གཅུད། ཡང་ཧཱུཾ་ཐུང་གིས་བརྔུབས་ནས་ཁོང་སྒྲ་དང་བཅས་པས་ཀྱང་གཅུད། [གཡས་གཡོན་དབུས་སུ་རླུང་]དེ་ནས་[པུས་འདུག་བཞག་གམ་སེམས་སྐྱིལ་]ཁུ་ཚུར་མཆན་ཁུང་དུ་བརྡེབ་ལ་ཧཀ་ཅེས་བརྗོད་དོ། །གསུམ་པ་གླང་པོའི་འགྱིང་བ་ནི། བཅའ་ལུགས་ཕལ་ཆེར་དེ་དང་འདྲ་བ་ལས། [ལངས་ཏེ་སོགས་གོང་དང་འདྲ་]ལག་པ་ཁུ་ཚུར་མཐོ་གང་ཙམ་བར་དུ་བཞག་པ་ས་ལ་བཙུགས། [རླུང་ཐུར་དུ་བསྡིགས་པ་དང་མཉམ་དུ་པུས་མོ་དང་གྲུ་མོ་འཕྲད་ཙམ་ལག་ངར་དང༌། ངར་གདོང་ས་ལ་བཙུགས་དེ་ནས་ཧ་ཧཀ་ཅེས་པ་ལ་ཧཾ་ཞེས་བརྗོད་ལ]སུག་བཞི་བསྲང་བའི་སྐབས་གསང་རླུང་ཁོང་[ཧཱུཾ་གི་]སྒྲ་དང་བཅས་ཏེ་འཐེན། [གཡས་གཡོན་]གཅུད་[གླང་ཆེན་འགྱིང་ཚུལ་]པའི་སྐབས་ཕཊ་[བརྗོད་མི་དགོས་]ཀྱི་སྦྱོར་བས་བར་རླུང་བརྒྱངས། ཡང་གྲུ་མོ་དང་པུས་མོ་ས་ལ་རེག་ཙམ་བྱས་ནས། ལྟོ་བ་ཕྱིར་བསྐྱེད་བཞིན་[ལག་པ་གཡས་གཡོན་དུ་]ས་ལ་གཅུད། སླར་ཡང་རྐང་ལག་བསྲངས། རྒྱབ་ཤེད་འཐེན་བཞིན་པས་ཧི་ཧིང་ཞེས་བརྗོད། བཞི་པ་ནི་ཝའི་བསྣོམ་སྟེ། པུས་བཙུགས་


TNT04_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལངས། ཁུ་ཚུར་སྙིང་གར་བསྣོལ་ལ་གྲུ་མོ་ཅུང་ཟད་བསྲངས། སྣ་ནས་ཧཱུཾ་ཕྲ་མོ་[རླུང་འབུད་]དང་བཅས་གྲུ་མོ་[དང་པོ་གཡས་སུ་༣]གཅུད། རོ་སྟོད་[གཡས་]འཐེན། རླུང་འབུད་པ་རྫོགས་མཚམས་སུ་བསྣོམ་པའི་ཚུལ་[དུ་]གསུམ་ལྔ་བདུན་སོགས་གང་རིགས་བྱ། [རླུང་བཟུང་བ་དང་༡ དེ་བཞིན་ཏུ་གཡོན་དང་གཉིས་ཀ་ལ་བརྐྱང་]གཡས་གཡོན་དང་གཉིས་ཀའི་དབྱེ་བས་གསུམ་མོ། །ལྔ་པ་ནི་སེང་གེའི་རྣམ་རོལ་ཏེ། མཐེ་བོས་རྣ་བ། མཛུབ་མོས་མིགགུང་མོས་སྣ་རྣམས་བཀག སྲིན་ལག་དང་མཐེ་ཆུང་བར་དུ་མཆུ་བསྡམས། རྟིང་པ་གཅིག་གིས་བཤང་སྒོ་དང༌། གཅིག་ཤོས་ཀྱི་གསང་བ་བསྡམས། གྲུ་མོ་བསྲངས་ཏེ་[དལ་བུས་]གཡས་བསྐོར་གཡོན་བསྐོར་[གཉིས་ལྷག་]གསུམ་གསུམ། [མྱུར་བར་]གསོར་ལྟར་སྒྲིལ་བ་[གཡས་གཡོན་]ལན་དྲུག སྒོ་དགུ་བཀག་པ་བཏང་སྟེ། ཨི་ཧ་ཞེས་སྤྲུགས་[སྒོ་དགུ་]བརྡེབ་བྱ། ལག་པ་གཉིས་རེ་མོས་ཀྱིས་སྣ་བསྡམས་ནས་ཡང་སྤྲུགས་[གཡས་གཡོན་]བརྡེབ་བྱ། དྲུག་པ་ནི་དགང་སྤྲུགས་ཏེ། སུག་བཞིའི་བར་དུ་ཁྲུ་གང་རེ་ཡོང་བར་བྱས་ཏེ། པུས་མོ་དང་ཁུ་ཚུར་ས་ལ་བཙུགས། རླུང་གསུས་སྨད་དུ་དྲག་ཏུ་བསྡིགས་ཏེ། དཔུང་པ་གཡས་[༡]དང་གཡོན་[༢]དང་གཉིས་ཀ་[༣]བཅག་པའི་ཚུལ་གྱིས་སྤྲུགས་ཐེངས་རེ་བྱ་ཞིང༌། དེ་ཉིད་ལས་རྐང་པ་བསྲང་[ཞིང་]སྣ་དང་མཆུའི་དབུས་ནས་རླུང་བུས་ཏེ་ཧུ་ཧུ་ཞེས་[མགོ་]སྤྲུགས། བདུན་པ་ནི་ཡི་དྭགས་པྲེ་ཏ་ཀ་སྟེ། ལངས་


TNT04_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རླུང་སྤྲུགས་བྱས་ནས། རྐང་པ་ཟླུམ་པོའི་འདུག་སྟངས་དང༌། ལག་པ་འདོམ་འཇལ་ཚུར་བསྡུས་ཏེ། གསང་བའི་ཐད་ནས་ཁུ་ཚུར་འཆུན་དང་བཅས་པ་ཐུར་དུ་འབེབས་བཞིན་དུ། འཕོང་ས་ལ་མ་རེག་ཙམ་དང༌། ཁུ་ཚུར་ས་ལ་ཕབ། ཧི་ཧིཀ་ཅེས་[རྒྱབ་]སྒུར་འཐེན་བྱ། དེ་ནས་གཡས་གཡོན་དུ་[རྒྱབ་]གཅུད་ཅིང་སྤྲུགས། ཡང་དྲག་ཏུ་བརྔུབས་ནས་འཆུན་དང་བཅས་པས་ལངས་ཏེ། ཁུ་ཚུར་[ལག་པ་ཚུར་བསྡུས་ཏེ་ནས༴ ས་ལ་ཕབ་ཧི་ཧིཀ་ཅེས་བར་གོང་དང་འདྲ་]གཉིས་རྒྱབ་ཏུ་བརྒྱངས། ལྟག་པ་སྐྱེད་དེ་ཧི་ཧིཀ་ཅེས་བྱ། ལུས་ཀྱི་གནད་དེ་ཀ་དང་འདྲ་བ་ལས། རླུང་གནད་ཁ་སྦྱོར་ཐུར་ཏུ་བསྡིགས་པ་ཁོ་ནའི་ངང་ནས་ཀྱང་དེ་ལྟར་བྱ་[སྟེ་]ལན་གསུམ་མོ། །དེ་ལྟར་བདུན་ནི། པཎྜི་ཏ་ཟླ་བ་མགོན་པོ་ནས་བརྒྱུད་པ་འབྲོ་ལུགས་ཀྱི་མན་ངག་སྟེ། དང་པོ་བཟུང་བ། དེ་ནས་གསུམ་བཟློག་པ། ཕྱི་མ་གསུམ་ཁྱབ་པར་བྱེད་པའོ། །འདི་རྣམས་ལ་ལག་ལེན་མི་འདྲ་བ་གཉིས་གདའ་ནའང༌། འདི་འཆུན་ཆེ་བས་བཀོད་དོ། །བརྒྱད་པ་ནི། [རྡོ་རྗེ་]སྐྱིལ་ཀྲུང་ཁུ་ཚུར་བརླ་བཞག དགང་འཐེན་གྱི་ངང་ནས་བཞི་སྤྲུགས་བྱེད་ཅིང༌། ལུས་ཐམས་ཅད་སྤྲུགས་པ་སྟེ་འདྲེན་ཆུང་བའོ། །དགུ་པ་ནི། ལངས་ཏེ་འདོམ་འཇལ་གྱི་མཐར་ལག་པ་གཉིས་བརླ་ནང་ནས་འཁྱུད། རྐང་སོར་ནས་འཐེན་ཞིང༌། འཕོང་གྱེན་དུ་བཟློག་ལ་ཨི་[རླུང་གི་སྒྲ་གདངས་]ཞེས་ཁོང་སྐད་ཕྲ་མོ་རྩ་འཁོར་ལོ་དྲུག་ཏུ་དྲག་ཏུ་དྲངས་པར་མོས། མཐར་མགོ་སྐྱེད་ལ་ཧ་ཞེས་འབུད་པ་ནི། འདྲེན་པ་བར་པ་ཁོང་འདྲེན་ཞེས་བྱ་བའོ། །བཅུ་པ་ནི།


TNT04_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་གཉིས་གཤིབས་པའི་ཙོག་པུའི་འཕོང་སྟེགས་ཅན་གྱི་སྐྱིལ་ཀྲུང་ལས།[ལྟོ་བ་]དགང་[ཡར་]འཐེན་[ལྟོ་བ་]དགང་[མར་]གནོན་དང་བཅས་བཞིན་པ་ལས་ལངས་ཏེ། རྐང་ངར་བསྲངས། རྐང་གཤོག་ནས་ལག་པས་དྲག་ཏུ་འཐེན། མགོ་སྐྱེད་དེ་ཧཱུཾ་ཞེས་བརྗོད་[བཞིན་པའི་རླུང་བཟུང་]དེ་ནས་རྐང་པ་མ་གུག་པར་བརླ་དང་བྱིན་པ་འཕོང་རྣམས་མཉམ་པོར་བརྡབ་སྟེ། ཡང་རྐང་གཤོག་ནས་[གཡས་གཡོན་གཉིས་ནས་]གཅུད་ཅིང་[ཡར་]འཐེན་ལ་མགོ་དགུག དེ་མ་ཐག་ཧཱུཾ་ཞེས་ལྟག་པ་སྐྱེད་པ་ནི་འདྲེན་ཆེ་བའོ། །བཅུ་གཅིག་པ་ནི། ལངས་ཏེ་རྐང་པ་གཡས་པའི་བརླའི་འཕྲ་འཚམས་ལ་རྐང་པ་གཡོན་པའི་བོལ་གོང་གཏད། ལག་པ་ཁུ་ཚུར་འདོམ་འཇལ་ལས་བརྐྱང་བསྐུམ་བྱེད་ཅིང་ལན་བདུན་ཙམ་འཕར་ཞིང་གཡས་བསྐོར་བྱ། དེ་ཉིད་དུ་མགོ་དང༌། རྩིབ་ལོགས། ནུ་མ། རྒྱབ་དང༌། དཔྱི་དང༌། ལྟོ་བ་རྣམས་ཁུ་ཚུར་[གཉིས་]གྱིས་བརྡུང་ཞིང༌། ལུས་ཐམས་ཅད་འཕུར་མཉེ་བྱས་ནས་[འཕོང་]ས་ལ་འབེབས། དེ་བཞིན་དུ་གཡོན་ལའང་བྱ་སྟེ་འཕར་གཡོ་ཞེས་བྱའོ། །བཅུ་གཉིས་པ་ནི། ཁུང་འདྲེན་དང་བཅའ་གཞི་འདྲ་བ་ལས། ཨི་དང་ཧའི་ངག་འདྲེན་མི་བྱེད་པར་རླུང་དགང་ཞིང་འཐེན་པའི་ངང་ནས་བཞི་སྤྲུགས་དང༌། [རྐང་སོར་ནས་]གཡས་འཐེན་དང་གཡོན་འཐེན་དབུས་འཐེན་རྣམས་འཆུན་དང་བཅས་ཏེ་བྱེད། དེ་ནས་རྐང་སོར་བཟུང་བ་བཏང་སྟེ་[འཕོང་]ས་ལ་ཕབ་ནས། ལུས་ཀྱི་ཆ་ཐམས་ཅད་ལ་མཉེ་


TNT04_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། འཐེན་པ་དང༌། [ལག་གཉིས་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱའི་གུང་མོའི་ཕུག་ཚུལ་ལམ། མཐེབ་མཛུབ་གུང་གསུམ་གྱིས་]ཟུར་ཕུག་དང༌། ཐལ་ལྕག་བརྡེགས་པ་སོགས་གང་ནུས་བྱའོ། །བཅུ་གསུམ་པ་ནི། གན་རྐྱལ་དུ་གནས་པས་པུས་[མོ་]བྲང་[ལ་]སྦྱར། ལག་པ་ཁུ་ཚུར་འཕོང་གི་ཐད་དུ་དྲག་ཏུ་བརྐྱངས། རླུང་ཁ་སྦྱོར་རྒྱུ་ཞབས་སུ་ཕུལ་ནས། [རླུང་]གཡས་གཡོན་དུ་ལན་གསུམ་[གསུམ་སྤེལ་]གཅུད། དེ་ནས་ཡན་ལག་ཐམས་ཅད་བརྐྱང་བསྐུམ་དྲག་ཏུ་བྱ་སྟེ། ལག་པ་གཡས་དང་རྐང་པ་གཡོན་དུས་གཅིག[༣]ལག་པ་གཡོན་དང་རྐང་པ་གཡས་དུས་གཅིག་སྟེ།[༣]འདི་ལའང་སྐྱིལ་ཀྲུང་བཅས་ཏེ་འདུག་ནས་མཉེ། འཐེན་ཕུར་ཟུག ཐལ་ལྕག་བརྡེབ་པ་སོགས་ཅི་ནུས་བྱ་སྟེ། རབ་བརྐྱང་ཞེས་བྱའོ། །དེ་ལྟར་དྲུག་ལས་སྔ་མ་གསུམ་འདྲེན་དང༌། ཕྱི་མ་གསུམ་འགྲེམས་གཙོ་བོར་གྱུར་པ་སྟེ། དཔེ་མེད་འཚོའི་གདམས་ངག རཏྣ་རཀྵི་ཏ་དང༌། ཤཱཀྱ་ཤྲཱི་ནས་བརྒྱུད་པ་ཅི་རིགས་པ་སྟེ། དེ་དག་ནི་བི་བྷུ་ཏི་ཙནྡྲའི་ལུགས་རིང་བརྒྱུད་དོ། །བཅུ་བཞི་པ་ནི། ཕོ་བ་ས་ལ་བཙུགས་ལ་རླུང་ཕོ་བར་རབ་ཏུ་[མནན་པའམ་]གཅུད། ཡན་ལག་བཞི་བརྐྱང་བསྐུམ་[༣]དྲག་ཏུ་བྱ་སྟེ། སེང་གེ་རྩལ་སྤྲུགས་སོ།། བཅོ་ལྔ་པ་ནི། རྐང་པ་མདུན་དུ་བརྐྱངས། ལག་པ་གཡས་པས་རྟིང་པ་གཡོན་[པ་]ནས་འཐེན། ལག་པ་གཡོན་གྱིས་དཔུང་པ་གཡས་པ་ནས་འཐེན་[བཞིན་པའི་]གཡས་གཡོན་དབུས་གསུམ་དུ་གཅུད། [དེ་ཉིད་གཡོན་དུའང་གོ་བཟློག]རླུང་གནད་ཀྱང་མ་ནིང་དང༌། [བུམ་ཅན་བཟུང་བཞིན་པའི་ལྟོ་


TNT04_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཕྱིར་བསྐྱེད་བཞིན་བྱེད་པ་ནི་མ་ནིང་དང་བུམ་ཅན་གཉིས་སྦྲགས་མ་ཡིན་གསུངས]བུམ་ཅན་གཉིས་སྦྲགས་བྱེད་དེ་གཅུད་འཐེན་ཞེས་བྱའོ། །བཅུ་དྲུག་པ་ནི། སྐྱིལ་ཀྲུང་བཅས་ལ་ལག་པ་སྤྱི་བོའི་སྟེང་ཐད་དུ་ཐལ་མོ་སྦྱར། མགོ་བོ་སྒྲིལ་བཀུག མགྲིན་པ་སྐོར། རོ་སྟོད་སྤྲུགས། སྐེད་པ་སྐྱོགས། རོ་སྨད་གཅུད། གནས་སོ་སོའི་ལུས་སྦྱོང་དང་བསྟུན། ཐལ་མོ་ཡང་དེ་དག་ཏུ་རེག་ཅིང་གྲུ་མོ་བརྐྱངས་ཏེ་འཆུན་བཙལ། མཐར་འཕོང་ས་ལ་བཙུགས། ལུས་[རྒྱབ་ཏུ་]ཅུང་ཟད་[སྐྱེད་]སྐྱེད་ནས། སུག་བཞི་བརྐྱང་བསྐུམ་ལན་གསུམ་བྱ། དེ་ནས་དྲག་ཏུ་སྤྲུགས་པ་སྟེ་གསུམ་འགྲེམས་སོ། །བཅུ་བདུན་པ་ནི། [རླུང་ཕྱིར་བསལ་ལ་ནང་ཏུ་མི་རྔུབས་]རྐང་པའི་བྲང་པ་ས་ལ་བཙུགས། ཁུ་ཚུར་གཉིས་[བསྣོལ་ནས་]དཔུང་པར་སྦྱར་ལ་གྲུ་མོ་བརྐྱངས། པུས་མོ་གཉིས་ཀྱང་ངང་པའི་གཤོག་པ་ལྟར་བྱ། མགོ་[པུས་མོ་ལ་གཏུག་]བསྟུངས། ལུས་འདར་ཐོན་པར་བྱེད། མ་ནིང་གི་རླུང་[ལྟོ་བར་]དྲག་ཏུ་གཏད་དེ། ལུས་གཡས་གཡོན་དུ་ཅུང་ཟད་བསྒྱུར་བ་ནི། སེང་གེའི་འགྱིང་ངོ༌། །བཅོ་བརྒྱད་པ་ནི། རྡོ་རྗེའི་སྐྱིལ་ཀྲུང་བྱས། པུས་མོ་གཡོན་ལ་ལག་པ་གཉིས་བསྣོལ་ནས་འཁྱུད། མགོ་པུས་མོའི་སྟེང་དུ་བསྒྱུར་[བཀུག]ཞིང་དཔུང་པ་གཡས་[པའི་]སྟེང་དུ་འཐེན། ཡང་དེ་ཉིད་གོ་བཟློག་པའང་བྱ་སྟེ་རྨ་བྱའི་འགྱུར་ རོ། །དེ་ལྟར་ལྔ་ནི་འདྲེན་འགྲེམས་བཟུང་བ་གསུམ་ཀར་བྱེད་པ་སྟེ། ཙ་མི་དང་རྒ་ལོའི་ལུགས། གཉོས་སྟོན་འོད་མ་དང༌། ཞང་མཚལ་པའི་མན་ངག་རྣམས་ནས་


TNT04_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཅིང་གལ་ཆེ་བ་རྣམས་བླངས་པའོ། །བཅུ་དགུ་པ་ནི། [རྡོ་རྗེའི་སྐྱིལ་ཀྲུང་]ཁུ་ཚུར་བརླ་བཞག མགོ་བོ་སྒུར། འོག་རླུང་ཡར་འཐེན་[རླུང་ཕྱིར་བསལ་ལ་]སྟོང་འདྲེན་དྲག་པོ་བྱ།[བཞིན་པའི་ངང་]དེར་ཧཱུཾ་ཉི་ཤུ་རྩ་གཅིག་ཙམ་བསྡུད། དེ་འཕྲལ་ལངས་ཏེ་ལག་པ་གཉིས་པུས་མོ་ལ་བཀབ་ནས་ཀྱང་རླུང་གནད་སྔ་མ་དེ་དང་འདྲ་བར་བྱ། རླུང་ནང་དུ་དྲངས། མགོ་བཀུག་སྟེ་མཆིལ་མ་མིད་ལ་སྟེང་རླུང་མནན་པའི་ངང་ནས་འོག་རླུང་རིམ་གྱིས་འཐེན་པ་དང་ལྟག་པ་སྐྱེད་ཀྱིས་བཏང་ངོ༌། །བསྡད་ནས་ཧཱུཾ་ཉེར་གཅིག་གི་སྐབས་དང༌། ལངས་ནས་ཧཱུཾ་ཉེར་གཅིག་གི་སྐབས་དང༌། ལྟག་པ་སྐྱེད་ཀྱིས་བཏང་བ་གསུམ་པོ་འདི་ལ་གཡས་གཡོན་དབུས་གསུམ་དྲག་ཏུ་འཐེན་ནོ། །དེ་རྗེས་ཧ་ཐུང་དང་རྟིང་འཁྲབ་ཉེར་གཅིག ཧཱ་རིང་དང་འཁྲབ་ཆེན་ཉེར་གཅིག་བྱ་སྟེ་སྦགས་འདྲེན་ཞེས་བྱའོ། །ཉི་ཤུ་པ་ནི། བཅའ་གཞིའི་ངང་ནས་ལུས་སྒུར། གྲུ་མོ་[དང་]པུས་མོ་ས་ལ་བཙུགས་ཏེ། སྟེང་རླུང་ཧ་ཞེས་ཕྱིར་འབུད་པ་དང་མཉམ་དུ་ཐུར་སེལ་བཤང་སྒོར་བསྡིགས་ལ་གློད། མ་ནིང་གི་རླུང་ཐུབ་ཚད་དུ་བརྒྱངས། ཡང་བརྔུབས་ནས་ལངས་ཏེ་རྐང་ལག་བགྲད། ལྟག་པ་སྐྱེད་པའི་ངང་ནས་རླུང་གི་གནད་གསུམ་སྔར་བཞིན་བྱ། ཡང་བརྔུབས་སྟེ་སྟན་གྱི་སྟེང་དུ་བརྡེབ། ཙོག་པུའམ་སྐྱིལ་ཀྲུང་གི་ངང་ནས་རླུང་གི་གནད་སོགས་སྔར་བཞིན་བྱེད། དེ་ནས་གསང་རྩ་བསྡམས་པའི་འབེབས་ཆུང་ལན་གསུམ་ལས་མི་ཉུང་བ་བྱ་སྟེ་ཡོངས་འཛིན་ཞེས་བྱའོ། །དེ་ལྟར་གཉིས་ལས་སྔ་མ་འདྲེན་


TNT04_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེམས་སྦྲགས་མ་དང༌། ཕྱི་མ་འདི་བཟུང་བསྐྱིལ་བཟློག་གསུམ་སྦྲགས་མ་སྟེ། བི་བྷུ་ཏི་ཙནྡྲ་ལ་ཤ་ཝ་རི་པས་དངོས་སུ་གདམས་པའི་ཉེ་བརྒྱུད་ཀྱི་མན་ངག་གོ །དེ་རྣམས་ཀྱི་མཐར་གོང་དུ་བཤད་པའི་འབེབས་རྣམས་གལ་ཆེའོ། །དེ་ལྟར་ན་རྗེས་དྲན་གདམས་ངག་ཅན་གྱི་ལུགས་སྲོལ་ཕལ་ཆེར་འདུས་པའི་འཁྲུལ་འཁོར་ཉི་ཤུ་མོན་མེ་བྲག་ཁ་བ་གྲགས་པ་སེང་གེ་དང༌། སྲོན་པ་ཆོས་དཔལ་བཟང་པོ་ལ་སོགས་པས་སྡོམ་ཚིག་ཏུ་མཛད་པའི་ལག་ལེན་ཇི་ལྟ་བ་བཞིན་དུ་བཀོད་པའོ། །དེ་ལྟར་ན་རྣལ་འབྱོར་ཡན་ལག་དྲུག་པའི་ལམ་ལ་ཉེ་བར་མཁོ་བའི་འཁྲུལ་འཁོར་གྱི་ལག་ལེན་གསལ་བྱེད་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་གབ་པ་དང་དཀྲུགས་པ་མེད་ཅིང་ཤིན་ཏུ་གསལ་བར་སྦྱར་བའོ། །བཀྲ་ཤིས། དགེའོ། མཆན་དང་ཨ་གུ་རྣམས་ནི་དཔལ་འཛམ་ཐང་དགོན་གྱི་ཕྱག་ལེན་ཐུབ་བསྟན་འགྱུར་མེད་རྒྱལ་མཚོའི་གསུངས་རྒྱུན་ལྟར་དང་དགེ་བཤེས་རིན་པོ་ཆེ་དང་བླ་མ་རིག་མཆོག་རྣམ་གཉིས་སོགས་ཀྱི་གསུང་རྒྱུན་ལྟར་ལེན་བས་ཁོང་ལྡན་ཡིན་ཀྱང་ཡི་གེའི་གཞུང་དུ་མ་བྲིས་ལགས། རབ་དཀར་འདི་བསྐྲུན་པས། མ་ལུས་འགྲོ་ཚོགས་ཀྱི། གནས་སྐབས་མཐར་ཐུག་གི། དཔལ་ཡོན་མཐའ་མདེ་ཤོག འདི་ཡང་མ་ཏིས་བྲིས།


previousཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ལུས་སྦྱོང་འཁྲུལ་འཁོར་གྱི་མན་ངག་གསལ་བྱེད། no next