Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
གསང་འདུས་འཕགས་ལུགས་རིམ་ལྔ་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག་འཁྲུལ་བའི་དྲི་བྲལ་ཞེས་བྱ་བ་མར་པའི་དགོངས་པ་ཇི་ལྟ་བ།
   
   


 
previousགསང་འདུས་འཕགས་ལུགས་རིམ་ལྔ་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག་འཁྲུལ་བའི་དྲི་བྲལ་ཞེས་བྱ་བ་མར་པའི་དགོངས་པ་ཇི་ལྟ་བ།next

གསང་འདུས་འཕགས་ལུགས་རིམ་ལྔ་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག་འཁྲུལ་བའི་དྲི་བྲལ་ཞེས་བྱ་བ་མར་པའི་དགོངས་པ་ཇི་ལྟ་བ།


TNT05_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་འཕགས་ལུགས་རིམ་ལྔ་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག་འཁྲུལ་བའི་དྲི་བྲལ་ཞེས་བྱ་བ་མར་པའི་དགོངས་པ་ཇི་ལྟ་བ་བཞུགས། ཡི་གེ་འདི་ལྟ་བུ་ཤིན་ཏུ་གསལ་བར་འཁོད་པ་གཞན་ཆེར་མེད་པས་བཀའ་དམ་པར་བྱའོ།།


TNT05_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་རཱ་ཡ། དཔལ་གསང་བ་འདུས་པའི་རིམ་ལྔ་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག་འཁྲུལ་པའི་དྲི་བྲལ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ལང་ཚོས་རབ་སྒེག་ཕུན་ཚོགས་ཡིད་ཀྱི་ཤིང་རྟས་ཉེར་དྲངས་པ། །ཞབས་སེན་གཞོན་ནུ་བདུད་སྡེ་ལས་རྒྱལ་དཔའ་བོ་གང་དེ་ཟུང་འཇུག་གི །ཉམས་བརྒྱའི་རོས་གང་གཞན་ཕན་དགའ་སྟོན་ཐུགས་རྗེའི་མཛེས་མར་རོལ་རྩེད་མཁན། །འཆི་མེད་དབང་པོའི་གཙུག་གི་ཁྱིམ་དུ་ནམ་ཡང་དགེས་རོལ་རྗེ་བཙུན་གང༌། །བདག་གི་སེམས་ལ་རྟག་བཞུགས་ཤིང༌། །མ་ལུས་འགྲོ་བ་བདེ་ཆེན་གྱི། ། ལོངས་སྤྱོད་མཆོག་གིས་མགྲོན་གཉེར་ནས། །སྲིད་གསུམ་རྒྱལ་ཐབས་སྒྲུབ་ཏུ་གསོལ། །དཔའ་བོ་དང་བཅས་མཁའ་འགྲོ་མས། །བྱིན་བརླབས་དགའ་བཞིའི་གཟི་འོད་ཅན། །མར་པར་གྲགས་དེའི་མན་ངག་དག །ཅུང་ཟད་སྨྲ་ལ་སྤྲོ་བར་གྱུར། །རྒྱུད་ཀྱི་རྒྱལ་པོ་དཔལ་འདུས་པ་གཙོ་བོར་གྱུར་པ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཞལ་ལུང་མཐའ་དག་གི་སྙིང་པོའི་དོན་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག །གྲུབ་ཆེན་ནཱ་རོ་པ་ལས་བརྒྱུད་པ་ཐུན་མོང་མ་ཡིན་པ་འདི་


TNT05_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བསྡུས་གསལ་ལས། ཀླུ་སྒྲུབ་མན་ངག་རིམ་བཞིན་བརྒྱུད། །དེ་ཉིད་དགོས་པ་ནཱ་རོས་རྙེད། །འགྲེལ་པ་མཁན་གྱིས་མི་ཤེས་པས། །རྒྱུད་ཀྱང་སྙིང་པོ་བསྡུས་པ་ཡིན། །ཞེས་པ་ལྟར་འཕགས་ཡུལ་གྱི་རྒྱུད་འགྲེལ་མཁན་མང་པོས་ཀྱང་མི་རྟོགས་ན། བོད་གླེགས་བམ་མཐོང་བ་ཙམ་གྱིས་ཁེངས་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། མར་པའི་བརྒྱུད་འཛིན་དུ་རློམ་པ་ཆེར་གྲགས་རྣམས་ཀྱང་མིང་ཙམ་ནི་ཐོས་མོད་དོན་ལ་ནི་ཆ་རྒྱུད་ཙམ་ཡང་མེད་པ་ཁོ་ན་ཏེ་ཁ་ཅིག་ནི་དགོས་ནུས་གང་ཡང་མེད་བཞིན་དུ་བུ་སྟོན་རིན་པོ་ཆེ་དྭགས་བརྒྱུད་དུ་ནན་གྱིས་སྒྲུབ་པས་ངལ་བར་གྱུར་ལ། གཞན་ཤས་ཆེ་ཞིག་གི་ནི་མིང་ཙམ་ཡང་མ་ཐོས་པར་སྣང་ངོ༌། །དེ་ལ་འདིར་སྔོན་འགྲོའི་ཁྲིད་ཀྱིས་རྒྱུད་སྦྱང་བ། དངོས་གཞིའི་ཁྲིད་ཉམས་སུ་ལེན་ཚུལ། འབྲས་བུ་སྐྱེ་བའི་རིམ་པ་བཤད་པའོ། །དང་པོ་ལ་མར་ལུགས་ཀྱི་དགྱེས་རྡོར་རམ་གསང་འདུས་ཀྱི་དབང་ཐོབ་ན་རབ། དེ་མིན་ཡང་བླ་མེད་ཀྱི་དབང་དང་འདིའི་མན་ངག་ཐོབ་པའི་གང་ཟག་གིས། སྐྱབས་སེམས་སྔོན་དུ་འགྲོ་བ་གཞིར་བཞག་སྟེ། བླ་མའི་རྣལ་འབྱོར།


TNT05_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་འབུལ་བ། གསོལ་བ་འདེབས་པ། ཡིག་བརྒྱ་བཟླས་སྒོམ་རྣམས་ཡིན་ཞིང༌། དང་པོའི་སྐབས་སུ་བླ་མ་རྡོ་རྗེ་འཆང་ཞལ་གསུམ་ཕྱག་དྲུག་པ་རང་འདྲའི་ཤེས་རབ་མ་ལ་འཁྱུད་པ། བརྒྱུད་པའི་བླ་མ་རྣམས་ཀྱིས་ཁྲོམ་ཚོགས་སུ་བསྐོར་བ། དཀོན་མཆོག་གསུམ་འདུས་པའི་ངོ་བོ། དེ་ལ་ཡིད་ཀྱིས་མོས་གུས་དྲག་ཏུ་སྒོམ་པ་དང༌། ཐུན་བསྡུ་ཁར་རང་ལ་ཐིམ་པར་བསམ་པ་དང༌། གཉིས་པོའི་སྐབས་སུ་མཎྜལ་གྱི་འཇུག་ཏུ་ཚིགས་བཅད། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་པ་སྟེ་འདི་གསེར་ལྡིངས་པ་ཡབ་སྲས་ཀྱི་དུས་ནས་ཕྱག་ལེན་མཛད། གསུམ་པའི་སྐབས་ཀྱང་ཕྱི་ནང་གསང་བའི་མཆོད་པ་དང་སྡོམ་བཟུང་སྔོན་དུ་འགྲོ་བས་གསོལ་བ་འདེབས་པ་རྣམས་ཁྱད་པར་ཏེ་གཞན་རྣམས་སྤྱི་དང་མཐུན་པར་བྱ། ཡང་ཅུང་ཟད་སྤྲོས་པ་ལ་དགའ་ན། བུ་སྟོན་ཆེན་པོའི་ཁྲིད་ཡིག་ལ་སོགས་པར་འབྱུང་བ་བཞིན་བསྒོམས་ཀྱང་ལེགས་སོ། །བཞི་པ་ཡང་སྤྱི་དང་འདྲའོ། །གཉིས་པ་ལ་བསྐྱེད་རིམ་དང༌། རྫོགས་རིམ་གཉིས་ལས། དང་པོ་བསྐྱེད་རིམ་རྒྱས་པ་སྒོམ་ཚུལ་སྒྲུབ་ཐབས་རྣམས་སུ་ཤེས་པར་བྱ་ལ། ལུགས་འདིའི་བླ་མ་རྣམས་ལུས་དབེན་གྱི་སྒྲིབ་པ་བསྐྱེད་རིམ་ལས་ལོགས་སུ་མེད་དེ་འདི་བསྐྱེད་རིམ་གྱི་ཁྲིད་དུ་འདོད་པ་ཡིན་ལ། རིགས་བརྒྱ་ནས་གསུམ་གྱི་བར་གཞི་འབྲས་ཀྱི་དངོས་པོའི་གནས་ཐབས་ལ་འཆར་བ་ཡིན་མོད་ཀྱི། ཉམས་


TNT05_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གསང་ཆེན་རིགས་གཅིག་ཉིད་ཀྱིས་ཆོག་པར་འདོད་དོ། །དེའི་ཚུལ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོར་སོགས་སྔོན་དུ་བཏང་ནས། ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས། རླུང་ཕར་བསང་ཚུར་བསང་ལན་འགའ་བྱས་ལ་རང་བབས་སུ་བཞག སེམས་ཡང་བཟོ་བཅོས་མེད་པར་ལྷོད་ཀྱི་ཀློད། དེ་ཀའི་ངང་ནས་སྐད་ཅིག་ཙམ་གྱིས་རང་མི་བསྐྱོད་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པའམ་རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་སྣང་གི་ཡུལ་དང་བཅས་པ་ལམ་གྱིས་གསལ་བཏབ་ལ། རྩེ་གཅིག་ཏུ་སེམས་གཟུང༌། དེ་ལྟར་འཛིན་མེད་ཀྱི་ངང་ནས་ལྷ་སྐུར་ལྡང་བ་ལ་ཡང་ཡང་བསླབ་པར་བྱའོ། །དེ་ནི་འདུས་པའི་རྒྱུད་འདིའི་ལུགས་ཏེ། རྒྱུད་གཞན་གྱི་ལུགས་སུ་སྦྱར་བ་ནི་བསྐྱེད་ཚུལ་དེས་དགྱེས་རྡོར་སོགས་རང་གང་མོས་སུ་བསྐྱེད་པའོ། །འདི་མན་ཆད་ཀྱི་དམིགས་པའི་གཙོ་བོ་ཐམས་ཅད་གནད་བཞི་དང་ལྡན་པས་ཉམས་སུ་བླང་དགོས་ཏེ། ལུས་གནད་རྣམ་སྣང་གི་ཆོས་བདུན། ཡུལ་གནད་སོ་སོའི་དམིགས་ཡུལ་ངེས་པ། དུས་གནད་ཐོ་རངས་དང་ཕྱི་དྲོ་ལ་སོགས་པ། རླུང་གནད་སོ་སོའི་གནས་སྐབས་སུ་གསལ་བ་བཞིན་ཏེ། དམིགས་གསལ་མེད་པ་རྣམས་ལ་རང་དགར་བཞག་པའོ། །གཉིས་པ་ལ། ངག་དབེན་རྡོ་རྗེའི་བཟླས་པའི་རིམ་པ། སེམས་དབེན་སེམས་ལ་དམིགས་པའི་རིམ་པ། སྒྱུ་ལུས་བདག་བྱིན་བརླབ་པའི་རིམ་པ། འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པ། ཟུང་འཇུག་མི་གནས་པའི་མྱ་ངན་ལས་འདས་པའི་རིམ་པའོ། །དང་པོ་ནི་རླུང་དང་སྔགས་ཀྱི་དེ་ཉིད་ལེགས་པར་ཤེས་པས་ཉམས་སུ་བླང་བར་བྱ་བ་ཡིན་ཏེ། རྡོར་བཟླས་འཁོར་ལོ་


TNT05_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང༌། འཁོར་ལོ་མེད་པ་དང༌། སེམས་དཔའ་གསུམ་བརྩེགས་དང༌། སྲོག་རྩོལ་དང་འབྲེལ་བར་གཏུམ་མོ་བསྒོམ་པའོ། །དང་པོ་ནི། སྔོན་འགྲོ་སྔར་ལྟར་བྱས་ལ། རྟེན་ལུས་དབེན་གྱི་ལྷ་སྐུ་ཡང་སྔར་བཞིན་བསྐྱེད་ནས། སྙིང་ག་ཆོས་ཀྱི་འཁོར་ལོ་པདྨ་དམར་པོ་འདབ་བརྒྱད་ཕྱི་ནང་སུམ་རིམ་ཅན། འདབ་མ་རྣམས་རྩེ་མོ་གྱེན་ལ་ལངས་པ་ཁྲོང་ངེ་ཡོད་པར་བསྒོམས་ལ། ལྟེ་བ་དང་འདབ་མ་རྣམས་ལ་ཡི་གེ་འགོད་དེ། ལྟེ་བར་ཨ་ཤད་ཏེ་དེ་ཡང་དྷཱ་ཏཱིའི་ནང་དུ་བསྒོམ། ཕྱི་སྐོར་གྱི་ཤར་འདབ་ལ་ཀ་སྡེ། ལྷོར་ཙ་སྡེ། ནུབ་ཏུ་ཏ་སྡེ། བྱང་དུ་ཊ་སྡེ། ཤར་ལྷོར་པ་སྡེ། ལྷོ་ནུབ་ཏུ་ཡ་ར་ལ་ཝ། ནུབ་བྱང་དུ་ཤ་ཥ་ས་ཧ། བྱང་ཤར་དུ་ཀླ་པླ་ལླ་བླ་སྟེ་བཞི་འགོད་པ་ཡིན་ཞིང་ཡི་གེ་བཞི་བོ་དེ་ྈྐ་ྉྤ་ྈྑ་ྉྥ་བཞི་པོའི་དོན་ཡིན་པར་ཡང་བཞེད་དོ། །བར་བ་ལ་ཤར་དུ་ཨ་ཨཱ། ལྷོར་ཨི་ཨཱི། ནུབ་ཏུ་ཨུ་ཨཱུ། བྱང་དུ་ཨེ་ཨཻ། ཤར་ལྷོར་ཨོ། ལྷོ་ནུབ་དུ་ཨཽ། ནུབ་བྱང་དུ་ཨཾ། བྱང་ཤར་དུ་ཨཿ ནང་མ་ལ་ཤར་དུ་རྀ། ལྷོར་རཱྀ། ནུབ་ཏུ་ལྀ། བྱང་དུ་ལཱྀ། ལྟེ་བའི་ཨ་ཤད་ནི་དཀར་པོའམ་དཀར་ལ་དམར་བ། གསལ་བྱེད་རྣམས་དཀར་པོ། དབྱངས་རྣམས་དམར་པོ། མ་ནིང་གི་ཡི་གེ་བཞི་པོ་སྔོན་པོར་བསྒོམ་ཞིང༌། ཡང་ན་པདྨའང་དེ་དང་མཐུན་པའི་མདོག་ཅན་དུ་བསྒོམ་དུ་རུང་བ་གདམ་ང་ཅན་ཡིན་ལ། ཕྱི་མ་ལ་དབྱངས་དང༌། བར་བ་ལ་གསལ་བྱེད་འགོད་པའི་ལུགས་ཀྱང་ཡོད་དེ། རང་ཉིད་གང་མོས་པ་དེ་བླང་བར་བྱའོ། །དེ་ཡང་ཨཱ་ལི་སྣང་བ་དང༌། ཀཱ་ལི་མཆེད་པ་མཚོན་པ་ཡིན་མོད་ཀྱི། ཕན་ཚུན་ཐབས་ཤེས་དབྱེར་མེད་ཀྱིས་རྒྱས་བཏབ་ཅན་ཡིན་པས་ན། ཀཱ་ལིས་སྣང་བ་དང༌། ཨཱ་ལིས་


TNT05_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་པ་མཚོན་པ་ཡང་མན་ངག་མ་ནོར་བ་ལས་བྱུང་བའི་ཕྱིར་ཤིན་ཏུ་ཟབ་པ་ཡིན་ནོ། །ཡི་གེ་ཐམས་ཅད་འདབ་མའི་ལོགས་ལ་འབུར་དོད་དུ་བསྒོམ་གསུང༌། དེ་ལྟར་སྔགས་འཁོར་བསྒོམ་པ་ལ་དམིགས་སྐོར་གཅིག་ཏུ་བྱ་བའམ། བློ་འཁོར་ཆུང་ན་དང་པོར་འཁོར་ལོ་དང་ཨ་ཤད་ཙམ་བསྒོམ་པ་ལ་གཅིག གསལ་བྱེད་འགོད་པ་ལ་གཅིག དབྱངས་འགོད་པ་ལ་གཅིག མ་ནིང་གི་ཡི་གེ་འགོད་པ་ལ་གཅིག་སྟེ་དམིགས་སྐོར་བཞིར་མཛད་པའི་ཕྱག་བཞེས་ཀྱང་ཡོད་དོ། །དེ་ལྟར་སྔགས་འཁོར་བཀོད་ནས་རྡོ་རྗེའི་བཟླས་པ་དངོས་ནི། སྔོན་འགྲོ་ནས་སྔགས་འཁོར་གོང་བཞིན་བསྒོམས་ལ། རླུང་ནང་དུ་འཇུག་པའི་ཚེ་ཨོཾ་དཀར་པོའི་རྣམ་པ། ཨོཾ་གྱི་གདངས་ཅན་དུ་སྣ་སྒོ་ནས་བརྒྱུད། སྙིང་གའི་ཐད་ཀྱི་དབུ་མ་ལ་ཐོགས་མེད་དུ་ཞུགས་ཏེ། འཁོར་ལོའི་ལྟེ་བའི་ཨ་ཤད་ལ་ཐིམ། གནས་པའི་ཚེ་ཨ་ཤད་ཨའི་གདངས་ཅན་དུ་འདུག་པར་བསམ་ལ། ཕྱིར་འགྲོ་བའི་ཚེ་ཧཱུཾ་སྔོན་པོའི་རྣམ་པ་ཧཱུཾ་གི་གདངས་ཅན་དབུ་མ་ལ་ཐོགས་མེད་དུ་སོང་སྟེ། སྣ་སྒོ་ནས་ཕྱིར་སོང་བ་བསམ། དང་པོར་འབྱུང་འཇུག་རེ་དང་ཡུན་མཉམ་པའི་གནས་པ་ཞིག་ཆེད་ཀྱིས་བྱ་དགོས་ལ། གོམས་ནས་རང་ཤུགས་ཀྱིས་གནས་པ་ཇེ་རིང་དུ་སོང་བའི་ཚེ་རང་དགར་འཇོག་པའོ། །འདི་ལ་དམིགས་སྐོར་ལྔའོ། །གཉིས་པ་ནི་སྔོན་འགྲོ་ནས་ལྷར་བསྐྱེད་པའི་བར་འདྲ་བ་ལ། ཐུགས་ཀར་འོད་ཀྱི་ཐིག་ལེ་དཀར་པོ་མེ་ལོང་ཙམ། དབུས་སུ་ཐིག་ལེ་དེའི་སྟེང་དུ་ཨ་ཐུང་དཀར་ནག་ཕྱེད་པའི་མདོག་གིས་མཚན་པ་གསལ་བཏབ་སྟེ་དམིགས་སྐོར་གཅིག་གོ །དེ་ནས་རྡོ་རྗེའི་བཟླས་པ་བྱ་ཚུལ་ནི་གོང་དང་འདྲའོ། །གསུམ་པ་ནི། གཞན་འདྲ་བ་


TNT05_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རང་གི་སྙིང་གར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མཐེ་བོང་ཙམ་སྐུ་ཆུང་ལ་ཡན་ལག་དོད་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་ཡུངས་འབྲུ་ཙམ་གྱི་ལྟེ་བ་ལ་ཧཱུཾ་མཐིང་སྐྱ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་ལ་སེམས་འཛིན་པ་སྟེ་དམིགས་སྐོར་གཅིག དངོས་གཞི་རྡོ་རྗེའི་བཟླས་པ་ནི་གོང་དང་མཚུངས་ཏེ། གནས་པའི་ཚེ་ཧཱུཾ་གི་རྣམ་པ་ལ་ཨའི་གདངས་ཅན་ནམ། ཧཱུཾ་གི་དབུས་སུ་ཨཱཿཡིག་ཕྲ་མོ་ཞུགས་པ་ལྟར་བསྒོམ་པ་གང་བདེ་བ་ཞིག་བྱའོ། །དེ་ལྟར་ཕྱི་མ་གཉིས་ལ་དམིགས་སྐོར་གཉིས་ཏེ་བཞིའོ། །བཞི་པ་ནི། འདུས་པ་འཕགས་སྐོར་རང་ལུགས་ལ་མེ་དམིགས་ཀྱི་གཏུམ་མོ་སྒོམ་པའི་གསལ་ཁ་མེད་ཀྱང༌། མ་རྒྱུད་ཀྱི་མན་ངག་དང་བསྟུན་ན་ཤིན་ཏུ་ལེགས་པས། འདི་ལ་ལུས་གནད་མེ་ཐབ་དྲུག་བཅིང་བྱ། རྩའི་གནད་རང་ཡི་དམ་དུ་གསལ་བའི་སྤྱི་བོ་ནས་གསང་བའི་བར་དུ་རྩ་དབུ་མ་ལུས་ཀྱི་དཀྱིལ་འཁོར་ནས་ཡར་ཡོང་བ། གཡས་གཡོན་རོ་རྐྱང་གཉིས་ཡས་སྣེ་སྣ་སྒོ་གཉིས་ལ་ཟུག དེ་ནས་ཡར་སོང་སྤྱི་བོའི་དབུ་མའི་ཡས་སྣེའི་གཡས་གཡོན་ལ་འབྱར་ཞིང༌། དེ་ནས་བརྩམས་ལྟེ་འོག་སོར་བཞིའི་བར་དུ་གསུམ་གཞིབས་སུ་འདུག་པ་དང༌། དེ་ནས་རོ་རྐྱང་གི་མ་སྣེ་གཉིས་དབུ་མའི་མས་ཀྱི་སྒོ་ཉའི་ཁ་ལྟ་བུ་ཡོད་པར་ཆུང་བ་བསྒོམ་སྟེ་དམིགས་སྐོར་གཅིག དམིགས་པ་ཡུལ་གྱི་གནད་ནི་ལྟེ་འོག་སོར་བཞི་རྩ་གསུམ་འདུས་མདོར་ཆོས་འབྱུང་གྲུ་གསུམ་གྱི་དབུས་ན་མེ་ལྕེ་ཕྲ་མོ་སོར་བཞི་ཙམ་འབར་བ། རྩེ་མོ་ལྟེ་བའི་ཐད་དུ་སླེབ་པ་དང༌། སྤྱི་བོར་དབུ་མའི་ནང་དུ་ཧཾ་དཀར་པོ་མགོ་བོ་ཐུར་བསྟན་གཅིག་བསམ་སྟེ་དམིགས་སྐོར་གཉིས། རླུང་གི་གནད་ནི། བུམ་པ་ཅན་གྱི་སྦྱོར་


TNT05_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

བས། སྟེང་འོག་གི་རླུང་གཉིས་ཀྱིས་བརྩུབས་པའི་མེ་ལྕེ་ཇེ་རིང་ཇེ་རིང་ལ་སོང་སྤྱི་བོའི་ཧཾ་ལ་རེག ཧཾ་ལས་ཐིག་ལེ་དཀར་ཉི་ལི་ལི་བབས་མེ་ལྕེ་ཇེ་ཐུང་ཇེ་ཐུང་ལ་སོང་ལྟེ་བར་སླེབ་པས་བདེ་བ་སྐྱེད་པར་བསམས་ལ། དབང་གི་ཡེ་ཤེས་ཅུང་ཟད་དྲན་པར་བྱས་ཤིང༌། མི་རྟོག་པ་དང་སྤེལ་གྱིན་བསྒོམ་པར་བྱའོ། །དེ་ནས་འབར་འཛག་ལ་བསླབ་པའོ། །དམིགས་སྐོར་གསུམ་པའོ། །ཨ་ཤད་ལ་དམིགས་པ་ནི་ཧཾ་མི་སྒོམ་པར་ལྟེ་བའི་ཨ་ཤད་མེ་ལྕེ་རྩེ་མོ་རྣོན་པོ་ལྟེ་བ་ཡན་ཆད་དུ་མི་འགྲོ་བར་ཟིང་ངེ་འདུག་པ་ལ་སེམས་གཏད༌། རླུང་སྦྱོར་བ་བཞི་ལྡན་སྒོམ་པ་ཡིན་ནོ། །དམིགས་སྐོར་བཞི་པའོ། །ཐིག་ལེ་ལ་དམིགས་པ་ནི། ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པས་རྩ་ནང་མེ་རེ་གང་བ་ལ་སེམས་གཏོད་པ་སྟེ་དམིགས་སྐོར་ལྔ་པའོ། །མི་རྟོག་པ་ལ་དམིགས་པ་ནི། སེམས་བཟོ་བཅོས་མེད་པར་བཞག་པའི་ངང་ནས་རླུང་སྦྱོར་བ་བཞི་ལྡན་ལ་བསླབ་པར་བྱ་སྟེ་དམིགས་སྐོར་དྲུག་གོ དེ་ལྟར་ན་རིམ་པ་དང་པོ་ལ་དམིགས་ཆེན་བཞི། དམིགས་སྐོར་བཅོ་ལྔའོ།། །།གཉིས་པ་ལ་དངོས་བསྟན་ཆགས་ཅན་འོག་སྒོ་ལ་བརྟེན་པ་དང༌། ཞར་བྱུང་ཆགས་བྲལ་སྟེང་སྒོ་ལ་བརྟེན་པ་གཉིས་ལས། དང་པོ་ནི། འདི་ལ་ལོགས་སུ་ཡིག་ཆུང་ཕྲ་མོ་ཞིག་ཀྱང་ཡོད་མོད་གནད་ཆུང་རྒྱས་པར་དགྱེས་རྡོར་སོགས་ལས་ཤེས་པར་བྱའོ། །གཉིས་པ་ལ། བདེ་ཆེན་འདྲེན་བྱེད་དང༌། སེམས་དབེན་གྱི་ཡེ་ཤེས་བསྐྱང་ཚུལ་ལོ། །དང་པོ་ལ་འཁོར་ལོ་ཅན་དང༌། འཁོར་ལོ་མེད་པ་དང༌། སེམས་དཔའ་གསུམ་བརྩེགས་གསུམ་ལས། དང་པོ་སྙིང་གའི་སྔགས་འཁོར་སྒོམ་པ་


TNT05_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་གོང་དང་འདྲ་བ་ལས། རླུང་བུམ་པ་ཅན་ལ་བསླབ་པ་ནི་དམིགས་སྐོར་གཅིགའདིའི་བུམ་ཅན་ནི་སྤྱི་དང་འདྲ་བ་ལས་ཨོཾ་དྲན་པས་སྟེང་རླུང་མནན། ཧཱུཾ་དྲན་པས་འོག་རླུང་དྲངས་ཏེ་རླུང་གཉིས་སྔགས་འཁོར་ལ་ཐིམ་པར་བསམ། ཨཱཿའི་གདངས་བག་ཙམ་དྲན་པས་ཁ་སྦྱར་དྲག་ཏུ་གཟུང་བའོ། །དེ་ནས་ཨ་ཤད་ཀྱི་འོད་ཕྱི་སྣང་བ་དང་རང་ལུས་དང་གསལ་བྱེད་རྣམས་ལ་ཕོག དེ་ཐམས་ཅད་འོད་ཟེར་དཀར་པོ་ལམ་གྱིས་སོང་གསལ་བྱེད་འོད་དུ་ལམ་པ་ལ་དྲག་ཏུ་སེམས་གཏད། སྔགས་འཁོར་བར་པ་ལ་ཐིམ། ཡང་ཡིག་འབྲུ་རྣམས་སྔ་མ་བཞིན་གསལ་བཏབ་ནས་འོད་དུ་ཞུ་བ་སོགས་དྲག་ཏུ་བསྒོམ་ཡང་བསྡུ་དེ་ལྟར་ཡང་དང་ཡང་དུ་བྱ་སྟེ། སྣང་བའི་ཡེ་ཤེས་སྒྲུབ་པར་བྱེད་པའོ། །ཡང་ཨ་ཤད་ལས་འོད་འཕྲོས། གསལ་བྱེད་སྔར་བཞིན་བསྡུ་བ་ཡན་ཆད་བྱས་ལ་ཨ་ཤད་ཀྱི་འོད་ཟེར་དབྱངས་རྣམས་ལ་ཡང་ཕོག་འོད་ཟེར་དམར་པོར་ཞུ་བ་ལ་དམིགས། མཐར་སྔགས་འཁོར་ནང་མ་ལ་ཐིམ་སེམས་གཟུང༌། དེ་ལྟར་ཡང་ཡང་སྒོམ་པ་ནི་མཆེད་པ་སྒྲུབ་པར་བྱེད་པའོ། །ཡང་ཨ་ཤད་ལས་འོད་འཕྲོས། དབྱངས་གསལ་ཕན་ཆད་སྔར་བཞིན་བསྡུས་ལ། ཨ་ཤད་གྱི་འོད་ཟེར་མ་ནིང་གི་ཡི་གེ་བཞི་ལ་ཡང་ཕོག་པས་འོད་ཟེར་སྔོན་པོར་ལྟེམ་གྱི་ཞུ་བ་ལ་དྲག་ཏུ་སེམས་གཏད། དེ་ཡང་ཨ་ཤད་ལ་ཐིམ། དེ་ལྟར་ཡང་ཡང་སྒོམ་པ་ནི་ཐོབ་པ་སྒྲུབ་པར་བྱེད་པའོ། །དེ་ནས་ཡང་སྔགས་འཁོར་བསྡུས་ཚུལ་སྔ་མ་ལྟར་བསྒོམས་ལ། ཨ་ཤད་ལ་དྲག་ཏུ་སེམས་གཏོད་པ་དང༌། དེ་ལ་གོམས་པ་ན་སྔར་ལྟར་སྣང་བ་གཞན་ཐམས་ཅད་བསྡུས་


TNT05_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཨ་ཤད་ཀྱང་ནམ་མཁའ་ལ་ཡལ་བར་སྒོམ་པ་ནི་ཐོབ་པ་ཁྱད་པར་ཅན་དཔེའི་འོད་གསལ་སྒྲུབ་པར་བྱེད་པའོ། ། དམིགས་སྐོར་ལྔ་ཡོད། དེ་དག་ཉམས་རྟགས་ཀྱི་རིམ་པ་དང་སྦྱོར་ཚུལ་སོགས་ཡིག་རྙིང་བཞིན་ཤེས་པར་བྱའོ། །གཉིས་པ་ལ་ཐིག་ལེའི་དབུས་སུ་ཨ་ཤད་སྒོམ་པ་ཡན་ཆད་རྡོ་རྗེའི་བཟླས་པའི་སྐབས་དང་འདྲ་བ་ལས། བུམ་ཅན་འཛིན་པ་དང༌། དེ་ནས་ཕྱི་སྣང་བ་ཐམས་ཅད་དང་རང་ཉིད་ལྷར་གསལ་བ་སྙིང་གའི་ཐིག་ལེ་ཟླུམ་པོ་མེ་ལོང་ལྟ་བུ་ལ་ཐིམ། དེ་ལ་རྩེ་གཅིག་ཏུ་སེམས་གཏོད་པ་ཡང་ཡང་གོམས་པར་བྱ་སྟེ་སྣང་བའི་འོ། །དེ་ནས་ཡང་ཐོག་མར་དེ་ཁོ་ན་ལྟར་བསྒོམས་པའི་རྗེས་སུ་མེ་ལོང་ལྟ་བུ་ཡང་ཐིག་ལེ་ལ་ཐིམ་པར་སེམས་འཛིན་དེ་མཆེད་པའི་འོ། །ཡང་དེ་ལྟར་བསྒོམ་ཐིག་ལེ་ཨ་ཤད་ལ་ཐིམ་པ་ལ་སེམས་འཛིན་པ་ནི་སྣང་བ་ཐོབ་པའི་འོ། །ཡང་དེ་ལྟར་བསྒོམས་པ་ལས་ཨ་ཤད་ཇེ་ཕྲ་དང༌། ཤིན་ཏུ་ཕྲ་བའི་ཨ་ཤད་དེ་ཡང་ནམ་མཁར་ཡལ་བར་བསམ་པ་ནི་དཔེའི་འོད་གསལ་གྱི་དམིགས་པའོ། །གསུམ་པ་ལ་ཡང་སེམས་དཔའ་གསུམ་བརྩེགས་ཀྱི་གཞི་བསྒོམ་ཚུལ་རྡོར་བཟླས་ལྟར་ལ། རླུང་བུམ་ཅན་དང་འབྲེལ་བའོ། །དེ་ནས་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ལ་སེམས་རྩེ་གཅིག་ཏུ་གཏོད་དེ་སྣང་བའི་འོ། །ཡེ་ཤེས་སེམས་དཔའ་ཡང་རྡོ་རྗེ་ལ་ཐིམ་པར་བསམ་སྟེ་མཆེད་པའི་འོ། །དེ་ཡང་ཧཱུཾ་ལ་ཐིམ་པར་བསམ་པ་ནི་ཐོབ་པའི་འོ། །ཧཱུཾ་ཡང་ནམ་མཁའ་ལ་ཡལ་བའི་ངང་ལ་རྣམ་པར་མ་སྤྲོས་པའི་ཚུལ་གྱིས་མཉམ་པར་འཇོག་པ་ནི་དཔེའི་འོད་གསལ་གྱིའོ། །དེ་ཐམས་ཅད་ལ་དབང་གི་ཉམས་མྱོང་དྲན་པར་


TNT05_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང༌། བུམ་པ་ཅན་སྦྱོར་བ་བཞི་དང་ལྡན་པའི་རླུང་སྦྱོར་ལ་འབད་པ་ཉིད་ངེས་པར་བྱ་དགོས་ལ། ཡང་འདིར་གཏུམ་མོ་བསྒོམས་པས་སེམས་དམིགས་འདྲེན་པའང་ཡོད་དེ་དཀྱུས་ལ་མི་གསུང་ངོ༌། །གཉིས་པ་སེམས་དབེན་གྱི་ཡེ་ཤེས་བསྐྱང་ཚུལ་ནི། ཐུན་དང་ཐུན་མཚམས་ཐམས་ཅད་དུ་གང་ལ་ཡང་ཆེད་དུ་མ་སྤྲོས་པར་མཉམ་པར་འཇོག་པའི་ངང་ནས་རང་སེམས་ལ་ཆེ་རེ་བལྟ་བའི་ངོ་ཤེས་བྱ་སྟེ། ཡུལ་ལྔའི་སྣང་བ་ལམ་གྱིས་མཐོང་བའམ་ཡིད་ངོར་ལམ་གྱི་ཤར་བ་ནི་སྣང་བ་དང༌། དེ་ཉིད་ཀྱི་སྟེང་དུ་ཕྲ་ཞིབ་དཔྱོད་ཅིང་ཤིན་ཏུ་གསལ་བ་ལྟར་སྣང་བ་ནི་མཆེད་པ་དང། ཆེད་ཀྱིས་མ་བཀག་ཀྱང་དེ་ཁའི་རྒྱུན་ལ་རང་ཤུགས་ཀྱིས་མི་གསལ་དུ་སོང་སྟེ། རིམ་གྱིས་སྣང་བ་འགགས་པ་ནི་ཐོབ་པ་ཡིན་ཏེ། དེ་རྣམས་རང་དུས་སུ་རང་ངོ་ཤེས་པའི་ཚུལ་གྱིས་སྐྱོང་བ་ནི་ཤེས་པ་སྐད་ཅིག་མ་གཅིག་ལ་ཡང་སྣང་མཆེད་ཐོབ་གསུམ་གྱི་ཆ་ཤས་གནས་པར་ངོ་ཤེས་བྱེད་པ་སྟེ། ཇི་སྐད་བཤད་པའི་དམིགས་པ་སྒོམ་པའི་གནས་སྐབས་སུ་ཡང་ཡིད་ངོར་ཤར་བའི་དམིགས་ཡུལ་ལ་བརྟེན་ཏེ་སྣང་བ་གསུམ་འཆར་བའི་ཚུལ་རྣམས་ངོས་ཟིན་པར་བྱས་ནས་དེ་ཁའི་རང་བཞིན་མ་བཅོས་པའི་ཚུལ་གྱིས་བསྐྱང་བར་བྱའོ། །དེ་ལྟར་ན་སེམས་དབེན་ལ་དམིགས་ཆེན་བཞི་དམིགས་སྐོར་བཅུ་དྲུག་གོ། །།གསུམ་པ་སྒྱུ་ལུས་བདག་བྱིན་བརླབ་པའི་རིམ་པ་ལ་གཉིས་ཏེ། མཉམ་བཞག་སྒྱུ་མ་དང༌། རྗེས་ཐོབ་སྒྱུ་མའོ། །དང་པོ་ལ་རང་བཞིན་ངོས་གཟུང་བ་དང༌། སྒྱུ་མ་ངོས་གཟུང་བའོ། །དང་པོ་ནི། ལུས་གནད་སོགས་སྔོན་འགྲོ་སྔར་ལྟར་བྱས་ལ། སེམས་ཡོད་མེད་ཡིན་མིན་ཅིར་


TNT05_Page_1027
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་སྒོམ་པར་ཏིང་ངེ༌། གང་ལའང་མི་ལྟ་བར་ཧྲིག་གེ གང་དུ་ཡང་མི་འཛིན་པར་སེང་ངེ་བཞག རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང་གང་ཤར་དེ་ངོས་ཟིན་པར་བྱས་ལ། འཆར་སྒོ་དབྱིངས་སུ་ཡལ་བའི་ངང་ལ་མ་ཡེངས་པར་སེམས་གཟུང༌། གཉིད་རྨུགས་བྱིང་བ་རྣམས་བྱུང་ན་ལྟ་སྟངས་གཏོད་རིག་པ་ཧུར་ཕྱུང༌། རྒོད་ཅིང་འཕྲོ་ན་ལྟ་སྟངས་སྨད་ཤེས་པ་ཁོང་ལྷོད། སྔ་ཐུན་ལ་ཉམས་བཟང་ཕྱི་ཐུན་ལ་ངན་པའམ་ཐུན་འགོ་ལ་བཟང་ཞིང་ཐུན་ཞབས་ལ་ངན་ན་རྩོལ་བ་ཀློད་དེ་ངལ་གསོ་བཞིན་བསྒོམ། སྔ་ཐུན་ལ་ངན་ཕྱི་ཐུན་ལ་བཟང་བ་སོགས་དེ་ལས་བཟློག་ན། སྦྱོར་བ་ཞན་པ་ཡིན་པས་ཐུན་འགོ་ནས་འཇུག་དུ་བྱས་ལ་གྲིམ་ལྷོད་རན་པོར་བསྐྱངས་མ་བཅོས་པའི་རང་སོ་ལ་ཚོ་ཐུབ་པར་བྱས་ཏེ་བསྒོམ་མོ། །སྐབས་འདིར་ཡང་ས་ཆུ་མེ་རླུང་སྣང་གསུམ་ཐིམ་པའི་རྟགས་འབྱུང་སྟེ་དེ་ལས་དཔེའི་འོད་གསལ་སྐྱེ་བས་དེ་ཉིད་ཡུན་རིང་དུ་བསྐྱང་པར་བྱའོ། །གཉིས་པ་ལ་དམིགས་པའི་གཞི། དམིགས་པའི་ཡན་ལག དམིགས་པའི་བོགས་འདོན་ཏེ་གསུམ་ལས། དང་པོ་ནི། སྔོན་མ་དེ་ལ་ཅུང་ཟད་མྱོང་བ་སྐྱེས་ནས་སྔར་ལྟར་བསྐྱངས་དཔེའི་འོད་གསལ་གྱི་སྐབས་སུ་བབ་པ་ན། དེ་ཁ་རིང་དུ་བསྐྱངས་ཏེ། མཐར་སེམས་ཀྱི་གསལ་ཆ་ངོས་གཟུང་སྟེ། དེ་ཉིད་སྐད་ཅིག་ཙམ་གྱིས་རྡོ་རྗེ་འཆང་གི་སྐུར་བསྒོམ། དེར་ལྷ་སྐུར་སྣང་ཙམ་ངོས་གཟུང་མེད་པ་དེ་ལ་རང་ངོ་ཤེས་པར་བྱས་ཏེ་བསྐྱངས། གཉིས་པ་ནི་འཁོར་ལོ་ཅན་དང༌། འཁོར་ལོ་མེད་པ་གཉིས་ལ་ན་དའི་བར་དུ་བསྡུས་ཏེ། ན་དར་སྣང་ཙམ་དེ་ཉིད་ལྷ་སྐུར་ལམ་སྟེ་བསྒྱུར་བའོ། །སེམས་དཔའ་གསུམ་བརྩེགས་ལ་ཧཱུཾ་


TNT05_Page_1028
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་པ་དེ་ལྷ་སྐུར་བསྒྱུར་བའོ། །འོག་སྒོ་བདེ་བ་ཆེན་པོ་ལ་ནི་བདེ་བ་བརྗོད་བྲལ་གྱི་ཉམས་དེ་དམིགས་པས་བསྒྱུར་བས་ལྷ་སྐུར་ལམ་མེ་འཆར་བར་བྱེད་པའོ། །གསུམ་པ་དམིགས་པའི་བོགས་འདོན་ནི། བྲིས་སྐུ་འགྱིང་ལོག་འོག་སྐོར་ཟླུམ་པོའི་ནང་དུ་བཞུགས་པ་ཅིག་རང་གི་སྙིང་གའམ། དཔྲལ་བའི་ཐད་ཙམ་དུ་བཏགས་ལ་དེའི་གཟུགས་བརྙན་མེ་ལོང་དངས་པའི་ནང་དུ་འཆར་བར་བྱས་ཏེ། གཟུགས་བརྙན་གྱི་ཐུགས་ཀར་སེམས་རྩེ་གཅིག་ཏུ་དྲིལ་ཏེ་མ་ཡེངས་པར་སལ་ལེ་བལྟ། གཟུགས་བརྙན་ཙམ་གསལ་བ་སྣང་བ། སྤུ་རིས་ཕྲ་མོ་གསལ་ཞིང་ལོགས་སུ་ཆད་པ་ལྟར་སྣང་བ་མཆེད་པ། མི་གསལ་བ་རང་ལོག་ཏུ་ནག་ཐུམ་གྱིས་སོང་བ་ཐོབ་པ། ཅི་ཡང་མི་སྣང་བའི་ཤེས་པ་གསལ་སིང་ངེ་བ་དཔེའི་འོད་གསལ། དེ་ཁའི་ངང་ནས་ཉམས་དང་སྣང་བ་ལམ་མེ་འཆར་བ་ཀུན་རྫོབ་བདེན་པ་སྒྱུ་ལུས་ཏེ། དེ་ཐམས་ཅད་ལ་མིང་དོན་དྲན་པ་ཙམ་དུ་མ་སོང་བར་བསམ་བྱ་བསམ་བྱེད་དང་བྲལ་བའི་ངང་ནས་རང་ངོ་ཤེས་པའི་ཚུལ་གྱིས་ཡང་ཡང་བལྟ་ཞིང་བསྒོམ་པར་བྱའོ། །མཉམ་བཞག་སྒྱུ་མའི་སྐོར་ལ་དེ་ལྟར་ན་དམིགས་སྐོར་བདུན་ནོ། །གཉིས་པ་རྗེས་ཐོབ་སྒྱུ་མ་ལ། སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་གསུམ་གྱི་དང་པོ་ལ་ཡང་གསུམ། དང་པོ་དམིགས་པའི་རྩ་བ་ནི་ཐུན་མཚམས་ཐམས་ཅད་དང༌། ཐུན་གྱི་སྐབས་སུ་ཡང་རང་བབས་སུ་ངལ་གསོ་བའི་སྐབས་སོགས་ཐམས་ཅད་དུ། ཕྱི་རོལ་གྱི་སྣང་བ་ཐམས་ཅད་ལ་རོ་མཉམ་པར་བྱེད་དེ། གཟུགས་ལེགས་མི་ལེགས་ནས་རེག་བྱ་འཇམ་རྩུབ་བསྟོད་སྨད་བདེ་སྡུག་ཐམས་ཅད་སྣང་ཡང་བདེན་པར་མེད་པ་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་གང་


TNT05_Page_1029
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་དེ་ཁ་ལ་ཆེ་རེ་མཉམ་པར་འཇོག བཟང་ངན་བླང་དོར་གྱི་དབྱེ་གསལ་མེད་པར་མཉམ་ཉིད་དུ་ཤེས་པར་བྱེད་པའོ། །གཉིས་པ་དེའི་བོགས་འདོན་སྤོགས་ཆོག་མ་དག་པའི་སྒྱུ་མའི་སྒོ་ནས་སྦྱང་བ་དང། དག་པའི་སྒྱུ་མའི་སྒོ་ནས་སྦྱང་བ་གཉིས་ཀྱི་དང་པོ་ལ། རང་གི་མདུན་དུ་མེ་ལོང་ཞིག་བཞག དེ་ལ་རང་གི་གཟུགས་བརྙན་འཆར་དུ་བཅུག་སྟེ། དེ་ལ་གཡས་ནས་མཆོད་བསྟོད་སྣ་ཚོགས་བྱེད་པར་བསམ། གཡོན་ནས་སྨད་པ་དང་བརྡེག་འཚོག་སྣ་ཚོགས་བྱེད་པར་བསམ་པའམ། སྒྲུབ་གྲོགས་མཚན་ཉིད་ཚང་བ་ཡོད་ན་དེས་དངོས་སུ་བསྟོད་སྨད་སོགས་བྱས། གཟུགས་བརྙན་ལ་ནི་དགའ་མི་དགའ་མེད། རང་སེམས་ལ་འདུག་ན། ཡུལ་བདེན་པར་མ་གྲུབ་པས་ཡུལ་ཅན་འཁྲུལ་པར་ཤེས་པའི་སྒོ་ནས་བདེན་འཛིན་ཚར་བཅད། དེ་ནས་གཟུགས་བརྙན་དེ་མེ་ལོང་ནས་བཏོན། དེ་དང་རང་གི་བར་དུ་བཞག་ལ་སྔར་བཞིན་བྱ་དེ་ནས་དེ་རང་ལ་ཐིམ། རང་གཟུགས་བརྙན་ལྟ་བུར་བསམ་སྟེ། དེ་ལའང་སྔར་བཞིན་བྱ། དེ་ནས་སྣང་བ་ཐམས་ཅད་སྒྱུ་མར་འཆར་བར་འགྱུར་ཏེ། འོན་ཀྱང་ད་དུང་སྙེམས་འཁྲིགས་ཅུང་ཟད་སྣང་ན། ཆགས་སྡང་གི་ཡུལ་གཙོ་བོར་གྱུར་པའི་ཡུལ་སྣང་ཐམས་ཅད་སྒྱུ་མར་སྦྱངས། དེ་བཞིན་དུ་རང་སེམས་སུ་ངོ་ཤེས་བྱས་པས་སེམས་ཀྱི་ངོར་སྣང་ཙམ་ལས་རང་བཞིན་གཞི་མེད་འཆར་བར་འགྱུར་རོ། །གཉིས་པ་ནི། མེ་ལོང་ནང་དུ་རྡོ་རྗེ་སེམས་དཔའི་སྐུ་གཟུགས་ཀྱི་གཟུགས་བརྙན་ཤར་བ་ལ་སེམས་གཟུང༌། དེ་ལ་བསྟོད་སྨད་སོགས་སྔར་དང་འདྲ། དེར་ཅུང་ཟད་མྱོང་བ་ཐོན་པ་ན་བར་དུ་བཞག་ལ་སྒྱུ་མར་ངོ་ཤེས་བྱའོ། །དེ་ལ་ཡང་བརྟན་ནས་དེ་རང་ལ་ཐིམ་


TNT05_Page_1030
[མ་དཔེ་གཟིགས་ན་འདིར་གནོན།]

པས། རང་ཡི་དམ་གྱི་ལྷའི་རྣམ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་ཏེ། སྒྱུ་མ་ལྟར་བདེན་མེད་དུ་ཤེས་པར་བྱས་ལ་དེ་ག་ལ་ལྷན་ནེ་མཉམ་པར་འཇོག་གོ །གསུམ་པ་ཡན་ལག་རྣམ་ཐར་ལ་བསླབ་པ་ནི། རང་ལྷ་སྐུ་ཡབ་ཡུམ་སྒྱུ་མ་ལྟ་བུའི་ངང་ནས། སྲོག་རྩོལ་དང་བུམ་ཅན་དྲག་ཏུ་སྦྱངས་པས་ཉམས་སྣ་ཚོགས་པའི་སྒྱུ་མའི་རྣམ་ཐར་འབྱུང༌། ཁྱད་པར་སྙིང་གའི་ཐིག་ལེ་ཨ་ཤད་དང་བཅས་པ་ལ་དམིགས་ནས། རླུང་ལ་འབད་པས་རྣམ་ཐར་སྣ་ཚོགས་པའི་རྨི་ལམ་བཞིན་དུ་སད་དུས་ཀྱང་འབྱུང་ངོ༌། །དེ་ལྟར་ན་སྣང་བ་སྒྱུ་མའི་སྐོར་ལ་དམིགས་སྐོར་བཞིའོ། །གཉིས་པ་རྨི་ལམ་སྒྱུ་མ་ལ། གཟུང་བ་དང༌། སྦྱང་བ་དང༌། གཅིག་ཏུ་བྱེད་པ་གསུམ་མོ། །དང་པོ་ལ། ཉིན་མོ་དྲན་པ་རྒྱུན་ཆགས་ཀྱིས་གཟུང་བ་དང༌། མཚན་མོ་མན་ངག་བཙན་ཐབས་ཀྱིས་གཟུང་བ་གཉིས་ཀྱི་དང་པོ་ནི། དབེན་པར་མཚམས་དམ་པར་བཅད་ལ། འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་དྲག་པོ་བསྐྱེད་དེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་བདེན་པར་འཁྲུལ་བའི་སེམས་ཅན་རྣམས་སྙིང་རེ་རྗེ་སྙམ་པ་དང༌། ཆོས་ཐམས་ཅད་སྣང་ཡང་བདེན་པར་མེད་པ་སྒྱུ་མ་ལྟ་བུ་ཡིན་ནོ་སྙམ་ཐུན་གྱི་སྐབས་སུའང་དྲག་ཏུ་སྦྱངས། ཁྱད་པར་འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཅི་བྱེད་ཀྱང་རྨི་ལམ་རྨི་བ་ཡིན་པ་འདུག འགྲོ་འཆག་སོགས་འདི་ཀ་རྨི་ལམ་ཡིན་པ་འདུག་སྙམ་པ་ལ་སོགས་པའི་དྲན་འདུན་ཐུར་ཐུར་རྒྱུན་དུ་བསྟེན། གཉིས་པ་ནི་ཉལ་ཁར་བླ་མའི་རྣལ་འབྱོར་བསྒོམས་ལ། བདག་ལ་དོ་ནུབ་རྨི་ལམ་མང་པོ་རྨི་བར་བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་གསལ་པོ་རྨི་བར་བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་བཟང་པོ་རྨི་བར་བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱིན་གྱིས་བརླབ་ཏུ་


TNT05_Page_1031
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཞེས་གསོལ་བ་བཏབ། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། མགྲིན་པར་པདྨ་འདབ་མ་བཞི་པའི་མདུན་གྱི་འདབ་མ་ལ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར། དབུས་སུ་ཨ་ཤད་དམར་པོ་བསྒོམས་ལ། དོ་ནུབ་རྨི་ལམ་མང་པོ་རྨི་བར་བྱ། གསལ་པོ་རྨི་བར་བྱ། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་ཡང་ཡང་བྱ། དེ་ནས་མགོ་བྱང་དུ་ཕྱོགས་པས་གློ་གཡས་པ་འོག་ཏུ་བཅུག་པ་སེང་གེའི་ཉལ་ཐབས་ཀྱིས་ཉལ། དང་པོར་ཨ་ལ་སེམས་གཟུང༌། གཉིད་ཡོད་འདོད་པ་ལ་ནུ་ལ། ཅུང་ཟད་ཟི་བ་ལ་ཏ་ལ། ཐིབས་པ་ལ་ར་ལ། གཉིད་དུ་ཐིམ་སོང་བ་ན་ཨ་ཤད་ལ་སེམས་གཟུང༌། ཞེས་འབྱུང་ཡང་ལས་དང་པོ་པས་སྔོན་མ་དེ་དག་ནན་ཆེ་བ་ཚར་རེ་སོང་ནས་ཨ་ཤད་ལ་སེམས་འཛིན་པ་རང་ལེགས་སོ། །ཡང་ན་མགྲིན་པར་ཨ་ཤད་ཀྱི་ཚབ་ཏུ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཐིག་ལེ། དེ་ལས་འོད་འཕྲོས་ལུས་ཐམས་ཅད་བདེ་བས་གང༌། སེམས་དཔའ་གཉིས་ཐིག་ལེ་ལ་ཐིམ། དེ་ལ་འདུན་པ་དང་བཅས་སེམས་གཟུང༌། འདི་གཉིས་གདམ་ང་ཅན་ནོ། །དེར་ཐུན་དང་པོ་ལ་མ་ཟིན་ན། སད་ཙམ་ན། ད་རེས་རྨི་ལམ་མ་ཟིན་པ་མ་ལེགས། ད་ཅིས་ཀྱང་ཟིན་པར་བྱ་སྙམ་དུ་འདུན་པ་དྲག་ཏུ་བཏང་ཞིང༌། ཨ་ནུ་ཏ་ར་ལ་སེམས་གཏད་དེ་གཉིད་ལོག དེར་ཡང་སད་པ་ན་སྔར་བཞིན་བྱ། དེ་ལྟར་ཡང་ཡང་བསྒོམས་པས་རྨི་ལམ་ཟིན་པར་འགྱུར་རོ། །ཡུན་རིང་དུ་སྦྱངས་ཀྱང་མ་ཟིན་ན་འབྱམས་པ་ཡིན་ཏེ། དེ་ལ་བཞི། སྟོང་འབྱམས། སྡུགས་འབྱམས། སད་འབྱམས༌། དྲེད་འབྱམས་སོ། །དང་པོ་ནི། རྨི་ལམ་མི་རྨི་བ་ཡིན་ཏེ། དེ་ལ་གཉིད་ལོག་ཁར། རླུང་བུམ་པ་ཅན་མང་དུ་བཟུང༌། ཨ་ནུ་ཏ་ར་ལ་དམིགས་པ་དྲག་ཏུ་གཏད་པའམ། ཡང་ན་ཐིག་ལེ་དམར་པོ་གདན་དུ་འདིངས་པ་སྟེ། རང་རང་གདན་གྱི་


TNT05_Page_1032
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་སྒོམ་པའམ། དེ་དམར་འདལ་ལ་ལ་འདལ་བས་གདན་ཐམས་ཅད་ཁྱབ་པར་བསམ། མགྲིན་པའི་ཨ་ཤད་ལ་སེམས་དྲག་ཏུ་གཏད། རྨི་ལམ་རྨི་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་བཏང་བས་སེལ་ལོ། །གཉིས་པ་ནི། རྨི་ལམ་རྨི་ཡང་ངོ་ཤེས་རྒྱུ་ཡེ་མ་བྱུང་ན་སྡུགས་འབྱམས་སམ་འཁྲུལ་འབྱམས་ཡིན་ཏེ། ཉིན་མོ་མགྲིན་པའི་ཨ་ནུ་ཏ་ར་ལ་སེམས་དྲག་ཏུ་གཏད། ཅིས་ཀྱང་རྨི་ལམ་ངོ་ཤེས་པར་བྱའོ་སྙམ་པའོ་འདུན་པ་རྟག་ཏུ་བསྐྱངས་ཤིང༌། ཉལ་ཁང་ཡང་འདུན་པ་ལན་བདུན་ལས་མི་ཉུང་བ་བཏང་བས་སེལ་བ་ཡིན་ནོ།། དེས་ཀྱང་མ་ཟིན་ན། སྨིན་མཚམས་སུ་ཐིག་ལེ་དམར་པོ་རྒྱ་སྲན་ཙམ་གྱི་འབྲུ་ཚད་ཙམ་ལ་དམིགས་ནས་རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་རྒྱུན་ཆགས་སུ་སྦྱངས་ཤིང༌། ཁྱད་པར་ཉལ་ཁར་འདུན་པ་ལན་བཅུ་གཅིག་ལས་མི་ཉུང་བ་བཏང་ངོ༌། །དེས་ཀྱང་མ་ཟིན་ན་སྔ་དྲོའི་དུས་ད་ལྟའི་སྣང་བ་འདི་ཐམས་ཅད་རྨི་ལམ་ལྟ་བུར་འདུག་པ་ལ། སྔར་དེ་ལྟར་མ་ཤེས་པར་བདེན་པར་གཟུང་འདུག་ད་བདེན་མེད་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་དྲག་ཏུ་སྦྱངས་ཤིང༌། ཉི་མ་ཕྱི་ཕྲེད་ནས་ད་ལྟའི་སྣང་བ་ཐམས་ཅད་ལ་རྨི་ལམ་རྨི་བ་ཡིན་པ་འདུག་སྙམ་བྱ། མཚན་མོ་ཉལ་ཁར་རླུང་བུམ་པ་ཅན་མང་དུ་བཟུང༌། རྡོ་རྗེའི་རྩེ་མོའི་བུ་གར་ཐིག་ལེ་ནག་པོ་རིལ་མ་ཙམ་ཞིག་བསྒོམས་ལ། འདུན་པ་ཉེར་གཅིག་ལས་མི་ཉུང་བ་བཏང་བས་ངེས་པར་ཟིན་པར་འགྱུར་རོ། །གསུམ་པ་ནི། ཟིན་མ་ཐག་སད་ཡོད་པ་ཁོ་ན་བྱུང་ན་སད་འབྱམས་ཡིན་ཏེ། ཉིན་མོ་དོ་ནུབ་རྨི་ལམ་རྨི་བར་བྱ། མི་སད་པར་བྱ་སྙམ་པའི་འདུན་པ་དྲག་ཏུ་བྱ། ཉལ་ཁར་འདུན་པ་དྲག་པོ་ལན་འགའ་བྱས་ཏེ། རྡོ་རྗེ་ནོར་བུའི་ནང་དུ་ཐིག་ལེ་ནག་པོ་སྲན་མ་ཙམ་བསྒོམས་ལ། དེ་ཇེ་ཆེ་ལ་སོང་སྟེ་ལུས་ཀྱི་


TNT05_Page_1033
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཐམས་ཅད་གང༌། ལུས་ཀྱི་ཕྱི་ཐམས་ཅད་ཀྱང་གོས་ལྟར་གཡོགས་པ་ལ་སེམས་གཏད་པས་སེལ་ཏེ། ཐིག་ལེ་ནག་པོ་གོས་སུ་བགོ་བ་ཞེས་བྱ་བ་ཡིན་ནོ། །བཞི་པ་ནི། ལན་ཅིག་རྨི་ལམ་ཟིན་ཡང་དེ་མ་ཐག་འཁྲུལ་འགྲོ་ན་དྲེད་འབྱམས་ཡིན་ཏེ། ཉིན་པར་དོ་ནུབ་རྨི་ལམ་ལ་ངོ་ཤེས་དང་མ་བྲལ་བར་བྱ། རྨི་ལམ་དེ་ཡང་སྒྱུ་མ་ལྟར་བདེན་མེད་དུ་ཤེས་པར་བྱ། བདེན་མེད་རྩ་བ་ལ་སྟོང་ཉིད་དུ་ཤེས་པར་བྱ་སྙམ་པའི་འདུན་པ་རྒྱུན་ཆགས་སུ་དྲག་པོ་བྱ། ཉལ་བའི་ཚེ་ཐེག་ལེ་དཀར་དམར་ཁ་སྦྱར་གྱི་བར་དུ་ཉལ་བར་བསམ། སྙིང་གའི་ཨ་ཤད་ཧཱུཾ་དུ་བསྒྱུར་བ་ལ་སེམས་གཏད་དེ་དེས་སེལ་ལོ། །གཉིས་པ་སྦྱང་བ་ལ། གཅིག་ཏུ་མི་ཞེན་པའི་ཕྱིར་སྒྱུར་སྤེལ་ལ་སྦྱང༌། ཡ་ངའི་གཉེན་པོར་སྒྱུ་མར་སྦྱང༌། ཡོན་ཏན་བསྐྱེད་པའི་ཕྱིར་རྣམ་ཐར་ལ་སྦྱང་བའོ། །དང་པོ་ནི། དངོས་པོ་གཅིག་བརྒྱ་སྟོང་གྲངས་མེད་པར་སྤེལ་བ་དང། སླར་བསྡུ་བ་དང༌། རིགས་དྲུག་འབྱུང་བཞི་སྡུག་མི་སྡུག་བཟང་ངན་སོགས་ཕན་ཚུན་ཐམས་ཅད་དུ་ཐམས་ཅད་བསྒྱུར་བར་བྱ་སྟེ། དེ་ཡང་ཉིན་པར་དོ་ནུབ་རྨི་ལམ་ཟིན་པ་ན། འདི་དང་འདི་ལྟ་བུའི་སྤེལ་བ་དང་བསྒྱུར་བ་སྣ་ཚོགས་པ་བྱའོ་སྙམ་པའི་འཕེན་པ་ཡང་ཡང་བཏང་བས་དེ་ལྟར་འབྱུང་བ་ལས་གཙོ་བོར་མཉམ་བཞག་སྒྱུ་མའི་ཚུལ་དུ་བསྒྱུར་བ་གལ་ཆེའོ། །གཉིས་པ་ནི། དཔེར་ན་ཉིན་པར་མེ་ལྟ་བུ་ཞིག་མཐོང་པའམ་དྲན་ན་དོ་ནུབ་རྨི་ལམ་གྱི་མེ་ལ། རྨི་ལམ་དུ་ཤེས་ནས་འཇིགས་པར་མི་བྱ། རྨི་ལམ་མེད་བཞིན་སྣང་བ་ཡིན། དེ་ལ་ཐོག་བརྫིས་སུ་བྱའོ་སྙམ་པའི་འདུན་པ་བྱ། དེས་མཚོན་ཏེ་ཅིར་སྣང་ཐམས་ཅད་དང༌། ཁྱད་པར་དུ་ཡང་ཡང་འཇིགས་སྐྲག་དགའ་སྡུག་ངོ་ཚ་སྐྱུག་བྲོ་སོགས་སྐྱེ་བའི་ཡུལ་ཐམས་ཅད་ལ་དེ་ལྟར་


TNT05_Page_1034
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཡིན་ནོ། །གསུམ་པ་ལ་འཇིག་རྟེན་པའི་རྣམ་ཐར་དང༌། འཇིག་རྟེན་ལས་འདས་པའི་རྣམ་ཐར་གཉིས། དང་པོ་ནི། ཉིན་པར་དོ་ནུབ་རྨི་ལམ་བཟུང་མས་ལྐོག་གྱུར་གྱི་དངོས་པོ་འདི་དང་འདི་ལྟ་བུ་བལྟ་བར་བྱའོ། །ལྐོག་གྱུར་གྱི་དོན་འདི་ལྟ་བུ་ཞིག་དྲི་བར་བྱའོ། །ཉི་ཟླའི་འོད་ཟེར་ལ་འཇུག་ནས་ཉི་ཟླའི་སྟེང་དུ་འགྲོ་བ་དང༌། དེ་ནས་གླིང་བཞི་སོགས་བལྟ་བ་དང་སུམ་ཅུ་རྩ་གསུམ་གྱི་གནས་བལྟ་བར་བྱའོ་སྙམ་པ་ལ་སོགས་པ་འདུན་པ་དེ་ཉིད་རྒྱུན་ཆགས་སུ་སྦྱངས། ཉལ་ཁར་རྨི་ལམ་དངོས་སུ་བསམས་ནས་འདུན་པ་དེ་ལྟར་བྱས་པས་གནས་དེར་སླེབ་ཅིང་དེ་དང་དེ་མཐོང་བ་དང༌། དྲིས་པའི་ལན་བཏབ་པ་ལ་སོགས་པར་སྒོམས་ན། རྨི་ལམ་གྱི་དུས་སུ་དེ་བཞིན་དུ་འབྱུང་སྟེ། གཞན་ཡང་འགྲོ་བ་སོ་སོའི་གནས་གོས་བཟའ་བཏུང་སོགས་ལོངས་སྤྱོད་པ་དང༌། ལྷ་ཀླུ་ལྷ་མིན་སོགས་ཀྱི་བུད་མེད་རྣམས་ལ་བདེ་བ་བསྒོམ་པ་སོགས་བྱའོ། །དེ་ཡང་དང་པོར་མི་གསལ་བ་དང༌། ངེས་པ་མེད་པ་ཙམ་འབྱུང་ཞིང༌། ཕྱིས་ཇེ་གསལ་ཇེ་གསལ་དུ་སོང་སྟེ། མཐར་མངོན་ཤེས་ལྷར་ཤེས་པ་འབྱུང༌། འོན་ཀྱང་བདེན་ཞེན་དང་རློམ་སེམས་བྱུང་ན་ལམ་འདིའི་གེགས་ཆེན་པོ་ཡིན་པས་ཅི་དགར་བོར་བར་བྱའོ། །གཉིས་པ་ཡང༌། འདུན་པ་བྱ་ལུགས་སོགས་དེ་ཉིད་དང་འདྲ་བ་ལས། བླ་མའི་དྲུང་དུ་ཕྱིན་ནས་ཐེ་ཚོམ་གཅོད་པ་དང༌། བདེ་བ་ཅན་དང་དགའ་ལྡན་སོགས་སུ་ཕྱིན་ནས་ཆོས་ཉན་པ་དང༌། ཨོ་རྒྱན་དུ་མཁའ་འགྲོ་མ་ལ་དབང་བསྐུར་ཞུ་བ་སོགས་བྱེད་པའོ། །གསུམ་པ་གཅིག་ཏུ་བྱེད་པ་ལ་འོད་གསལ་དང་གཅིག་ཏུ་བྱེད་པ་དང༌། བར་དོ་དང་གཅིག་ཏུ་བྱེད་པའོ། །དང་པོ་ནི། ཉིན་བར་དོ་ནུབ་རྨི་ལམ་གྱི་སྣང་བ་ཐམས་ཅད་དབྱིངས་སུ་དག་པར་བྱས་ཏེ། འོད་གསལ་དུ་


TNT05_Page_1035
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་བྱའོ་སྙམ་པའི་འདུན་པ་ཡང་ཡང་བྱ། ཕྱི་སྣང་བ་དང་རང་གི་ལུས་དང་སེམས་སུ་སྣང་བ་འདི་ལ་ཆེར་གྱིས་བལྟས་པས། ཡིད་ངོར་ཐམས་ཅད་ཀྱི་སྣང་བ་འགགས་པ་དེ་ལ་མཉམ་པར་བཞག ཉིན་པར་འདུན་པ་དང་དེ་གཉིས་སྤེལ་གྱིན་བསྒོམ། ཉལ་ཁར་ཡང་དྲག་ཏུ་བསྒོམས་པས། མཚན་མོ་རྨི་ལམ་ཇི་ལྟར་ཤར་བ་དེ་ལ་སྔར་གྱི་དམིགས་པ་དེ་དྲན་ཏེ་བསྒོམས་པས། རྨི་ལམ་གྱི་སྣང་བ་ཐམས་ཅད་དེ་ཉིད་དུ་ཡལ་ཏེ། གཉིད་ཀྱི་འོད་གསལ་ཅི་རིགས་པ་ཟིན་པར་འགྱུར་ཞིང༌། འདི་གོམས་ནས་ལན་ཅིག་རྨི་ལམ་རྨི་ཡང༌། དེ་མ་ཐག་འོད་གསལ་དུ་བཅུག་ན་གཉིད་འོད་གསལ་དུ་ཆུད་པ་འབྱུང་བ་ཡིན་ནོ། །གཉིས་པ་ནི། དོ་ནུབ་རྨི་ལམ་ལ་བརྟེན་ནས་བར་དོ་ངོ་ཤེས་པ་ཅིག་བྱ་དགོས་པས། བར་དོའི་གདམས་ངག་འདི་དང་འདི་དག་ཡིན་པས། དོ་ནུབ་རྨི་ལམ་དུ་དེ་དག་དྲན་ཞིང་བསྒོམས་པར་བྱའོ་སྙམ་པའི་འདུན་པ་དྲག་ཏུ་སྦྱངས་པས་རྨི་ལམ་དུ་བར་དོའི་གདམས་ངག་དྲན་ཞིང་སྒོམ་པ་འབྱུང་ངོ༌། །དེ་ལྟར་རྩ་བའི་དམིགས་པ་བདུན་ནམ་བརྒྱད། འབྱམས་གཅོད་བཞི་སྟེ་བཅུ་གཅིག་གམ་བཅུ་གཉིས་ནི་རྨི་ལམ་སྒྱུ་མའི་སྐོར་རོ།། །།གསུམ་པ་བར་དོ་སྒྱུ་མ་ལ་བཟུང་བ་དང༌། སྦྱང་བ་དང༌། གཅིག་ཏུ་བྱེད་པའོ། །དང་པོ་ནི། འཆི་བ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་ནས་བར་དོར་ལོངས་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་ཞིག་བཏང་ནས་ཅུང་ཟད་ཅིག་བསམ་མེད་དུ་བཞག སྣང་བ་འདི་ཐམས་ཅད་བར་དོ་དངོས་ཡིན་པ་འདུག་སྙམ་པའི་འདུན་པ་དྲག་ཏུ་སྦྱངས། དེས་མཚན་མོ་རྨི་ལམ་དུ་རྨི་ལམ་གྱི་སྣང་བ་དེ་ཉིད་བར་དོ་དངོས་ཡིན་པ་འདུག་པ་སྙམ་པའི་འདུན་པ་རྒྱུན་ཆགས་སུ་སླེབ་གྱིན་


TNT05_Page_1036
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་ཚེ་ན་བར་དོའི་གནས་སྐབས་སུ་ཡང་ངེས་པར་ངོ་ཤེས་འབྱུང་པས་བར་དོ་ཟིན་པ་ཡིན་ནོ། །འདི་དབང་པོ་རབ་ལ་ནི་མི་དགོས་སོ། །གཉིས་པ་ལ་དབང་པོ་རབ་འབྲིང་གསུམ་ལས། རབ་འོད་གསལ་ཀྱི་སྒོ་ནས་སྦྱངས་པ་ནི། ད་ལྟར་བར་དོ་ཟིན་ཞིང་འོད་གསལ་གྱི་ཉམས་མྱོང་ཡོད་པ་ཞིག་གིས་ད་ལྟའི་ཐུན་དང་ཐུན་མཚམས་ཀྱི་དགེ་སྦྱོར་དཀྱུས་མ་ཐམས་ཅད་ལ་ནམ་ཞིག་འཆི་བའི་དུས་ལྟས་འདི་དང་འདི་འབྱུང་ལ་གདམས་པ་ཉམས་ལེན་ད་ལྟའི་འདི་ཀ་འདི་ལྟ་བུའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་འཕེན་པ་དྲག་པོ་དང་བསྲེ་བ་ཡིན་ཏེ། འཆི་ཁར་དུས་ལ་བབ་པ་ན་ད་རེས་འཆི་བ་འོད་གསལ་མངོན་དུ་བྱས་ཏེ་བར་དོ་ལོངས་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་སྔོན་དུ་འགྲོ་བས། རིལ་འཛིན་དང་རྗེས་གཞིག་གི་རྣལ་འབྱོར་གང་རུང་ལ་བརྟེན་ནས་སྤྲོས་པ་དང་བྲལ་བའི་དབྱིངས་ལ་མཉམ་པར་འཇོག་པ་ཉིད་ཡང་ཡང་གོམས་པར་བྱས་པས། རགས་པ་ཉེར་ལྔ་དང༌། སྣང་བ་དང་རྟོག་པ་ཐིམ་ཚུལ་རྣམས་བྱུང་བ་ན། དེ་དང་དེའི་རྟགས་སྣང་ཤར་བ་ལ་རིལ་གཞིག་གཉིས་ཀྱིས་དབྱིངས་སུ་བསྟིམ་པས། ཐིམ་ཚུལ་རེ་རེས་ཀྱང་ངོ་སྤྲད་པ་བཞིན་སོང་ནས། རྟོགས་པ་གོང་ནས་གོང་དུ་འཕེལ་ཏེ། བར་དོ་དང་པོའི་འོད་གསལ་ཞེས་པ་འཆི་བ་འོད་གསལ་གྱི་སྐབས་སུ་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་ཆེན་པོ་ཐོབ་ནས་བར་དོར་སྒྱུ་མའི་སྐུ་འགྲུབ་པ་ཡིན་ནོ། །འབྲིང་སྒྱུ་ལུས་ལྟར་སྦྱང་བ་ནི། བར་དོ་ཟིན་པ་གཅིག་གིས་ཉིན་པར་རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་གནས་པས། སྤྱིར་ཆོས་ཐམས་ཅད་དང་ཁྱད་པར་དུ་ཆགས་སྡང་སྐྱེ་བའི་ཡུལ་ཐམས་ཅད་སྒྱུ་མ་ལྟ་བུ་བདེན་མེད་ཀྱི་འདུན་པ་སྦྱངས་པས། རྨི་ལམ་དུ་དེ་ལྟར་རྟག་ཏུ་འོང་ན་འཆི་ཁང་ཡང་དེ་


TNT05_Page_1037
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་སྦྱངས་པས་འཆི་བ་འོད་གསལ་གྱི་སྐབས་སུ་དགེ་སྦྱོར་བཟང་པོ་ཞིག་སྐྱེས་ནས་བར་དོའི་རྟེན་ལ་རིམ་གྱིས་གྲོལ་བར་འགྱུར་རོ། །གསུམ་པ་ཐ་མ་བསྐྱེད་རིམ་ལྟར་སྦྱང་བ་ནི། བར་དོ་ཅི་རིགས་པར་ཟིན་ནས་རང་ལྷ་སྐུར་གསལ་བཏབ་སྤྱིར་སྣང་བ་ཐམས་ཅད་ལྷ་སྐུར་བསྒོམ་ཁྱད་པར་དུ་སེམས་ཅན་ཕོ་ཐམས་ཅད་བླ་མའམ་ཡི་དམ་ཡབ་ཏུ་བསྒོམ། མོ་ཐམས་ཅད་བླ་མའི་ཡུམ་མམ་ཡི་དམ་ཡུམ་དུ་བསྒོམ། དེ་ན་སེམས་ཅན་ཅི་མཐོང་དང་ཅི་ཐོས་ཐམས་ཅད་ལ་སྦྱངས་པས། རྨི་ལམ་དུའང་དེ་ལྟར་འོང་ན་སྐྱེ་གནས་ངན་པ་འགགས་ཏེ་རིག་པ་འཛིན་པ་ལ་སོགས་པའི་གནས་སུ་རང་ཉིད་སྐྱེ་བ་ལན་པའམ། དེ་མ་ནུས་ན་ཡང་བླ་མ་ཡི་དམ་གྱི་ཞལ་དངོས་སུ་བསྟན་ནས་ཁྲིད་པར་འགྱུར་རོ།། གསུམ་པ་གཅིག་ཏུ་བྱེད་པ་ལ། དངོས་འཕོ་བ་དང༌། ཞར་བྱུང་གྲོང་འཇུག་གཉིས་ལས། དང་པོ་ལ་སྐུ་གསུམ་གྱི་འཕོ་བ་ནི། རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམ་ལྟར་འཕོ་ཞེས་བཤད་པའི་ཐ་མ་བསྐྱེད་རིམ་སྤྲུལ་སྐུ་ལྟར་འཕོ་བ་ནི། རང་གི་སྤྱི་བོར་བླ་མ་བསྒོམས་རྩ་དབུ་མ་ཟངས་དུང་ཁ་གྱེན་བསྟན་ལྟ་བུ། ལྟེ་བར་ཨཱཿདམར་པོ། སྙིང་ག་ཧཱུཾ་སྔོན་པོ། སྤྱི་བོར་ཀྵ་དཀར་པོ། སྟེང་རླུང་ཅུང་ཟད་མནན། འོག་རླུང་དྲག་ཏུ་དྲངས་ཏེ་སྟོད་དུ་ཕུལ་བ་དང་ཧིཀ་ཅེས་ཡིད་ལ་དྲན་པར་བྱས་པས། ཨཱས་ཧཱུཾ་ཕུལ། ཀྵ་ལ་ཐུག་གི་རེག་པས་ཀྵ་ཏེག་ཏེག་འདུག ཀ་ཅེས་པས་ཀྵ་ལས་ཧཱུཾ་ཆད། ཧཱུཾ་ལས་ཨཱཿཆད་དེ་སྔར་ལྟར་འདུག་པ་ལ་སེམས་གཏད། དེ་ཡང་བུམ་པ་ཅན་རབ་འབྲིང་ཐ་མ་གསུམ་པོ་གང་རུང་གཅིག་དང་བསྟུན་ནས་བསྒོམས་པས། རྟགས་སྤྱི་བོར་དྲོར་འདུ་ཞིང་འབུར་བ་སོགས་འབྱུང་སྟེ་སྦྱོང་བའོ།། འཕོ་བ་དངོས་ནི་གཞན་གོང་དང་འདྲ་


TNT05_Page_1038
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་འབེབས་པ་དང༌། ཀྵ་ཡིག་གསལ་འདེབས་མི་དགོས། ཧཱུཾ་བླ་མའམ་ཡི་དམ་གྱི་ཐུགས་ཀར་ཐིམ་པར་བསམ། ཧིཀ་ཉེར་གཅིག་བྱའོ། །དེའི་འཕྲོས་ལ་བཙན་ཐབས་སུ་འཕོ་བ་དང༌། རྡོ་རྗེ་སེམས་དཔའི་གསང་ལམ་གྱི་འཕོ་བ་ཡོད་པ་དང༌། གཉིས་པ་ཞར་བྱུང་གྲོང་འཇུག་གི་གདམས་ངག་རྣམས་ནི་འདིར་མ་བཀོད་དོ། །དེ་ལྟར་བར་དོ་སྒྱུ་མ་ལ་དམིགས་སྐོར་ལྔའོ། །སྤྱིར་སྒྱུ་ལུས་ལ་དམིགས་སྐོར་ཉེར་བདུན་ནམ་ཉེར་བརྒྱད་ ཡོད་དོ།། །།བཞི་པ་འོད་གསལ་མངོན་པར་བྱང་ཆུབ་པའི་རིམ་པ་ལ། ཐོབ་བྱ་མངོན་བྱང་གཉིས་དང༌། ཐོབ་བྱེད་འོད་གསལ་གྱི་སྒྲུབ་པའོ། །དང་པོ་ནི། ཕྱིའི་མངོན་བྱང་དང་ནང་གི་མངོན་བྱང་གཉིས་ཡིན་ཏེ། ཇི་སྐད་དུ། རྡོ་རྗེ་ཉི་མ་ནུབ་ནས་ནི། ། སྒྲུབ་པ་ཀུན་དུ་བརྩམས་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་འགྱུར། །ཞེས་གསུངས་པའི་དོན་ནི་གཞན་དུ་རྒྱས་པར་རྟོགས་པར་བྱའོ། །གཉིས་པ་ལ་འོད་གསལ་སྒྲུབ་བྱེད་རྣལ་འབྱོར་གཉིས་ལ་སློབ་པ་དང༌། ལོབས་ནས་འོད་གསལ་ཇི་ལྟར་སྒོམ་པའོ། །དང་པོ་ལ་རིལ་པོར་འཛིན་པ་ནི། རང་ཉིད་ལྷ་སྐུར་སྣང་བ་སྒྱུ་མ་ལྟ་བུ་དེ་ལ་མ་ཡེངས་པར་ཆེར་རེ་གཏད་པས་རང་ཤུགས་ལ་རིམ་གྱིས་དབྱིངས་སུ་ཡལ་བའི་ངང་དུ་རང་བབས་སུ་འཇོག་པའོ། །རྗེས་སུ་གཞིག་པ་ནི། རང་དང་སྣོད་བཅུད་ལྷར་སྣང་བའམ། ཐ་མལ་པར་བཞག་པ་གང་ཡིན་ཀྱང་རུང་སྟེ། སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་ཕྱི་སྣང་བ་ལ་ཆེར་གྱིས་བལྟས་པས་དེ་དབྱིངས་སུ་ནུབ། དེ་ནས་རང་ལ་བལྟས་པས་དེ་ཡང་དབྱིངས་སུ་ཐིམ་པ་ན་སྤྲོས་བྲལ་ལ་མཉམ་པར་འཇོག་པའོ། །རིལ་གཞིག་གི་གདམས་ངག་འདི་གཉིས་རྗེ་ལྷོ་བྲག་པའི་མན་ངག་བླ་ན་མེད་པའོ། །


TNT05_Page_1039
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྗེ་བཙུན་གྱི་ཞལ་ནས། འོད་ཟེར་སྤྲོ་བསྡུའི་རྗེས་གཞིག་ནི་འདི་རྟོགས་པའི་ཐབས་ཡིན་ལ། རྫོགས་རིམ་གྱི་རིལ་གཞིག་ནི་འདི་ཉིད་ཁོ་ན་ཡིན་གསུང༌། དེ་ལ་འོད་ཟེར་སྤྲོ་བསྡུའི་རྗེས་གཞིག་དང་རིལ་འཛིན་ནི་འཁོར་ལོ་ཅན་སོགས་ཀྱི་དབྱེ་བས་མང་དུ་འབྱུང་མེད་ཕྱག་ལེན་སྙིང་གར་པདྨ་ལ་ཐིག་ལེ་ཨ་ཤད་ཅན་ཅིག་བསྒོམ། དེའི་འོད་ཀྱིས་རང་ཉིད་ཨ་ཤད་ཀྱི་བར་དུ་བསྡུ་བ་རིལ་འཛིན་དང༌། ཡང་སྔར་ལྟར་ལས་ཨ་ཤད་ཀྱི་འོད་ཀྱིས་ཐོག་མར་ཕྱི་སྣང་བ་ཐམས་ཅད་ཤིན་ཏུ་བསྡུས། དེ་ནས་རང་ལུས་བསྡུ་བ་རྗེས་གཞིག་སྟེ་གཉིས་ཀ་ལ་ཡང་མཐར་བསམ་མེད་ཀྱི་དབྱིངས་སུ་འཇོག་པ་ཡིན་ནོ། །གཉིས་པ་ལ། མཉམ་གཞག་འོད་གསལ་སྒོམ་པ་དང༌། གཉིད་ཀྱི་འོད་གསལ་སྒོམ་པ་དང༌། འཆི་བ་འོད་གསལ་སྒོམ་པ་གསུམ་གྱི་དང་པོ་ལ་གཉིས་ཀྱི་གཞན་ལུས་ལ་བརྟེན་པ་ལོགས་སུ་སྟོན་མོད་སེམས་དབེན་དང་འདྲའོ། །འདིར་རང་བཞིན་གནས་ལུགས་ལ་བརྟེན་པ་ནི་གསུམ་སྟེ། རང་བཞིན་འོད་གསལ། ལམ་འོད་གསལ། ཡེ་ཤེས་འོད་གསལ་ལོ། །དང་པོ་ནི། ལུས་ངག་རང་སོར་བཞག ལྟ་སྟངས་མདུན་གྱི་མཐོ་དམའ་གང་བདེར་སྟོང་པའི་དབྱིངས་སུ་རྩེ་གཅིག་ཏུ་གཏད། སེམས་རིལ་གཞིག་གཉིས་ཀྱི་ངང་ནས་འོད་གསལ་སྤྲོས་བྲལ་དུ་འཇོག་སྟེ། རེ་དོགས་མེད་པར་རྩེན་ནེ། གཞན་དུ་མི་འགྲོ་བ་ལྷན་ནེ་རྒྱུན་བསྲིང༌། རྩོལ་སྒྲུབ་མེད་པར་ལྷོད་དེ་བཞག དེ་ལྟར་བསྒོམས་པས་སྨིག་སྒྱུ་སོགས་ཕྲ་རགས་ཐིམ་རིམ་གྱི་རྟགས་སྣ་ཚོགས་འབྱུང་ངོ༌། །གཉིས་པ་ནི། སྣང་བ་གང་སྣང་དང༌། རྟགས་སྣང་ཅི་ཤར་གྱི་སྟེང་དུ་རྩེ་གཅིག་ཏུ་གཏད་དེ་སྔར་བཞིན་བསྐྱངས་


TNT05_Page_1040
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡུལ་སེམས་རོ་གཅིག་ཏུ་འགྱུར་རོ། །གསུམ་པ་ནི། དེ་ཁའི་ངང་ནས་རང་སེམས་ཀྱི་ངོ་བོ་ལ་ཆེ་རེ་བལྟ་ཞིང༌། རྣམ་རྟོག་དང་འཆར་སྒོ་ཅི་བྱུང་ཡང་དེ་ལ་བཟོ་བཅོས་མི་བྱེད་པར་ཡེངས་མེད་དུ་བལྟ་བས་བརྩོལ་སྒྲུབ་དང་བྲལ་བའི་དོན་རྟོགས་པར་འགྱུར་རོ། །གཉིས་པ་ནི་ཉིན་མོའི་འོད་གསལ་དེ་རྣམས་ལ་ཅུང་ཟད་སྒོམ་གྱི་སྣེ་རྙེད་ནས། སྙིང་ག་ཆོས་ཀྱི་འཁོར་ལོ་པདྨ་སྔོན་པོ་འདབ་མ་བཞི་པར་གྱུར་པའི་ལྟེ་བར་ཐིག་ལེ་སྔོན་པོ་ལ་སེམས་གཟུང་ཞིང་གཉིད་འཐུག་པོའི་སྐབས་སུ་དགེ་སྦྱོར་བསྐྱང་བར་བྱའོ་སྙམ་པའི་འདུན་པའང་ཡང་ཡང་བྱ། ཟླ་ཕྱེད་སོགས་ཅི་རིགས་པར་སྦྱངས། དེ་ནས་ཚོགས་ཀྱི་འཁོར་ལོ་དང་མཆོད་གཏོར་མང་དུ་བྱས་ལ་འོད་གསལ་ཟིན་པ་གསོལ་བ་བཏབ། དེ་རྗེས་ཞག་གཉིས་གསུམ་ཙམ་གཉིད་བཅག་སྟེ། འོད་གསལ་འཛིན་པའི་འདུན་པ་དྲག་ཏུ་སྦྱངས། གཏོར་མ་མ་ཆག་པར་བཏང༌། ལུས་ཀྱི་ངལ་དུབ་དང་གཏམ་སྨྲ་བརྗོད་མི་བྱ། བསྐུ་མཉེ་དང་ཟས་བཅུད་ཅན་བསྟེན་ཞིང༌། དོ་ནུབ་འོད་གསལ་འཛིན་རྒྱུའི་སྔོན་སྲོད་ལ་མི་ཤས་བརྒྱན་པའི་གཏོར་མ་གཅིག་མཁའ་འགྲོ་རྣམས་ལ་འབུལ། འོད་གསལ་ཟིན་པར་འཕྲིན་ལས་བཅོལ། གཅིག་བྱིན་གྱིས་བརླབས་ནས་མ་བསྔོས་པར་བསྲུང་བ་བྱས་ལ་འོད་གསལ་ཟིན་ན་འབུལ་ལོ་བྱས་ཏེ་གཏའ་མར་བཞག སེང་གེའི་ཉལ་སྟབས་ཀྱིས་ལུས་གནད་དང་ལྡན་པས་སྔར་ལྟར་སྙིང་གའི་ཐིག་ལེ་ལ་སེམས་གཏད་དེ་ཉལ་བས་འོད་གསལ་ཟིན་པར་འགྱུར་ཞིང༌། དེ་ཡང་གྲོགས་སམ་བླ་མས་མར་མེ་སྤར་ཏེ། ཕྱི་ལྟས་འོད་གསལ་ཟིན་ནམ་མ་ཟིན་ན་བརྟག དེ་ཡང་བཞིན་གྱི་མདངས་གསལ། དབུགས་


TNT05_Page_1041
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་ལ་བདེ། ལུས་དང་དབུགས་དང་བཞིན་འགྱུར་བ་སོགས་མེད་ན་འོད་གསལ་ཟིན་པ་ཤས་ཆེ་བས་དར་ཅིག་བཞག་ནས་བསླང༌། དེ་ལས་བཟློག་ན་མ་ཟིན་པ་ཡིན་པས་དེ་མ་ཐག་བསླང༌། ཟིན་མ་ཟིན་དྲིས་ལ་ཟིན་ན་ལེགས། སླར་ཡང་འཛིན་དུ་འཇུག མ་ཟིན་ན་དམིགས་པའི་རྟེན་སྔ་མའམ། སྙིང་གའི་དཀྱིལ་དུ་ཐིག་ལེ་སྔོན་པོ་འོད་དང་བཅས་པ་གཅིག་གསལ་བཏབ་ཅིས་ཀྱང་འོད་གསལ་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་ལན་བཅུ་གཅིག་ཙམ་ལས་མི་ཉུང་བ་ཞིག་བཏང་སྟེ། གཉིད་ལོག་ལ་སྔར་བཞིན་གྲོགས་ཀྱིས་བལྟ། ཡང་དུམ་གཅིག་ནས་བསླང་ལ་འདྲི། དེ་ཁའི་ཚུལ་གྱིས་ནུབ་གཅིག་ཟངས་བསྐྱང་ངོ༌། །དེར་འོད་གསལ་ལན་ཅིག་ཟིན་ན། གཏའ་གཏོར་དེ་ཕུལ་གཏང་རག་གཏོང༌། དེ་འདྲ་བ་ལན་གསུམ་བཞི་བྱ། དུས་རྒྱུན་གྱི་ཉམས་ལེན་ལ་ཉིན་མོ་གཙོ་བོར་རིལ་འཛིན། རྗེས་གཞིག་གི་རྣལ་འབྱོར་ལ་བརྟེན་ནས་འོད་གསལ་སྤྲོས་པ་དང་བྲལ་བ་ཉིད་སྐྱོང་ལ། བར་བར་དུ་སྙིང་གའི་ཐིག་ལེ་དང་བཅས་པ་ཡང་བསྒོམ་ཞིང༌། མཚན་མོ་ཉལ་ཁར་སྙིང་གའི་ཐིག་ལེ་ལ་སེམས་གཏད་དེ་འདུན་པ་དྲག་པོ་ལན་འགའ་བྱས་ནས་ཉལ། ནམ་གཉིད་སད་ཙམ་ན་ཡང། སྙིང་གའི་ཐིག་ལེ་ལ་དམིགས་ནས་འདུན་པ་དྲག་པོ་འགའ་བྱས་ཏེ་རང་བབས་སུ་བཞག དེས་རྟག་ཏུ་འོད་གསལ་ཟིན་པར་འགྱུར། གཉིད་སྲབ་པོས་འོད་གསལ་ཟིན་ན། ནམ་མཁའ་དངས་པ་ལ་ཉི་མ་ཤར་བ་ལྟ་བུ་གསལ་དངས་ཅན་ཅུང་ཟད་བློའི་འཛིན་ཆ་དང་བཅས་པ་འཆར། འཐུག་པོས་ཟིན་ན། གཉིས་སྣང་ཐམས་ཅད་འགགས་པའི་སྟོང་པ་ནམ་


TNT05_Page_1042
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྟ་བུ་འཛིན་མེད་ཤིན་ཏུ་བརྟན་པ་ལ་ཅི་འདོད་པ་སྐྱོང་རྒྱུ་འབྱུང་ངོ༌། །འདི་ལ་གནས་པས། རྨི་ལམ་དང་སྒྱུ་ལུས་ཀྱི་གདམས་ངག་གཞན་རྣམས་བསྒོམ་ན་དང་པོར་གཉིད་དང་དེ་ནས་ཉིན་པར་ཡང་འབྱུང་སྟེ། དག་པའི་སྣང་བ་རབ་འབྱམས་མཆེད་པ་དང༌། གཏུམ་མོ་དང་ལས་རྒྱ་སོགས་བསྒོམ་ནའང་གཉིད་དང་སད་དུས་སུ་བདེ་སྟོང་མཐའ་དབུས་དང་བྲལ་བ་འབྱུང་ངོ༌། །འོད་གསལ་འཛིན་པའི་ཚེ་གཉིད་ཡོང་མ་འདོད་ན་སྟོང་འབྱམས་ཡིན་ཏེ། ནུབ་མང་པོར་གཉིད་བཅག་ལ་དུབ་ཏུ་བཅུག ཁ་ཟས་དྲོད་ཅན་དང་བཅུད་ཅན་བསྟེན། སྨིན་མཚམས་སུ་ཐིག་ལེ་ནག་པོ་ལ་སེམས་གཏད། འདུན་པ་ཤུགས་ཆེ་ཆུང་རན་པར་བྱས་པས་སེལ་བ་ཡིན་ནོ། །གཉིད་འཐུག་གྲགས་ནས་མ་ཟིན་ན་སྡུགས་འབྱམས་ཡིན་ཏེ། སྙིང་གར་པདྨ་སྔོན་པོ་འདབ་མ་བཞི་པ་ཨ་ནུ་ཏ་ར་དང་བཅས་པ་ལྟེ་བར་ཧཱུཾ། ཐམས་ཅད་ཀྱང་ཁ་དོག་སྔོན་པོར་བསྒོམས་ལ། ཉིན་པར་ཡང་རླུང་བུམ་པ་ཅན་མང་དུ་བཟུང༌། ཉལ་ཁར་རླུང་ཐེངས་བཅུ་གཅིག་ཙམ་བཟུང་སྟེ་ཉལ་བས། རླུང་སྦྱོར་དང་དམིགས་པའི་བྱེ་བྲག་གིས་ཤེས་པ་གསལ་པོར་སོང་སྟེ་ཟིན་པར་འགྱུར་རོ། །འོད་གསལ་ཟིན་པ་ན་རྟག་པར་སད་ཡོང་ན་སད་འབྱམས་ཡིན་ཏེ། དེའི་གཉེན་པོ་རྨི་ལམ་དང་འདྲའོ། །རྨི་ལམ་རྨི་ནས་འོད་གསལ་མ་ཟིན་ན་དྲེད་འབྱམས་ཡིན་ཏེ། ཨ་ནུ་ཏ་ར་དང་རླུང་སྦྱོར་སོགས་མི་བྱེད་པར་སྙིང་གའི་ཐིག་ལེ་ནག་པོ་ལ་སེམས་གཟུང་བས་སེལ་ལོ། །སྤྱིར་ལས་དང་པོ་པས་སད་རྨིའི་འོད་གསལ་ཟིན་པའི་རྒྱུའི་གཙོ་བོ་ནི། སེམས་དམིགས་ཀྱི་བདེ་སྟོང་སྒོམ་པ་ཡིན་ནོ། །


TNT05_Page_1043
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། གོང་བར་དོ་སྦྱང་བའི་སྐབས་དང་ཕལ་ཆེར་འདྲ་བ་ལས། འཆི་ལྟས་རྣམས་བྱུང་བ་ན། སྔར་གྱི་འོད་གསལ་གྱི་ཉམས་མྱོང་དང་བསྲེས་ནས་རྩེ་གཅིག་ཏུ་བསྒོམ་པར་བྱ་སྟེ། བླ་མའི་མན་ངག་འདྀ་ལྟ་བུ་ཐོབ་ཕྱིན། འཆི་བ་ཁོ་ན་ཁ་འཆད་པ་ཡིན་གྱི། ད་ནི་འཆི་བ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ཡིན་སྙམ་བུ་ཕ་ཁྱིམ་དུ་འགྲོ་བ་ལྟར་དགའ་སྤྲོ་དང་ལྡན་པས་བསྒོམ་མོ། །ཕྲ་རགས་ཀྱི་ཐིམ་རིམ་རྣམས་འཆར་བའི་ཚེ། ད་ནི་སྣང་བ་གསུམ་ཐམས་ཅད་སྟོང་པར་ཐིམ་པར་བྱའོ་སྙམ་སྟེ་འོད་གསལ་གྱི་ངང་ནས་རྡོ་རྗེའི་བཟླས་པ་བྱས་པས་དེའི་རྐྱེན་གྱིས་སྤྱི་བོའི་དཀར་ཆ་དང༌། ལྟེ་བའི་དམར་ཆ་དང་སེམས་གསུམ་སྙིང་གར་ལྷན་ཅིག་འཛོམས་པའི་གནས་སྐབས་སུ་འོད་གསལ་མ་བུ་ཞལ་འཇལ་བས། དེ་ཉིད་དུ་གྲོལ་ནས་བར་དོར་རྡོ་རྗེའི་སྐུ་འགྲུབ་པར་འགྱུར་རོ། །དེ་ལྟར་ན་འོད་གསལ་ལ་དམིགས་པ་བཅུ་གསུམ་མོ། །ལྔ་པ་ཟུང་འཇུག་ནི། སྤྱིར་རིམ་པ་བཞི་པ་དོན་གྱི་འོད་གསལ་ལས་སྣང་བ་གསུམ་ལུགས་བཟློག་ཏུ་འབྱུང་ཞིང༌། དེའི་མཐར་ཡིད་ཀྱི་ལུས་ཞིང་དང་སྤྱོད་ཡུལ་རྒྱར་མ་ཆད་པ། སྣང་བའི་རྩལ་ཟད་མི་ཤེས་པ་འཆར་བ་འབྲས་བུ་སྐུ་དག་པའི་སྒྱུ་ལུས་དང༌། ཐུགས་བདེ་སྟོང་ལས་གཡོ་བ་མེད་པ་འོད་གསལ་ཏེ། དེ་གཉིས་ཀྱང་ཟུང་དུ་ཆུད་ངོ་བོ་གཅིག་ཏུ་སོང་བས་རྒྱུན་ཆད་པ་མི་སྲིད་པ་ན་ཟུང་འཇུག་སྟེ། ས་དང་པོར་སྒོམ་ལམ་གྱི་ཐོག་མ་ནས་ཐོབ་པ་ཡིན་མོད་ཀྱི། ད་ལྟར་དེའི་སྒྲུབ་པ་ཉམས་སུ་ལེན་ཚུལ་ནི། གོང་དུ་བཤད་པའི་འོད་གསལ་གྱི་ཉམས་མྱོང་ཅི་རིགས་པ་སྐྱེས་ནས། ཉམས་མྱོང་དེ་ལ་སྒྱུ་ལུས་རྣམས་དང༌། བདེ་སྟོང་གི་རྒྱས་བཏབ་ཅིང་


TNT05_Page_1044
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ཉིད་ཡིན་ལ། དེས་ན་བདེ་བ་དང་སྣང་བའི་ཆ་ཐམས་ཅད་ལ་རང་བཞིན་མ་བཅོས་པར་བཞག་པའི་སྒོ་ནས། མཐའ་དང་བྲལ་བ་རང་ངོ་ཤེས་པས་ངོས་འཛིན་པ་དང་བྱར་མེད་ཀྱི་སྒོམ་དེ་བདེ་བ་དང་སྣང་བའི་ཆར་འཆར་བའི་ཐབས་ལ་འབད་པས། འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཅིང༌། དེ་གྲུབ་ནས་ཀྱང་སྔར་བཞིན་བསྒོམས་ཤིང་སྤྱོད་པས་མཚམས་སྦྱར་ན། ཚེ་འདི་ཉིད་ལ་ཟུང་འཇུག་འགྲུབ་ལ། སྒོམ་ལོང་མེད་པ་དང་སྤྱོད་པ་མ་སྤྱད་ན། འཆི་བའི་ཚེ་དོན་གྱི་འོད་གསལ་ལ་ཞུགས་ནས་བར་དོའི་དོད་དུ་ཟུང་འཇུག་གི་སྐུ་འགྲུབ་པ་ཡིན་ནོ། །དེ་ལྟར་ན་དམིགས་ཆེན་ཞེ་གཅིག་དང༌། ཡང་བསྐྱེད་རིམ་ལུས་དབེན་ལ་དམིགས་སྐོར་གཅིག ངག་དབེན་ལ་བཅོ་ལྔ། སེམས་དབེན་ལ་བཅུ་དྲུག སྒྱུ་ལུས་ལ་ཉེར་བརྒྱད། འོད་གསལ་ལ་བཅུ་གསུམ། ཟུང་འཇུག་ལ་གཅིག་སྟེ་དམིགས་སྐོར་བདུན་ཅུ་དོན་བཞིའོ། །གཞན་ཡང་ངག་དབེན་དམིགས་ཆེན་དུ་བསྡོམས་པས་དྲུག་ཅུ་རེ་གསུམ་མམ། སེམས་དབེན་ཡང་དམིགས་སྐོར་བཞིར་བསྡོམས་པས་དམིགས་སྐོར་ཞེ་དགུ་བྱེད་པའི་ལུགས་ཀྱང་ཡོད་དོ། །གསུམ་པ་ནི་རྒྱས་པར་གཞན་དུ་བརྗོད་པར་བྱའོ། །འདིར་སྨྲས་པ། དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་འཆང་གི་ལམ། །སྲས་བཅས་རྒྱལ་བ་ཀུན་གྱིས་མངོན་བགྲོད་པ། །གྲུབ་པ་ཀུན་གྱི་འཇུག་ངོགས་དམ་པ་སྟེ། །མཁས་པ་ཀུན་གྱིས་ལན་བརྒྱར་བསྔགས་པ་ནི། །རྒྱུད་ཀུན་བདག་པོ་གསང་བ་འདུས་པ་ སྟེ། །དེ་ཡི་མན་ངག་མཐར་ཐུག་རིམ་པ་ལྔ། །ཇི་བཞིན་མངོན་གྱུར་སྐད་གཉིས་སྨྲ་བའི་མཆོག མར་པའི་བཞེད་པ་ཇི་བཞིན་གསལ་བར་བྲིས། །མགོན་དེའི་སྲོལ་འཛིན་མཆོག་གྱུར་འགའ་ཞིག་ལས། །མཁས་


TNT05_Page_1045
[མ་དཔེ་གཟིགས་ན་འདིར་གནོན།]

དང་གྲུབ་པར་རྫུ་བ་ཕལ་ཆེར་ གྱིས། །ཇི་བཞིན་མ་མྱངས་ལམ་འདི་རྙེད་པ་ཡང༌། །བླ་མ་དམ་པའི་བཀའ་དྲིན་འབའ་ཞིག་ཡིན། །ཞེས་པ་འདི་ཡང་རྗེ་སྟག་ལུང་པ་ངག་དབང་རྣམ་པར་རྒྱལ་བའི་ཞལ་སྔ་ནས་བཀའ་ཡིས་བསྐུལ་བ་ལས་བརྡའ་དོན་གཉིས་ཀ་མར་ལུགས་ཚད་ལྡན་ཁོ་ན་ལས་ལུགས་གཞན་དང་མ་འདྲེས་པར། ཏཱ་ར་ནཱ་ཐས་རང་ལོ་ཉེར་དྲུག་པ་ལ་དཔལ་སྟག་ལུང་ཐང་གི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་ཀུན་དགའ་རྣམ་རྒྱལ་ལོ། །ད་ལྟར་སྨར་ཁྲིད་ལེགས་པར་མྱོང་ཁྲིད་དུ་བསྐྱངས་ནས། སླར་འཕགས་སྐོར་གྱི་རྩ་བའི་གཞུང་སྤྱི་དང༌། སྒོས་གཞུང་རིམ་ལྔ་བསྡུས་གསལ་དང༌། ནག་ཁྲིད་ཀྱི་གོ་བ་མཐའ་ཆོད་པ་དང༌། སོ་སོའི་ཉམས་ལེན་གྱི་རིམ་པ་ཞིབ་ཏུ་ཞལ་ལས་བླང་བར་བྱའོ། །རྒྱུད་དང་འབྲེལ་ཞིང་ཚད་ལྡན་གྱི་གཞུང་ལ་བརྟེན་པའི་མན་ངག་འདི་ནི། ལྷོ་བྲག་མར་པས་དཀའ་པ་སྤྱད་དེ་རྒྱ་གར་ནས་བཙལ་བའི་ཟབ་དོན་བྱིན་རླབས་ཅན་ཡིན་གྱི་རྟོག་གེ་བའི་དྲན་རྐྱེན་དང་བོད་སྒོམ་རྒྱབ་ཡག་པའི་རྫུན་ཆོས་མ་ཡིན་པ་གོ་བར་གྱིས་ཤིགཞུས་དགམངྒ་ལཾ།


TNT05_Page_1046
[མ་དཔེ་གཟིགས་ན་འདིར་གནོན།]

ཤོང་སྟོང་།


previousགསང་འདུས་འཕགས་ལུགས་རིམ་ལྔ་སྨར་ཁྲིད་གདན་རྫོགས་ཀྱི་ཁྲིད་ཡིག་འཁྲུལ་བའི་དྲི་བྲལ་ཞེས་བྱ་བ་མར་པའི་དགོངས་པ་ཇི་ལྟ་བ།next