དཔལ་གསང་འདུས་པའི་སྒྲུབ་ཐབས་འབར་བའི་འོད་གསལ།


TNT05_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གསང་འདུས་པའི་སྒྲུབ་ཐབས་འབར་བའི་འོད་གསལ་ཞེས་བྱ་བ་བཞུགས།


TNT05_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། མདོར་བྱས་ཀྱི་རྗེས་སུ་འབྲངས་པ། དཔལ་གསང་བ་འདུས་པའི་སྒྲུབ་ཐབས་འབར་བའི་འོད་གསལ་ཞེས་བྱ་བ་བླ་མ་ལ་ཕྱག་འཚལ་ལོ། །བདེ་ཆེན་རྡོ་རྗེ་འཛིན་ཞབས་ལ། །གུས་པའི་ཡིད་ཀྱི་བཏུད་བྱས་ནས། །དེ་ཉིད་བཞི་བཅུ་རྩ་དགུ་དང༌། །ཡན་ལག་དྲུག་ལྡན་རིམ་པ་བཤད། །དེ་ལ་འདིར་ངག་འདོན་ཙམ་བརྗོད་པར་བྱ་སྟེ །དེ་ཡང་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་སྔོན་དུ་བཏང་སྟེ། ནང་མཆོད་བྱིན་གྱིས་བརླབས་ནས་འབྲུ་གསུམ་གྱིས་མྱང་ངོ༌། །ཨོཾ་སྭ་བྷཱ་ཝ་ཤུངྔྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུངྔྷོ་྅ཧཾ། སྟོང་པའི་ངང་ལས་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། རང་དང་འདྲ་བའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ཐུགས་ཀ་ནས་འོད་ཟེར་


TNT05_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། སངས་རྒྱས་ཐམས་ཅད་སྤྱན་དྲངས། སྤྱི་གཙུག་ནས་ཞུགས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ཧཱུཾཾ་དུ་གྱུར། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། མི་བསྐྱོད་པར་གྱུར་པ་ཐུགས་ཀར་དྲངས། བཛྲ་དྷྲྀཀ་ཐུགས་ཀ་ནས་ཕྱིར་ཕྱུང་ཕྱོགས་བཅུར་སྤྲོས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད། སླར་འདུས་ཡེ་ཤེས་པ་དང་འདྲེས། རང་ལ་ཐིམ་པས་བདག་ཉིད་ཞེ་སྡང་རྡོ་རྗེ་ནག་པོ་རྩ་བའི་ཞལ་རབ་ཏུ་ཁྲོས་པ། ནག་དཀར་དམར་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཉིའི་གདན་ལ་བཞུགས་པར་གྱུར། ཕྱོགས་བཅུའི་ནམ་མཁའ་ལ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་རེ་རེ། རང་གི་སྙིང་ག་ནས་ཧཱུཾ་ཡིག་བཅུ་སྤྲོས། གདན་དེ་རྣམས་ཀྱི་སྟེང་དུ་འཁོད། ཧཱུཾ་དེ་རྣམས་ལས་འོད་འཕྲོས། ཕྱོགས་བཅུའི་བགེགས་དང་གནོད་བྱེད་ཐམས་ཅད་ཚར་བཅད།


TNT05_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་འདུས་ཏེ་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་གཤིན་རྗེ་མཐར་བྱེད། ལྷོར་ཤེས་རབ་མཐར་བྱེད། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་པ། ཤར་ལྷོར་མི་གཡོ་བ། ལྷོ་ནུབ་ཏུ་འདོད་རྒྱལ། ནུབ་བྱང་དུ་དབྱུག་སྔོན་ཅན། བྱང་ཤར་དུ་སྟོབས་པོ་ཆེ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ། འོག་ཏུ་གནོད་མཛེས་རྒྱལ་པོ་རྣམས་འཁོད་པར་གྱུར། འོག་གི་གནོད་མཛེས་ལས་གནོད་མཛེས་གཉིས་པ་འོངས་ཏེ་མདུན་དུ་འདུག་ནས། བདག་གིས་ཅི་བགྱི་ཞེས་བཀའ་ནོད་པ་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྣ་གྲྀཧྣ་ཧཱུཾ། གྲྀཧྣ་པཱ་ཡ་གྲྀཧྣ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཅེས་བཀའ་བསྒོས་པས། གནོད་མཛེས་དེ་ཉིད་གནོད་མཛེས་བཅུར་གྱུར་ཏེ། གཡས་དང་པོ་ལྕགས་ཀྱུ་ཐོགས་པ་རྣམས་ཀྱིས། ཕྱོགས་བཅུའི་བགེགས་རྣམས། ཕྱོགས་སྐྱོང་བཅུའི་རྣམ་པར་གྱུར་པ་རྣམས་ཞགས་པས་བཅིངས། ལྕགས་ཀྱུས་བཏབ། ལྷག་མ་མཚོན་ཆ་སྣ་ཚོགས་པས་སྡིགས་ཏེ་བཀུག་ནས་ཕྱི་རོལ་ཏུ་ཧཱུཾ་ལས་བྱུང་བའི་འབྲུབ་ཁུང་ཟབ་མོ་རྣམས་སུ་བཅུག་པར་གྱུར། བདུད་རྩི་འཁྱིལ་བ་ལས་བདུད་རྩི་འཁྱིལ་བ་ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན་འབར་བའི་འཕྲེང་བ་འཁྲུག་པ་བཅུ་སྤྲོས་ཏེ། བགེགས་རྣམས་ཀྱི་སྤྱི་བོར་ཟུག ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྟཾ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀི་ལ་བཛྲ་ངྷ་རོ་ཨཱ་ཛྙ་པ་ཡ་ཏི་སརྦ་བིགྷ་ནན། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ།


TNT05_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་གནོད་མཛེས་ལ་བཀའ་བསྒོས་པས། དེ་ཉིད་རྡོ་རྗེ་ཐོ་བ་ཐོགས་པར་གྱུར་ཏེ། ཕུར་བུའི་སྤྱི་བོ་ནས་བརྡུངས། བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུག ལུས་ངག་ཡིད་གསུམ་གྱི་གཡོ་བ་ཆད་དེ་འོད་གསལ་གྱི་ངང་དུ་ཐིམ། གནོད་མཛེས་རྣམས་འོག་གི་གནོད་མཛེས་ལ་ཐིམ། ཁྲོ་བོ་དང་ཕུར་བུ་རྣམས་ལས་རྡོ་རྗེའི་མེ་ལྕེ་ཕྱོགས་བཅུར་སྤྲོད་པས། བགེགས་ཀྱི་ལྷག་མ་ཐམས་ཅད་ཚིག་ཅིང་བྲོས། མེ་ལྕེ་སླར་འདུས་ནས། མེའི་ར་གུར་དུ་གྱུར། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། ཊཀྐི་ཧཱུཾ་ཛཿརྡོ་རྗེའི་ར་བར་གྱུར། འོག་ཏུ་ཧཱུཾ་གི་འོད་ཟེར་འཕྲོ་འདུ་ལས། རྡོ་རྗེའི་ས་གཞི་དང༌། སྟེང་དུ་ཧཱུཾ་ལས་རྡོ་རྗེའི་གུར་དུ་གྱུར། རང་གི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ། ཨོཾ་ཨཱཿཧཱུཾ་ལན་མང་དུ་བཟླ། དེ་དག་ནི་བསྲུང་བའི་འཁོར་ ལོའོ། །དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །གང་ཡང་མི་དམིགས་ཏེ་སྟོང་པ་ལ་ཅུང་ཟད་མཉམ་པར་གཞག ཡེ་ཤེས་ཀྱིས་བསྐྱེད་པའོ། །སྟོང་པའི་ངང་ལས་ཆོས་ཀྱི་འབྱུང་གནས་དཀར་པོ་ཟུར་གསུམ་པ་གདེང་ཀ་གྱེན་དུ་ཕྱོགས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་


TNT05_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཟླུམ་པོ། དེའི་སྟོང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེ་ལྟར་དཀྱིལ་འཁོར་བཞི་པོ་རེ་རེ་ཞིང༌། སྟེང་འོག་གི་ལོགས་གཉིས་སུ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་རང་མདོག་དང་མཚུངས་པ་གཉིས་གཉིས་ཀྱིས་མཚན་པར་གྱུར། དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པ་ལས། སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་རྡོ་རྗེའི་ས་གཞིར་གྱུར། དེ་དང་དུས་མཉམ་དུ་རྭ་གུར་མེ་ལྕེའི་འཕྲེང་བ་དང་བཅས་པའི་བསྲུང་པའི་འཁོར་ལོ་སྔོན་བཞིན་དུ་གྲུབ་པར་གྱུར། སྣ་ཚོགས་རྡོ་རྗེའི་སྟེང་དུ་བྷྲུཾ་ལས་ཐར་པ་ཆེན་པོའི་ཁང་བཟང་གཞལ་ཡས་ཁང་རིན་པོ་ཆེ་སྣ་ལྔ་ལས་རྫོགས་པར་གྲུབ་པ། ཐུབ་པའི་དབང་པོའི་འོད་ཟེར་གྱིས་མཐའ་ཡས་པའི་ཕྱོགས་ཀུན་དུ་ཁྱབ་པ། གྲུ་བཞི་སྒོ་བཞི། ཕྱི་ནས་རིམ་པ་བཞིན་དུ། དཀར་སེར་དམར་ལྗང་སྔོ་བའི་རྩིགས་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དམར་པོས་བསྐོར་བའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་དྲ་བ་དྲ་ཕྱེད། དེའི་སྟེང་དུ་བྱ་འདབ་ལས་འཕྱང་བའི་ཤར་བུ། སྟེང་དུ་མདའ་ཡབ་མཆོད་རྟེན་གྱི་དབྱིབས་ཅན་གྱིས་ཡོངས་སུ་བསྐོར་བ་ལ། རྒྱལ་མཚན་དང་བ་དན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྩིག་པའི་ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ། བཞུགས་སྟངས་དང་ཁ་དོག་སྣ་ཚོགས་པའི་གཟུགས་མ་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་པ་


TNT05_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཅུ་གཅིག་གི་རྩེ་མོར། པདྨ་ལ་གནས་པའི་འཁོར་ལོ་དང། གཡས་གཡོན་དུ་རི་དྭགས་ཕོ་མོས་བརྒྱན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱི་མཚམས་དང༌། གྲྭ་བཞིར་ཟླ་ཕྱེད་ལ་གནས་པའི། རིན་པོ་ཆེ་དམར་པོ་ལ་རྡོ་རྗེས་མཚན་པའི་བརྒྱན་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང༌། རྒྱལ་སྲིད་སྣ་བདུན་དང༌། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མོ་མེ་ཏོག་གི་འཕྲེང་བ་ཐོགས་པ་རྣམས་ཀྱིས་བརྒྱན་པ། གཞལ་ཡས་ཁང་གི་ནང་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཕྱི་ངོས་སུ་འོད་ཟེར་རྣམ་པ་ལྔའི་འཕྲེང་བས་བསྐོར་བའི་ནང་དུ་རྡོ་རྗེ་རྩེ་གསུམ་པས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་དང་ལྡན་པ་སྟེ། ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་དུ་པདྨ། བྱང་དུ་རལ་གྲིས་མཚན་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གི་སྤྲས་པ། རིམ་པ་གཉིས་པའི་གྲྭ་བཞིའི་གཡས་གཡོན་དུ་བཀྲ་ཤིས་ཀྱི་བུམ་པ་བརྒྱད་དང་བཅས་པ། མཆོད་པའི་སྤྲིན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པའི་ཁང་བཟང་དམ་པ། ནང་གི་སྟེང་འོག་གི་གཞི་རྣམས། ཤར་དཀར། ལྷོ་སེར།


TNT05_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་ནང་ལེ་ཚེ་དགུར་གྱུར་པ། ལྷའི་གནས་ཐམས་ཅད་དུ་སྣ་ཚོགས་པདྨའི་གདན་རེ་རེ། གཙོ་བོའི་གནས་དང༌། ཁྲོ་བོ་བཅུའི་གནས་སུ་ཉི་མ། གཞན་ཤར་ཕྱོགས་པ་རྣམས་ལ་ཟླ་བ། མཱ་མ་ཀཱི་ལ་རྡོ་རྗེ། གཞན་ལྷོ་ཕྱོགས་པ་རྣམས་ལ་རིན་པོ་ཆེ། ནུབ་ཕྱོགས་པ་རྣམས་ལ་ཆུ་སྐྱེས་དམར་པོ། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན་རྣམས་སུ་གྱུར། དེ་ནས་ལྷག་མོས་ཀྱི་དཀྱིལ་འཁོར་བསྐྱེད་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་བདག་ཉིད་རྡོ་རྗེ་འཆང་སྔོན་པོ། སྔོ་དཀར་དམར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ། པདྨ། གཡོན་དྲིལ་བུ། རིན་ཆེན། རལ་གྲི་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། རང་དང་མཚུངས་པའི་ཡུམ་རེག་བྱ་རྡོ་རྗེ་མས་འཁྱུད་པ་ཐུགས་དཀར་མི་བསྐྱོད་པ། ལེ་ཚེ་བརྒྱད་ལ་ཤར་དུ་རྣམ་པར་སྣང་མཛད། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ་རྣམས་མི་བསྐྱོད་པའི་དབུ་རྒྱན་ཅན། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་སྒྲོལ་མ་རྣམས་རིམ་པ་བཞིན་དུ། རྟག་པ། མི་བསྐྱོད་པ། རྡོ་རྗེ་ཆོས། གདོན་མི་ཟ་བ་རྣམས་ཀྱི་ཅོད་པན་ཅན། རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ། ནུབ་བྱང་དུ་དྲི་རྡོ་རྗེ་མ། བྱང་ཤར་དུ་རོ་རྡོ་རྗེ་མ་རྣམས་ཀྱང་རིམ་པ་


TNT05_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། རྟག་པ་ལ་སོགས་པའི་ཅོད་པན་ཅན་ནོ། ། རིམ་པ་གསུམ་པའི་ལྷ་རྣམས་ལ་ཤར་གྱི་གཡས་སུ་བྱམས་པ། གཡོན་དུ་སའི་སྙིང་པོ་གཉིས། རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན། ལྷོའི་གཡས་སུ་ཕྱག་ན་རྡོ་རྗེ་དང༌། གཡོན་དུ་ནམ་མཁའི་སྙིང་པོ་གཉིས། དཀོན་མཆོག་དཔལ་གྱི་ཅོད་པན་ཅན། ནུབ་ཀྱི་གཡས་སུ་འཇིག་རྟེན་དབང་ཕྱུག་དང༌། གཡོན་དུ་འཇམ་དཔལ་གཉིས། ཚེ་དཔག་མེད་ཀྱི་ཅོད་པན་ཅན། བྱང་གི་གཡས་སུ་སྒྲིབ་པ་རྣམ་སེལ་དང༌། གཡོན་དུ་ཀུན་ཏུ་བཟང་པོ་གཉིས། དོན་ཡོད་གྲུབ་པའི་ཅོད་པན་ཅན། ཤར་སྒོར་གཤིན་རྗེ་གཤེད་རྣམ་སྣང་གི ལྷོ་སྒོར་གཞན་གྱི་མི་ཐུབ་པ་རིན་འབྱུང་གི ནུབ་སྒོར་རྟ་མགྲིན་འོད་དཔག་མེད་ཀྱི། བྱང་སྒོར་བགེགས་མཐར་བྱེད་དོན་གྲུབ་ཀྱི། ཤར་ལྷོར་མི་གཡོ་བ་རྟག་པའི། ལྷོ་ནུབ་ཏུ་འདོད་རྒྱལ་རིན་ཆེན་ཏོག་གི ནུབ་བྱང་དུ་དབྱུག་སྔོན་ཅན་འོད་དཔག་མེད་ཀྱི། བྱང་ཤར་དུ་སྟོབས་པོ་ཆེ་དོན་ཡོད་རྒྱལ་པོའི་སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དང༌། འོག་ཏུ་གནོད་མཛེས་གཉིས། ཞེ་སྡང་རྡོ་རྗེའི་ཅོད་པན་ཅན་རྣམས་འཁོད་པར་གྱུར། རང་གི་སྙིང་ཀ་ནས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་བཀུག་ནས། དཀྱྀལ་འཁོར་གྱི་ཕྱོགས་བཞི་ནས། རྡོ་རྗེ་སེམས་དཔའི་འཇུག་པས་ཐོགས་པ་མེད་པར་ཞུགས་པ་ལ། རྗེས་ཆགས་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས། སྡིག་སྒྲིབ་ཐམས་ཅད་དག དེ་


TNT05_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་ནས། རྡོ་རྗེ་སེམས་དཔར་གྱུར་ཏེ། རང་རང་གི་ཞིང་དུ་གཤེགས་པར་གྱུར་ཏོ། །དེ་ཡན་ཆད་ནི་རྣལ་འབྱོར་གྱི་སྔོན་དུ་འགྲོ་བའི་ཏིང་ངེ་འཛིན་ནོ། །དེ་ནས་ལྷག་མོས་དེ། རང་ལུས་ལ་བསྡུ་བ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རང་ལུས་ལ་ཞུགས། སྤྱི་བོར་རྣམ་སྣང་དང་སྒྲོལ་མ། མགྲིན་པར་འོད་དཔག་མེད་དང་གོས་དཀར་མོ། སྙིང་གར་མི་བསྐྱོད་པ་དང་མཱ་མ་ཀཱི་དང་འཇམ་དཔལ། ལྟེ་བར་རིན་འབྱུང་དང་སྤྱན་མ། འདོམས་པར་དུ་དོན་གྲུབ། མིག་ཏུ་ས་སྙིང་དང་གཟུགས་རྡོ་རྗེ་མ། རྣ་བར་ཕྱག་རྡོར་དང་སྒྲ་རྡོ་རྗེ་མ། སྣར་ནམ་སྙིང་དང་དྲི་རྡོ་རྗེ་མ། ལྕེ་ལ་སྤྱན་རས་གཟིགས་དང་རོ་རྡོ་རྗེ་མ། གསང་སྒོར་སྒྲིབ་སེལ་དང་རེག་རྡོ་རྗེ་མ། ཚིགས་རྣམས་ལ་ཀུན་བཟང༌། སྤྱི་གཙུག་ཏུ་བྱམས་པ། ཕྱག་གཡས་ལ་ཡ་མཱན་ཏ་ཀ གཡོན་ལ་པྲཛྙཱན་ཏ་ཀ ཞལ་ལ་རྟ་མགྲིན། གསང་བར་བདུད་རྩི་འཁྱིལ་བ། དཔུང་བ་གཡས་པར་མིག་གཡོ་བ། གཡོན་པར་འདོད་རྒྱལ། པུས་མོ་གཡས་པར་དབྱུག་སྔོན་ཅན། གཡོན་པར་སྟོབས་པོ་ཆེ། སྤྱི་བོར་གཙུག་ཏོར། རྐང་མཐིལ་གཉིས་སུ་གནོད་མཛེས་རྣམས་འཁོད་པར་གྱུར། ལྷག་མོས་དོན་དམ་དུ་བསྡུ་བ་ནི། རྣམ་སྣང་སྤྱན་མ་གཟུགས་དང་བྱམས་པ་དང༌། །ས་སྙིང་གཤིན་


TNT05_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་མི་གཡོ་འོད་གསལ་ཐིམ། ། རིན་འབྱུང་བདག་མ་སྒྲ་དང་ཕྱག་རྡོར་དང༌། །གཞན་གྱིས་མི་ཐུབ་འདོད་རྒྱལ་འོད་གསལ་ཐིམ། །དཔག་མེད་གོས་དཀར་དྲི་དང་ནམ་མཁའི་སྙིང༌། །རྟ་མགྲིན་དབྱུག་སྔོན་འོད་གསལ་ངང་དུ་ཐིམ། །དོན་གྲུབ་སྒྲོལ་མ་རོ་དང་འཇིག་རྟེན་མགོན། །སྒྲིབ་སེལ་ཀུན་བཟང་བདུད་རྩི་འཁྱིལ་བ་དང༌། །སྟོབས་པོ་ཆེ་རྣམས་འོད་གསལ་དབྱིངས་སུ་ཐིམ། །གཙུག་ཏོར་གནོད་མཛེས་རེག་བྱ་འཇམ་དབྱངས་ལ། །འཇམ་དཔལ་མི་བསྐྱོད་པ་ལ་ཐིམ་པ་དང༌། །མི་བསྐྱོད་པ་ནི་གཞི་ལུས་རྡོར་སེམས་ལ། །དེ་ཡང་འོད་གསལ་ངང་དུ་ཞུགས་པར་གྱུར། །དེ་ནས་ཐམས་ཅད་སྟོང་པ་བདེ་བ་ཆེན་པོ་རང་བཞིན་གྱི་རྣམ་པར་དག་པར་མོས། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནི་བྱང་ཆུབ་རྣམ་པ་ལྔ་ལས་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །སྟོང་པའི་ངང་ལས་དབུས་ཀྱི་གདན་གྱི་སྟེང་གི་ནམ་མཁའ་ལ། ཧཱུཾ་ནག་པོ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿདམར་པོ་ལས་འདམ་སྐྱེས་འཆར་ཀའི་མདོག་ཅན་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། ཧཱུཾ་ཨཱཿལ་ཐིམ། ཨཱཿཨོཾ་ལ་ཐིམ། ཨོཾ་པདྨ་ལ་ཐིམ། པདྨ་དང་ཉི་མ་ཟླ་བ་ལ་ཐིམ། སྣོད་བཅུད་ཐམས་


TNT05_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་དེ་ལ་རབ་ཏུ་ཞུགས་ཏེ། སེམས་ཙམ་ཟླ་བར་སྣང་བའོ། །ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཟླ་བ་ལས་བྱང་ཆུབ་པའོ། །ལྷག་མོས་ལུས་ལ་བསྡུ་བ་ནས། དེའི་བར་ནི་རྣལ་འབྱོར་དང་པོའོ། །ཟླ་བའི་སྟེང་དུ་ཨོཾ་ཨཱཿཧཱུཾ་བརྩེགས་པའོ། །ས་བོན་ལས་བྱང་ཆུབ་པའོ། །དེ་ལས་འོད་འཕྲོས་སངས་རྒྱས་སྲས་བཅས་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པ་ལས། རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ། ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་ཀས་མཚན་པ། བཛྲ་ཨཱཏྨ་ཀོ྅ཧཾ། ཕྱག་མཚན་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་དང་པོའི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གི་པད་ཟླའི་གདན་ལ་བཞུགས་པ། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །སྐུ་རྫོགས་པ་ལས་བྱང་ཆུབ་པའོ། །དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཁའ་དབྱིངས་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་ཆགས་ཀྱིས་བྱང་ཆུབ་སེམས་སུ་ཞུ་བ་ལས་བྱུང་བའི་རྒྱལ་བ་མི་བསྐྱོད་པ་དཔག་ཏུ་མེད་པ་རྣམས་ཀྱིས། སེམས་ཅན་ཐམས་ཅད་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར། དེ་དག་ནི་རྗེས་སུ་རྣལ་འབྱོར་རོ། །ཚུར་འདུས་གཞལ་ཡས་ཁང་གི་ནང་དུ་


TNT05_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདྲེས་ནས། བདག་ཉིད་དང་གཉིས་སུ་མེད་པར་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུ་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ནས། རིན་པོ་ཆེས་བརྒྱན་པར་གྱུར། དེ་ནས་ལུས་དཀྱིལ་བསྒོམ་པ་ནི། ལུས་ནི་གཞལ་ཡས་ཁང་དུ་གྱུར། སངས་རྒྱས་ཀུན་གྱིས་ཡང་དག་བརྟེན། ། ཟུར་བཞི་པོ་ནི་མདུན་རྒྱབ་དང༌། །གཡས་དང་གཡོན་གྱི་དབྱེ་བས་སོ། །སྟེང་འོག་སྒོ་ཡི་དབྱེ་བ་ཡིས། །སྒོ་བཞི་ཞེས་ནི་བཤད་པ་ཡིན། ལྟེ་གསང་སྙིང་ག་གདོང་སྟེ་བཞི། །སྣ་ཡི་རྩེ་མོའི་དབྱིབས་ཀྱིས་ནི། །རྟ་བབས་བཞིར་ནི་བརྗོད་པར་བྱ། །དྲ་བ་རྒྱུ་མར་ཡང་དག་བཤད། །རྒྱུས་པར་གྱུར་པ་དྲ་བ་ཕྱེད། །ཆ་ནི་ཟླ་བ་ཕྱེད་པ་དང༌། །བུམ་པ་ལྟོ་བར་ཡང་དག་བཤད། །རྗེ་ངར་བརླ་དཔུང་ལག་ངར་ནི། །ཀ་པ་བརྒྱད་དུ་རྣམ་པར་བཤད། །མིག་གི་རྣམ་ཤེས་མེ་ལོང་སོགས། སྒྲ་ཡི་རྣམ་ཤེས་བ་དན་དང༌། སྣ་ཡི་རྣམ་ཤེས་མེ་ཏོག་འཕྲེང༌། །རིན་ཆེན་ཕ་གུ་ལྕེ་རྣམ་ཤེས། །ལུས་ཀྱི་རྣམ་ཤེས་དར་འཕན་དང༌། །ཡིད་ཀྱི་རྣམ་ཤེས་རི་དྭགས་སོ། །མིག་ནི་འཁོར་ལོའི་མཚན་མ་དང༌། །རྣ་བ་ཀུན་ནས་རྡོ་རྗེ་རྣམས། །སྣ་ནི་བ་དན་དུ་ནི་བཤད། ། ལྕེ་ནི་དྲིལ་བུ་རུ་ནི་གསུངས། །རྔ་ཡབ་ལ་སོགས་རྣམ་དག་པ། །ལུས་ཀྱི་ཚོགས་ཤེས་བྱ་བར་བཤད། །ཡིད་ཀྱི་དབུས་ཀྱི་པདྨར་གསུངས། །རྣམ་རྟོག་རླུང་ནི་ཡང་དག་བསྟན། །ཡེ་ཤེས་ལྔ་ནི་རྣམ་


TNT05_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ། །རེ་ཁ་ལྔར་ནི་ཡང་དག་བརྗོད། །ཕུང་པོ་ལྔ་ནི་ཡང་དག་ལྔ། །རྣམ་དག་ཁ་དོག་ལྔ་ནི་བྱེད། །དེ་དག་གཞལ་ཡས་ཁང་དུ་བསྒོམ། །སྤྱྀ་བོར་གཟུགས་ཕུང་ཨོཾ་ལས་རྣམ་པར་སྣང་མཛད། མགྲིན་པར་འདུ་ཤེས་ཨཱཿལས་འོད་དཔག་མེད། སྙིང་གར་རྣམ་ཤེས་ཧཱུཾ་ལས་མི་བསྐྱོད་པ། ལྟེ་བར་ཚོར་བ་སྭཱ་ལས་རིན་ཆེན་འབྱུང་ལྡན། འདོམ་པར་དུ་འདུ་བྱེད་ཧཱ་ལས་དོན་ཡོད་གྲུབ་པ། སླར་ཡང་ལྟེ་བར་ས་ཁམས་ལཾ་ལས་སྤྱན་མ། སྙིང་ཁར་ཆུ་ཁམས་མཾ་ལས་མཱ་མ་ཀཱི། མགྲིན་པར་མེ་ཁམས་པཾ་ལ་གོས་དཀར་མོ། སྤྱྀ་བོར་རླུང་ཁམས་ཏཱཾ་ལས་སྒྲོལ་མ་རྣམས། དེ་བཞིན་གཤེགས་པ་རྣམས་ཀྱི་མདུན་དུ་བཞུགས་པར་གྱུར། མིག་གི་དབང་པོ་ ལས་སའི་སྙིང་པོ། རྣ་བའི་དབང་པོ་ཨོཾ་ལས་ཕྱག་ན་རྡོ་རྗེ། སྣའི་དབང་པོ་ཨོཾ་ལས་ནམ་མཁའ་སྙིང་པོ། ལྕེའི་དབང་པོ་ཨོཾ་ལས་འཇིག་རྟེན་དབང་ཕྱུག སྙིང་གར་ཡིད་དབང་ཧཱུཾ་ལས་འཇམ་དཔལ། གསང་སྒོར་ལུས་དབང་ཨོཾ་ལས་སྒྲིབ་སེལ། ལུས་ཀྱི་ཚིགས་མཚམས་རྣམས་སཾ་ལས་ཀུན་ཏུ་བཟང་པོ། སྤྱྀ་གཙུག་ཏུ་རྩ་རྒྱུས་མཻཾ་ལས་བྱམས་པ། སའི་སྙིང་པོ་སོགས་དྲུག་ལ་ཤེས་རབ་མས་འཁྱུད་པ་ནི། མིག་གི་སྒོར་ཡུལ་གཟུགས་ཛཿལས་གཟུགས་རྡོ་རྗེ་མ། རྣ་བའི་སྒོར་ཡུལ་སྒྲ་ཧཱུཾ་ལས་སྒྲ་རྡོ་རྗེ་མ། སྣའི་སྒོར་ཡུལ་དྲི་བཾ་ལས་དྲི་རྡོ་རྗེ་མ། ལྕེ་རྩེར་ཡུལ་རོ་ཧོཿལས་རོ་རྡོ་རྗེ་མ། རྟགས་ཀྱི་སྒོར་ཡུལ་རེག་བྱ་ཁཾ་ལས་རེག་བྱ་རྡོ་རྗེ་མ། ལག་པ་གཡས་པར་ཧཱུཾ་ལས་གཤིན་རྗེ་གཤེད། གཡོན་པར་ཧཱུཾ་ལས།


TNT05_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་མི་ཐུབ་པ། ཁར་ཧཱུཾ་ལས་རྟ་མགྲིན། གསང་བར་ཧཱུཾ་ལས་བདུད་རྩི་འཁྱིལ་བ། དཔུང་པ་གཡས་པར་ཧཱུཾ་ལས་མི་གཡོ་བ། གཡོན་པར་ཧཱུཾ་ལས་འདོད་རྒྱལ། པུས་མོ་གཡས་པར་ཧཱུཾ་ལས་དབྱུག་སྔོན་ཅན། གཡོན་པར་ཧཱུཾ་ལས་སྟོབས་པོ་ཆེ། སྤྱི་གཙུག་ཏུ་ཧཱུཾ་ལས་འཁོར་ལོས་སྒྱུར་བ། རྐང་མཐིལ་དུ་ཧཱུཾ་ལས་གནོད་མཛེས་རྒྱལ་པོ་རྣམས་བཞུགས་པར་གྱུར། དེ་དག་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ནས་རྡོ་རྗེ་གསུམ་བྱིན་གྱིས་བརླབ་པ་ནི། རང་གི་སྤྱི་བོར་ཨོཾ་ལས་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་འོད་ལྔ་འཕྲོ་བ། དེ་ལས་སྤྱན་མ་ནམ་མཁའ་གང་བ་སྤྲོས། སྐུ་རྡོ་རྗེ་རྣམ་སྣང་གི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། དེའི་གཙོ་བོ་སྤྱན་མ་དང་མཉམ་པར་སྦྱོར་བའི་མདུན་དུ་བདག་ཉིད་འདུག དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །སྐུ་རྡོ་རྗེ་ཡབ་ཡུམ་འཁོར་བཅས་བདག་གི་སྤྱི་གཙུག་ནས་ཐིམ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་ཏུ་རྒྱས། ། སངས་རྒྱས་སྐུ་ཡི་རང་བཞིན་གྱིས། །བདག་ཀྱང་དེ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འདིས་འོག་མ་གཉིས་ལའང་རིགས་འགྲེ་བར་བྱ་སྟེ། ལྕེའི་


TNT05_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཨཱཿལས་པདྨའི་སྟེང་དུ་ཨཱ་དམར་པོ་འོད་ལྔ་འཕྲོ་བ། དེ་ལས་གོས་དཀར་མོ། གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ལྷ་ཚོགས། གོས་དཀར་མོ་དང་སྦྱོར་བའི། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ༴ །དེང་བདག༴ །རྡོ་རྗེ་གསུང་གིས༴ །ཕྱོགས༴ །རྡོ་རྗེ༴ །དེང་བདག༴ །རྡོ་རྗེ་གསུང་གིས༴ །གསུང་རྡོ་རྗེ་ཡབ་ཡུམ། ལྕེའི་དབུས་སུ་ཐིམ། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །གསུང་དེ་ངེས་ཚིག་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་སྟེ། །ཆོས་འཛིན་པ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྙིང་གར་ཧཱུཾ་ལས་ཉི་མའི་སྟེང་དུ་ཧཱུཾ་སྔོན་པོ་འོད་ལྔ་འཕྲོ་བ། ཐུགས་རྡོ་རྗེ་མི་བསྐྱོད་པ་མཱ་མ་ཀཱི་དང༌། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ༴ །དེང་བདག་༴ །རྡོ་རྗེ་ཐུགས་ཀྱིས༴ ། ཕྱོགས་༴ །རྡོ་རྗེ༴ །དེང་བདག༴ །རྡོ་རྗེ་ཐུགས་ཀྱིས༴ །ཐུགས་རྡོ་རྗེ་ཡབ་ཡུམ། སྙིང་གར་ཐིམ། གསང་བའི་དབང་པོ་བློ་ལྡན་པ། །ཀུན་ཏུ་བཟང་པོ་ཐུགས་གང་ཡིན། །རྡོ་རྗེ་འཛིན་པ་ལྟ་བུར་ནི། །བདག་གི་སེམས་ཀྱང་དེ་འདྲར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ལྟར་བདག་ཉིད་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པ་ཁྱབ་བདག་ཆེན་པོའི་ངོ་བོར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨཱཏྨ་ཀོ྅ཧཾ། རང་གི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བ་ལ། ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་


TNT05_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། རང་སྣང་བའི་ཡུམ་ལ་འཁྱུད་པ། དེ་གཉིས་ཁ་སྦྱོར་གྱི་སྦྱོར་བས་དམ་ཚིག་སེམས་དཔའི་ལུས་རྒྱས་པར་བྱེད་པར་གྱུར། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་སྔོན་པོའི་ལྟེ་བར། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོ། མར་མེ་ཆེན་པོ་ལྟ་བུ། མི་ཤེས་པའི་མུན་པ་འཇོམས་པའི་འོད་སྣང་གི་ཕུང་པོ་རྟག་ཏུ་འཆར་བའོ། །རང་ཉིད་དམ་ཚིག་སེམས་དཔའ་རལ་པའི་ཅོད་པན་ལ། རིགས་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ། རང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ། ཡབ་ཡུམ་སྙོམས་པར་འཇུག་པའི་སྦྱོར་བས། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ཆུ་རྒྱུན་ཟླ་བ་ཞུན་མ་ལྟ་བུ་བབས་ཏེ་བདག་ལ་ཐིམ་པས་ཚིམ་ཞིང་བདེ་བ་ཆེན་པོའི་ངོ་བོར་གྱུར། དེ་དག་ནི་རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་ནོ། །དེ་ནས་རིག་མ་འདུ་བྱ་བ་ནི། རང་གི་སྙིང་ག་ནས། རང་གི་རིགས་དང་མཐུན་པའི་ཡེ་ཤེས་ཀྱི་རིག་མ་ཕྱུང༌། སྟོང་པའི་ངང་ལས་ཁཾ་དང་རྡོ་རྗེ་ལས་རིག་མ་དེ་ཉིད་རེག་བྱ་རྡོ་རྗེ་མ། ཁ་དོག་དང་མཚོན་ཆ་གཙོ་བོ་དང་མཚུངས་པ་ལས། སྒེག་ཅིང་ལང་ཚོ་ལ་བབ་པ། ནུ་འབུར་ལྷག་པར་རྒྱས་པ་བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བ། རིག་པའི་ཡུམ་གྱི་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར། དེའི་སྤྱི་བོར་ཨོཾ་ལས་རྣམ་པར་སྣང་མཛད། མགྲིན་པར་ཨཱཿལས་འོད་དཔག་མེད་ནས། སྤྱི་བོར་ཏཱཾ་ལས་སྒྲོལ་མ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱི་མདུན་དུ་བཞུགས་པར་གྱུར་གྱི་བར་གོང་


TNT05_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལས། ཕུང་ཁམས་ཀྱི་མིང་དོར། དེ་བཞིན་དུ་མིག་གི་སྒོར་ཛཿལས་གཟུགས་རྡོ་རྗེ་མ་ནས། རེག་བྱ་རྡོ་རྗེ་མའི་བར་ལའང་ཡུལ་ལྔའི་མིང་དོར། དེ་ལྔ་ཆར་རང་རང་གི་ཐབས་ལ་འཁྱུད་པའོ། །ལག་པ་གཡས་པར་ཧཱུཾ་ལས་རོ་ལངས་མ། གཡོན་པར་ཧཱུཾ་ལས་གཞན་གྱི་མི་ཐུབ་མ། ཁར་ཧཱུཾ་ལས་ཁྲོ་གཉེར་ཅན་མ། བྷ་གར་ཧཱུཾ་ལས་རལ་གཅིག་མ། དཔུང་པ་གཡས་པར་ཧཱུཾ་ལས། དེ་བཞིན་གཤེགས་པའི་ཡུམ་རྡོ་རྗེ་མ། གཡོན་པར་ཧཱུཾ་ལས་སྣ་ཚོགས་རིན་ཆེན་མ། པུས་མོ་གཡས་པར་ཧཱུཾ་ལས་སྣ་ཚོགས་པདྨ་མ། གཡོན་པར་ཧཱུཾ་ལས་སྣ་ཚོགས་ལས་མ། སྤྱི་གཙུག་ཏུ་ཧཱུཾ་ལས་ནམ་མཁའི་རྡོ་རྗེ་མ། རྐང་མཐིལ་དུ་ཧཱུཾ་ལས་ས་འཛིན་ལྷ་མོ་རྣམས་སོ། ཁྲོ་མོ་འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ནི། རང་རང་གི་ཁྲོ་བོ་དང་འདྲ་བར་ཤེས་པར་བྱའོ། །ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ནོར་བུ་ལ་ཨོཾ་དཀར་པོས་མཚན་པ་ཡུམ་གྱི་གསང་གནས་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། རང་ཉིད་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར། འཁྱུད་པ་ལ་སོགས་པ་རྗེས་ཆགས་ཀྱི་སྤྱོད་པ་བརྩམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་ཉིད་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་གྱུར། རྡོ་རྗེ་དང་པདྨའི་ནང་འོད་ཟེར་སྣ་ལྔས་གང༌། ཧཱུཾ་ཧཱུཾ་ཧཱུཾ་སྙོམས་པར་ཞུགས། ཕཊ་རང་དོན་ཡོད་གྲུབ་པའི་ངོ་བོར་གྱུར། སྐུའི་ཆ་ཐམས་ཅད་ནས་ཟླ་བ་བྱང་ཆུབ་ཀྱི་སེམས་ཞུ་ཞིང་འཕེལ་པས། ལུས་དཀྱིལ་གྱི་ལྷ་ཐམས་ཅད་བདེ་བས་ཚིམ།


TNT05_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཤེས་རབ་མའི་ཆུ་སྐྱེས་ཀྱི་དབུས་སུ་སྦྲང་རྩི་ལྟར་བབས་པས། བདེ་གཤེགས་འཁོར་བཅས་ཐམས་ཅད་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སླར་ཡང་ཡབ་ཡུམ་སྙོམས་པར་ཞུགས། ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས། སྤྱི་གཙུག་ནས་ཞུགས། ལུས་དཀྱིལ་གྱི་ལྷ་རྣམས་དང་ལྷན་ཅིག་ཐིག་ལེར་ཞུ་ཏེ། རྡོ་རྗེའི་ལམ་ནས་པདྨར་བབས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཆ་གཉིས་སུ་གྱུར། ཆ་གཅིག་བྷྲུཾ་ལས་བྱུང་བའི་གཞལ་ཡས་ཁང་གདན་དང་བཅས་པར་གྱུར། ཆ་གཅིག་ཆ་སོ་གཉིས་སུ་གྱུར་ནས་སོ་སོའི་གདན་གྱི་སྟེང་དུ་འཁོད། སྐབས་འདིར་ལྷ་རེ་རེ་བཞིན་བསྐྱེད་པ་ལ། སྔགས་དང་ཕྱག་མཚན་སྐུ་གཟུགས་བསྐྱེད། །ཕྱི་རོལ་སྤྲོ་ཞིང་འཕྲིན་ལས་མཛད། །གཅིག་བསྡུས་ཡེ་ཤེས་པ་དང་བསྲེ། །གནས་སུ་བཀོད་དེ་དོན་ཚན་བདུན།། ཞེས་པ་ལྟར་ཡིན་པས། དབུས་ཀྱི་ཐིག་ལེ་ཨོཾ་ཨཱཿཧཱུཾ་ཧཱུཾ་དུ་གྱུར། དེ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལས་ལྷ་བཅུར་བཞེངས་པ་ནི། མི་བསྐྱོད་ནག་པོ་ནག་དཀར་དམར། །དང་པོ་རྡོ་རྗེ་དྲིལ་བུ་འཛིན། །འཁོར་ལོ་པད་མ་གཡས་པས་ཏེ། །དྲིལ་བུ་ནོར་བུ་གཡོན་ནའོ། ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། །རང་གི་ཐུགས་ཀར་དྲངས། བཛྲ་དྷྲྀཀ་ཐུགས་ཀ་ནས་ཕྱིར་ཕྱུང༌། ནམ་མཁའི་ཁམས་ཐམས་ཅད་ཁྱད་པར་སྤྲོས།


TNT05_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད། ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་སྦྱངས་ཏེ། མི་བསྐྱོད་པའི་གོ་འཕང་ལ་བཀོད། སྤྲུལ་པ་རྣམས་གཅིག་ཏུ་འདུས་པ་ལ། གདོད་ནས་གྲུབ་པའི་མི་བསྐྱོད་པ་ཡེ་ཤེས་སེམས་དཔའི་ཚུལ་དུ་ཐིམ། རང་གི་རིགས་བདག་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར། རང་གི་སྙིང་ག་ནས་ཞུགས་ཏེ་ཐིམ་པས། བདག་ཉིད་རྡོ་རྗེ་འཆང་ཞི་བ་དེ། སླར་ཞེ་སྡང་རྡོ་རྗེར་གྱུར་པ་ནི། སྐུ་མདོག་སྔོན་པོ་ཨིནྡྲ་ནཱི་ལ་ལྟར་འབར་བའི་འོད་ཟེར་འཕྲོ་བ། རྩ་ཞལ་མཐིང་ཀ་ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པའི་ཉམས་ཅན། མཆེ་བའི་མྱུ་གུ་རྣོན་པོ་གཙིགས་པ། ཁྲོ་གཉེར་བསྡུས་ཤིང་སྤྱན་གསུམ་དང་ལྡན་པ། གཡས་ཞལ་དཀར་པོ་ཞི་བའི་ཉམས་ཅན། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཞལ་གསུམ་ཀར་ཡང་རབ་ཏུ་མཛེས་པའི་སྨིན་ཚུགས་ཀྱིས་བརྒྱན་པ། རིན་པོ་ཆེའི་སོར་གདུབ་ཀྱིས་སྤྲས་པའི་ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་ནག་པོ་རྩེ་དགུ་པ་དང༌། དྲིལ་བུ་འཛིན་པས་ཡུམ་རེག་བྱ་རྡོ་རྗེ་མ་རང་དང་མཚུངས་པ་ལ་འཁྱུད་པ། གཡས་གཉིས་པ་ན་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། གསུམ་པ་ན་པདྨ་དམར་པོ་འདབ་མ་བརྒྱད་པ། གཡོན་གཉིས་པ་ན་རིན་པོ་ཆེ་ལྗང་ཁུ་རྩེ་མོ་དགུ་པ། གསུམ་པ་ན་རལ་གྲི་སྔོ་སངས་འོད་


TNT05_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འབར་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུས་བརྒྱན་པ། དབུ་སྐྲ་རལ་བའི་ཐོར་ཚུགས་སྤྱི་བོར་བཅིངས་པ། ཉི་ཟླའི་འོད་ཟེར་རབ་ཏུ་འབར་ཞིང་སིལ་སིལ་གྱི་སྒྲ་སྒྲོག་པའི་རིན་པོ་ཆེའི་ཐོར་ཚུགས་དབུ་རྒྱན། སྙན་རྒྱན་མགུལ་རྒྱན། དོ་ཤལ། དཔུང་རྒྱན། གདུ་བུ། སོ་མོ་དོ། སྐ་རགས་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྙན་གོང་དུ་ཨུཏྤལའི་གདེངས་ཀ་དང་དར་དཔྱངས་ཀྱིས་མཛེས་པར་བྱས་པ། དབང་པོའི་གཞུ་ལྟར་བཀྲ་བའི་ལྷའི་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་ཞིང་སྲིད་ཞིའི་མཐའ་ལས་འདས་པ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར། ལེ་ཚེ་བརྒྱད་ལ་ཤར་གྱི་ཐིག་ལེ་ཨོཾ་ཨཱཿཨོཾ་ཧཱུཾ་དང་འཁོར་ལོར་གྱུར་པ་ལས། རྣམ་སྣང་དཀར་པོ་དཀར་ནག་དམར། དང་པོ་འཁོར་ལོ་དྲིལ་བུ་འཛིན། རྡོ་རྗེ་པད་དཀར་གཡས་པས་སྟེ་རིན་ཆེན་རལ་གྲི་གཡོན་ནའོ། །མི་བསྐྱོད་རྡོ་རྗེའི་དབུ་རྒྱན་ཅན། ཐུགས་ཀར་དྲངས། ཛི་ན་ཛྀཀ ཐུགས་ཀ་ནས་ཕྱིར་ཕྱུང༌། ནམ་མཁའི་ཁམས༴ ཆོས་ཀྱི་འཁོར་ལོར༴ ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་སྦྱངས་ཏེ། རྣམ་པར་སྣང་མཛད་ཀྱི་གོ་འཕང༌། སྤྲུལ་པ་རྣམས། གདོད་ནས་གྲུབ་པའི། རང་གི་རིགས་བདག་ནས། དབང་བསྐུར། དཀྱིལ་འཁོར་ཆེན་པོའི་


TNT05_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གྱི་རེ་མིག་ཏུ་པད་ཟླའི་གདན་ལ་འཁོད་པར་གྱུར། དེ་བཞིན་དུ་འོག་མ་རྣམས་ལ་སྦྱར་ཏེ། ལྷོའི། ཨོཾ་ཨཱཿསྭཱ་ཧཱུཾ་དང་རིན་པོ་ཆེར། རིན་འབྱུང་སེར་པོ་སེར་ནག་དཀར། །དང་པོ་ནོར་བུ་དྲིལ་བུ་འཛིན། །རྡོ་རྗེ་འཁོར་ལོ་གཡས་པས་ཏེ། །པད་སེར་རལ་གྲི་གཡོན་ནའོ། །མི་བསྐྱོད་རྡོ་རྗེའི་དབུ་རྒྱན་ཅན། །རཏྣ་དྷྲྀཀ ང་རྒྱལ་དང་སེར་སྣ་སྦྱངས་ཏེ་རིན་འབྱུང་གི གདོད་ནས་གྲུབ་པའི་རིན་འབྱུང༌། ལྷོའི་རེ་མིག་ཏུ། པདྨ་དང་རིན་པོ་ཆེའི་གདན་ལ་འཁོད། ནུབ་ཀྱི་ཨོཾ་ཨཱཿཨཱཿཧཱུཾ་དང་པད་མར། འོད་དཔག་མེད་དམར་དམར་ནག་དཀར། གཡོན་གྱི་དང་པོ་པད་རྩ་དང༌། དྲིལ་བུ་ལྷན་ཅིག་དཀུར་བརྟེན་འཛིན། གཡས་པས་པདྨ་དམར་པོ་ནི། འདབ་བརྒྱད་ཐུགས་ཀར་ཁ་འབྱེད་པའོ། །རྡོ་རྗེ་འཁོར་ལོ་གཡས་པ་ཏེ། །རིན་ཆེན་རལ་གྲི་གཡོན་ནའོ། །མི་བསྐྱོད་རྡོ་རྗེའི་དབུ་རྒྱན་ཅན།། ཨ་རོ་ལིཀ འདོད་ཆགས་སྦྱངས་ཏེ། གདོད་ནས་གྲུབ་པའི་འོད་དཔག་མེད། ནུབ་ཀྱི་རེ་མིག་ཏུ་པདྨ་བརྩེགས་པའི་གདན་ལ། བྱང་གི་ཨོཾ་ཨཱཿཧཱ་ཧཱུཾ་དང་རལ་གྲིར། དོན་གྲུབ་ལྗང་ཁུ་ལྗང་ནག་དཀར། །དང་པོ་རལ་གྲི་དྲིལ་བུ་འཛིན། །སྣ་ཚོགས་རྡོ་རྗེ་འཁོར་ལོ་གཡས། །པདྨ་ལྗང་ཁུ་ནོར་བུ་གཡོན། །མི་བསྐྱོད་རྡོ་རྗེའི་དབུ་རྒྱན་ཅན། །པྲཛྙཱ་དྷྲྀཀ བརྫུན་དང་ཕྲག་དོག་སྦྱངས་ཏེ་དོན་གྲུབ་ཀྱི། གདོད་ནས་གྲུབ་པའི་དོན་གྲུབ། བྱང་གི་རེ་མིག་ཏུ། སྣ་ཚོགས་རྡོ་རྗེའི་གདན་ལ་ཞེས་པ་ནི་ཁྱད་


TNT05_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པར་རོ། །འདི་མན་ཆད་ལ་ཆོས་ཀྱི་འཁོར་ལོ་ཞེས་པ་ནས་ཐམས་ཅད་མཛད། ཁྱད་པར་དུ་ཞེས་པའི་ཚིག་རྣམས་དོར་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་བཞི་ཡང༌། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་བཞིན་དུ་སྦྱར་ཏེ། ཤར་ལྷོའི་ཨོཾ་ཨཱཿལཾ་ཧཱུཾ་དང༌། ཨུཏྤལ་དཀར་པོ། སྤྱན་མ་དཀར་མོ་དཀར་ནག་དམར། །དང་པོ་འཁོར་ལོ་དྲིལ་བུ་འཛིན། །རྡོ་རྗེ་ཨུཏྤལ་དཀར་པོ་གཡས། །རིན་ཆེན་རལ་གྲི་གཡོན་ནའོ། ། རྣམ་སྣང་མཛད་ཀྱི་ཅོད་པན་ཅན། །མོ་ཧ་ར་ཏཱི། སེམས་ཅན་གྱི་ཁམས་ན་གདོན་དང་ནད་ཀྱིས་གདུངས་པ་ཐམས་ཅད་ཞི་བར་མཛད། གདོད་ནས་གྲུབ་པའི་སངས་རྒྱས་སྤྱན་མ། ཤར་ལྷོའི་རེ་མིག་ཏུ་ཟླ་བའི་གདན་ལ། ལྷོ་ནུབ་ཀྱི་ཨོཾ་ཨཱཿམཾ་ཧཱུཾ་དང་ཨུཏྤལ་སྔོ་དམར་དུ། མཱ་མ་ཀཱི་སྔོ་སྔོ་དཀར་དམར། དང་པོ་རྡོ་རྗེ་དྲིལ་བུ་འཛིན།། འཁོར་ལོ་ཨུཏྤལ་སྔོ་དམར་གཡས། །དྲིལ་བུ་ནོར་བུ་གཡོན་ནའོ། །མི་བསྐྱོད་རྒྱལ་པོའི་ཅོད་པན་ཅན། །དྭེ་ཥ་ར་ཏཱི། སེམས་ཅན་གྱི་ཁམས་ན་བགེགས་ཀྱིས་གཟིར་བ་རྣམས་ལས་བསྲུངས་ཏེ་རྒྱས་པར་མཛད། གྲུབ་པའི་མཱ་མ་ཀཱི། ལྷོ་ནུབ་ཀྱི་རེ་མིག་ཏུ་རྡོ་རྗེའི་གདན། ནུབ་བྱང་གི ཨོཾ་ཨཱཿཔཾ་ཧཱུཾ་དང༌། ཨུཏྤལ་དམར་པོ། གོས་དཀར་མོ་དམར་དམར་ནག་དཀར། ཨུཏྤལ་རྩ་བ་གཡོན་དང་པོས། ། དྲིལ་བུ་ལྷན་ཅིག་དཀུར་བརྟེན་ཞིང༌། །གཡས་པས་ཨུཏྤལ་དམར་པོ་ནི། །འདབ་བརྒྱད་ཐུགས་ཀར་ཁ་འབྱེད་པ། །རྡོ་རྗེ་འཁོར་ལོ་གཡས་པས་ཏེ། །རིན་ཆེན་


TNT05_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་གཡོན་ནའོ། །འོད་དཔག་མེད་པའི་ཅོད་པན་ཅན། །རཱ་ག་ར་ཏཱི། སེམས་ཅན་གྱི་ཁམས་ན་གདོན་གྱིས་ཉེན་པ་ཐམས་ཅད་ལ་བསྲུངས་བ་མཛད། གྲུབ་པའི་གོས་དཀར་མོ། ནུབ་བྱང་གི་རེ་མིག་ཏུ་པདྨ་རྩེགས་པའི་གདན་ལ། བྱང་ཤར་གྱི་ཨོཾ་ཨཱཿཏཱཾ་ཧཱུཾ་དང༌། ཨུཏྤལ་ལྗང་ཁུར། སྒྲོལ་མ་ལྗང་ཁུ་ལྗང་ནག་དཀར། །དང་པོ་སྣ་ཚོགས་རྡོར་དྲིལ་འཛིན། །འཁོར་ལོ་ཨུཏྤལ་རྡོ་རྗེས་མཚན། །རིན་ཆེན་རལ་གྲི་གཡས་གཡོན་ནའོ། །དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། །བཛྲ་ར་ཏཱི། སེམས་ཅན་ཐམས་ཅད་དབང་དུ་འདུ་བར་མཛད། གྲུབ་པའི་སྒྲོལ་མ། བྱང་ཤར་གྱི་རེ་མིག་ཏུ། སྣ་ཚོགས་རྡོ་རྗེའི་གདན་ལ་འཁོད། །རིམ་པ་གཉིས་པའི་ཤར་ལྷོའི། ཨོཾ་ཨཱཿཛཿཧཱུཾ། མེ་ལོང་དམར་པོར། དཀར་མོ་གཟུགས་ཀྱི་རྡོ་རྗེ་མ། །རྩ་ཕྱག་མེ་ལོང་དམར་པོ་འཛིན། །ལྷག་མ་སངས་རྒྱས་སྤྱན་མ་བཞིན། །རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། རཱུ་པ་བཛྲ། གཟུགས་ཀྱི་སྐྱེ་མཆེད་སྦྱངས། ཡེ་ཤེས་དོན་དམ་པའི་གཟུགས་ཀྱི་བདེ་བ་མཆོད། གྲུབ་པའི་གཟུགས་རྡོ་རྗེ་མ། རིམ་པ་གཉིས་པའི་ཤར་ལྷོར་ཟླ་བ་ལ་འཁོད། ལྷོ་ནུབ་ཀྱི་ཨོཾ་ཨཱཿཧཱུཾ་ཧཱུཾ་དང་པི་ཝཾ་དུ། སེར་མོ་སྒྲ་ཡི་རྡོ་རྗེ་མ། །སེར་ནག་དཀར་བའི་ཞལ་གསུམ་སྟེ། །རྩ་ཕྱག་པི་ཝཾ་སྔོན་པོ་སྒྲེང༌། །ལྷག་མ་མཱ་མ་ཀི་དང་མཚུངས། །མི་བསྐྱོད་རྒྱལ་པོས་དབུ་ལ་བརྒྱན། །ཤཔྟ་བཛྲ། སྒྲའི་སྐྱེ་མཆེད་སྦྱངས། ཡེ་ཤེས་དོན་དམ་པའི་སྒྲའི་བདེ་བས་མཆོད། གྲུབ་


TNT05_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲ་རྡོ་རྗེ་མ། ལྷོ་ནུབ་ཏུ་རིན་པོ་ཆེའི་གདན་ལ་འཁོད། ནུབ་བྱང་གི་ཨོཾ་ཨཱཿབཾ་ཧཱུཾ་དང༌། དྲི་བཟང་གིས་གང་བའི་དུང་ཕོར་དུ། དམར་མོ་དྲི་ཡི་རྡོ་རྗེ་མ། །རྩ་ཕྱག་དྲི་བཟང་དུང་ཆོས་འཛིན། །ལྷག་མ་གོས་དཀར་མོ་དང་མཚུངས། །འོད་དཔག་མེད་ཀྱི་དབུ་རྒྱན་ཅན། །གན་དྷེ་བཛྲ། དྲིའི་སྐྱེད་མཆེད་སྦྱངས། དྲིའི་བདེ་བས་མཆོད། ནུབ་བྱང་དུ་པདྨ་དམར་པོའི་གདན་ལ་འཁོད། བྱང་ཤར་གྱི་ཨོཾ་ཨཱཿཧོཿཧཱུཾ་དང༌། རོ་མཆོག་གི་སྣོད་དུ། ལྗང་ཁུ་རོ་ཡི་རྡོ་རྗེ་མ། །རྩ་ཕྱག་རོ་མཆོག་གིས་གང་སྣོད། ཁྱད་པར་གཞན་རྣམས་སྒྲོལ་མ་བཞིན།། རྒྱལ་བ་རྔ་སྒྲའི་ཅོད་པན་ཅན། །རཱ་ས་བཛྲ། རོ་ཡི་སྐྱེ་མཆེད་སྦྱངས། རོའི་བདེ་བས་གྲུབ་པའི་རོ་རྡོ་རྗེ། བྱང་ཤར་དུ་སྣ་ཚོགས་རྡོ་རྗེའི་གདན་ལ། དབུས་ཀྱི་གདན་གྱི་སྟེང་གི་ཨོཾ་ཨཱཿཁཾ་ཧཱུཾ་དང་རྡོ་རྗེར། རེག་མ་སྔོན་མོ་སྔོ་དཀར་དམར། །དང་པོ་རྡོ་རྗེ་དྲིལ་བུ་འཛིན། །འཁོར་ལོ་པདྨ་གཡས་པས་ཏེ། །དྲིལ་བུ་ནོར་བུ་གཡོན་ནའོ། །མི་བསྐྱོད་རྒྱལ་པོའི་ཅོད་པན་ཅན། །སྤར་ཤ་བཛྲ། རེག་བྱའི་སྐྱེ་མཆེད་སྦྱངས། རེག་བྱའི་བདེ་བས། གྲུབ་པའི་རེག་བྱ་རྡོ་རྗེ་མ། འཁོར་ལོའི་དབང་ཕྱུག་གི་པད་མར་འཁོད་པའི་རེག་བྱ་རྡོ་རྗེ་མ་ལ་ཐིམ་པར་གྱུར། ལྷ་མོ་དགུ་པོ་ཐམས་ཅད་ནི། སྒེག་ཅིང་ལང་ཚོ་ལ་བབ་པ། །ནུ་འབུར་ལྷག་པར་རྒྱས་པ་བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བ། རིག་པའི་ཡུམ་གྱི་མཚན་ཉིད་ཡོངས་སུ་རྫོགས་པའོ།། རིམ་པ་གསུམ་པའི་ལྷ་རྣམས་ཀྱི་ཤར་གྱི་


TNT05_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱི་ཨོཾ་ཨཱཿམཻཾ་ཧཱུཾ་དང༌། ཀླུ་ཤིང་གི་ཡལ་ག་འཁོར་ལོས་མཚན་པའི་མེ་ཏོག་དང་བཅས་པར། བྱམས་པ་རྣམ་སྣང་དང་མཚུངས་པ་ལས། རྣམ་སྣང་གི་ཅོད་པན་ཅན། ཕྱག་གཡས་ཀྱི་དང་པོ་ན་ཀླུ་ཤིང་གི་ཡལ་ག་འཁོར་ལོས་མཚན་པའི་མེ་ཏོག་དང་བཅས་པའོ། །མཻ་ཏྲི། རྩ་རྒྱུས་དང་ཉོན་མོངས་པ་ཅན་གྱི་ཡིད་སྦྱངས། རྡོ་རྗེའི་རྩ་དང་ཟག་ཟད་ཀྱི་མངོན་ཤེས་ལ་བཀོད། གྲུབ་པའི་བྱམས་པ། ལྷ་སྣམ་གྱི་ཤར་གྱི་གཡས་སུ་པད་ཟླའི་གདན་ལ། ཤར་གྱི་གཡོན་གྱི་ཨོཾ་ཨཱཿ ཧཱུཾ་དང་འཁོར་ལོ། སའི་སྙིང་པོ་རྣམ་སྣང་དང་མཚུངས་པ། ཀྵི་ཏི་གརྦྷ། མིག་དབང་རྣམ་ཤེས་དང་བཅས་པ་སྦྱངས། རྡོ་རྗེའི་མིག་དང་མིག་གི་མངོན་ཤེས་ལ་བཀོད། ལྷ་སྣམ་གྱི་ཤར་གྱི་གཡོན་དུ་ཟླ་བ་ལ། ལྷོའི་གཡས་ཀྱི་ཨོཾ་ཨཱཿཨོཾ་ཧཱུཾ་དང་རིན་པོ་ཆེར། ཕྱག་ན་རྡོ་རྗེ་རིན་ཆེན་འབྱུང་ལྡན། རིན་འབྱུང་གི་དབུ་རྒྱན་ཅན། བཛྲ་པཱ་ཎི། རྣ་བའི་དབང་པོ་རྣམ་ཤེས་དང་བཅས་པ་སྦྱངས། རྡོ་རྗེའི་རྣ་བ་དང་རྣ་བའི་མངོན་ཤེས་ལ། གྲུབ་པའི་ཕྱག་ན་རྡོ་རྗེ། ལྷོའི་གཡས་སུ་རིན་པོ་ཆེའི་གདན་ལ་ལྷོའི་གཡོན་གྱི། ཨོཾ་ཨཱཿཨོཾ་ཧཱུཾ་དང་རིན་པོ་ཆེར། ནམ་མཁའི་སྙིང་པོ་རིན་ཆེན་འབྱུང་ལྡན། རིན་འབྱུང་གི་དབུ་རྒྱན་ཅན། ཁ་གརྦྷ། སྣའི་དབང་པོ་རྣམ་ཤེས་དང་བཅས་པ་སྦྱངས། རྡོ་རྗེའི་སྣ་དང༌། སྣའི་མངོན་ཤེས་ལ་བཀོད། གྲུབ་


TNT05_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནམ་མཁའི་སྙིང་པོ། ལྷོའི་གཡོན་དུ་ཟླ་བ་ལ། ནུབ་ཀྱི་གཡས་ཀྱི་ཨོཾ་ཨཱཿཨོཾ་ཧཱུཾ་དང་པདྨར། འཇིག་རྟེན་དབང་ཕྱུག་འོད་དཔག་མེད། །འོད་དཔག་མེད་ཀྱི་དབུ་རྒྱན་ཅན། །ལོ་ཀེ་ཤྭ་ར། ལྕེའི་དབང་པོ་རྣམ་ཤེས་དང་བཅས་པ་སྦྱངས། རྡོ་རྗེའི་ལྕེ་དང་ལྕེའི་མངོན་ཤེས་ལ་བཀོད། གྲུབ་པའི་འཇིག་རྟེན་དབང་ཕྱུག །ནུབ་ཀྱི་གཡས་སུ་པདྨ་དམར་པོའི་ལ། ནུབ་ཀྱི་གཡོན་གྱི་ཨོཾ་ཨཱཿཧཱུཾ་ཧཱུཾ་དང་པདྨར། འཇམ་དཔལ་འོད་དཔག་མེད། འོག་དཔག་མེད་ཀྱི་དབུ་རྒྱན་ཅན། མཉྫུ་ཤྲཱི། ཡིད་དབང་དང་ཡིད་ཀྱི་རྣམ་ཤེས་སྦྱངས། རྡོ་རྗེའི་ཡིད་དང་ཕ་རོལ་སེམས་ཤེས་ལ་བཀོད། གྲུབ་པའི་འཇམ་དཔལ། ནུབ་ཀྱི་གཡོན་དུ་པདྨ་དམར་པོའི་གདན་ལ་བྱང་གི་གཡས་ཀྱི། ཨོཾ་ཨཱཿཨོཾ་ཧཱུཾ་དང་རལ་གྲིར། སྒྲིབ་པ་རྣམ་པར་སེལ་བ། དོན་ཡོད་གྲུབ་པ། དོན་གྲུབ་གྱི་ཅོད་པན་ཅན། སརྦ་ནི་ཝ་ར་ཎ་བི་སྐཾ་བྷི་ནི། ལུས་དབང་རྣམ་ཤེས་དང་བཅས་པ་སྦྱངས། རྡོ་རྗེའི་ལུས་དང་རྫུ་འཕྲུལ་ཀྱི་མངོན་ཤེས་ལ། གྲུབ་པའི་སྒྲིབ་པ་རྣམ་སེལ། བྱང་གི་གཡས་སུ་སྣ་ཚོགས་རྡོ་རྗེ་ལ། བྱང་གི་གཡོན་གྱི། ཨོཾ་ཨཱཿསཾ་ཧཱུཾ་དང་རལ་གྲིར། ཀུན་ཏུ་བཟང་པོ་དོན་ཡོད་གྲུབ་པ། དོན་གྲུབ་ཀྱི་དབུ་རྒྱན་ཅན། ས་མནྟ་བྷ་དྲ། ཚིགས་རྣམས་དང་ཀུན་གཞི་རྣམ་ཤེས་སྦྱངས། རྡོ་རྗེ་སྟོབས་དང་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་བཀོད། གྲུབ་པའི་ཀུན་ཏུ་བཟང་


TNT05_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པོ། བྱང་གི་གཡོན་དུ་སྣ་ཚོགས་རྡོ་རྗེའི་གདན་ལ། དེ་ལྟར་ལྷ་མོ་རྣམས་དང་སེམས་དཔའ་བརྒྱད་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞི་བའི་ལྷ་ཚོགས་དེ་ཐམས་ཅད་ཀྱང་འཛུམ་ཞིང་སྒེག་པའི་ཉམས་ཅན། འདོད་པའི་ཡོན་ཏན་ལྔའི་དགའ་བས་རོལ་པ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་ཀྱི་དཀྱིལ་འཁོར་འབར་བའི་དབུས་ན་བཞུགས་པའོ། །ཤར་སྒོའི། ཨོཾ་ཨཱཿཧཱུཾ་ཧཱུཾ་དང་དབྱུག་པར། གཤིན་རྗེ་གཤེད་ནག་ནག་དཀར་དམར། དབྱུག་པ་འཁོར་ལོ་རྡོ་རྗེ་གཡས། །ཐུགས་ཀར་སྡིགས་མཛུབ་དང་བཅས་པའི། །ཞགས་པ་དྲིལ་བུ་དགྲ་སྟ་གཡོན། །རྣམ་སྣང་མཛད་ཀྱི་ཅོད་པན་ཅན། །ཡ་མཱན་ཏ་ཀྲྀཏ། དབང་པོ་ལ་སོགས་པའི་བགེགས་ཐམས་ཅད་བཅོམ། གྲུབ་པའི་གཤིན་རྗེ་གཤེད། ཤར་སྒོར་པད་ཉིའི་གདན། ལྷོ་སྒོའི། ཨོཾ་ཨཱཿཧཱུཾ་ཧཱུཾ་དང༌། རྡོ་རྗེ་མཚན་པའི་དབྱུག་པ་དཀར་པོར། ཤེས་རབ་མཐར་བྱེད་དཀར་པོ་ནི།། དཀར་ནག་དམར་བའི་ཞལ་གསུམ་པ། །རྡོ་རྗེ་དབྱུག་པ་རལ་གྲི་གཡས། །གཡོན་ནི་གཤིན་རྗེ་གཤེད་དང་མཚུངས། །རིན་ཆེན་འབྱུང་བའི་ཅོད་པན་ཅན། །པྲཛྙཱནྟ་ཀྲྀཏ། གཤིན་རྗེ་དང་མ་མོ་ལ་སོགས་པའི་བགེགས། གྲུབ་པའི་ཤེས་རབ་མཐར་བྱེད། ལྷོ་སྒོར་པད་ཉིའི་གདན་ལ། ནུབ་སྒོའི། ཨོཾ་ཨཱཿཧཱུཾ་ཧཱུཾ་དང་པདྨར། རྟ་མགྲིན་དམར་པོ་དམར་ནག་དཀར། །པདྨ་


TNT05_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་གཏུན་ཤིང་གཡས། །དྲིལ་བུ་སྙེམས་པས་དཀུར་བརྟེན་དང༌། །དགྲ་སྟ་ཞགས་པ་གཡོན་ནའོ། །སྣང་མཐའ་ཡས་ཀྱི་ཅོད་པན་ཅན། །པདྨཱནྟ་ཀྲྀཏ། ཀླུ་དང་ས་བདག་གི་བགེགས། གྲུབ་པའི་པདྨ་མཐར་བྱེད། ནུབ་སྒོར་པད་ཉིའི་གདན་ལ། བྱང་སྒོའི། ཨོཾ་ཨཱཿཧཱུཾ་ཧཱུཾ་དང་སྣ་ཚོགས་རྡོ་རྗེར། བགེགས་མཐར་བྱེད་པ་སྔོ་སངས་ནི། །སྔོ་དཀར་དམར་བའི་ཞལ་གསུམ་པ། །རྒྱ་གྲམ་འཁོར་ལོ་གཏུན་ཤིང་གཡས། །གཡོན་པ་གཤིན་རྗེ་གཤེད་དང་མཚུངས། རྒྱལ་བ་རྔ་སྒྲའི་ཅོད་པན་ཅན། །བིགྷྣཱནྟ་ཀྲྀཏ། གནོད་སྦྱིན་དང་ལོག་འདྲེན་ལ་སོགས་པའི་བགེགས། གྲུབ་པའི་བགེགས་མཐར་བྱེད། བྱང་སྒོར་པད་ཉི་ལ། ཤར་ལྷོའི་གྲྭའི། ཨོཾ་ཨཱཿཧཱུཾ་ཧཱུཾ་དང་རལ་གྲིར། མི་གཡོ་ནག་པོ་ནག་དཀར་དམར། །རལ་གྲི་རྡོ་རྗེ་འཁོར་ལོ་གཡས། གཡོན་པ་ཐུགས་ཀར་སྡིག་འཛུབ་དང༌། །དགྲ་སྟ་ཞགས་པ་རིམ་པ་བཞིན། །སངས་རྒྱས་སྣང་མཛད་ཅོད་པན་ཅན།། ཨ་ཙ་ལ། ཡམས་ནད་གཏོང་བ་དང་མེ་ལྷའི་གདོན་རྣམས་བཅོམ་གྲུབ་པའི་མི་གཡོ་བ། ཤར་ལྷོའི་གྲྭར་པད་ཉི་ལ། ལྷོ་ནུབ་ཀྱི་གྲྭའི། ཨོཾ་ཨཱཿཧཱུཾ་ཧཱུཾ་དང་རྡོ་རྗེར། འདོད་རྒྱལ་སྔོན་པོ་སྔོ་དཀར་དམར། །རྩ་ཕྱག་ཧཱུཾ་མཛད་ཕྱག་རྒྱ་འཆིང༌། །རྡོ་རྗེ་རལ་གྲི་གཡས་པས་ཏེ། །ཞགས་པ་ལྕགས་ཀྱུ་གཡོན་ནའོ། །དཀོན་མཆོག་དཔལ་གྱི་ཅོད་པན་ཅན། །ཊཀྐི་རཱ་ཛ། སྲིན་པོའི་གདོན་སོགས་ཉེ་


TNT05_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཚོ་བ་རྣམས་བཅོམ། གྲུབ་པའི་འདོད་རྒྱལ། བདེན་བྲལ་གྱི་གྲྭར་པད་ཉིའི་གདན་ལ། ནུབ་བྱང་གི་གྲྭའི། ཨོཾ་ཨཱཿཧཱུཾ་ཧཱུཾ་དང༌། རྡོ་རྗེས་མཚན་པའི་བེ་ཅོན་སྔོན་པོར། དབྱུག་སྔོན་སྔོན་པོ་སྔོ་དཀར་དམར། །བེ་ཅོན་རལ་གྲི་འཁོར་ལོ་གཡས། །སྡིགས་མཛུབ་བཅས་པའི་ཞགས་པ་ནི། །ཐུགས་ཀར་གཏོད་ཅིང་པདྨ་དང༌། །དགྲ་སྟ་གཡོན་ལ་རིམ་པས་སོ། །རྡོ་རྗེ་ཆོས་ཀྱི་ཅོད་པན་ཅན། །ནཱི་ལ་དཎྜ། ཡམས་ནད་དང་རླུང་ལྷའི་གདོན་རྣམས་བཅོམ། གྲུབ་པའི་དབྱུག་སྔོན་ཅན། ནུབ་བྱང་གི་གྲྭར་པད་ཉི་ལ། བྱང་ཤར་གྱི་གྲྭའི། ཨོཾ་ཨཱཿཧཱུཾ་ཧཱུཾ་དང༌། རྡོ་རྗེས་མཚན་པའི་དབྱུག་པ་ནག་པོར། སྟོབས་ཆེན་ནག་པོ་ནག་དཀར་དམར། །དབྱུག་པ་རྡོ་རྗེ་འཁོར་ལོ་གཡས། ། སྡིགས་མཛུབ་བཅས་པའི་ཞགས་པ་ནི། །ཐུགས་ཀར་གཏོད་ཅིང་རྩེ་གསུམ་དང༌།། དགྲ་སྟ་གཡོན་གསུམ་རིམ་པས་སོ། །དོན་ཡོད་གྲུབ་པའི་ཅོད་པན་ཅན། །མ་ཧཱ་བ་ལ། དབང་ལྡན་མཁའ་འགྲོ་མའི་གདོན་དང་བཅས་པ་བཅོམ། གྲུབ་པའི་སྟོབས་པོ་ཆེ། བྱང་ཤར་གྱི་གྲྭར་པད་ཉིའི་གདན་ལ། སྟེང་གི་ཡ་ཕུབས་ཀྱི་ནང་གི །ཨོཾ་ཨཱཿཧཱུཾ་ཧཱུཾ་དང་རྡོ་རྗེ། གཙུག་ཏོར་འཁོར་ལོས་གྱུར་བ་སྔོ། །ཞལ་གསུམ་སྔོ་དཀར་དམར་བ་སྟེ། །རྩ་ཕྱག་གཙུག་ཏོར་ཕྱག་རྒྱ་བཅིངས། སྤྱི་བོར་འཇོག་ཅིང་ལྷག་མ་ཡི། །གཡས་པས་རྡོ་རྗེ་པདྨ་སྟེ། །གཡོན་པ་སྡིག་མཛུབ་རལ་གྲིའོ། མི་བསྐྱོད་རྒྱལ་བོའི་ཅོད་པན་ཅན། །ཨུཥྞི་ཥ་ཙཀྲ་ཝརྟི། ཚང་པ་ལྷའི་


TNT05_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་དང་བཅས་པ་བཅོམ་གྲུབ་པའི་གཙུག་ཏོར་འཁོར་ལོས་སྒྱུར་བ། གཞལ་ཡས་ཁང་གི་ཡ་ཕུབས་ཀྱི་ནང་དུ་པད་ཉི་ལ། འོག་གི་ས་གཞིའི་ནང་གི་ཐིག་ལེ། ཨོཾ་ཨཱཿཧཱུཾ་ཧཱུཾ་དང་རྡོ་རྗེར་གྱུར་པ་ལས། གནོད་མཛེས་ནག་པོ་ནག་དཀར་དམར། །རྡོ་རྗེ་འཁོར་ལོ་ནོར་བུ་གཡས། །ཐུགས་ཀར་སྡིགས་མཛུབ་ཞགས་པ་དང༌། །པདྨ་རལ་གྲི་གཡོན་པས་སོ། །མི་བསྐྱོད་མགོན་པོའི་ཅོད་པན་ཅན། རང་གི་ཐུགས་ཀར་དྲངས། སུམ་བྷ་རཱ་ཛ། ཐུགས་ཀ་ནས་ཕྱིར་ཕྱུང་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་སྤྲོས། ཀཱ་ལ་ཀུ་ཊ་ལ་སོགས་པ་བརྟན་གཡོའི་དུག་ཐམས་ཅད་དང༌། གདོན་གྱི་བདག་པོ་ཐམས་ཅད་བཅོམ། །སྤྲུལ་པ་རྣམས་གཅིག་ཏུ་འདུས་པ་ལ། གདོད་ནས་གྲུབ་པའི་གནོད་མཛེས་རྒྱལ་པོ་ཡེ་ཤེས་སེམས་དཔའི་ཚུལ་དུ་ཐིམ། རང་གི་རིགས་བདག་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར། གཙོ་བོའི་གནས་ཀྱི་འོག་རྡོ་རྗེའི་ས་བཞིའི་ནང་དུ་པད་ཉི་ལ་འཁོད་པར་གྱུར། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་སྦོམ་ཞིང་ཐུང་ལ་མི་སྡུག་པའི་ཉམས་ཅན། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང༌། སྨིན་མ་དང་སྨ་ར་དམར་སེར་རབ་ཏུ་འབར་བ། ཞལ་རེ་རེ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང༌། སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་ནི། ཀླུའི་རྒྱལ་པོ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ་རིགས་ལྡན་ཁྲ་བོས་དཔུང་


TNT05_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བརྒྱན་ཅིང༌། པདྨ་དཀར་པོས་མགུལ་རྒྱན་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་ཤིང༌། སྟོབས་རྒྱུ་ལྗང་ཁུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོས་རྐང་གདུབ་བྱས་པ། སྟོབས་ཆེན་ཕ་རོལ་གནོན་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་པའི་དབུས་ན། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་ལ་བརྩོན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །འདོད་རྒྱལ་གྱི་ཕྱག་རྒྱ་དང་པོ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛད་པ་ནི། ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ཕལ་ཆེར་འདྲ་བ་ལས་དེར་བརྟགས་པ་ཡིན་ཏེ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཀྱང་སྦྲེལ་བ་སྟེ། འདོད་རྒྱལ་ཉིད་ཀྱི་ཕྱག་རྒྱ་ཡིན་ནོ། །གཙུག་ཏོར་གྱི་ཕྱག་རྒྱ་ནི། ཐལ་མོ་སྦྱར་བ་ཁ་ཕྱེ་བ་ལས་མཐེ་ཆུང་གཉིས་ཁབ་ལྟར་གཤིབས། སྲིན་ལག་གཉིས་མཐེ་བོང་གིས་མནན། གུང་མོ་གཉིས་བརྐྱང་སྟེ་རྩེ་སྤྲད། མཛུབ་མོ་གཉིས་དེ་ལ་བཙུགས་ཏེ། གཡས་གཡོན་དུ་རྭའི་ཚུལ་གྱིས་བྱས་པའོ། །གསང་འདུས་འཕགས་བསྐོར་གྱི་སྐབས་འདིར། ཁྲོ་བོ་བཅུ་ལ་རོལ་པའི་ཁྲོ་བོ་མི་བཞེད་དེ། ཐམས་ཅད་ཆེར་ཁྲོས་པའོ། །ཡུམ་གྱི་པདྨའི་ནང་གི་གཞལ་ཡས་ཁང༌། རང་གི་ཐུགས་ཀར་དྲངས། ཨོཾ་ཨཱཿཧཱུཾ་ཐུགས་ཀ་ནས་ཕྱིར་ཕྱུང༌། ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་སྤྲོས། སྣོད་ཀྱི་འཇིག་རྟེན་གྱི་དྲི་མ་ཐམས་ཅད་སྦྱངས། ཡེ་ཤེས་ཀྱི་སྣང་བའི་གཞལ་མེད་ཁང་ལ་བཀོད།


TNT05_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་རྣམས་གཅིག་ཏུ་འདུས་པ་ལ། གདོད་ནས་གྲུབ་པའི་གཞལ་ཡས་ཁང་ཡེ་ཤེས་སེམས་དཔའི་ཚུལ་དུ་ཐིམ། དེ་ཉིད་དཀྱིལ་འཁོར་ཆེན་པོའི་གཞལ་ཡས་ཁང་ལ་ཐིམ་པར་གྱུར། དེ་ལྟར་ན་དཀྱིལ་འཁོར་ཆེན་པོ་དངས་ཤིང་སྒྲིབ་པ་མེད་པ། ཟུང་དུ་འཇུག་པའི་རང་བཞིན་ལ་མཉམ་པར་འཇོག་སྟེ། དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས་ཕྲ་མོའི་རྣལ་འབྱོར་ནི། སྟེང་གི་སྣ་རྩེ་འམ། རྡོ་རྗེའི་ལྟེ་བར་ཐིག་ལེ་སོགས་ལ་སེམས་འཛིན་པ་སྟེ། གཞན་དུ་ཤེས་པར་བྱའོ། བསྐྱེད་རིམ་གྱི་རྡོ་རྗེའི་བཟླས་པ་ནི། ཐ་མལ་པ་གང་ལའང་མ་ཆགས་ཤིང༌། ལྷའི་རྣལ་འབྱོར་དང་མི་ཕྱེད་པའི་ཡིད་བཟླས་སོ། །ཚིག་ཏུ་བརྗོད་པའི་བཟླས་པ་ནི། དམ་ཚིག་གི་བཟླས་པ་སྤྲཽ་བསྡུའི་དམིགས་པ་གཙོ་བོར་གསལ་གདབ། བཟླས་བྱའི་སྔགས། ཨོཾ་ཨཱཿཧཱུཾ་ནི་དེ་ཁོ་ན་ཉིད་ཀྱི་སྙིང་པོའོ། །ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཛི་ན་ཛྀཀ་ཨོཾ་ཧཱུཾ། ཨོཾ་ཨཱཿརཏྣ་དྷྲྀཀ་སྭཱ་ཧཱུཾ། ཨོཾ་ཨཱཿཨ་རོ་ལྀཀ་ཨཱཿཧཱུཾ། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཧཱ་ཧཱུཾ། ཨོཾ་ཨཱཿམོ་ཧ་ར་ཏཱི་ལཾ་ཧཱུཾ། ཨོཾ་ཨཱཿདྭེ་ཥ་ར་ཏཱི་མཾ་ཧཱུཾ། ཨོཾ་ཨཱཿརཱ་ག་ར་ཏཱི་པཾ་ཧཱུཾ། ཨོཾ་ཨཱཿབཛྲ་ར་ཏཱི་ཏཾ་ཧཱུཾ། ཨོཾ་ཨཱཿརཱུ་པ་བཛྲཱ་ཛཿཧཱུཾ། ཨོཾ་ཨཱཿཤཔྟ་བཛྲ་ཧཱུཾ་ཧཱུཾ། ཨོཾ་ཨཱཿ་གནྡྷ་བཛྲ་བཾ་ཧཱུཾ། ཨོཾ་ཨཱཿར་ས་བཛྲཱ་ཧོཿཧཱུཾ། ཨོཾ་ཨཱཿསྤརྴ་བཛྲཱ་ཁཾ་ཧཱུཾ། ཨོཾ་ཨཱཿམཻ་ཏྲི་མེཾ་ཧཱུཾ། ཨོཾ་ཨཱཿཀྵི་ཏི་གརྦྷ་ ཧཱུཾ། ཨོཾ་ཨཱཿབཛྲ་པཱ་ཎི་ཨོཾ་ཧཱུཾ། ཨོཾ་ཨཱཿཁ་གརྦྷ་ཨོཾ་ཧཱུཾ། ཨོཾ་ཨཱཿལོ་ཀེ་ཤྭ་ར་ཧཱུཾ་ཧཱུཾ། ཨོཾ་ཨཱཿམཉྫུ་ཤྲཱི་ཧཱུཾ་ཧཱུཾ། ཨོཾ་ཨཱཿསརྦ་ནི་ཝ་ར་ཎ་བི་སྐཾ་བི་ནི་ཨོཾ་ཧཱུཾ། ཨོཾ་ཨཱཿས་མནྟ་བྷ་དྲ་སཾ་ཧཱུཾ། ཨོཾ་ཨཱཿཡ་མཱནྟ་


TNT05_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲིཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔྲཛྙཱནྟ་ཀྲིཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔདྨཱནྟ་ཀྲིཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿབིགྷྣཱནྟ་ཀྲིཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཨ་ཙ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཊཀྐི་རཱ་ཛཱ་ཧཱུཾ་ཧཱུཾ། ཨོཾ་ཨཱཿནཱི་ལ་དཎྜ་ཧཱུཾ་ཧཱུཾ། ཨོཾ་ཨཱཿམཧཱ་བ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཨུཥྞཱི་ཥ་ཙཀྲ་ཝརྟི་ཧཱུཾ་ཧཱུཾ། ཨོཾ་ཨཱཿསུམྦྷ་རཱ་ཛ་ཧཱུཾ་ཧཱུཾ། ཡུམ་བཞི་དང་ཁྲོ་བོ་དགུའི་འཕྲེང་སྔགས་ནི། རྩ་བའི་རྒྱུད་ཉིད་དུ་གསལ་བར་གསུངས་པའོ།། གཙོ་བོ་དོན་དམ་ལ་བཞུགས་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོས། སེམས་དཔའ་གསུམ་ཀ་འོད་གསལ་དུ་ཞུགས་པར་གྱུར། དེ་ནས་གླུས་བསྐུལ་བ་ནི། སྤྱན་མས། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། ། དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགེས་པར་མཛད་དུ་གསོལ། །མཱ་མ་ཀཱིས། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་སུ་ཕན་སྟོན་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགེས་པར་མཛད་དུ་གསོལ། །གོས་དཀར་མོས། ཁྱོད་ནི་རྡོ་རྗེའི་གསུང་ཏེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་


TNT05_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་གསོན་པར་མཆིས་བཞེད་ན། །རབ་དགའི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་དགེས་པར་མཛོད། །སྒྲོལ་མས། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགེས་པར་མཛོད། །ཅེས་བསྐུལ་པས། གཙོ་བོ་སེམས་དཔའ་གསུམ་ཡོངས་སུ་རྫོགས་པ་སྔོན་བཞིན་དུ་གྲུབ་པར་གྱུར། དེ་ནས་བསྟོད་ཅིང་མཆོད་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། ། རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། ། གསང་བའི་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འདྲ་དྲི་མ་མེད། ། རང་བཞིན་དག་པ་གོས་པ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། ། བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །


TNT05_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཨཱཿཧཱུཾ། ཨརྒྷཾ་གྱི་གནས་སུ་པཱདྱཾ། པུཥྤེ། ངྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏེ། ཤཔྟ། རཱུ་པ། ཤཔྟ། གནྡྷ། ར་ས། སྤརྴ། ངྷརྨ་དྷ་ཏུ་ཞེས་པ་རྣམས་སྦྱར་རོ། །ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། དེའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་བདུད་རྩི་གསོལ་བར་གྱུར། རྡོ་རྗེ་འཆང་ཆེན་ཕྱག་ན་རྡོ་རྗེ་ཨིནྡྲ་བྷུ་ཏི་དང༌། །ཀླུ་ཡི་རྣལ་འབྱོར་མ་དང་བི་སུ་ཀལྤ་ས་ར་ཧ། །ཀླུ་སྒྲུབ་ཡབ་སྲས་བཞི་དང་ཟླ་གྲགས་སློབ་པའི་རྡོ་རྗེ་དང༌། །ནག་པོ་ས་འདྲེས་དེ་བཱ་ཀ་ར་འགོས་ལོ་ཁུག་པ་དང༌། ། མངར་སེང་རྒྱལ་ཡེ་ཤེས་སེང་གེ་ཉི་སེང་ཉི་མ་ལྕམ། །རྔོག་སྟོན་འཕགས་ལྷ་ཐང་སྤེ་བ་དང་གསེར་སྡེངས་གཞོན་ནུ་འོང༌། ཆོས་སྐུ་འོད་ཟེར་འཕགས་འོད་བུ་སྟོན་རིན་ཆེན་རྣམ་རྒྱལ་དང༌། །དཔལ་མཆོག་དོན་གྲུབ་ཙནྡྲ་ཤྲཱི་འཁྲུལ་ཞིག་ཚུལ་རྒྱལ་བ། །མཁྱེན་རབ་མཆོག་གྲུབ་དཀོན་མཆོག་དཔལ་བཟང་བཀྲ་ཤིས་རྒྱལ་མཚན་དང༌། །དཔལ་ལྡན་ཆོས་བཟང་ལ་སོགས་རྩ་བརྒྱུད་བླ་མ་རྣམས་ལ་མཆོད། །ཨོཾ་ཨཱཿཧཱུཾ། ལུགས་འདི་ལ་སྤྱིར་བརྒྱུད་པ་བདུན་ལྡན་གྱི་བཀའ་སྲོལ་ཚང་བས། བརྒྱུད་པ་དེ་དག་གང་ནས་དྲངས་ཀྱང་འདྲའོ། །ཡང་ན། བུ་སྟོན་ཁྱུང་པོ་ལྷས་པ་དང། ཤར་ངོར་པཎ་ཆེན་ཆོས་རྗེ་རབ་གསལ་ཟླ་བ་མགོན་པོ་དང༌། གྲོལ་མཆོག་ཞབས་དང་བྱམས་པའི་མཚན་ཅན་རྣམས་ལ་མཆོད་པར་འབུལ། ཞེས་སོ། །ཡང་ན། བུ་སྟོན་བླ་མ་


TNT05_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་དང༌། ཐེག་ཆེན་པ་དང་བསོད་ནམས་བཟང་པོ་རྡོ་རྗེ་གདན་པ་དང༌། བྱང་དབང་ཤཱཀྱ་ཀུན་དགའ་ཡེ་ཤེས་དབང་པོ་རྣམས་ལ་འབུལ། ཞེས་བྱ་ཞིང༌། ཕྱི་མ་འདི་ལ་འགོས་ལོ་ཙཱ་བ་ནས། དབུས་པ་དགེ་སེར་སོགས་དང༌། ས་སྐྱ་གོང་མ་ལྔ་ཆར་ལ་དེད་ཀྱང་ཆོག་པ་ཡོད་དོ། །དེ་ནས་འཕྲེང་སྔགས་ཀྱི་མཐར། རེ་རེ་བཞིན་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། བདུད་རྩི་མྱང་རྗེས་ཆགས་ཀྱི་མཆོད་པ་སྔོན་བཞིན་ཡིད་ཀྱིས་དྲན་པ་ཙམ་བྱ། དེ་ནས་ཉེར་བསྡུ་ནི། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། འཁོར་གྱི་ལྷ་རྣམས་སྤྱན་དྲངས་ཏེ་རང་གི་ལུས་ལ་ཐིམ། གཞལ་ཡས་ཁང་འོད་དུ་ཞུ་ནས་རང་ལ་ཐིམ། ཡབ་ཡུབ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་སྤྲོས་ཏེ། སེམས་ཅན་ཐམས་ཅད་ལ་དབང་བསྐུར། སྡིག་སྒྲིབ་སྦྱངས་ཏེ་ཧཱུཾ་ཡིག་གི་རྣམ་པ་ནམ་མཁའ་གང་བར་གྱུར། ཐམས་ཅད་ཀྱང་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོར་གྱུར་ཏེ། དེ་ཐམས་ཅད་རང་གི་ཐུགས་ཀའི་འོད་ཟེར་གྱིས་དྲངས་ནས། རང་ཉིད་ལ་ཐིམ་པར་གྱུར་ཞེས་བརྗོད་ལ་དབྱིངས་དེར་ཅུང་ཟད་མཉམ་པར་བཞག་གོ །དེ་དག་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ། །སླར་ཡང་བདག་ཉིད་རྡོ་རྗེ་འཆང་ཕྱག་གཉིས་པའི་རྣམ་པ་ཅན་དུ་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཆོས་ཐམས་ཅད་རྡོ་རྗེ་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་དུ་ལྷག་པར་མོས་པས་ཐུན་མཚམས་


TNT05_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱོད་པ་ལ་འཇུག་སྟེ། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་ཀུན་གྱི་ཀུན་བདག་ཉིད། །རྡོ་རྗེ་འཆང་བ་ཐོབ་གྱུར་ཅིག །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །བྱང་ཆུབ་ཕྱིར་ནི་སྤྱོད་གང་དང༌། །རྫོགས་སངས་རྒྱས་ཀྱི་གང་ཡིན་པ། །བྱང་ཆུབ་རྡོ་རྗེ་གང་གསུངས་པའི། །སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག །ཅེས་སོ། །སྐབས་འདིར་གཏོར་མ་འབུལ་བར་འདོད་ན། མཆོད་གཏོར་འདུས་བྱས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་སྔོན་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་པའི་ནང་དུ་ཨ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱ་རིང་པོས་མཚན་པ། དེའི་དབུས་སུ་ཧཱུཾ་ལས་མིའི་ཤ་དང༌། དྲི་ཆུ་ཧཱུཾ་གིས་མཚན་པ། ཤར་དུ་ཨོཾ་ལས་སོ་ལྡན་གྱི་ཤ་དང་དྲི་ཆུ་ཨོཾ་གྱིས་མཚན་པ། ལྷོར་སྭཱ་ལས་མགྱོགས་འགྲོའི་ཤ་དང་རཀྟ་སྭཱ་ཡིས་མཚན་པ། ནུབ་ཏུ་ཨ་ལས་ཁྱུ་མཆོག་གི་ཤ་དང༌། བྱང་སེམས་ཨས་མཚན་པ། བྱང་དུ་ཧཾ་ལས་ཤྭ་ནའི་ཤ་དང༌། ཤ་ཆེན་གྱི་དྭངས་མ་ཧཱ་ཡིས་མཚན་པ། དེ་ཐམས་ཅད་ཀྱི་ཐུན་མོང་གི་སྟེང་དུ་ཨོཾ་ཡིག་གིས་མཚན་པ། དེའི་སྟེང་གི་བར་སྣང་ལ། ཟླ་བའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། ཧཱུཾ་


TNT05_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་འཕྲོས་རླུང་གཡོས་མེ་སྤར་རྫས་རྣམས་སྐོལ་བའི་ནང་དུ། རྡོ་རྗེ་ཟླ་བ་དང་བཅས་པ་ལྷུང་ནས་དཀྲུགས་པས། ཐམས་ཅད་ཞུ་ནས་རོ་མཉམ་དུ་གྱུར་པ། དྲི་མ་སྦྱངས་ཏེ་དག་པའི་ཤེལ་ལྟར་གྱུར། པདྨ་ཨ་དང་བཅས་པ་ཞུ་བས་ཉི་མ་ལྟར་འབར་བའི་འོད་ཀྱི་ཡེ་ཤེས་ཀྱི་བདུད་རྩིར་རྟོགས་པར་བྱས། ཨོཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཤིང༌། འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བཀུག་སྟེ་ཐིམ་པས། སྤར་ཞིང་སྤེལ་བ་ལས། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །མཆོད་པའང་དངོས་སུ་བཤམས་ཡོད་ན་བྱིན་གྱིས་རླབས་དགོས་ལ། དངོས་བཤམ་མེད་ན་མི་དགོས་སོ། །ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་ནང་དུ་བྷྲུཾ་ལས་བྱུང་བའི་གཞལ་ཡས་ཁང་གདན་དང་བཅས་པ་གྲུབ་པར་གྱུར། རང་གི་སྙིང་ག་ནས་རྡོ་རྗེ་སེམས་དཔའ་ཞཻ་སྡང་རྡོ་རྗེའི་རྣམ་པ་ཅན་ལ་སོགས་པ། དཔལ་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ། མདུན་གྱི་གཞལ་མེད་ཁང་གི་ནང་སོ་སོའི་གདན་གྱི་སྟེང་དུ་བཞུགས་པར་གྱུར། ཡང་རང་གི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས། ཁམས་གསུམ་དང༌། སྐྱེ་གནས་བཞི་དང་


TNT05_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དྲུག་སྲིད་པ་བར་མ་དང་བཅས་པས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་འཆང་ཆེན་པོའི་སྐུར་གྱུར། ཚུར་འདུས་གཅིག་ཏུ་འདྲེས་པ། གཞལ་ཡས་ཁང་གི་ནང་དུ་ཕྱིན་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་ཀྱི་ལྷ་ཚོགས་སུ་གྱུར་ནས། ལྷ་ཚོགས་སྔ་མ་དང་གཉིས་སུ་མེད་པར་འདྲེས། རང་གི་ཐུགས་ཀ་ནས་གནོད་མཛེས་རྒྱལ་པོ་སྤྲོས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་དང་བཅས་པ་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿལན་མང་དུ་བརྗོད། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་སོགས་ཀྱིས་མཆོད། ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྩེ་མོར་ཨོཾ་དང་ནོར་བུས་མཚན་པ་དེའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གཏོར་མ་གསོལ་བར་གྱུར། གཏོར་མ་དབུལ་བའི་སྔགས་ནི། ཤནྟ་དེ་བ་ན་རེ། ཨོཾ་ཨཱཿབཛྲ་དྷྲྀཀ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཞེས་པ་ནས། ཨོཾ་ཨཱཿསུཾ་བྷ་རཱ་ཛ་པཉྩ་ཨ་མྲྀ་ཏ་ཧཱུཾ་ཞེས་པའི་བར་གྱི་འབུལ་བར་འདོད། དེ་ལྟར་བྱས་ཀྱང་རུང་ལ་ལག་ལེན་ནག་པོ་དམ་ཚིག་རྡོ་རྗེའི་གཏོར་ཆོག་བཞིན་མཛད་དེ། ཨོཾ་ཨཱཿཧཱུཾ་ཨོཾ་སྭཱ་ཨཱཿཧཱ་ལཾ་མཾ་པཾ་ཏཾ། ཛཿཧཱུཾ་བཾ་ཧོཿ ཁཾ་མཻཻཾ་ ཨོཾ་ཨོཾ་ཨོཾ་ཧཱུཾ་ཨོཾ་ཨོཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཨ་ཀཱ་རོ་


TNT05_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུདྤནྣ་ཏྭཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པ་ལན་གསུམ་མམ་ལྔས་ཕུལ། རྒྱས་པ་བྱེད་ན་ལྷ་རེ་རེ་བཞིན་སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་པས་འབུལ། ཆུ་གཉིས་དང་ཉེར་སྤྱོད་སྔར་བཞིན་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་དེ་ཉིད་ལྔ་པས་བསྟོད། འཇིག་རྟེན་པའི་གཏོར་མ་སྒོས་སུ་མི་བྱེད་ན། འདིར་འཕྲིན་ལས་བཅོལ་བ་མན་ཆད་བྱ། འདི་འཇིག་རྟེན་འཇིག་རྟེན་འདས་པ་ཐམས་ཅད་མཉམ་ཉིད་དུ་འབུལ་བའི་ལུགས་ཡིན་པས། འཇིག་རྟེན་པའི་གཏོར་ཆོག་ལོགས་སུ་མེད་ཀྱང་ཆོག་པའི་དབང་དུ་བྱས་ནས། ཤན་ཏ་དེ་བས་མཆོད་བསྟོད་ཀྱི་རྗེས་སུ། ཆོས་བཤད་མཛད་དོ། །འོན་ཀྱང་ལག་ལེན་དམ་ཚིག་རྡོ་རྗེ་དང་མཐུན་པར་འཇིག་རྟེན་པའི་གཏོར་མ་ལོགས་སུ་བྱེད་དེ། དེ་ལྟར་དེ་ཉིད་ལྔ་པའི་བསྟོད་པ་སོང་ནས། འཇིག་རྟེན་པའི་གཏོར་ཆོག་བྱས་ཏེ། འཕྲིན་ལས་གཞོལ་པ་ཕྱོགས་ཅིག་ཏུ་བྱ་ཞིང༌། སྒོས་ཀྱི་བསྲུང་མ་ནག་པོ་ཆེན་པོ་སོགས་ལ་འབུལ་བར་འདོད་ན། འཇིག་རྟེན་འཇིག་རྟེན་འདས་པའི་གཏོར་མའི་བར་འདིར་བྱའོ། །འཇིག་རྟེན་པའི་གཏོར་མ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། ། གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་


TNT05_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཞེས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས་བརྗོད། ཨོཾ་ཨཱཿཧཱུཾ་ཨི་དཱཾ་སྠཱ་ན་ཨ་དཱི་ནཾ་སརྦ་ཀྵེ་ཏྲ་པཱ་ལ་སརྦ་ཡཀྵ་རཱཀྵ་ས། ཨུནྨཱ་ད། ཨ་པ་སྨཱ་ར། སརྦ་དཱེ་བ། སརྦ་ནཱ་གསརྦ་པཱ་ཐ། སརྦ་ཌཱ་ཀི་ནྱ་སརྦ་སཏྭ། སརྦ་བྷཱུ་ཏ། ཨ་ཏ་ཡ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། མ་མ་སརྦ་ས་པ་རི་ཝཱ་རཱ་ན། སརྦ་སཏྭ་ནཱཉྩ། སརྦ་པཱ་པཾ། བྱ་ཏི། བིགྷ་ན། ཤིནྟཾ་ཀུ་རུ། ངྷ་ན་ངྷ་ནྱ། ཨ་ཡུ་ཨ་རོ་ཀྵ། ཨ་ཏི་པུཥྟིཾ་ཀུ་རུ། སརྦ་བྷ་ཡ་རཀྵ་ཀུ་རུ་སྭཱཧཱ། ཐམས་ཅད་གྲུབ་པར་མཛོད་ཅིག །དགེ་བའི་སེམས་སུ་མཛོད་ཅིག །ཅེས་ལན་བདུན་ལ་སོགས་པས་གཏོར་མ་ཕུལ། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ། ཨོཾ་བཛྲ་པུཥྤེཿཧཱུཾ་ནས། ཤཔྟའི་བར་གྱིས་མཆོད། རྡོ་རྗེ་རྣམ་གསུམ་དབྱེར་མེད་དངོས། །གདོད་ནས་རྣམ་པར་དག་པ་ཡི། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །དེ་དག་རྣམས་ལའང་བསྟོད་པར་བགྱི། །ཨོཾ་ཕྱོགས་བཅུར་རྣམ་པར་གནས་རྣམས་དང༌། །འདིར་ནི་ཀུན་ཏུ་གནས་པ་དང༌། ། ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང༌། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང། །སྨྱོ་བྱེད་དང་ནི་བརྗེད་བྱེད་དང༌། ། གནོན་པོ་ལ་སོགས་པ་རྣམས་ལ། །གཏོར་མ་འབུལ་གྱིས་བསྣམས་ནས་ཀྱང༌། ། བདེ་དང་ཡིད་བདེ་ཐོབ་གྱུར་ཅིག །གནས་འདིར་ཉེར་འཚེ་མེད་པར་མཛོད། ། སངས་རྒྱས་ཀུན་གྱི་བྱིན་བརླབས་ཀྱིས། །ཨོཾ་ཨཱཿཧཱུཾ་གི་བདུད་རྩི་


TNT05_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བཟའ་བ་ལ་ནི་ལོངས་སྤྱོད་ནས། །བདག་ཅག་འཁོར་དང་བཅས་པ་ལ། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱཧཱ། ཞེས་པའི་སྔགས་ལན་གསུམ་གྱིས་གསོལ་བ་བཏབ། ཐུན་མོང་དུ་འཕྲིན་ལས་གཞོལ་བ་ནི། དཀྱིལ་འཁོར་ལྷ་ནི་ཐམས་ཅད་དང༌། །ཞིང་སྐྱོང་ལ་སོགས་འབྱུང་པོའི་ཚོགས། །སྲིད་པ་གསུམ་ན་གང་གནས་པ། །འཇིག་རྟེན་འཇིག་རྟེན་འདས་པ་ཀུན། །མཆོད་སྤྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་བ་དང་སོགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས། ཨོཾ་ཨཱཿཧཱུཾ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། འཁྱུད་རྒྱ་དང་བཅས་ཏེ་ཨོཾ་ཨཱཿཧཱུཾ། ཡེ་ཤེས་པ་རྣམས་རང་ལ་ཐིམ། སྨོན་ལམ་དང་བཀྲ་ཤིས་བྱའོ། །འདིར་གཏོར་ཆོག་ལ། ཕྱིས་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་འཕྲེང་བ་ལྟར་སྦྱར་བ་ཡང་ཤིན་ཏུ་ལེགས་མོད་ཀྱི། འདིར་འགོས་ལུགས་དང༌། རྔོག་ལུགས་ཀྱི་བླ་མ་སྔ་མ་རྣམས་མཛད་པའི་ལག་ལེན་འདི། དོན་ཚང་ཕྱིན་ཁྱེར་བདེ་བར་སྣང་པས་བཀོད་པ་ཡིན་ནོ། །མར་ལུགས་ཀྱི་གཏོར་ཆོག་ཀྱང་ཕལ་ཆེར་འདི་དང་འདྲའོ། །འདིར་སྨྲས་པ། འདི་ལ་སྒྲུབ་ཐབས་ལེགས་པོ་མང་ཡང༌། །ཕལ་ཆེར་ཚིག་ཚོགས་ཤིན་ཏུ་ཆེ་བས། །སྒོམ་དོན་ཉམས་སུ་ལེན་པ་ལྟ་ཞོག །ཚིག་ཙམ་སྐྱོར་བའང་དཀར་བར་མཐོང་ལ། ཐུན་བཞིའི་རྣལ་འབྱོར་རེ་ཐག་ཆད་པས། །མ་སྨིན་སྐྱེ་བོ་ཚོགས་པའི་དབུས་


TNT05_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །སྒྲུབ་མཆོད་མིང་བཏགས་ལག་ལེན་འཆོལ་བས། །དཀོར་རྫས་ཙམ་ཞིག་དོན་དུ་གཉེར་བའམ། འགའ་ཞིག་ཚིག་གི་བཤད་པ་ན་ཡམས། །རྟོག་གེས་བསླད་པའི་ཅལ་ཅོལ་མང་པོས། མཁས་གྲགས་ཙམ་ཞིག་དོན་དུ་གཉེར་ཏེ། །བསྒྲུབ་དཀྱིལ་ཟབ་མོ་འབད་པས་བཟུང་བའི།།འབྲས་བུ་དེ་ཙམ་ཅིག་ལ་རེའོ། །ཧ་ཅང་རྒྱས་ལ་སྐྱོན་དེ་མཐོང་ནས། །ཚིག་ཉུང་འཛིན་སླ་ལག་ལེན་བདེ་འདི། །ཉམས་ལེན་འདོད་པ་འགའ་ཞིག་སྲིད་ན། །དེ་ལ་ཕན་ནམ་སྙམ་ནས་བཀོད་དོ། ། ཚིག་ཚོགས་ཆེན་པོ་ངོམས་པར་མི་འདོད། །དགོས་དོན་ཟབ་མོ་གནད་ལ་སྦྱོར་ན། །འདི་ཙམ་གྱིས་ཀྱང་དོན་མཆོག་སྟོན་འགྱུར། །ཞེས་བྱའོ། །འདི་བྲིས་པ་ལས་བྱུང་བ་ཡི། །དགེ་བ་སྲིད་མེད་གང་བསགས་དེས། །སྲིད་པ་གསུམ་གནས་སེམས་ཅན་རྣམས། །རྡོ་རྗེ་འཆང་ཆེན་ཐོབ་པར་ཤོག །ཅེས་པ་གསང་བ་འདུས་པའི་སྒྲུབ་ཐབས་འབར་བའི་འོད་གསལ་ཞེས་བྱ་བ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་སུ་སྨྲས་པའོ།། །།འདིས་ཀྱང་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག